སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

སྤྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༡༥ ཉིན་སྨན་རྩིས་ཁང་ལ་སྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.03.2011
ྋགོང་ས་མཆོག་གི་བཀའ་སློབ། >> སྤྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༡༥ ཉིན་བོད་གཞུང་སྨན་རྩིས་ཁང་ལ་སྩལ་བའི་བཀའ་སློབ།
སྤྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༡༥ ཉིན་བོད་གཞུང་སྨན་རྩིས་ཁང་དུ་ཆིབས་བསྒྱུར་སྐབས་སྨན་རྩིས་ལས་སློབ་ཡོངས་ལ་སྩལ་བའི་བཀའ་སློབ། དེ་རིང་འདིར་ང་ཚོ་ཡང་བསྐྱར་ཐུག་རྒྱུ་བྱུང་བར་དགའ་པོ་བྱུང༌། ལྷག་པར་བར་སྐབས་ནས་སྨན་རྩིས་ཁང་གི་ལས་ཀ་ཕྲན་བུ་ཚགས་ཚུད་དུ་འགྲོ་གི་ཡོད་པ་ཚང་མས་མཐོང་གི་འདུག དེར་བརྟེན་འགྲིགས་པ་འདུག་བསམ་པ་ཞིག་རེ་བ་བརྒྱབ་རྒྱུ་ཡོད་པ་ཆགས་འདུག དེ་འདྲ་སོང་ཙང་དེ་རིང་གོ་སྐབས་འདི་བཟུང་ནས་ཁྱེད་ཚོ་ཚང་མས་སེམས་ཤུགས་བསྐྱེད་དེ་ང་རང་ཚོའི་དམིགས་ཡུལ་རྒྱ་ཆེན་པོ་ཡོད་པ་དེ་འགྲུབ་ཆེད་ཚང་མས་སེམས་ཤུགས་བསྒྲིལ་ནས་འབད་བརྩོན་བྱེད་ཀྱི་ཡོད་པར་དགའ་པོ་བྱུང་ལ་ཁྱེད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་ནས་འགན་འཛིན་གྱི་གླེང་མོལ་ནང་བྱེད་འཆར་དང༌། དཀའ་ངལ་ཡོད་པ་དེ་ཚོ་སེལ་ཐབས་ཀྱི་རྣམ་པ་བཀོད་པ་དེ་ཚོའི་གྲས་ཡག་པོ་འདུག ང་ལ་དམིགས་བསལ་གསར་པ་ཞུ་རྒྱུ་མི་འདུག ཁ་སང་ང་ཚོ་འདིར་སྐད་ཆ་བཤད་སར་མེད་མཁན་མི་ཁ་ཤས་ཡོད་པ་དང༌། ཕྱོགས་མཐའ་ནས་ཡོང་བའི་གྲས་ཁ་ཤས་ཡོད་པ་རེད། མི་ཡིས་མཚོན་པའི་མདོར་ན་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་མཐའ་དག་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་གི་ལྷན་སྐྱེས་ལ་ཡོད་པ་རང་བཞིན་རེད། དེ་འདྲའི་ཐོག་ནས་འགྲོ་བ་མི་ལ་ལུས་པོ་འཚོ་བ་དང་ལུས་པོ་བདེ་ཐང་ཡོང་བའི་དོན་དུ་ཐབས་ཤེས་མང་པོ་བྱེད་རྒྱུ་ཞིག་མིའི་རྣམ་དཔྱོད་ལ་བརྟེན་ནས་བསྒྲུབས་པ་རེད། གང་ལྟར་དེ་འདྲའི་རིག་གནས་ཤིག་རྙེད། དེ་ལག་ལེན་དུ་བཀལ་ནས་སྨན་བཅོས་སྐོར་ཡར་རྒྱས་འགྲོ་གི་ཡོད་པ་རེད། ང་རང་ཚོ་བོད་པ་ལ་ཆ་བཞག་པ་ཡིན་ན་རྩ་བའི་ང་ཚོའི་བོད་སྨན་གྱི་རིག་གཞུང་འདི་སྔར་ནས་ཆོས་རྒྱལ་ཚོའི་སྐབས་ལ་བོད་རང་ཉིད་ལ་ཡོད་པའི་སྨན་པའི་ཉམས་མྱོང་གཅིག་དང༌། དེ་བཞིན་ཁྱིམ་མཚེས་ཡུལ་ཁག་ནས་སྨན་པའི་ལག་རྒྱུན་གྱི་ལེགས་ཆ་དེ་འདྲ་ཚུར་བཞེས་ནས་དེ་འདྲའི་ཐོག་ནས་ང་ཚོའི་བོད་པའི་སྨན་གཞུང་ཟེར་བ་འདི་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། ང་རང་ཚོའི་བོད་པའི་སྨན་འདི་ཡིས་མི་ལ་ཕན་ཐོགས་ཡོད་པས་མ་ཚད། ཁྱད་ཆོས་རིགས་གཉིས་ཡོད། ངའི་མཐོང་ཚུལ་ལྟར་ན་ང་ཚོའི་སྨན་འདི་འབུ་ལ་བརྟག་དཔྱད་བྱས་པ་དང༌། ཙི་ཙི་དང༌། ཨ་བྲ། རི་བོང་སོགས་ཀྱི་སྲོག་ལ་ཕངས་མེད་ཐོག་རྩེད་མོ་བརྩེས་ནས་སྨན་སྦྱོར་བྱས་པ་ཞིག་མིན། ང་ཚོའི་གསོ་བ་རིག་པའི་རྩ་བའི་ལྟ་བ་འཁྱེར་སོ་འདི་ཀུན་ལ་ཕན་བདེ་བསྒྲུབ་པའི་བརྩེ་སེམས་ཀུན་ནས་བསླངས་ཏེ་ནད་གསོ་བའི་ཐབས་ལམ་ཞིག་ཡིན་དུས་གཅིག་གི་ནད་གསོ་བའི་དོན་དུ་གཅིག་གི་ལུས་སྲོག་ཕངས་མེད་དུ་བཏང་བ་མིན་སྟབས་འདི་བཟང་པོའི་ཡོན་ཏན་ཞིག་རེད། འདི་ཡང་དགེ་མཚན་ཞིག་ཏན་ཏན་ཆགས་ཡོད། གཉིས་ནས་ང་རང་ཚོའི་སྨན་འདི་རང་བཞིན་གྱི་སྔོ་ལ་སོགས་པ་དང༌། རིན་པོ་ཆེའི་རིགས། ལྕགས་རིགས་དེ་འདྲས་བཟོས་པ་མ་གཏོགས་རྫས་སྦྱོར་འདྲ་མི་འདྲའི་ཐོག་ནས་བཟོས་པ་ཞིག་མིན་དུས་དེའི་ཆ་ནས་ཁྱད་ཆོས་ཡོད་པ་ཞིག་ཆགས་ཡོད། གལ་ཆེ་ཤོས་ནི་དངོས་ཡོད་གནས་ཚུལ་ལ་ནད་སྤྱི་དང༌། ལྷག་པར་གཅོང་ནད་ཀྱི་རིགས་མང་པོ་ཞིག་ལ་བོད་སྨན་གྱིས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། འཛམ་བུ་གླིང་གི་ཕྱི་ལོགས་ལ་ཡིན་ནའང་བོད་སྨན་གྱི་ཁྱད་ཆོས་འདི་དག་རིམ་པས་ངོས་འཛིན