སྤྱི་ལོ་ ༡༩༩༤ ཟླ་ ༦ ཚེས་ ༢༨ ཉིན་བོད་གཞུང་སྨན་རྩིས་ཁང་དུ་ཆིབས་བསྒྱུར་སྐབས་སྨན་རྩིས་ལས་སློབ་ཡོངས་ལ་སྩལ་བའི་བཀའ་སློབ།
དེ་རིང་འཁྱུག་ཙམ་འདིར་སླེབས་ཐུབ་པར་ཧ་ཅང་དགའ་པོ་བྱུང༌། ལས་བསྡོམས་ནང་བཀོད་པའི་གནས་ཚུལ་དེ་ཚོར་བལྟ་སྐབས་བར་སྐབས་ཤིག་རིང་འཐུས་སྒོ་མ་ཚང་བར་དཀའ་ངལ་བྱུང་ན་ཡང༌། ལོ་མང་སྔོན་ནས་རྐང་ཚུགས་ཡོད་པ་ཞིག་ཡིན་སྟབས་ཞབས་འདྲེན་ཞུ་གིན་ཞུ་གིན་ཁུངས་འཁྱོལ་ཙམ་གྱི་གནས་ཚུལ་འོག་ནས་ཡར་རྒྱས་ཕྱྀན་པ་འདིར་ཤིན་ཏུ་དགའ་པོ་བྱུང༌། བར་སྐབས་ཤིག་སྨན་རྩིས་ཁང་ཟེར་དུས་ཧ་ལམ་མི་ཚུལ་མིན་འཛོམས་ས་ལྟ་བུའི་གནས་ཚུལ་གང་འདྲ་ཆགས་ཡོང་ངམ་སྙམ་པའི་བློ་གཡེང་བྱེད་དགོས་པ་བྱུང༌། ད་ཆ་སྔ་སོར་ཆུད་པ་འདི་ཡག་པོ་རེད། དེ་མིན་ང་ལ་དམིགས་བསལ་ཞུ་རྒྱུ་མི་འདུག ཚང་མས་མི་ཤེས་པ་ནི་མ་རེད། གང་འདྲ་བྱ་དགོས་མིན་ཕལ་ཆེར་ཤེས་ཀྱི་ཡོད་པ་རེད། འཐུས་ཤོར་ཡོང་གི་ཡོད་པ་དེ་ཡང་ཤེས་ཀྱི་ཡོད་པ་རེད། ཡིན་ནའང༌། སྤྱི་སེམས་མེད་པ་ཟེར་ནའང་འདྲ། སྤྲང་རྟགས་བསྟན་པ་ཟེར་ནའང་འདྲ། གང་ལྟར་འདི་ལྟའི་གནས་ཚུལ་འོག་ནས་ཚགས་ཚུད་པོ་ཞིག་མི་ཡོང་བ་གསལ་པོ་ཆགས་ཡོད། དེ་སེལ་ཐབས་ལ་མ་ཤེས་པའི་དབང་གིས་འཐུས་ཤོར་ཕྱིན་པ་ཡིན་ན་གསལ་བཤད་བྱས་ན་ཕན་རྒྱུ་ཡོད། ཤེས་བཞིན་དུ་སྤྱི་དོན་ལ་སེམས་ཁུར་མ་བླངས་ན་དེར་གཞེན་བསྐུལ་བྱས་ཀྱང་ཕན་པ་དཀའ། སྒྲིག་འཛུགས་ཆེ་ཕྲ་གང་ཡིན་ཡང་ཚགས་ཚུད་པོ་ཞིག་ཡོང་དང་མི་ཡོང་ཟེར་བ་འདི་མི་མི་རེ་ངོ་རེ་དང་འབྲེལ་བ་ཡོད་པ་ཞིག་རེད། འབྲེལ་བ་ཡོད་པའི་མི་མི་རེ་ངོ་རེའི་ཆ་ནས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་སྟབས། སོ་སོ་རང་ཉིད་ཀྱི་ངོས་ནས་བསམ་