སྤྱི་ལོ་ ༡༩༩༦ ཟླ་ ༡༡ ཚེས་ ༤ ཉིན་སློབ་དགེ་རྣམ་པ་དང་སྐབས་དགུ་པའི་སློབ་ཐོན་སྨན་པ་བཅས་མཇལ་བཅར་སྐབས་སྩལ་བའི་བཀའ་སློབ།
ཁྱེད་རང་ཚོའི་སློབ་སྦྱོང་གང་འདྲ་བྱུང་སོང༌། སོ་སོ་སོ་སོའི་བསམ་བློའི་ནང་ལ་ད་སློབ་སྦྱོང་ཡག་པོ་བྱུང་བསམས་པ་འདྲ་པོ་བྱུང་ངམ། ད་སློབ་སྦྱོང་བྱས་ནི་བྱས་པ་ཡིན། རྒྱུགས་ནི་འཕྲོད་སོང་སྟེ། སོ་སོའི་བསམ་བློའི་ནང་ལ་ཚོད་མ་ཐིག་པ་འདྲ་པོ་གང་འདྲ་འདུག མ་གཞི་གསོ་བ་རིག་པ་རིག་གནས་ཆེ་བའི་གྲས་ཡིན་པས། ལམ་སེང་ལོ་ལྔའི་རིང་ལ་ཁོག་ཏུ་ཚུད་པ་ཁག་པོ་ཡིན་པ་རེད། ལོ་ལྔའི་རིང་ལ་སློབ་སྦྱོང་བྱས་ཏེ་རྩ་བའི་རྨང་གཞིའི་འགྲོ་སྟངས་འདྲ་པོ་དེ་ཤེས། དེ་ནས་ག་ལེར་ག་ལེར་སོ་སོས་ཉམས་མྱོང་གསོག་གིན་གསོག་གིན་དཔེ་ཆ་ཡང་མུ་མཐུད་ནས་བལྟ་དགོས། སློབ་སྦྱོང་ཐོན་པ་ཡིན་བསམ་ནས་དཔེ་ཆ་ལྟེབ་ཚིགས་བརྒྱབ་ནས་མ་བཞག་པར་དཔེ་ཆ་མུ་མཐུད་ནས་བལྟ་རྒྱུ་གལ་ཆེན་པོ་རེད། སྨན་གཞུང་དེ་རྣམས་མུ་མཐུད་ནས་ཉམས་མྱོང་བྱུང་བ་དེ་དང་བསྡུར་གྱིན་བསྡུར་གྱིན་བྱས། ཡང་རྗེས་ལ་སློབ་འཁྲིད་ཞུ་གིན་ཞུ་གིན་བྱས། གོ་བསྡུར་འདྲ་བྱས། སོ་སོའི་མི་ཚེ་དོན་ལྡན་གྱི་ཐོག་ལ་བསྐྱལ་རྒྱུའི་འགོ་བཙུགས་ཚར་བ་ཡིན་དུས་མཐའ་བསྐྱལ་རྒྱུ་དེ་གལ་ཆེན་པོ་རེད། འགོ་སྟོད་བོད་སྨན་གང་ལ་གང་འཚམས་སྦྱངས། དོ་སྣང་འདྲ་པོ་ཞིག་བྱས། ཡང་མཇུག་ཏུ་དེ་ཁུངས་མ་འཁྱོལ་བར་ལས་རིགས་གཞན་དག་ཅིག་གི་སྒང་ལ་ཕྱིན་པ་ཡིན་ན། མི་ཚེའི་དུམ་བུ་ཞིག་ཆུད་ཟོས་ཕྱིན་པ་རེད། སོ་སོ་བོད་སྨན་ཐོག་ལ་དང་པོ་ནས་འགོ་ཞིག་བཙུགས་ཚར་བ་ཡིན་དུས་དེ་ག་རང་གི་ཐོག་ལ་སོ་སོ་མི་ཚེ་སྐྱེལ་རྒྱུའི་བསམ་བློ་བཏང༌། ཉམས་མྱོང་ཡིན་ནའང་དེ་རང་གི་ཐོག་ལ་བསགས། དོ་སྣང་བྱེད་རྒྱུ་ཡིན་ནའང་གསོ་བ་རིག་པའི་