་དང་ངོས་ལེན་ཆེ་རུ་འགྲོ་གི་ཡོད་པ་དང༌། འགྲོ་བ་མི་གཙོ་བོར་གྱུར་པའི་ནད་ཀྱིས་མནར་བའི་ཉམ་ཐག་པའི་སེམས་ཅན་ལ་ཕན་ཐོགས་ཀྱི་ནུས་པ་ཆེན་པོ་ཡོད་པ་ཆགས་ཀྱི་ཡོད། དེ་ནས་ང་རང་ཚོ་བོད་མི་རིགས་ཀྱི་ཆ་ནས་བསམ་བློ་བཏང་བ་ཡིན་ན་ཡང༌། བོད་མི་རིགས་ཀྱི་རིག་གནས་དངོས་གནས་གཏིང་ཟབ་པོ། རྒྱ་ཆེན་པོ། མི་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་རིག་གཞུང་འདི་ལྟ་བུ་ཡོད་པ་འདི་ང་རང་ཚོའི་མི་རིགས་ཀྱི་སྤོབས་པ་སྐྱེ་བའི་རྒྱུ་དང༌། ང་རང་ཚོའི་མི་རིགས་ཀྱི་བདེན་པ་རྩོད་པའི་རྒྱུ་ཡང་ཆགས་ཀྱི་ཡོད། ངས་ནམ་རྒྱུན་རྟག་པར་བརྗོད་མུས་ལྟར། ང་ཚོས་བོད་རང་དབང་རྩོད་པ་དེ་སྲིད་དོན་གྱི་གནས་ཚུལ་གཅིག་པུ་མ་ཡིན་པར་དངོས་གནས་དྲང་གནས་ཆེ་ས་ནས་བཤད་པ་ཡིན་ན་ལྷ་དང་བཅས་པའི་འགྲོ་བ་ཡོངས་རྫོགས། དེ་ནས་མིག་མཐོང་ལག་ཟིན་གྱི་དངོས་ཡོད་གནས་ཚུལ་བཤད་པ་ཡིན་ན་ཡང༌། འཛམ་གླིང་འདིའི་སྟེང་གི་མི་གཙོ་བོར་གྱུར་པའི་སྲོག་ཆགས་མང་པོ་ཞིག་ལ་ཕན་ཐོགས་ཡོད་ཅེས་ཟེར་བའི་གནད་དོན་འདི་ཡིན། ནང་པའི་ཆོས་ལ་དད་པ་ཡོད་རུང་མེད་རུང་གང་ལྟར་བོད་པའི་བཟང་པོའི་གོམས་གཤིས་ཀྱི་རིག་གཞུང་འདི་དངོས་གནས་འཛམ་གླིང་འདིའི་སྒང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོང་ཐུབ་པ་ཞིག་ཏན་ཏན་རེད། ད་ལྟ་ངས་བཤད་པ་འདི་བོད་པའི་ནང་ཆོས་དང་འབྲེལ་བའི་རིག་གཞུང་འདིས་མི་ཁོ་ནའི་བདེ་སྡུག་བཤད་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་བཤད་ཀྱི་ཡོད། མ་གཞི་ང་ཚོས་ཤ་ཟ་གི་ཡོད་པ་དང་ཁྱེད་ཚོའི་སྨན་གཞུང་ནང་དུ་སྨན་རྒྱུ་ལ་སྲོག་ཆགས་འདྲ་མི་འདྲའི་ལུས་ཀྱི་ཆ་ཤས་བཏང་བ་ཡོད་ཀྱང་དེའི་དོན་དུ་རྔོན་པ་རྒྱག་པ་དང༌། སེམས་ཅན་དཔག་ཏུ་མེད་པའི་ལུས་སྲོག་ལ་རྩེད་མོ་བརྩེ་བ་སོགས་རྩ་བ་ནས་བྱེད་ཀྱི་ཡོད་པ་མ་རེད། ཁུག་ཀྱོག་ནས་ཕྲན་བུ་རག་པ་ཡིན་ན་བེད་སྤྱོད་བྱེད་པ་མ་གཏོགས། ཨེམ་ཆིས་སྨན་རྒྱུ་བསྒྲུབ་ཆེད་མདའ་གཞུ་དང་མེ་མདའ་འཁྱེར་ནས་འགྲོ་གི་མེད་པ་མ་ཟད། ང་ཚོའི་ལུགས་སྲོལ་ལ་ཡང་ཡོད་པ་མ་རེད། དེ་འདྲ་ཡིན་དུས་སེམས་ཅན་ཚང་མར་ཕན་ཐོགས་ཡོད་པ་ཏན་ཏན་ཡིན། ང་རང་ཚོའི་བོད་ཀྱི་རིག་གཞུང་ནང་སེམས་ཅན་ཐམས་ཅད་ཟེར་བའི་ལྟ་བ་དང་སྤྱོད་པ་ཡོད་མཁན་འདི་གང་དུ་གནས་པ་ཡིན་ན་ཡང་སྲོག་ཆགས་གཞན་དག་རང་བཞིན་གྱི་འཁོས་སུ་ཕེབས་པ་ཞིག་ཡོང་གི་ཡོད། མིའི་བདེ་སྡུག་གཅིག་པུ་མ་གཏོགས་སྲོག་ཆགས་གཞན་དག་གི་དོན་དག་ལ་བསམ་བློའི་ཟུར་ཙམ་ཡང་མེད་མཁན་དེ་ཚོ་གང་དུ་བསྡད་པ་ཡིན་ན་ཡང་གནས་དེ་ལ་ཡོད་པའི་སེམས་ཅན་ཚང་མར་བརྡབ་གསིགས་ཡོང་རྒྱུ་དེ་ཧ་ཅང་གསལ་པོ་རེད། དེང་སང་འཛམ་གླིང་འདིའི་སྟེང་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུས་མཚོན་བྱ་རི་དྭགས་ཀྱི་ཐོབ་ཐང་རྩོད་པ་དེ་དེང་སང་གི་ལྟ་བ་ཟེར་ནའང་འདྲ། དེ་འདྲའི་བསམ་ཚུལ་ཞིག་ཡོད་པ་རེད། ཧ་ཅང་ཡག་པོ་རེད། དེ་འདྲའི་གནས་ཚུལ་འོག་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་ལྟ་སྤྱོད་བཟང་པོའི་ཐོག་ལ་མིས་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད། དེ་འདྲ་ཡིན་དུས་བོད་པའི་རིག་གཞུང་འདི་དངོས་གནས་ཀུན་ལ་ཕན་བདེ་སྒྲུབ་བྱེད་ཀྱི་བསམ་པ་བཟང་པོས་ཟིན་པའི་རིག་གཞུང་ཞིག་དང༌། དེ་དང་འབྲེལ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོང་དུས་འདི་བོད་པའི་ཁེ་ཕན་ཙམ་དུ་མ་ཟད། འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་དང༌། མདོར་ན་རྒྱ་ནག་ལ་ཡང་ཏན་ཏན་ཕན་ཐོགས་པ་ཞིག་ཆགས་བསྡད་ཡོད། བྱས་ཙང་ངས་དུས་རྒྱུན་དུ་ང་ཚོ་བོད་རང་དབང་རྩོད་པ་འདིས་རྒྱ་ནག་གི་ཁེ་ཕན་ལ་ཡང་ཐུག་ཡོད་མ་གཏོགས་ང་ཚོས་རང་རྒྱལ་གཞན་ཕམ་བྱས་ནས་བོད་རྒྱལ་བ་དང༌། རྒྱ་ཕམ་པའི་སྐད་ཆ་མིན་ཞེས་རྟག་པར་ཤོད་ཀྱི་ཡོད་ལ་དྲན་གྱི་ཡང་ཡོད། རྒྱ་ནག་ནང་འཚེ་བ་མེད་པ་