པ་རྣམ་དག་གིས་འཐུས་ཤོར་མེད་པ་ཞིག་བྱས་ཡོད་མིན་བསམ་བློ་གཏོང་དུས་འགྱོད་པ་མེད་པ་ཞིག་བྱུང་ན་ག་ལེར་ཚགས་ཚུད་པོ་ཡོང་གི་རེད། དེ་མིན་འཕྲལ་སེལ་སོ་སོ་རང་ཉིད་དག་འབུད་ཐུབ་ཙམ་བྱུང་བ་ཡིན་ན་དེ་གས་འགྲིག་པ་ལྟ་བུ་བྱས་ན་སྤྱི་སར་འཐུས་ཤོར་ཡོང་ཡོང་པ་རེད། སོ་སོ་དག་འབུད་ཐུབ་ཙམ་གྱི་ཆོག་ཤེས་བྱས་ཏེ་བསྡད་པས་འགྲིག་ཐབས་རྩ་བ་ནས་མེད། སྤྱི་པའི་དོན་དག་ལ་འཐུས་ཤོར་ཡོང་གི་ཡོད་པ་མིག་མཐོང་ལག་ཟིན་ཡིན་སྟབས། མི་རེ་ངོ་རེའི་ཆ་ནས་སེམས་ཁུར་བླངས། ལས་རྒྱུ་འབྲས་བསམ་སྟེ་རྒྱབ་མདུན་ངོ་ལྐོག་མེད་པར་བསམ་པ་རྣམ་དག་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་ཐད་ལའང་འབྲེལ་ཡོད་ཚང་མས་དོ་འཁུར་བྱ་དགོས་པ་ལས་འཐུས་ཤོར་བྱུང་བ་མཐོང་བཞིན་དུ་དེ་ལྟར་བསྡད་པས་གཏན་ནས་མི་འགྲིགས། འདི་སྒེར་པ་ཞིག་གི་གནས་ཚུལ་མིན་པར། བོད་བསྟན་སྲིད་སྤྱི་དང་འབྲེལ་བ་ཡོད་པ་ཞིག་རེད། བོད་ཀྱི་གསོ་བ་རིག་པ་ཟེར་བ་འདི་ནི་རླབས་ཆེན་ཞིག་དང༌། མ་འོངས་པར་མདུན་ལམ་བཟང་པོ་བརྒྱ་ཆ་བརྒྱ་ཡོད་པ་ཞིག་ཡིན་སྟབས། གྲ་འགྲིག་མ་འགྲིག་དབང་གིས་བྱས་དང་མ་བྱས་མི་འདུག་སྙམ་སྟེ་གཡུགས་བཞག་ན་རྩ་བ་ནས་འགྲིགས་ཐབས་མེད། དཀའ་ངལ་ཡོང་བཞིན་པ་དེ་སེལ་ཐབས་སྒོ་གང་ས་ནས་བསམ་བློ་བཏང་སྟེ་རིག་པ་བསྒྲིམ་དགོས་པ་ཞིག་ཆགས་ཡོད། སློབ་ཕྲུག་ཚོའི་ནང་ཡིན་ནའང་འདྲ། ལས་བྱེད་ཚོའི་ནང་ཡིན་ནའང་འདྲ། ཁྱེད་ཚོར་རྒྱུས་མངའ་ཡོད་པའི་ཆ་ནས་ལེགས་བཅོས་གཏོང་རྒྱུའི་བསམ་འཆར་ག་རེ་ཡོད་མེད་ཁྱེད་ཚོ་ནང་ཕན་ཚུན་གོ་བསྡུར་བྱས་ཏེ་འབྲེལ་ཡོད་འགོ་ཁྲིད་ཚོར་ལབ་ནས་ཐག་གཅོད་ཐུབ་ཀྱི་ཡོད་ན་འབྲེལ་ཡོད་ཚོར་ལབ། འབྲེལ་ཡོད་ཚོས་ཐག་གཅོད་མི་ཐུབ་ན་གོང་རིམ་ལས་ཁུངས་དང༌། དེ་བཞིན་སྐུ་སྒེར་ཡིག་ཚང་ལའང་བཤད་ན་འགྲིག་གི་རེད། ཁྱེད་རང་ཚོ་སུའི་ཐོག་ནས་སྤྱི་ཕན་གྱི་བསམ་འཆར་བྱུང་བ་ཡིན་ན་དགའ་བསུ་ཡོད། ད་ལྟ་འཐུས་ཤོར་བའི་གནས་སྐབས་འདིའི་ནང་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་བསམ་བློ་གཏོང་དགོས་པ་རེད་མ་གཏོགས་འཐུས་ཤོར་སོང་བ་མཐོང་བཞིན་དུ་ད་དུང་ལྟད་མོ་བལྟས་ཏེ་བསྡད་ན་འགྲིག་ཐབས་རྩ་བ་ནས་མེད། མདོ་དོན། ང་ཚོའི་གསོ་རིག་ལས་དོན་འདི་རླབས་ཆེན་ཞིག་དང༌། མ་འོངས་པར་མདུན་ལམ་བཟང་པོ་ཡོད་པ། འདི་བརྒྱུད་ནས་མི་མང་པོ་ཞིག་ལ་ཕན་གྱི་ཡོད་པ། ལྷག་དོན་བོད་བསྟན་སྲིད་སྤྱི་ལའང་ཕན་གྱི་ཡོད་པ་བཅས་ཡིན་པས་སྨན་རྩིས་ཁང་གི་ཁོངས་གཏོགས་འབྲེལ་ཡོད་ཚང་མས་འཐུས་ཤོར་གང་ནས་ཡོང་མིན་དང༌། གང་འདྲ་བྱས་ཏེ་ཡར་རྒྱས་གཏོང་དགོས་མིན་ཐད་སེམས་ཁུར་མཉམ་ལེན་གྱིས་ཐོག་མར་འཆར་འགོད་བྱས། དེ་ནས་གཏན་འབེབས་ཀྱིས་ལག་ལེན་ཐོག་འགེལ་གྱིན་འགེལ་གྱིན་བྱས་ན་རིམ་བཞིན་གྱི་ཡར་རྒྱས་འགྲོ་ཐུབ།
སྤྱིར་ཆོས་ཕྱོགས་ནས་བྱས་ན། ས་དང་ལམ་གྱི་རྟོགས་པའི་ཡོན་ཏན་དེ་དག་རང་རྒྱུད་ལ་འཁྲུངས་ཟིན་པའི་གང་ཟག་ཅིག་གིས་རང་གི་ཉམས་མྱོང་ལ་བརྟེན་ནས་བཤད་པ་ཞིག་ཡིན་སྟབས། འདིར་ང་རང་ཚོ་ལས་དང་པོ་བ་ཞིག་གིས་དེ་དག་ལ་ཐོག་མར་ཐོས་བྱུང་གི་ཤེས་རབ་བསྐྱེད། དེ་ནས་བསམ་བྱུང་གི་ཤེས་རབ་བསྐྱེད། དེ་རྗེས་སྒོམ་བྱུང་གི་ཉམས་མྱོང་དང་འབྲེལ་བའི་ཤེས་རབ་བསྐྱེད་ནས་འགྲོ་དགོས་པ་ཞིག་མ་གཏོགས་སྔོན་གྱི་སློབ་དཔོན་ཚོས་གཏན་ལ་ཕབ་པ་དེ་ལས་ལྷག་པ་ཞིག་ང་རང་ཚོ་མི་ཐོག་གསར་པ་ཚོས་རིག་པ་གསར་པ་ཞིག་རྙེད་ཐབས་ཀྱི་བསམ་བློ་གཏོང་དགོས་པ་མེད། དེ་མིན་གསོ་བ་རིག་པའི་རིག་གནས་དང༌། སྤྱིར་བཏང་འཛམ་བུ་གླིང་འདིའི་སྒང་གི་རིག་གནས་མང་པོ་ཞིག་གི་འགྲོ་སྟངས་གང་འདྲ་བྱས་ཏེ་འགྲོ་གི་ཡོད་དམ་ཞེ་ན། དེང་སང་མཐུན་རྐྱེན་འཛོམས་པའི་གནས་ཚུལ་འོག་མི་ཐོག་གོང་མ་ཚོས་མ་ཤེས་པ་ཞིག་མི་ཐོག་གསར་པ་ཚོས་ཉམས་ཞིབ་བྱས་ཏེ་རིག་པ་གསར་པ་རྙེད་ཀྱི་ཡོད་ཅིང༌། དེ་ལྟར་རིག་པ་གསར་པ་རྙེད་ཀྱི་ཡོད་པ་ལ་གཞི་བཞག་སྟེ་སྔ་མ་ཚོས་ག་རེ་བཤད་འདུག མ་ཤེས་པ་ག་རེ་འདུག་ཉམས་ཞིབ་བྱེད་ཀྱི་ཡོད་པས་ལོ་རེ་ནས་ལོ་རེ་ཡར་རྒྱས་འགྲོ་གི་ཡོད། སྐབས་རེ་འགོ་སྟོད་ཉམས་ཞིབ་ཀྱི་ལམ་ནས་ཕན་ཐོགས་འདུག་ཅེས་ལབ་པ་ཞིག་ལོ་ཤས་རྗེས་ཕན་ཐོགས་མེད་པར་མཐོང་བ་དེ་འདྲ་ཡང་ཡོང་གི་ཡོད། འོན་ཀྱང་སྤྱི་ཡོངས་ཆ་ནས་ཡར་རྒྱས་འགྲོ་གི་ཡོད། ང་རང་ཚོའི་གསོ་བ་རིག་པའི་ནང་ལའང་གང་ལ་གང་འཚམས་ཤིག་ཕལ་ཆེར་སྔོན་གྱི་སློབ་དཔོན་ཚོའི་མངོན་ཤེས་དང༌། ནང་རྟོགས་པའི་ཡོན་ཏན་གྱི་ཆ་ནས་བསྟན་པ་ཞིག་ཏན་ཏན་ཡོང་གི་ཡོད་ཀྱང༌། རིགས་ཁ་ཤས་ཤིག་ཉམས་མྱོང་དང༌། སྐབས་དེའི་གནས་དུས་དང་བསྟུན་ནས་བསྟན་པ་དེ་འདྲ་ཡང་ཕལ་ཆེར་ཡོད་མདོག་ཁ་པོ་རེད། འདི་ཚོའི་རིགས་ལ་ང་ཚོས་དེང་སང་འཛམ་བུ་གླིང་འདིའི་སྒང་གི་གསོ་བ་རིག་པའི་རིག་གནས་འདྲ་མིན་ཡོད་པ་ཕན་ཚུན་གོ་བསྡུར་བྱས་ཚེ་རིག་པ་གསར་པ་རྙེད་རྒྱུ་ཏན་ཏན་ཡོད་སྲིད་ཀྱི་རེད། སྔོན་གྱི་སྨན་གཞུང་ནང་མ་གསལ་བ་ཞིག་དེང་སང་དངོས་ཡོད་ཉམས་ཞིབ་ཀྱི་ཐོག་ནས་རིག་པ་གསར་པ་རྙེད་རྒྱུ་ཏན་ཏན་ཡོང་སྲིད་ཀྱི་རེད་བསམས་ཀྱི་འདུག དེ་ལྟ་ན་ང་རང་ཚོའི་ཆོས་ཕྱོགས་ཀྱི་བསམ་བློའི་འཁྱེར་སྟངས་དང་ཕྲན་བུ་མི་འདྲ་བ་ཞིག་གསོ་བ་རིག་པ་དང༌། བཟོ་རིག་པའི་ནང་ཡོད་མདོག་ཁ་པོ་རེད་དྲན་གྱི་འདུག