སྐོར་ལ་བྱས། ང་རང་ཚོ་བོད་རང་གི་གསོ་བ་རིག་པའི་སྐོར་ཙམ་དུ་མ་ཟད། རྒྱ་གར་གྱི་ཨ་ཡུར་ཝེ་དྷ་ཟེར་བ་དང༌། ཡུ་ན་ནི་ཟེར་བ་འདྲ་པོ། ཡང་རྒྱ་མིའི་སྔར་གྱི་སྨན་བཅོས་གསོ་བ་རིག་པའི་སྐོར། ཡང་དེང་དུས་ཀྱི་ཨེ་ལོ་པེ་ཐི་སྨན་གྱི་ཐོག་ནས་འགྲོ་སྟངས་ཤིག་ཀྱང་ཡོད་པ་རེད། གང་ལྟར་ལུས་གསོ་རྒྱུ་དང༌། ལུས་སེམས་བདེ་པོ་ཡོང་བའི་དམིགས་ཡུལ་གཅིག་གྱུར་ཡིན་དུས་བཤད་པ་དང་ཐབས་ཤེས་འདྲ་མི་འདྲ་ག་རེ་ཡོད་པ་དེ་ཚོའི་ཐོག་ལ་དོ་སྣང་བྱས་ན་ཡག་པོ་ཡོང་གི་རེད། རྩ་བ་སོ་སོ་བོད་པའི་སྨན་གཞུང་གི་ཐོག་ནས་སློབ་སྦྱོང་བྱས་པ་ཞིག་ཡིན་པས། རྩ་བ་དེ་ཟིན། དེའི་ཐོག་ལ་ལུགས་གཞན་དག་གི་ལེགས་ཆའི་སྣོན་མ་རྒྱག་རྒྱུ་འདྲ་པོ་ཏན་ཏན་ཡོང་སྲིད་པ་རེད་བསམ་གྱི་འདུག དེ་ཚོའི་ཐོག་ལ་དོ་སྣང་བྱས། མདོ་དོན་ཡང་སྙིང་གསོ་བ་རིག་པ་རང་གི་ཐོག་ལ་སོ་སོ་མི་ཚེ་བསྐྱལ་གྱི་ཡིན་ན་སོ་སོ་དུས་ཡུན་གང་ལ་གང་འཚམས་དེའི་ཐོག་ལ་བཏང་ཟིན་པ་དེ་ཡང་ཆུད་ཟོས་མ་ཕྱིན་པ་ཞིག་ཡོང་བ་དང༌། གཉིས་ནས་ང་རང་ཚོ་བོད་མི་ཚོ་ཆོས་ལ་དད་པ་ཡོད་མཁན་ཞིག་ཡིན་དུས་ཆོས་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་དངོས་གནས་རང་གསོ་བ་རིག་པའི་ཐོག་ནས་གཞན་ལ་སྨན་བཅོས་བྱས་ཏེ་ནད་ལས་སྐྱབས་པ། འཆི་བ་ལས་སྐྱབས་པའི་གཞན་ཕན་རླབས་ཆེན་སྒྲུབ་ཐུབ། བཟློག་ཏུ་མེད་པ་དང༌། ལས་ཡིན་ན་གནས་ཚུལ་ཁག་ཁག་རེད། དལ་འབྱོར་གྱི་ལུས་རྟེན་འདི་རྩ་ཆེན་པོ་ཡིན་ལུགས་བཤད་ཀྱི་ཡོད་པ་ཡིན་དུས་ཀུན་སློང་གི་ཐོག་ནས་མིང་དང་གྲགས་པ་དང༌། དེ་བཞིན་རྒྱུ་ནོར་ལོངས་སྤྱོད་ཀྱི་ཆེད་དུ་བསམས་པ་མ་ཡིན་པར་སོ་སོ་ནང་པ་ཡིན་པ་དང༌། ང་རང་ཚོ་བོད་ཁ་བ་གངས་ཅན་གྱི་ནང་པ་སངས་རྒྱས་པའི་ཆོས་ལ་ཆ་བཞག་ན་ཐེག་པ་ཆེན་པོ་སྔགས་དང་བཅས་པ་ཆ་ཚང་བའི་ཆོས་ཤིག་ཡིན་དུས་སྐྱབས་འགྲོའི་བསམ་པ་དང་སེམས་བསྐྱེད་ཀྱི་བསམ་པས་ཟིན་པ་བྱེད་ཀྱི་ཡིན་ན། གསོ་བ་རིག་པའི་ལག་ལེན་གྱི་ཐོག་ནས་གཞན་ཕན་རྒྱ་ཆེ་བསྒྲུབ་ཐུབ། དེས་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཉམས་ལེན་བསྒྲུབ་ཐུབ། སོ་སོས་བསོད་ནམས་རྒྱ་ཆེན་པོ་གསོག་གི་རེད། མི་རིགས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཡང༌། བོད་མི་རིགས་ཀྱི་རིག་གཞུང་བསྲེག་བཏུབ་འཕེར་བ་ཞིག་ཆགས་བསྡད་ཀྱི་ཡོད། དེང་སང་འཛམ་བུ་གླིང་འདིའི་སྒང་ལ་བོད་པའི་གསོ་བ་རིག་པ་ཞེས་ལབ་དུས་མིས་དོ་སྣང་གསར་པ་བྱེད་དགོས་པ་ཞིག་ཆགས་ཡོད། སྤྱིར་བཏང་སྔོ་སྨན་གྱི་རིགས་ལ་དོ་སྣང་གསར་པ་ཞིག་ཡོང་གི་ཡོད། མདོར་ན། ཨ་ཕེ་རི་ཀའི་ནང་དང༌། ཨོ་སོ་ཀྲོ་ལི་ཡའི་ནང་ལ་སྔོ་སྨན་གྱིས་སྨན་བཅོས་བྱེད་པར་དོ་སྣང་ཆེན་པོ་བྱེད་པའི་སྐབས་འདིར་ང་རང་ཚོའི་བོད་པའི་སྨན་གཞུང་འདི་འདྲ་འདྲའི་ནང་ནས་མི་འདྲ་བའི་གཞུང་བཤད་ལག་ལེན་ཆ་ཚང་ཡོད་མཁན་རང་སྐྱོང་ངམ། རང་སྐྱ་འཕེར་བའི་རིག་གཞུང་ཞིག་ཆགས་བསྡད་ཡོད། སྔོ་སྨན་འདྲ་པོ་ཕྲན་བུ་བསྲེས་སྦྱོར་བྱེད་སྟངས་ཙམ་མ་ཡིན་པའི་རྒྱབ་རྟེན་གྱི་འགྲེལ་བཤད་གཏིང་ཟབ་རྒྱག་རྒྱུ་ཡོད་པ་དང༌། གཉིས་ནས་ཕལ་ཆེར་བོད་པའི་སྨན་གཞུང་གི་འགྲོ་སྟངས་ཞིབ་ཆ་འདི་འདྲ་རྒྱ་གར་གྱི་ཨ་ཡུར་ཝེ་དྷ་ཟེར་བ་དང༌། ཡང་རྒྱ་ནག་གི་གནའ་རབས་ཀྱི་སྨན་བཅོས་དེ་ཚོའི་གྲས་ལ་ཆ་ཚང་བ་ཞིག་དེང་སང་ཡོད་མེད་མི་ཤེས། ང་རང་ཚོ་བོད་པའི་གསོ་རིག་ནང་མཁས་པ་སྔོན་མའི་བསླབས་རྒྱུན་ལ་བརྟེན་ནས་ཐུར་མ་ལ་སོགས་པའི་ལག་ཆ་དེ་ཚོའི་གྲས་དེང་སང་ལག་ལེན་ཡོད་མེད་གནས་ཚུལ་ཐ་དད་རེད་མ་གཏོགས། གཞན་གསོ་བ་རིག་པ་རྩ་བའི་འགྲོ་སྟངས་འདྲ་པོ་དེ་ཚོ་ད་ལྟ་མཐོང་བ་བརྒྱུད་པའི་ལག་ལེན་མ་ཉམས་པ་ཡོད་དུས་ཧ་ཅང་རྩ་ཆེན་པོ་ཡིན། རྒྱ་མིའི་མཁས་པ་དེ་འདྲས་བཤད་ན་སྔར་རྒྱ་ནག་གི་གསོ་བ་རིག་པའི་རིག་གཞུང་རྒྱ་ཆེན་པོ་ཡོད་ཀྱང༌། བར་སྐབས་ཉམས་ཚར་བ་རེད་ཟེར་མཁན་དེ་འདྲ་མང་པོ་ཡོང་གི་འདུག ང་རང་ཚོ་བོད་པའི་རིག་གཞུང་ཡང་ཕྲན་བུ་ཉམས་ཡོད་བཟོ་ཡང༌། ཡིན་ནའང་གང་ལ་གང་འཚམས་ཀྱི་ཆ་ཚང་བ་ཞིག་ད་དུང་ཡང་བསྡད་ཡོད་པའི་བཟོ་འདྲ་པོ་འདུག དེ་འདྲའི་རིག་གཞུང་ཕྱུག་པོ་ཡོད། བྱ་བའི་ངོ་བོ་བཟང་པོ་གཞན་ཕན་གྱི་རང་བཞིན་ལྡན་པ། བོད་མི་རིགས་ཀྱི་རིག་གཞུང་གི་ཐོག་ནས་ཡིན་ཡང་རུང༌། ཆོས་ཕྱོགས་ཀྱི་ཐོག་ནས་ཡིན་ཡང་རུང༌། གང་ཅིའི་ཐོག་ནས་གཞན་ལ་ཕན་བདེ་བསྒྲུབ་རྒྱུའི་ལམ་ཡོད་པ་ཡིན་དུས་སོ་སོ་སེམས་ཤུགས་ཡོད་ན་ལས་ཀ་ག་རེ་ཡིན་རུང་བྱེད་ཐབས་ཡོད་པ་ཞིག་རེད། སྤྱིར་བཏང་དཔེར་ན་ང་རང་ཚོའི་བོད་དོན་གྱི་ལས་ཀ་བྱེད་འདོད་ཡོད་པ་ཡིན་ན། རིགས་གཅིག་རྐང་འཛིན་ལྟ་བུའི་སློབ་སྦྱོང་བྱེད་དགོས། སྦྱོང་བརྡར་གྱི་གཞི་རྩ་མ་རྩ་འདྲ་པོ་མེད་ན་བྱེད་འདོད་ཡོད་ན་ཡང་བྱེད་ཐབས་ཡོད་མ་རེད། དཔེར་ན་སོ་སོ་མཚན་ཉིད་ཀྱི་གཞུང་ཆེན་སྦྱངས་མེད་ན་གཞུང་ཆེན་གྱི་ཐོག་ནས་བོད་ཀྱི་རིག་གནས་ཞིག་ལ་ཞབས་འདེགས་ཞུ་དགོས་བསམས་པའི་འདོད་པ་ཡོད་ནའང་བྱེད་ཐབས་ཡོད་པ་མ་རེད། དེ་བཞིན་དུ་ང་ཚོའི་གསོ་བ་རིག་པའི་གཞུང་དང་བོད་པའི་སྨན་བཅོས་སྐོར་ལ་དེང་སང་སྐད་གྲགས་ཆེན་པོ་འདུག དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེའི་ཐོག་ལ་ཞབས་འདེགས་བསྒྲུབ་འདོད་ཡོད་པ་ཡིན་ནའང་སོ་སོ་སྦྱོང་བརྡར་བྱེད་དགོས། སོ་སོས་མ་ཤེས་ན་བྱེད་ཐབས་ཡོད་པ་མ་རེད། བོད་པའི་སྨན་མ་ཤེས་པ་དང་བོད་པའི་ཆོས་མ་ཤེས་པ་ལ་ཤེས་ཀྱི་ཡོད་མདོག་འགྲེལ་བཤད་བྱེད་མཁན་ཁ་ཤས་ཁ་ཤས་ཡོང་གི་འདུག