དང་བྱམས་བརྩེས་ཀུན་ནས་བསླངས་པའི་ལྟ་བ་དང་སྤྱོད་པ་བཟང་པོ་འདིས་ཕོངས་ནས་བསྡད་ཡོད། གུང་ཁྲན་ཏང་གིས་ཁྲིམས་ཀྱི་ཐོག་ནས་འདི་བཟོ་ཐུབ་མེད་ལ་བཙན་དབང་གི་ཐོག་ནས་ཀྱང་འདི་བཟོ་ཐུབ་མེད། མ་ཁེ་སེ་ལེ་ཉིན་རིང་ལུགས་ཀྱིས་ཀྱང་འདི་བཟོ་ཐུབ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཀྱི་རིག་གཞུང་འདིས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཐུབ་པ་དང༌། བྱེ་བྲག་རྒྱ་ནག་ལ་ཡང་ཏན་ཏན་ཕན་ཐོགས་ཐུབ་པ་ཆགས་ཡོད། དེ་ལྟ་བུའི་རིག་གཞུང་འདི་རྩ་ཆེན་པོ་ཡིན། རིག་གཞུང་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱེད་རྒྱུ་འདི་རྒྱུ་མཚན་དང་ལྡན་པ་ཡིན། དངོས་གནས་རང་སྒྲུབ་འོས་པའི་བྱ་བ་ཡིན། སྤྱིར་བཏང་སོ་སོའི་མི་རིགས་གཅིག་པུའི་ལ་རྒྱ་ཟིན་ནས་ཕྱིན་པ་ཡིན་ན་རྨོངས་ཞེན་ཟེར་བ་དེ་ཆགས་ཀྱི་ཡོད། ང་རང་ཚོའི་འདི་རྒྱུ་མཚན་ཡོད་པ་དང༌། ཕན་ཐོགས་ཡོད་པའི་གནས་ཚུལ་ཆགས་ཡོང་དུས་འདི་རྨོངས་ཞེན་གཅིག་པུ་མིན། དེ་འདྲའི་བོད་ཀྱི་རིག་གཞུང་གི་ནང་གསེས་གསོ་བ་རིག་པའི་རིག་གཞུང་འདི་ཕན་ཐོགས་ཡོད་པ་ཞིག་དང༌། འདིའི་ཐོག་ནས་བོད་ཀྱི་རིག་གཞུང་ལ་ཆེ་མཐོང་བསླེབ་ཐུབ་ཀྱི་ཡོད། ངས་དུས་རྒྱུན་རྩེད་མོ་དང་སྦྲགས་འདི་འདྲ་བཤད་ཀྱི་ཡོད། ང་ཚོ་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་འདིའི་ཐོག་ནས་མིའི་ལུས་པོ་བདེ་ཐང་བཟོ་ཐུབ་ཀྱི་ཡོད། ནང་དོན་རིག་པའི་ཐོག་ནས་མིའི་སེམས་ཀྱི་ནད་བཅོས་ཐུབ་ཀྱི་ཡོད། མི་ལ་བདེ་སྡུག་ཡོང་སའི་གཞི་རྟེན་ལུས་སེམས་གཉིས་མ་གཏོགས་མེད། ལུས་སེམས་གཉིས་ཀར་ང་ཚོས་བོད་ཀྱི་རིག་གཞུང་གི་ཐོག་ནས་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད་ཅེས་ངས་ཤོད་ཀྱི་ཡོད། ང་ཚོའི་གསོ་བ་རིག་པ་འདི་སྤྱི་བྱེ་བྲག་གི་གནས་ཚུལ་གང་ནས་བལྟས་པ་ཡིན་ན་ཡང་གནད་ཆེན་པོ་གཅིག་ཆགས་བསྡད་ཡོད། འདིར་མདུན་ལམ་དངོས་གནས་ཆེན་པོ་ཡོད། གསོ་རིག་ལག་ལེན་གྱི་ཐོག་ནས་འཕྲལ་དུ་ཉམ་ཐག་པའི་ནད་པ་མང་པོ་ཞིག་ལ་ཕན་ཐོགས་ཡོད་པ་དང༌། ཆེ་ས་ནས་བོད་མི་རིགས་ཀྱི་མཚན་མཐོང་ལ་རྒྱར་ཕན་གྱི་ཡོད། ཇི་ཙམ་བོད་ཀྱི་རིག་གཞུང་ལ་མིས་དོ་སྣང་དང་དགའ་ཞེན་སླེབས་པའི་ཚོད་ཀྱིས་བོད་རང་དབང་འཐབ་རྩོད་བྱེད་པའི་ཐོག་ལ་ཡང་རྒྱབ་སྐྱོར་ཡོང་གི་ཡོད། རྒྱབ་དཔུང་ཡོང་གི་ཡོད། ང་ཚོའི་གསོ་བ་རིག་པའི་ལས་ཀ་འདི་དངོས་དང་བརྒྱུད་པའི་ཐོག་ནས་དོན་དག་མང་པོ་ཞིག་ལ་འབྲེལ་བ་ཡོད་པ་ཞིག་དང༌། ཕན་ཐོགས་ཡོད་པ་ཞིག་ཡིན་དུས་ཁྱེད་རང་ཚོ་འདིའི་ལས་ཀ་བྱེད་མཁན་ཚོའི་ངོས་ནས་དམིགས་ཡུལ་འདི་ཤེས་པ་བྱས་ཏེ་དམིགས་ཡུལ་དང་དགོས་པ་ཆེ་ས་དེ་བསྒྲུབ་པའི་དོན་དུ་ཕྲན་བུའི་དཀའ་ངལ་བྱུང་བ་ཡིན་ན་ཡང་དཀའ་ངལ་དེ་བཟོད་རིན་ཆོག་པ་ཞིག་རེད། དཔེར་ན་ང་ཚོས་ཆོས་ཀྱི་ཉམས་ལེན་ཐོག་ནས་རྣམ་མཁྱེན་བསྒྲུབ་པའི་དོན་དུ་འཕྲལ་དུ་སྡུག་བསྔལ་དང་ལེན་གྱི་བཟོད་པ་ཉམས་ལེན་བྱེད་དགོས་པ་མང་པོ་ཞིག་ཡོང་གི་ཡོད། དེ་བཞིན་དུ་དོན་དག་ཆེ་ས་འབེན་ལ་བཞག་སྟེ་དེའི་དོན་དུ་ཆུང་ཙག་འགའ་ཤས་བཟོད་བསྲན་བྱས་ནས་བློས་གཏོང་དགོས་བྱུང་ན་ཡང་དེ་འོས་པ་རེད། འཕྲལ་སེལ་གྱི་སོ་སོའི་དཀའ་ངལ་དང་མཐུན་རྐྱེན་འཛོམས་མ་འཛོམས་དེ་འདྲ་ལ་མ་འཛེམས་པར་ང་ཚོས་ཆེ་ས་ནས་ཤུགས་བརྒྱབས་ཏེ་དམིགས་ཡུལ་བསྒྲུབ་ཐུབ་པ་བྱེད་རྒྱུ་འདི་ཚང་མའི་སེམས་ལ་བཅངས་ཀྱི་རེད་ལ་བཅངས་དགོས་ངེས་རེད། དེ་ནས་ནམ་རྒྱུན་ངས་རྟག་པར་ལབ་ཀྱི་ཡོད། ང་ཚོ་ཚར་ཁ་ཤས་སྐད་ཆ་བྱུང་ཡོད། སྤྱིར་བཏང་དཔེར་ན་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་བྱེད་རྒྱུ་དང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལྟ་བུ་ལ་མཚོན་ན་སྔོན་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྐལ་པ་མང་པོའི་རིང་ལ་བསྒོམ་ཉམས་མྱོང་རྟོགས་པ་མངོན་དུ་གྱུར་ནས་བསྟན་པ་ཞིག་ཡིན་པ་དང༌། དེའི་རྗེས་འབྲངས་ཀྱི་མཁས་པ་ཚོས་ཀྱང་དེ་བཞིན་བྱས་ཏེ་ཚིག་གི་ཐོག་ནས་གཏན་ལ་ཕབ་པ་གཅིག་པུ་མ་ཡིན་པར་ཉམས་མྱོང་གི་ཐོག་ནས་གཏན་ལ་ཕབ། བརྡར་ཤ་བཅད་དེ་བསྟན་པ་ཞིག་ཡིན་དུས། འདི་ང་རང་ཚོའི་མི་ཐོག་གསར་པས་སྔར་ནས་བསྟན་པ་འདི་རྩ་བ་ལ་བཞག་ནས་འདིའི་ཐོག་ལ་སོ་སོས་གསར་གཏོད་བྱེད་ཐུབ་རྒྱུ་ཡོད་པ་མ་རེད་ལ་བྱེད་དགོས་དོན་ཡང་ཡོད་པ་མ་རེད། དེ་མིན་པའི་རིག་གནས་གཞན་དག་གི་ནང་ལ་སྔོན་གྱི་མི་ཐོག་གོང་མ་ཚོས་ཉམས་ཞིབ་བྱས། ཉམས་མྱོང་བསགས། རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པ་དེ་དག་གཞི་ལ་བཞག་ནས་དེང་སང་མཐུན་རྐྱེན་འཛོམས་སུ་ཕྱིན། ཆ་རྐྱེན་བཟང་དུ་ཕྱིན་པའི་འོག་ནས་ཉམས་མྱོང་གསར་པ་དང༌། གནད་འགག་གསར་པ་ཤེས་པ་དེ་ཚོ་ཁ་སྣོན་རྒྱབ་ནས་ཡར་རྒྱས་གཏོང་དགོས། ང་ཚོས་སྔར་གྱི་མི་དེ་ཚོ་མི་ཕལ་པ་ཞིག་ཡིན་པ་གཞི་བཞག་བྱས་ནས་ཁོ་རང་གི་རིག་སྟོབས་ཀྱིས་ཉམས་མྱོང་བསགས་ནས་རྙེད་པ་དེའི་ཐོག་ལ་ང་ཚོ་མི་གཅིག་པ་ཡིན་པའི་ཆ་ནས་ང་ཚོའི་མི་ཐོག་འདི་ཆ་རྐྱེན་བཟང་བ་ཡོད། ཆ་རྐྱེན་བཟང་བ་འདིའི་ཐོག་ནས་ཀྱང་ཉམས་མྱོང་གསར་པ་དང་རིག་པ་གསར་པ་སླེབས་ནས་འདིའི་སྟེང་ལ་ཁ་སྣོན་རྒྱག་རྒྱུ་ཡོང་གི་རེད་བསམ་གྱི་འདུག དཔེར་ན་ཚན་རིག་གི་ལག་རྩལ་མང་པོ་ཞིག་གི་ནང་ལོགས་ལ་མི་ཐོག་སྔོན་མར་རྙེད་པ་རྣམས་ཀྱི་སྟེང་དུ་མི་ཐོག་རྗེས་མ་རྗེས་མས་ཁ་སྣོན་ག་རེ་རྒྱག་རྒྱུ་འདུག་བསམ་བློ་བཏང་ནས་འགྲོ་གི་ཡོད་པ་རེད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཚོའི་གྲས་དེ་འདྲ་མ་རེད། འདི་གནས་ཚུལ་ཐ་དད་རེད། དཔེར་ན་བཟོ་རིག་པའི་ནང་གི་ལྷ་བྲིས་ལ་ཆ་བཞག་ན། ང་རང་ཚོའི་ལུགས་སྲོལ་གཅིག་ལ་སྔ་མོའི་ལྷ་བྲིས་དགེ་རྒན་དེས་པིར་གང་འདྲ་འཐེན་གྱི་ཡོད་ནའང་ཁོ་རང་ནང་བཞིན་འཐེན་པ་མ་གཏོགས་དེ་ནས་ཕྲན་བུ་ཀྱོག་པ་ཡིན་ན་ཡང་དེ་མི་འདྲ་བ་ལྟ་བུ་ཆགས་པ་དང༌། མ་འགྲིགས་པ་ལྟ་བུའི་བག་ཆགས་གཅིག་ཡོང་གི་འདུག གསོ་བ་རིག་པའི་ནང་ལོགས་ལ་ཡང་སོ་སོའི་དགེ་རྒན་གྱིས་སྨན་སྦྱོར་ག་རེ་གནང་གི་ཡོད་ནའང་དེ་ག་རང་མ་གཏོགས་གསར་པ་ཞིག་གི་སྒང་ལ་ཕྱིན་པ་ཡིན་ན་དེ་སྔར་མེད་གསར་གཏོད་རེད་ཟེར་བ་ཞིག་ཡོང་སྲིད་པ་རེད། འོན་ཀྱང་འདི་ཐ་དད་མིན་ནམ་བསམ་པ་དྲན་གྱི་འདུག དཔེར་ན་ལྷ་བྲིས་པའི་ནང་ལོགས་ལ་ངས་འདི་ཤོད་ཀྱི་ཡོད། ང་ཚོ་བོད་ཀྱི་ལྷ་བྲིས་ཀྱི་རི་མོའི་ཚུགས་འདི་ང་ཚོས་ངེས་པར་དུ་ཟིན་དགོས། ཡིན་ནའང་དེ་དང་ཆབས་ཅིག་རི་མོའི་ལམ་ནས་སྤྱིར་བཏང་དཔེར་ན་འཛམ་བུ་གླིང་གཞན་དག་གི་རི་མོའི་ལམ་ནས་ད་ལྟ་ད་ལྟའི་བདེ་སྡུག་གི་ཚོར་བ་སྟོན་པ་ལྟ་བུ་ང་རང་ཚོའི་བསྒྲུབ་བྱའི་དམིགས་ཡུལ་རི་མོའི་ལམ་ནས་སྟོན་ཐུབ་པ་དགོས། དེ་བཞིན་གཞས་ལ་སོགས་པ་མང་པོ་ཞིག་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་སྟོན་པ་དང༌། མ་འོངས་པའི་རེ་འདུན་གཞས་ཀྱི་ལམ་ནས་སྟོན་པ་ནང་བཞིན་ང་རང་ཚོས་རི་མོ་གསར་པ་དེང་སང་གི་རི་མོ་ལྟ་བུ་དེ་འདྲའི་ཐོག་ནས་ང་ཚོས་སྟོན་ཐུབ་པ་དགོས་ཀྱི་འདུག གསར་གཏོད་ངེས་པར་དུ་དགོས་ཀྱི་རེད་ཅེས་ཤོད་ཀྱི་ཡོད། དེ་ནང་བཞིན་ང་ཚོའི་གསོ་བ་རིག་པའི་ནང་དུ་ཡིན་ནའང་གསར་གཏོད་ཡོད་དགོས་ཀྱི་རེད་བསམ་པ་དྲན་གྱི་འདུག སྔར་ཡིན་ན་གཞུང་ནས་འདི་ལྟར་གསུངས་ཡོད་པས། སྨན་སྦྱོར་དེ་ལྟར་བྱེད་ཀྱི་ཡོད། འདིས་ཕན་གྱི་ཡོད་པ་རེད་ཟེར་བ་མ་གཏོགས་དཔེར་ན་སྔོ་གཅིག་གིས་དེ་ལ་རྫས་ཀྱི་རྣམ་གྲངས་གང་འདྲའི་ཐོག་ནས་ནད་འབུ་གང་འདྲ་ཞིག་གི་ཐོག་ལ་ཕན་གནོད་བྱེད་ཀྱི་ཡོད་མེད་སྔ་མོ་ང་ཚོས་བརྟག་དཔྱད་བྱེད་ཀྱི་ཡོད་པ་མ་རེད། དེང་སང་དེ་འདྲའི་བརྟག་དཔྱད་བྱེད་ཀྱི་ཡོད། ཡིན་ནའང་ང་རང་ཚོའི་གནས་ཚུལ་རིགས་གཅིག་ཆོས་ཉིད་ཀྱི་དབང་ལས་ཆོས་ཉིད་དང་རྟེན་འབྱུང་ཕྲ་བའི་ཐོག་ནས་ཕན་ཐོགས་དང་འགྱུར་བ་འགྲོ་མཁན་ཞིག་ལ་དངོས་སུ་རྫས་ཀྱི་ནུས་