ང་ཚོར་སྔར་གྱི་སྨན་གཞུང་གི་རྭ་བ་ལས་བརྒལ་ཏེ་གསར་གཏོད་ཀྱི་སྤོབས་པ་མེད་པའམ། བྱེད་འདོད་མེད་པ། ཡང་ན་འགན་མ་བཟོད་པའི་བཟོ་འདྲ་པོ་དེ་རིགས་བྱེད་ཨེ་དགོས་སྙམ། གསོ་བ་རིག་པའི་ཐོག་འཛམ་བུ་གླིང་གི་མི་གཞན་དག་ཚོས་ཚན་རིག་གི་ལམ་ནས་ཕྱིན་པ་ནང་བཞིན་ང་ཚོས་ཀྱང་ཉམས་མྱོང་གསོག་གིན་ཚོད་ལྟ་བྱེད་ཀྱིན་ཕྱིན་ན་སྔར་མེད་པའི་སྨན་གསར་པ་དང༌། སྔར་མེད་པའི་སྨན་གྱི་སྦྱོར་ཐབས་གསར་པ་འདྲ་མིན་ཡོང་མདོག་ཁ་པོ་རེད། དེ་ཡང་བསམ་བློ་གཏོང་དགོས་ཀྱི་མེད་དམ་སྙམ་པ་དྲན་བྱུང༌། གཞི་རྐང་དེང་སང་འཛམ་བུ་གླིང་སྒང་ལ་ང་རང་ཚོའི་བོད་སྨན་གྱི་འགྲོ་སྟངས་ལྟ་བུ་སྔོ་སྨན་བེད་སྤྱོད་བྱས་ནས་བཟོས་པའི་རྫས་སྦྱོར་འདྲ་མིན་ལ་བརྟེན་ནས་བཟོས་པ་མ་ཡིན་པའི་སྨན་ལ་དེང་སང་དགའ་པོ་བྱེད་མཁན་མང་དུ་མང་དུ་འགྲོ་གི་ཡོད། དཔེར་ན། ཨ་ཕེ་རི་ཀའི་ལུང་པ་ཁུག་ཀྱོག་ཏུ་གནས་པའི་གྲོང་གསེབ་པ་ཚོའི་ཁ་རྒྱུན་དུ་འཇགས་པའི་སྨན་བཅོས་བྱེད་སྟངས་ལའང་དེང་སང་དོ་སྣང་བྱེད་ཀྱི་འདུག ངས་མཐོང་ཆུང་བྱས་པ་མིན་ཡང༌། ང་རང་ཚོའི་བོད་ཀྱི་གསོ་བ་རིག་པ་དང་དེ་ཚོ་བསྡུར་ན་དེ་ཚོའི་གྲས་ཚད་དམའ་པོ་རེད། ཚད་དམའ་པོ་ཡིན་ནའང་དེང་སང་དོ་སྣང་བྱེད་ཀྱི་ཡོད། དེ་ཚོར་ཡང་དོ་སྣང་བྱེད་པའི་དུས་ཚོད་འདིར་ང་ཚོ་བོད་པའི་གསོ་བ་རིག་པ་ནི་འགྲེལ་བཤད་གཏིང་རིང་པོ་རྒྱག་རྒྱུ་ཡོད་པའི་སྨན་གཞུང་ཞིག་ཡིན་དུས་དེ་བས་ཀྱང་ཕན་ཐོགས་ཆེ་བ་ཡོང་རྒྱུ་ནི་བརྒྱ་ཆ་བརྒྱ་ཐམ་པ་ཚོད་དཔག་ཐུབ་པ་ཞིག་རེད། རྒྱ་མིའི་སྨན་གཞུང་ལ་ཆ་བཞག་ན། མ་གཞི་བོད་པའི་སྨན་གཞུང་དང་འདྲ་བར་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཡོད་པ་ཞིག་ཏན་ཏན་རེད། འདི་ལ་ཡང་དེང་སང་དོ་སྣང་ཡོང་གི་ཡོད། རྒྱ་མིའི་གསོ་བ་རིག་པའི་རིག་གནས་སླེབས་ས་དེར་ང་ཚོ་བོད་པའི་གསོ་བ་རིག་པའི་རིག་གནས་ཏན་ཏན་སླེབས་ཐུབ་ཀྱི་རེད་སྙམ་པ་དྲན་གྱི་འདུག རྗེས་སུ་རྩ་བ་ནས་ལུས་ཀྱི་མ་རེད་བསམ་གྱི་འདུག གང་ལྟར་ང་ཚོར་གནས་དོན་འདི་ཐོག་གོ་སྐབས་ཡོད་པ་ཞིག་དང༌། འབད་བརྩོན་བྱས་ན་བྱེད་ས་ཡོད་ལ། བྱེད་རིན་ཡོད་པ་ཞིག་ཡིན་སྟབས་རིག་པ་སྒྲིམ་སྟེ་དཀའ་ལས་བརྒྱབ། ཕྱིས་འབྱུང་བཙན་བྱོལ་དུ་གནས་པའི་དུས་རབས་ནང་མི་འདི་ཚོས་དཀའ་ལས་བརྒྱབ་པའི་ལག་རྗེས་དེ་འདྲ་བྱུང་བ་རེད་ཅེས་བོད་པའི་ལོ་རྒྱུས་ནང་འཁོད་ཐུབ་པའི་རེ་བ་ཏན་ཏན་ཡོད། ལུང་པ་ཁུག་ཀྱོག་ཏུ་གྲོང་གསེབ་པའི་ངག་རྒྱུན་དུ་འཇགས་པའི་སྨན་བཅོས་བྱ་ཐབས་ལའང་དོ་སྣང་སྤྲད་པའི་དུས་འདི་ལྟ་བུར་ང་ཚོ་བོད་སྨན་ག་རེ་བྱས་ནས་རྗེས་ལུས་ཐེབས་པ་རེད། གང་དུ་ལུས་བསྡད་པ་རེད་དམ། གང་དུ་མགོ་འཁོར་ནས་བསྡད་པ་ཡིན་ནམ་སྙམ་པ་སྐབས་རེ་དྲན་ཡོང་གི་འདུག ང་ཚོར་རེ་བ་ཏན་ཏན་འདུག ཚང་མས་ཧུར་སྐྱེད་བྱེད་རོགས། འདིར་གཞོན་སྐྱེས་སློབ་སྦྱོང་བྱེད་མཁན་སྨན་རྩིས་ཁང་ནས་ཁྱེད་རང་ཕན་ཐོགས་ཀྱི་མི་འདུག་ཅེས་ཕྱིར་སློག་བྱས་པ་ཡིན་ན་གནས་ཚུལ་ཁག་ཁག་རེད་མ་གཏོགས། དེ་མིན་སོ་སོ་བཏབ་ས་དེར་སྨིན་ཐུབ་པའི་བསམ་བློ་ངེས་པར་གཏོང་དགོས། ལས་བྱེད་ཚོའི་ནང་ཡིན་ནའང་འདྲ། མང་པོ་ཞིག་གིས་ཧ་ལམ་གཞུང་གི་ལྟོ་བཟས་ནས་བསྡད་པའི་རིང་ལ་ཉམས་མྱོང་གསོག་ཆེད་ཙམ་མ་གཏོགས། བྱ་ནང་བཞིན་གཤོག་སྒྲོ་སྐྱེས་ནས་འཕུར་ཐུབ་པའི་མཚམས་སུ་ཕྱོགས་གཞན་ཞིག་ཏུ་འཕུར་འགྲོ་བ་དེ་རིགས་ཧ་ཅང་བློ་ཕམ་པོ་རེད། འདི་སློབ་གྲྭ་ཞེས་སློབ་སྦྱོང་སྤྲོད་ས་ཙམ་ཞིག་མ་ཡིན