དེ་ཚོའི་གྲས་ནི་ལོ་རེ་ཟུང་མ་གཏོགས་མཇུག་ཏུ་རྫུན་རྐུབ་བརྡོལ་འགྲོ་གི་རེད། བདེན་པ་མེད་པ་ཟེར་མཁན་དེ་རང་བཞིན་གྱིས་བརྫུན་རྐུབ་བརྡོལ་རྒྱུ་ཆོས་ཉིད་རེད། ཁྱེད་རང་ཚོ་ལ་མ་རྩ་འདྲ་པོ་ཞིག་སོ་སོའི་ལག་པར་ཡོད་པ་ཡིན་དུས་བེད་སྤྱོད་མ་ནོར་བ་ཡག་པོ་ཞིག་བྱེད་ཐུབ་ན་ཡག་པོ་ཡོང་གི་རེད། གོང་དུ་སྐད་ཆ་དྲིས་པ་ནང་བཞིན་ཁྱེད་རང་ཚོ་མང་ཆེ་བ་སོ་སོ་སློབ་སྦྱོང་བྱེད་སའི་སྒྲིག་འཛུགས་འདི་གའི་ནང་ལ་སོ་སོའི་ལས་ཀ་བྱེད་རྒྱུའི་འཆར་གཞི་དང༌། གོ་སྒྲིག་ཡོད་ན་ཧ་ཅང་ཡག་པོ་རེད་འདུག མ་གཞི་རང་ཉིད་སློབ་སྦྱོང་འདི་ནས་བྱས། སོ་སོ་མི་ཚེ་སྐྱེལ་སྟངས་གསོ་བ་རིག་པའི་ཐོག་ནས་སོ་སོ་སྒེར་གྱི་འདོད་མོས་ལྟར་ཕྱིན་པ་ཡིན་ནའང་མ་འགྲིགས་པ་མེད། རང་དབང་རེད། ཡིན་ན་ཡང་བཏབ་ས་དེར་སྨིན་པ་འབྱུང་ཐུབ་ན་ཡག་པོ་རེད། སྨན་རྩིས་ཁང་གི་ཁོངས་ཡིན་ནའང་རེད། སློབ་སྦྱོང་འདི་གར་བྱས། སོ་སོ་མི་ཚེ་འདིའི་ནང་བསྐྱལ། ད་ཆ་འདིའི་དྲིན་ལན་གསབ་ཆེད་སྒྲིག་འཛུགས་འདི་གའི་ནང་ལ་བསྡད་ནས་སྒྲིག་འཛུགས་རྒྱ་བསྐྱེད་རྒྱུ་དང༌། ཚགས་ཚུད་དུ་འགྲོ་ཐབས་ཡར་རྒྱས་འགྲོ་རྒྱུའི་དོན་ལ་སོ་སོས་གང་ལས་མེད་པའི་ལས་དོན་བསྒྲུབ་ཐུབ་པ་ཞིག་བྱུང་པ་ཡིན་ན་ཧ་ཅང་ཡག་པོ་ཡོང་རྒྱུར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ང་ཚོ་རྒྱ་གར་ལ་ཡོད་པའི་སྨན་རྩིས་ཁང་ཚགས་ཚུད་པ་ཡོད་དམ། བོད་ནང་ལ་ཡོད་པའི་སྨན་རྩིས་ཁང་ཚགས་ཚུད་པ་ཡོད། བར་སྐབས་ཤིག་ལ་བོད་ནང་གི་དེ་དྲག་པ་འདུག བཀྲིས་བདེ་ལེགས། ཐུགས་རྗེ་ཆེ། ཚང་མས་ཧུར་ཐག་གནང་ཤོག་ཨང༌། ཞེས་བཀའ་སྩལ།
མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 10:26 PM
<< སྔ་མ།