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་མེད་པ་ཡང་ཏན་ཏན་ཡོང་སྲིད་མདོག་ཁ་པོ་རེད། ཡིན་ནའང་རིགས་གཅིག་ལ་རྫས་ཁོ་རང་གི་སྟེང་ནས་འགྲེལ་བཤད་རྒྱག་རྒྱུ་ཞིག་ཡོང་གི་ཡོད་པ་རེད། དེང་སང་ཆ་རྐྱེན་འཛོམས་སུ་ཕྱིན་པའི་དུས་འདི་འདྲའི་ལམ་ནས་རང་ཚོས་རིག་པ་གསར་པ་བཙལ། ནུབ་ཕྱོགས་ཀྱི་སྨན་སྦྱོར་བྱེད་མཁན་དེ་འདྲ་དང་གོ་བསྡུར་བྱས་ནས་ཉམས་མྱོང་བསགས་ཏེ་ཉམས་མྱོང་ལེན་རྒྱུ་དེ་འདྲ་ཡོད་ཤས་ཆེ། རྒྱ་གར་ནང་ཡོད་པའི་ཨ་ཡུར་ཝེ་དྷ། དེ་བཞིན་ཡུ་ན་ནི་སྨན་བཅོས་སྔོ་བེད་སྤྱོད་བྱེད་པའི་རིགས་དེ་ཚོའི་གྲས་ལ་ང་ཚོ་འབྲེལ་བ་མང་ཙམ་བྱེད་ཐུབ་ན་བསམ་གྱི་ཡོད། ང་ཚོའི་ཉམས་ཞིབ་སྡེ་ཚན་ཁོངས་ནས་སྔོ་བེད་སྤྱོད་བྱེད་རྒྱུའི་རིགས་མཐུན་པའི་སྨན་བཅོས་ཀྱི་ལུགས་སྲོལ་འདྲ་མི་འདྲ་ཡོད་པ་དེ་ཚོ་དང་ང་ཚོ་འབྲེལ་བ་མང་ཙམ་བྱས་ནས་ཁོང་ཚོའི་ནང་ནས་ང་ཚོར་ཉམས་མྱོང་གསར་པ་བླངས། དམ་ཚིག་མཐུན་པོ་བྱུང་ན་ཁོང་ཚོ་ལ་ཡང་ཕར་ང་ཚོའི་རིག་པ་བསླབ་སྟེ་དེ་འདྲའི་ཐོག་ནས་ཏན་ཏན་ང་ཚོས་ཉམས་ཞིབ་བྱེད་རྒྱུ་མེད་དམ་སྙམ་གྱི་འདུག དེ་དང་ཨ་ལོ་པེ་ཐེ་སྨན་ཟེར་བའི་ནུབ་ཕྱོགས་པའི་རྫས་སྦྱོར་གྱི་འགྲོ་སྟངས་ཀྱི་རིག་པ་དེ་འདྲའི་ཐོག་ནས་ཉམས་ཞིབ་བྱེད་རྒྱུ་དང༌། ལེགས་ཆ་གསར་པ་ལེན་རྒྱུ། ཉམས་མྱོང་གསར་པ་ལེན་རྒྱུ། དེ་འདྲ་ཏན་ཏན་ཡོད་ཀྱི་རེད། དེ་ནས་རིགས་གཅིག་ལ། ཁ་སང་ང་ཚོ་བཀའ་མོལ་བྱུང་བ་ལྟར་དཔེར་ན་ང་ཚོས་ཨུད་པལ་ཞེས་ལབ་དུས་རི་ལ་སྐྱེས་མཁན་ཞིག་ལ་ཟེར་གྱི་ཡོད་པ་རེད། བོད་དུ་ཡིན་ན་དགེ་འཕེལ་རི་ལ་སྐྱེས་པའི་ཨུ ད་པལ་་དེ་རྒྱ་གར་རྒྱལ་ཡོངས་ལ་མེད་པ་ཐག་ཆོད་པ་རེད། རྒྱ་གར་ནས་དར་བའི་སྨན་གཞུང་ནང་གི་ཨུ ད་པལ་་དེ་རྒྱ་གར་ལ་སྐྱེས་པའི་སྨན་ཞིག་ལ་ངོས་འཛིན་རྒྱུ་རེད་མ་གཏོགས་རྒྱ་གར་ལ་རྩ་བ་ནས་སྐྱེ་མ་མྱོང་མཁན་དགེ་འཕེལ་རི་ལ་སྐྱེས་ཡོད་པའི་སྨན་ཞིག་རྒྱ་གར་གྱི་སྨན་གཞུང་ནང་ཡོང་ཤེས་སྟངས་མེད། རྒྱ་གར་གྱི་འགྲོ་སྟངས་ཕྲན་བུ་ཤེས་མཁན་དང༌། མིང་ཚིག་ཤེས་མཁན་ཁ་ཤས་ཀྱིས་ཨུ ད་པལ་་ཟེར་བ་འདི་འདམ་ལས་སྐྱེས་པའི་འདམ་སྐྱེས་པདྨ་ཟེར་བ་འདི་རེད་ཅེས་ཟེར་གྱི་འདུག འདི་སྨན་སྦྱོར་ཡོངས་རྫོགས་ནང་ལ་འདི་བསྲེས་རྒྱུ་མིན་ཀྱང་དེ་ཚོར་ཉམས་ཞིབ་བྱེད་དགོས། རྒྱ་གར་ཨ་ཡུ་ཝེ་དྷ་ཁོང་ཚོས་ཨུ ད་པལ་་དུ་ངོས་འཛིན་པའི་ཨུ ད་པལ་་འདི་ཆུའི་དཀྱིལ་ལ་སྐྱེས་པའི་འདམ་སྐྱེས་པདྨའི་བཟོ་འདྲ་དེ་ཚོའི་གྲས་གྲིབ་སྐམ་སོགས་ག་རེ་བྱེད་དགོས་པ་རྣམས་བྱས་ནས་ང་ཚོའི་ཨུ ད་པལ་་བསྲེས་སའི་སྨན་གྱི་ནང་དུ་བཏང་ནས་བེད་སྤྱོད་བྱེད་ཀྱི་ཡིན་ན་བསམ་པ་དྲན་གྱི་ཡོད། དེ་འདྲའི་རིགས་སྔོན་ལ་ནད་པ་ཛ་དྲག་སྐབས་ལ་བཏང་ན་འགྲིག་ཀྱི་མ་རེད། ནད་པ་དེ་ཙམ་སྐྱོན་མེད་མཁན་གྱི་གྲས་སྨན་ཐུན་གཅིག་གཉིས་ནོར་ནའང་ཁོ་ཤི་གི་རེད་བསམ་པའི་ཉེན་ཁ་མེད་པ་དེ་འདྲ་ལ་བརྟག་དཔྱད་བྱས་ནས་ག་རེ་ཡོད་མེད་ཉམས་མྱོང་གསོག་རྒྱུ་རེད། སྲོག་ལ་ཕངས་མེད་བྱས་ན་འགྲིགས་ཀྱི་མ་རེད། གང་ལྟར་དེ་སྐོར་བརྟག་དཔྱད་བྱས་ན་སྙམ་གྱི་འདུག མདོ་དོན་ང་རང་ཚོའི་སྤྱི་ཡོངས་ཀྱི་གསོ་བ་རིག་པའི་ནང་ང་རང་ཚོའི་སྔར་གྱི་གོམས་གཤིས་ག་རེ་ཡོད་པ་དེ་རང་མ་གཏོགས་གསར་གཏོད་བྱས་ན་མི་འགྲིགས་པ་ལྟ་བུ་མ་ཡིན་པར་ང་ཚོས་ཏན་ཏན་ཉམས་མྱོང་གསོག་དགོས། དེ་ཡང་ཤེས་ལ་མ་ཤེས་མཁན་གྱི་ཧ་རེ་ཧུ་རེ་བྱས་ན་དཔེ་མ་སྲིད་པའི་ཉེན་ཁ་རེད། དེ་འདྲ་བྱས་ན་གཏན་ནས་མི་འགྲིག འདི་རིགས་ཉམས་ཞིབ་ཚོགས་ཆུང་དང༌། དེ་དང་འབྲེལ་བའི་ཚོགས་ཆུང་བཙུགས་ནས་མི་དོ་བརྟན་གནད་འགག་ཆ་ཚང་ཤེས་མཁན་ཚོའི་ཐོག་ནས་གོ་བསྡུར་དང་ཉམས་ཞིབ་ཏན་ཏན་བྱས། སྲང་ལ་འཇལ་ནས་ལྗིད་ཚད་དང༌། མང་ཉུང་དེ་ཚོའི་གྲས་དེང་སང་གི་འཕྲུལ་ཆས་བེད་སྤྱད་དེ་ཞིབ་ཚགས་པོའི་ཐོག་ནས་གཏན་འབེབས་བྱས། གནས་ཚུལ་ག་རེ་བྱུང་བ་དེ་ཚོ། དུས་ཚོད་དེ་འདྲ་ཞིག་ལ་བྱུང་བ་རེད་ཟེར་བའི་ངག་རྒྱུན་ལ་འཇགས་པ་དེ་འདྲ་མིན་པར་ཡིག་ཐོག་ལ་གཅིག་དང་གཉིས་ཀྱིས་བཀོད་ནས་བརྟག་དཔྱད་བྱེད་ཀྱིན་བྱེད་ཀྱིན་བྱེད་རྒྱུ་འདི་གལ་ཆེན་པོ་མིན་ནམ་བསམ་པ་དྲན་སོང༌། དེ་འདྲ་བྱས་ན་རིགས་ཁ་ཤས་དཔེར་ན་ང་ཚོར་སྨན་རྒྱུ་འབེལ་དུ་འགྲོ་བ་ཡོང་སྲིད་ཀྱི་རེད། གང་ལྟར་ཡང་སྙིང་ད་ལྟ་བཤད་པ་བཞིན་རྒྱ་གར་གྱི་སྨན་གཞུང་ནང་བཤད་པའི་སྔོ་དེ་བོད་ལ་མ་གཏོགས་མི་སྐྱེས་མཁན་དེ་གང་འདྲ་རེད་ཅེས་དྲིས་ན། འོ་ད་གང་ཤེས་ཟེར་ལབ་རྒྱུ་རེད་མ་གཏོགས་གཞན་བཤད་རྒྱུ་མི་འདུག