སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།
སྤྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༢༣ ཉིན་བོད་གཞུང་སྨན་རྩིས་ཁང་གི་སློབ་ཁང་གསར་པ་སྒོ་འབྱེད་ཀྱི་མཛད་སྒོའི་ཐོག་སྨན་རྩིས་ལས་སློབ་ཡོངས་ལ་སྩལ་བའི་བཀའ་སློབ།
དེ་རིང་འདིར་ང་རང་ཚོ་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་བས་ཤིན་ཏུ་དགའ་པོ་བྱུང༌། ད་ལྟ་ལས་བསྡོམས་ནང་གསལ་བ་བཞིན་ད་ཕན་དཀའ་ངལ་ཆེན་པོ་ཞིག་བྱུང་ཡོད་ནའང་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་པ་དེ་ནི་མང་པོས་ཕྱོགས་གང་ས་ནས་འབད་བརྩོན་བྱས་པའི་འབྲས་བུ་ཡིན། སྐྱོན་དང་ནོར་འཁྲུལ་སུ་ལའང་ཡོང་གི་རེད། དགེ་སྐྱོན་བསྡུར་ན་བྱས་རྗེས་མང་བ་ཡོད། ལོ་རེ་ཟུང་མ་ཡིན་པར་འདས་པའི་ལོ་མང་རིང་ལ་བོད་ཀྱི་གསོ་བ་རིག་པའི་དོན་ལ་གང་ཐུབ་ཅི་ཐུབ་ཀྱི་ཞབས་འདེགས་ཞུ་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་ཀྱི་གསོ་བ་རིག་པའི་དོན་སྙིང་གི་སྐོར་ནས་བཤད་ན། བོད་མི་རིགས་འདི་ལོ་ངོ་སྟོང་ཕྲག་སོང་ཡང་ད་དུང་མི་རིགས་འབུར་དོད་དུ་སྡོད་ཐུབ་པ་འདི་བོད་ཀྱི་རིག་གཞུང་ཟུར་གསལ་ཞིག་ཡོད་པ་དེ་ལ་བརྟེན་ནས་བྱུང་བ་ཡིན། བར་ལམ་བོད་ནང་རྐྱེན་ངན་གོད་ཆག་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། མདོར་ན་མི་རིགས་རང་ཉིད་བརླག་ཉེན་ལ་ཐུག་པའི་ཕྱིའི་འགལ་རྐྱེན་ཞིག་ཡོད་ནའང་ད་དུང་སེམས་ཤུགས་མ་ཉམས་པར་གནས་པ་དང༌། དེ་བཞིན་འཛམ་གླིང་ཐོག་གི་བཙན་བྱོལ་བ་གཞན་གྱི་གནད་དོན་དང་མི་འདྲ་བ་བོད་དོན་འདི་དུས་ཚོད་གང་ཙམ་ཕྱིན་ཀྱང་མུ་མཐུད་དོ་སྣང་བྱེད་པ། ལྷག་པར་བར་ལམ་བོད་ཕྱི་ནང་གི་འབྲེལ་བ་མང་དུ་འགྲོ་བ་དང་བསྟུན་ནས་དོ་སྣང་ཆེ་རུ་འགྲོ་གི་ཡོད་པ་བཅས་དེ་ལྟར་ཡོང་བའི་རྒྱུ་རྐྱེན་ནི་བོད་པར་ཐུན་མོང་མ་ཡིན་པའི་གོམས་གཤིས་ཀྱི་རིག་གཞུང་ཞིག་ཡོད་པ་འདི་ལ་ཐུག་ཡོད། རིག་གཞུང་འདི་འདྲ་ཞིག་ཡོད་པའི་མི་རིགས་དང་ལུང་པར་རང་ཤུགས་ཀྱིས་དོ་སྣང་བྱེད་པ་ནི་ཆོས་ཉིད་ཡིན་པས་བོད་སྤྱི་པའི་དོན་ལ་རིག་གཞུང་གིས་ཕན་ཐོགས་ཆེན་པོ་ཡོད་པ་ཤིན་ཏུ་གསལ་པོ་ཐོན།
རིག་གཞུང་སྡེ་ཚན་ལ་རྒྱ་གར་མཁས་པའི་ལུགས་ཀྱི་རིག་གནས་ཆེ་བ་ལྔ་དང༌། ཆུང་བ་ལྔ་བཅས་བཅུར་བཤད་ཡོད། དེའི་ནང་ནས་ནང་དོན་རིག་པ་དང་གསོ་བ་རིག་པ་གཉིས་ཀྱིས་མི་མང་པོར་ཕན་ཐོགས་ཡོང་གི་ཡོད་པར་བརྟེན་ཕལ་ཆེ་བས་དེ་གཉིས་ལ་དོ་སྣང་ཆེ་བ་བྱེད། གསོ་བ་རིག་པས་ལུས་པོ་བདེ་ཐང་བཟོ་བ་དང༌། ནང་དོན་རིག་པས་སེམས་ལ་ཞི་བདེ་བཟོ་གི་ཡོད། མི་སུ་འདྲ་ཞིག་ཡིན་ཀྱང་ལུས་ཀྱི་བདེ་སྡུག་དང་སེམས་ཀྱི་བདེ་སྡུག་ཁག་གཉིས་ཡོད། ལུས་ཀྱི་སྡུག་བསྔལ་སེལ་ཞིང་བདེ་བ་བསྐྲུན་མཁན་དེ་གསོ་བ་རིག་པ་ཡིན་པ་དང༌། སེམས་ཀྱི་སྡུག་བསྔལ་སེལ་ནས་བསམ་བློ་ཞི་བདེ་བག་ཕེབས་དང་སྙིང་སྟོབས་ཆེན་པོའི་ངང་གནས་ཐུབ་པ་བཟོ་མཁན་དེ་ནང་དོན་རིག་པ་ཡིན་པས། རིག་གནས་དེ་གཉིས་ལ་མདུན་ལམ་ཆེན་པོ་ཡོད། བོད་སྤྱི་པའི་དོན་ལ་མཚོན་ནའང་གསོ་བ་རིག་པ་འདིས་བོད་པའི་མིང་མ་བརླག་པ་དང༌། བོད་པའི་སེམས་ཤུགས་བརྟན་དུ་འགྲོ་བ། བོད་པར་དོ་སྣང་གསར་པ་སླེབས་པ་བཅས་ཀྱི་ཐད་ལ་ཕན་ཐོགས་གསར་པ་ཏན་ཏན་ཡོད། དེ་ནི་རང་རེ་ནང་ཁུལ་འུར་ཤོབ་བཤད་པ་མིན། ང་ཚོས་ཨུ་ཚུགས་ཀྱིས་ཕར་འགྲེལ་བཤད་བྱེད་མ་དགོས་པར་མི་ཚོས་ཚུར་རང་ཤུགས་ཀྱིས་དོ་སྣང་བྱེད་ཀྱི་ཡོད་པ་ལས་བསྡོམས་ནང་བཤད་པ་བཞིན་རེད། དེ་ནི་བོད་པར་མཚོན་ན་གལ་ཆེན་པོ་ཡིན།
སྤྱིར་བཏང་བཤད་ན་མི་གཙོ་བོར་གྱུར་པའི་སྲོག་ཆགས་གང་འདྲ་ཞིག་ཡིན་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པས་ལུས་ཀྱི་སྡུག་བསྔལ་ཛ་དྲག་དེ་སེལ་ཐབས་ཚང་མས་བྱེད་ཀྱི་ཡོད། དེར་བརྟེན་དེང་སང་འཛམ་གླིང་ཐོག་མིའི་གཟུགས་ཁམས་འཕྲོད་བསྟེན་གྱི་སྨན་བཅོས་བྱེད་སྟངས་རིགས་མི་འདྲ་བ་མང་པོ་ཞིག་བྱེད་བཞིན་པ་དཔེར་ན་རྫས་སྦྱོར་རིག་པ་ལ་བརྟེན་པའི་སྨན་བཅོས་ཐོག་ཞིབ་འཇུག་ཚོད་ལྟ་བྱས་ཏེ་ཧ་ལམ་བདུན་ཕྲག་རེར་རིག་པ་གསར་པ་རེ་རྙེད་ཀྱིན་རྙེད་ཀྱིན་ཡར་རྒྱས་འགྲོ་གི་ཡོད། ཡིན་ནའང་དེ་རིགས་མང་པོ་ཞིག་གིས་སྐབས་འཕྲལ་མངོན་གསལ་དོད་པོས་ཕན་ཐོགས་ཡོད་པ་ཞིག་མཐོང༌། ལོ་བཅུ་ཉི་ཤུ་སོང་རྗེས་མི་མཐུན་པའི་ཕྱོགས་ནས་རྙོག་དྲ་ཇི་འདྲ་ཞིག་ཡོང་མི་ཤེས་པའི་རྐྱེན་གྱིས་ཐོག་མར་སྨན་གསར་པ་ཐོན་མ་ཐག་དེ་ཤིན་ཏུ་ཕན་པོ་འདུག་ཅེས་ཁྱབ་བསྒྲགས་ཆེན་པོ་བྱས། མི་མང་པོས་ཀྱང་སྨན་དེ་རིགས་རག་ཐབས་ལ་འབད་རྩོལ་ཆེན་པོ་བྱས། དུས་ཡུན་གང་འཚམས་སོང་རྗེས་སྨན་དེ་ཚོ་ནད་རིགས་གཅིག་ལ་ཕན་ཡང་རིགས་གཞན་ཞིག་ལ་གནོད་པའི་གནས་ཚུལ་ལྷགས་ཀྱི་ཡོད་པ་རེད། ང་