་པར། མི་རིགས་ཤིག་འཛུགས་སྐྲུན་བྱེད་ཀྱི་ཡོད། རིག་གཞུང་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རེད། སོ་སོས་སྦྱངས་པའི་ཤེས་ཡོན་དེས་བོད་སྤྱི་པའི་དོན་དུ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་དང༌། སོ་སོའི་ཤེས་ཡོན་གྱི་ལག་རྗེས་བཟང་པོ་ཞིག་བོད་སྤྱི་པའི་ཐོག་འཇོག་ཐུབ་པ་ཞིག་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་ཡིན། ཚང་མས་ཧུར་ཐག་བྱེད་དགོས། ཤེས་སོང་ངམ། ཞབས་འདྲེན་ཞུས་ནས་ཕར་ལག་པ་འཕྱིས། ཚུར་ལག་པ་འཕྱིས་ཏེ་བསྡད་ན་འགྲིག་ཐབས་ཡོད་པ་མ་རེད། ང་རང་ཚོ་བོད་པའི་གཤིས་ཀ་ཞིག་ལ་སོ་སོ་དག་འབུད་ཐུབ་ན་དེ་གས་འགྲིག་པའི་བཟོ་འདྲ་པོ་བྱེད་པ་འདི་འགྲིག་གི་མི་འདུག གཅིག་བྱས་ན་ཁྱེད་རང་ཚོའི་ངོས་ནས་སྐབས་ཐོག་སོ་སོ་དག་འབུད་བྱས་ན་འགྲིག་གི་ཡོད་ཀྱི་རེད་ཀྱང༌། ྋརྒྱལ་བ་རིན་པོ་ཆེའི་ངོས་ནས་མི་གཅིག་དག་འབུད་བྱས་པས་འཐུས་ཐབས་མེད། བོད་སྤྱི་པའི་དོན་དག་ལ་འཐུས་ཤོར་བྱུང་བའི་འགག་རྩའི་གནས་སྐབས་འདི་འདྲ་ཞིག་ལ་ཐུག་པའི་སྐབས་ང་དཀར་པོ་བཟོ་ཐུབ་ཙམ་གྱིས་འགྲིག་གི་མེད། དེ་བཞིན་དུ་ང་རང་ཚོ་ཚང་མས་སོ་སོ་ལས་ཀ་གང་དུ་ཡིན་རུང་རང་ངོས་ནས་གང་ཐུབ་པ་དེ་ཧུར་ཐག་འབད་ཐག་བྱེད་དགོས་པ་མ་གཏོགས་སོ་སོ་རང་ཉིད་ལ་དྲི་མ་མ་འགོས་ཙམ་དང༌། མིང་ཆད་ངན་པ་མ་ལྷག་ཙམ་བྱུང་བ་ཡིན་ན། སྤྱི་པར་འཐུས་ཤོར་སོང་ཡང་ད་དུང་ཁྲེལ་དགོད་བགད་ནས་བསྡད་ན་ལྟས་ངན་རེད། འདི་འདྲ་བྱེད་རྒྱུ་མེད། ཤེས་སོང་ངམ། ཚང་མས་ཧུར་ཐག་བྱེད་དགོས། བཀྲིས་བདེ་ལེགས། ཞེས་བཀའ་སྩལ།
མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 11:01 PM
<< སྔ་མ།