དཔེར་ན་རྒྱ་གར་མཁས་པའི་གཞུང་ནང་ལ་གཡག་ཟེར་བ་དེ་ཧ་ལམ་ཐོན་གྱི་ཡོད་པ་མ་རེད། དེ་ཚོའི་གྲས་ལ་དོ་སྣང་བྱས་ན་སྙམ་པ་དྲན་སོང༌། དེ་ནས་ཁྲིམས་མཐུན་བཟོ་རྒྱུ་ཟེར་བ་འདི་དཔེ་གནད་འགག་ཆེན་པོ་འདུག དཔེར་ན། ང་ཚོའི་བོད་པའི་སྨན་གཞུང་ནང་གསལ་སྨན་སྣ་ཡོངས་རྫོགས་ཁྲིམས་མཐུན་གྱི་དེབ་སྐྱེལ་ཐོག་ནས་ཁས་ལེན་ཡོང་བར་ཡིན་ཅིག་མིན་ཅིག་ཨུ་ཚུགས་རྒྱག་དགོས་ཀྱི་ཨེ་ཡོད་དྲན་གྱི་འདུག སྨན་སྣེ་ཁ་རེ་རེས་ནད་བྱེ་བྲག་པ་འགའ་ཞིག་ལ་ཕན་གྱི་ཡོད་མེད་ཡོངས་གྲགས་ཚན་རིག་གི་ཐོག་ནས་བརྟག་དཔྱད་བྱེད་དགོས་ཡོད་ནའང་ཚན་རིག་གི་ཐོག་ནས་བརྟག་དཔྱད་བྱས་ཏེ་དེས་ཕན་གྱི་འདུག་ན། དེ་འདྲའི་ཐོག་ནས་ནད་བྱེ་བྲག་པ་འདི་ལ་སྨན་བྱེ་བྲག་པ་འདིས་ཕན་གྱི་འདུག་ཅེས་དེ་ཚོའི་གྲས་ཁྲིམས་མཐུན་ཆགས་པ་ཞིག་ཕལ་ཆེར་ཡོང་གི་རེད་བསམ་པ་དྲན་ཡོང་གི་འདུག དཔེར་ན་ཨེ་ལོ་པེ་ཐིའི་སྨན་ཁ་ཤས་གསར་པ་བཏོན་ནས་ཟླ་བ་ཁ་ཤས་རིང་སྐད་གྲགས་ཆེན་པོ་བྱས། དེ་ནས་ལོ་གཅིག་ལོ་གཉིས་སོང་རྗེས་སྨན་འདིས་གནོད་ཀྱི་རེད་ཟེར་ནས་བཀག་དགོས་པ་ཡོང་གི་ཡོད། ཡིན་ནའང་ཨེ་ལོ་པེ་ཐིའི་སྨན་གྱི་ཁོངས་ནས་སྨན་བྱེ་བྲག་པ་གཅིག་ལ་མགོ་སྟོད་སྐད་གྲགས་བྱས་མཇུག་ཏུ་འདི་ཡག་པོ་མི་འདུག་ཟེར་ནས་དམ་བསྒྲགས་བྱས་པའི་རྐྱེན་གྱིས་ཨེ་ལོ་པེ་ཐི་སྨན་ཡོངས་རྫོགས་མ་འགྲིགས་པ་རེད་ཟེར་གྱི་ཡོད་པ་མ་རེད། ང་རང་ཚོའི་རྩ་བའི་སྨན་གཞུང་འདི་ཁྲིམས་ཀྱི་ཐོག་ནས་ཁས་ལེན་བྱུང་ན་དང་དེ་མ་བྱུང་ན་ཡང་ནད་བྱེ་བྲག་པ་འགའ་ཞིག་གི་སྨན་བྱེ་བྲག་པ་འགའ་ཞིག་ཁྲིམས་མཐུན་དེབ་སྐྱེལ་བྱེད་རྒྱུ་མེད་དམ་བསམ་པ་དྲན་གྱི་འདུག མ་གཞི་ཁྱེད་རང་ཚོར་རྒྱུས་ཡོད་པས། ཁྱེད་རང་ཚོས་ཐག་བཅད་རྒྱུ་རེད་མ་གཏོགས་ངས་ཤེས་ཀྱི་མ་རེད། གང་ལྟར་སྨན་བྱེ་བྲག་པ་དེ་འདྲའི་ཐོག་ལ་རྩོད་མེད་ཡོངས་གྲགས་ཚན་རིག་པའི་ཐོག་ནས་འགྲེལ་བཤད་ཆ་ཚང་རྒྱག་རྒྱུ་ཡོད་པ་དེ་འདྲ་ཏན་ཏན་ཡོང་གི་རེད། དེ་ཚོའི་གྲས་ཟུར་དུ་གསལ་ནས་ཡོངས་གྲགས་ཁྲིམས་མཐུན་དེབ་སྐྱེལ་གྱི་ཐོག་ནས་སྨན་ཚོང་རྒྱུ་དེ་འདྲ་ང་ཚོས་བྱེད་ཐུབ་ཀྱི་མེད་དམ་སྙམ་པ་དྲན་སོང་གཞན་སྨན་གྱི་སྐོར་ཞུ་རྒྱུ་དེ་འདྲ་ཞིག་ཡིན། རྩིས་ཀྱི་སྐོར་ལ་ངས་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག སྔོན་མ་ངས་རྩིས་ལ་ཡིད་ཆེས་དེ་ཙམ་མེད་ཅེས་བཤད་ནས་ཁྱེད་རང་ཚོ་ཁ་ཤས་སེམས་ཤུགས་ཆག་པ་རེད་ཀྱང་སེམས་ཤུགས་ཆག་དགོས་དོན་ཡོད་པ་མ་རེད། དེ་བོད་པའི་རིག་གཞུང་རེད། བོད་པའི་རིག་གཞུང་ཡིན་དུས་བོད་པའི་རིག་གཞུང་ངེས་པར་དུ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་རྒྱ་ཆེན་པོ་ཞིག་དགོས་ཀྱི་ཡོད་པ་རེད་མ་གཏོགས་དེར་ང་མོས་པ་ཡོད་མེད་ཀྱི་སྐད་ཆ་གང་ཡང་མ་རེད། ང་རང་སྒེར་གྱི་ངོས་ནས་གནམ་གྱི་གཟའ་སྐར་གྱིས་རྐྱེན་པས་མི་ལ་བདེ་སྡུག་ཡོང་གི་རེད་ཟེར་བ་དེ་ཚོར་ཡིད་ཆེས་མེད། བཀའ་གདམས་གོང་མ་ཚོས་སྟོན་པ་བཅོམ་ལྡན་འདས་ཀྱིས་ལས་རྒྱུ་འབྲས་གསུངས་པ་མ་གཏོགས་སྐར་ཉེས་གཟའ་ཉེས་ཤོར་ནས་བྱུང་ཚུལ་གསུངས་མི་འདུག་ཅེས་གསུངས་འདུག ང་བཀའ་གདམས་གོང་མ་ཚོའི་རྗེས་འབྲངས་ཀྱི་མི་ཞིག་ཡིན་པའི་ཆ་ནས། ང་རང་སྒེར་གྱི་ལྟ་བ་དེ་རེད། ལྟ་བ་དེ་མི་ཚང་མས་འཁྱེར་བ་ཡིན་ན་རྩིས་པ་ཚོར་ལས་ཀ་མེད་པ་ཆགས་འགྲོ་གི་རེད། བོད་པའི་རིག་གཞུང་ཡ་གྱལ་ཞིག་ཉམས་འགྲོ་གི་རེད། སྤྱི་ཡོངས་ཀྱི་ཆ་ནས་ང་རང་ཚོའི་རྩིས་ཀྱི་འགྲོ་སྟངས་འདི་བོད་པའི་རིག་གཞུང་རིག་གནས་ཆུང་བའི་གྲས་གལ་ཆེན་པོ་ཞིག་ཡིན་དུས་ད་ལྟ་བར་དུ་འདིར་རྩ་བ་ཚུགས་ཡོད་པ་འདི། ད་དུང་ཡིན་ནའང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡག་པོ་ཞིག་ཡོང་ཐུབ་པ་ལ་ཚང་མས་འཁུར་བླངས་ནས་བྱེད་དགོས། དེ་ནས་གཙོ་བོ་ལྷག་བསམ་རེད། ང་ཚོར་ལྷག་བསམ་ཡོད་ན་ལས་ཀ་གང་འདྲ་བྱེད་དགོས་བྱུང་ན་ཡང་ཕྲན་བུའི་དཀའ་ངལ་བྱུང་བ་ཡིན་ཡང་རྩ་བའི་ལྷག་བསམ་གྱིས་ནུས་པ་འདི་ཡོད་པ་ཡིན་དུས་ཁོས་དཀའ་ངལ་གདོང་ལེན་ཏན་ཏན་བྱེད་ཐུབ་ཀྱི་རེད། རྩ་བའི་སེམས་ཤུགས་དང་ལྷག་བསམ་མེད་ན་ཏོག་ཙམ་མ་འགྲིགས་པ་དང་སྡུག་སྐད་བརྒྱབ་ནས་དེ་མིན་པའི་ལམ་འཚོལ་རྒྱུ་ལ་བློ་རྩེ་གཉིས་ཡོང་བ་ཆོས་ཉིད་རེད། དེ་ཤེས་ཡོན་ཡོད་མེད་ཀྱི་སྐད་ཆ་མིན། རྩ་བའི་ལྷག་བསམ་དག་པའི་རྒྱབ་ཁྱོགས་པ་ཞིག་མ་བྱུང་ན་ཤེས་ཚད་རྣམ་དཔྱོད་ཇི་འདྲ་ཡོད་ཀྱང་ཕྲན་བུ་མ་འགྲིགས་པ་དང་སྡུག་སྐད་རྒྱབ། དེ་ནས་ལམ་སེང་བསམ་བློ་རྩེ་གཉིས་ཀྱི་ཐོག་ནས་ཐབས་ཤེས་གཞན་དག་འཚོལ་དགོས་དེ་འདྲ་ཡོང་གི་ཡོད་པ་རེད་ལ་ཡོང་སྲིད་པ་རེད། ང་རང་ཚོས་ལྷག་བསམ་དང་སེམས་ཤུགས་འཁྱེར་ནས་ལས་ཀ་བྱེད་དགོས། གོང་དུ་ཞུས་པ་ལྟར་ང་ཚོའི་འདི་མི་གཅིག་གཉིས་སམ་ཡང་ན་མི་ཉུང་ཤས་ཤིག་གི་མི་ཚེའི་འགྲོ་སྟངས་ཀྱི་སྐད་ཆ་མ་ཡིན་པར་འགྲོ་བ་མི་སྤྱི་ལ་ཕན་ཐོགས་ཡོད་པ་དང༌། ཆེ་ས་ནས་བཤད་པ་ཡིན་ན་ལྷ་དང་བཅས་པའི་འགྲོ་བ་ཡོངས་ལ་ཕན་ཐོགས་ཡོད་པའི་གནས་ཚུལ་ཞིག་རེད། བྱེ་བྲག་ང་རང་ཚོ་བོད་པ་ཡིན་ནའང་རྒྱ་མི་བྱེད་འདོད་མེད། བོད་མི་ས་ཡ་དྲུག་གི་ནང་ནས་ཁ་ཞེ་གཉིས་མེད་ཀྱིས་རྒྱ་མིར་དགའ་པོ་བྱས་ནས་ང་རྒྱ་མི་ཡིན། ང་རྒྱ་མིའི་འོག་ལ་བསྡད་ཀྱི་ཡིན་ཟེར་མཁན་སུ་ཡང་མེད། ཁ་ནས་ཤོད་ནུས་མ་ནུས་ཤིག་རེད་མ་གཏོགས་ང་ཚོའི་དཔོན་པོ་རྒྱ་མིས་བྱས་ནས་རྒྱ་མིས་དབང་བསྒྱུར་བའི་འོག་ལ་བོད་པ་ཁ་ཐབས་འདི་འདྲ་ཞིག་གི་སྐབས་སུ་གནས་ཀྱི་ཡོད། རྒྱ་མི་ཁོ་རང་ཚོ་ཡང་སྐྱིད་པ་གང་ཡང་ཡོད་པ་མ་རེད། རྟག་པར་ངོ་ཚ་ནས་བསྡད་དགོས་ཀྱི་ཡོད་པ་རེད། རལ་པ་ལྷན་པས་མ་ཁེབས་པ་ལྟ་བུར་སྐྱག་རྫུན་རྐྱང་རྐྱང་བཤད་ནས་བསྡད་ཀྱི་ཡོད་པ་རེད། ང་རང་ཚོ་བོད་པ་ཚང་མ་མི་ཚེ་སྡུག་ལ་བསྐྱལ་བའི་གནས་ཚུལ་འདི་རེད། ང་རང་ཚོར་རང་དབང་སོན་པ་ཞིག་བྱུང་བ་ཡིན་ན་ངའི་ལྟ་བ་འཁྱེར་སོ་ནི་རྒྱ་མིས་ནམ་རྒྱུན་ཁ་བྲལ་ཟེར་ནས་ང་ལ་སྐྱོན་འཛུགས་བྱེད་པ་བཞིན་ངས་མཐའ་གཅིག་ཏུ་ཁ་བྲལ་འགྲོ་གི་ཡིན་ཟེར་གྱི་ཡོད་པ་མ་རེད། དབུ་མའི་ལམ་ཟེར་བ་དེ་རྒྱ་མིའི་ངོས་ནས་བོད་པའི་ཆོས་དང་རིག་གཞུང་བོད་པའི་གོམས་གཤིས་ལ་བརྩི་འཇོག་བྱས། དེ་དང་འབྲེལ་བའི་གནས་ཚུལ་རྣམས་བོད་པ་རང་ལ་དབང་ཆ་གཙང་མ་སྤྲད། བོད་པས་བོད་པའི་ལས་ཀ་དེ་ཏན་ཏན་འཇོན་གྱི་རེད། བོད་པའི་ལས་ཀ་རྒྱ་མིས་འཇོན་མི་ཡོང༌། འཇོན་མཁན་ཁོ་ལ་སྤྲད་ན་ལུགས་དང་མཐུན་པ་རེད། འདི་རྒྱུ་མཚན་དང་ལྡན་པ་ཞིག་རེད། རྒྱལ་ཁབ་ཀྱི་ས་མཚམས་བསྲུང་རྒྱུ་དང༌། ཕྱི་འབྲེལ་བྱེད་རྒྱུ་དེ་ད་ལྟའི་གནས་སྐབས་ལ་ང་ཚོ་བོད་པས་འཇོན་མི་ཡོང༌། རྒྱ་མི་ཁོ་རང་ཚོས་འཇོན་གྱི་ཡོད་ན་ཁོ་རང་ཚོས་བྱས། དངོས་གནས་རང་རྒྱ་མིའི་ཁེ་ཕན་ལ་ང་ཚོས་བསམ་བློ་གཏོང་བ་དང་ང་ཚོའི་ཁེ་ཕན་ལ་རྒྱ་མིས་བསམ་བློ་གཏོང་རྒྱུ་ཡོད་པ་བྱེད་རྒྱུ་དེ་ངས་དབུ་མའི་ལམ་ཟེར་བ་དེ་ཡིན། དེ་འདྲ་ཞིག་གི་འོག་ནས་ང་ཚོས་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། དེ་ནི་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་མ་རེད། རང་རྒྱལ་གཞན་ཕམ་གྱི་སྐད་ཆ་མིན་དུས་ང་ཚོའི་དེ་ཆོས་དང་མཐུན་པའི་ལས་ཀ་ཞིག་ཆགས་བསྡད་ཡོད། སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་ལས་ཀ་དེ་བྱེད་དགོས། འདི་ཕྱིའི་བསོད་ནམས་གསོག་གི་ཡོད་པ་རེད། ཆོས་ཁས་མི་ལེན་མཁན་ཡིན་ན་ཡང་ང་ཚོའི་དེ་འཚེ་མེད་ཞི་བའི་ལམ་དྲང་བདེན་བསམ་པ་རྣམ་དག་བྱེད་ཀྱི་ཡོད་པ་རེད། འདི་འཛམ་བུ་གླིང་སྤྱི་ལ་དགོས་པ་ཞིག་རེད། གཡོ་སྒྱུ། ཁྲམ་པའི་ལས་ཀ་བྱས་པ་ཡིན་ན་འཛམ་བུ་གླིང་འདིའི་སྒང་ལ་སྔར་ཡིན་ཡང་འཕུང་ལ་སྦྱར་ཡོད་ལ། ད་ལྟ་ཡིན་ནའང་གཡོ་སྒྱུ་ཁྲམ་པའི་དབང་ལས་ལས་ཀ་བྱས་པ་ཡིན་ན་འཛམ་བུ་གླིང་ཡོངས་རྫོགས་འཕུང་ལ་སྦྱར་བ་མ་གཏོགས་ཕན་ཐོགས་མེད་པ་ཤེས་གསལ་རེད། དེ་འདྲ་ཞིག་གི་གནས་ཚུལ་འོག་ལ་ང་ཚོས་འཐབ་རྩོད་བྱེད་ཀྱི་ཡོད་པ་ཡིན་དུས་ང་ཚོའི་ལས་ཀ་འདི་རླབས་ཆེན་ཡིན། དེ་འདྲ་ཞིག་གི་དམིགས་ཡུལ་བཞག དེ་འདྲའི་ཐབས་ལམ་བཙལ་ནས་ལས་ཀ་བྱེད་སྟངས་དངོས་གནས་སུ་ལ་བཤད་དགོས་ཀྱང་བཤད་ཐུབ། ཡང་ན་རྒྱ་མི་ལ་བཤད་དགོས་བྱུང་ནའང་ང་ཚོར་སྤོབས་པ་ཡོད་པའི་ཐོག་ནས་བཤད་རྒྱུ་ཡོད་པ་མ་གཏོགས་ང་ཚོའི་འདི་ངོ་ལྐོག་བྱས་ནས་བཤད་དགོས་པ་ཞིག་མིན། དེ་འདྲ་ཡིན་དུས་ང་ཚོས་དཀའ་ལས་རྒྱག་རྒྱུ་དེ་དངོས་གནས་རྒྱུ་མཚན་ལྡན་པ་ཞིག་དང་བསྲེག་བཏུབ་འཕེར་བ་བདེན་པ་བདེན་ཐུབ་ལས་རྒྱུ་འབྲས་དཔང་འཕེར་ཆགས་ཡོང་དུས་ང་ཚོའི་ལས་ཀ་དེ་གཟི་བརྗིད་རེད། དེ་འདྲའི་བོད་སྤྱི་པའི་དོན་དག་ལས་ཀ་རླབས་ཆེན་པོ་ཕན་གནོད་དངོས་སུ་འབྲེལ་རྒྱུ་ཡོད་པའི་ལས་ཀ་དེ་ཕར་བཞག་ནས་སོ་སོ་སྒེར་གྱི་ཆེད་དུ་དངུལ་མང་པོ་འཕྲལ་སེལ་བྱུང་བ་ཡིན་ནའང་ཕུགས་རྒྱང་རིང་པོའི་ཆ་ནས་བསམ་བློ་བཏང་བ་ཡིན་ན་སོ་སོའི་དགའ་ཉེ་ཚོས་ཀྱང་ཁྱེད་རང་ཐབས་སྡུག་རེད་ཟེར་གྱི་རེད་མ་གཏོགས་ཁྱེད་རང་རླབས་ཆེན་པོ་རེད་ཅེས་ཕལ་ཆེར་ཟེར་གྱི་མ་རེད། སོ་སོ་སྒེར་གྱི་ངོས་ནས་མཐའ་མ་ཤི་བའི་ཉིན་མོ་དེར་སོ་སོས་བསམ་བློ་གཏོང་དུས་ངས་དངུལ་མང་པོ་བཟོ་ཐུབ་བྱུང་ཡང་ངས་བོད་སྤྱི་པའི་དོན་དུ་ཞབས་འདེགས་བསྒྲུབ་རྒྱུ་མ་བྱུང༌། ངའི་སྤུན་མཆེད་ཚོ་ཡང་ཐ་མ་བློ་ཕམ་དགོས་པ་ཆགས་སོང་བསམ་པའི་འགྱོད་པ་སྐྱེས་རྒྱུ་མ་གཏོགས་གང་ཡང་མེད། ང་ཚོས་བོད་སྤྱི་པའི་དོན་དག་དང་འབྲེལ་བའི་ལས་ཀ་བྱེད་པ་ཟེར་བ་དེ་ཆོས་ཁས་བླངས་ཀྱང་རུང་ཆོས་ཁས་མ་བླངས་ཀྱང་རུང༌། རྒྱུ་མཚན་གང་ནས་བསམ་བློ་བཏང་པ་ཡིན་ནའང་དངོས་གནས་མི་ལུས་ཐོབ་ནས་གོ་ཆོད་པ་གཅིག་ཡོང་གི་ཡོད་པ་རེད། འདི་ཕར་བཞག་ནས་སོ་སོ་སྒེར་རང་མགོ་གང་ཐོན་ཕྱིན་པ་ཡིན་ན་འཕྲལ་སེལ་སྐྱིད་པོ་ཡོང་མདོག་ཁ་པོ་རེད་དེ། ཆེ་ས་ནས་བསམ་བློ་བཏང་བ་ཡིན་ན་སྤྱིར་མི་ལུས་ཐོབ་པའི་གོ་ཆོད་ཡོད་པ་མ་རེད་ལ། ཡང་སྒོས་ལྷག་པར་དུ་བོད་མི་རིགས་ཆགས་འཇིག་གི་མཚམས་ལ་སྐྱེས་པའི་མི་ཐོག་འདིས་རང་མགོ་གང་ཐོན་ཕྱིན་པ་ཡིན་ན་ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད། བོད་ནང་ལོགས་ལ་མི་དེ་ཚོ་གནས་སྟངས་གང་འདྲ་ཞིག་གི་སྒང་ལ་གནས་ཡོད། ང་རང་ཚོ་བཙན་བྱོལ་ནང་ལ་དེང་སང་ཕྲན་བུའི་མཐུན་རྐྱེན་འཛོམས་སུ་ཕྱིན་ནས་དྲག་ཏུ་ཕྱིན་ཡོད་པ་རེད་མ་གཏོགས་སྔོན་མ་སྤྱི་ལོ་ ༡༩༥༩ ལོར་དང་པོ་རྒྱ་གར་ལ་སླེབས་ནས་མི་དམངས་མང་ཆེ་བ་ལམ་བཟོ་བྱས་ནས་བསྡད་དུས་དཀའ་ལས་གང་འདྲ་ཞིག་བརྒྱབ་ནས་བསྡད་པ་རེད། གཞིས་ཆགས་ཁག་ལ་ཆ་བཞག་པ་ཡིན་ནའང་ཚ་བ་ངལ་དུབ་དེ་འདྲའི་འོག་ལ་དཀའ་ལས་བརྒྱབ་ནས་ང་ཚོའི་བཙན་བྱོལ་གྱི་སྒྲིག་འཛུགས་དེ་ད་ལྟ་འདི་འདྲ་ཞིག་ཆགས་པ་རེད། མདོར་ན་གཞིས་བྱེས་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་དཀའ་ངལ་འདི་འདྲ་ཞིག་འཕྲད་པའི་དུས་འདིར་རང་མགོ་གང་ཐོན་དུ་ཕྱིན་པ་ཡིན་ན་ཐབས་སྡུག་རེད། དེ་བྱེད་ཆོག་གི་མ་རེད་ཟེར་གྱི་མེད། ཡིན་ནའང་བྱས་པ་ཡིན་ན་ཧ་ཅང་ཐབས་སྡུག་རེད། དཀའ་ངལ་ཕྲན་བུ་ཡོང་གི་རེད་དེ་ཡིན་ནའང་ཚང་མས་ལྷག་བསམ་རི་བཙུགས་པ་ནང་བཞིན་ཨུ་ཚུགས་བརྒྱབ་སྟེ་རྡོ་ལ་ཨི་ཁུང་འབིགས་ཐུབ་པ་ལྟར་བྱེད་དགོས་ཀྱི་རེད། གཞན་གང་ཡང་ཞུ་རྒྱུ་མེད། ཚང་མར་བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་བསྩལ།

མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 11:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།