ཚོ་བོད་པའི་སྨན་ལའང་དེ་རིགས་རྩ་བ་ནས་མེད་པ་མིན། ནུས་པ་རྐྱང་སེལ་གྱི་སྨན་དེ་རིགས་ཕྱོགས་གཅིག་ལ་ཕན་ཞིང་ཕྱོགས་གཞན་ལ་གནོད་པའི་གནས་ཚུལ་ཕྲན་བུ་ཡོད། དཔེར་ན། ང་རང་ནད་པ་རྒས་པོ་ཡིན་ཙང་ཁྲག་སྨན་ཤུགས་ཆེ་ཙམ་ཟོས་ན་སྨད་ལ་རྒྱག་མཁན། སྨད་ལ་ཕན་པའི་སྨན་ཤུགས་ཆེ་ཙམ་བཏང་ན་སྟོད་རྒྱངས། མིག་ཚ་གི་འདུག ཡིན་ནའང་དེང་དུས་ཀྱི་སྨན་རིགས་དེ་ཚོ་ལ་ལྟོས་ཏེ་བོད་སྨན་ལ་ཆ་སྙོམས་ཀྱི་ནུས་པ་ཡག་པོ་ཡོད། ལྷག་པར་བོད་སྨན་ཡུན་བསྲིངས་ཏེ་བཏང་ན་དངོས་འབྲེལ་ཕན་ཐོགས་ཆེན་པོ་ཡོད།
ང་ཚོ་བོད་ཀྱི་གསོ་རིག་ནས་ཕྱི་གཟུགས་པོའི་འགྲོ་སྟངས་མིག་གིས་མཐོང་རྒྱུ་ཡོད་པ་དེ་གཅིག་པུ་མིན་པར་མིག་གིས་མཐོང་རྒྱུ་མེད་པའི་འབྱུང་བ་རླུང་གི་རྣམ་གཞག་མང་པོ་ཞིག་བཤད་ཡོད། དེའི་རྐྱེན་གྱིས་དེང་སང་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱས་ནས་ངོས་ཟིན་མི་ཐུབ་པའི་ན་ཚ་མང་པོ་ཞིག་བོད་ཀྱི་སྨན་པའི་ལག་རྒྱུན་བརྟག་ཐབས་ནས་ནད་ངོས་ཟིན་ཏེ་སྨན་བཅོས་བྱེད་ཀྱི་ཡོད། རླུང་ནད་ནི་མིག་གིས་མཐོང་རྒྱུ་མེད་ལ་གློག་པར་བརྒྱབ་ཀྱང་ཤེས་མི་ཐུབ་པ་ཡིན། ན་ཚ་དེས་ནད་པ་སོ་སོར་འཕྲལ་འཕྲལ་འཕོ་འགྱུར་ཡ་ཡུད་ཆེན་པོ་བཟོ་བའི་འབྱུང་བ་ཤུགས་ཆེན་པོ་ཞིག་ཡིན། གནས་ཚུལ་དེ་ཚོའི་ཆ་ནས་ཀྱང་བོད་སྨན་ལ་ཐུན་མོང་མ་ཡིན་པའི་སྒོས་ཆོས་ལྡན་པ་ཞིག་ཆགས་ཡོད། དེ་འདྲའི་རྒྱུ་མཚན་གྱིས་དེང་སང་འཛམ་གླིང་ཐོག་སྔར་དང་མི་འདྲ་བར་བོད་སྨན་ལ་དོ་སྣང་བྱེད་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་གི་ཡོད། བྱས་ཙང་ང་ཚོས་བོད་པའི་རིག་གཞུང་ཞེས་སོ་སོ་གཅིག་པུས་ལོངས་སྤྱད་དེ་མ་བསྡད་པར་དངོས་གནས་མི་གཞན་ལ་ཕན་པ་ཞིག་བྱེད་དགོས། ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན་པ་དང༌། བོད་པའི་རིག་གཞུང་གི་ནང་དོན་ཐེག་པ་ཆེན་པོའི་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡིན། རྣམ་ཀུན་ང་ཚོས་ཞོགས་པ་མིག་ཁ་བྱེ་བ་དང་ཁ་ནས་སེམས་ཅན་ཐམས་ཅད་ཅེས་བཤད་པ་བཞིན་དོན་དངོས་ལག་ལེན་ངོ་མའི་ཐོག་ནས་གང་ཐུབ་ཀྱིས་མི་ལ་ཕན་པ་ཞིག་བྱེད་ཐུབ་ན་དེ་ནི་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱས་པ་ཡིན་ལ། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཡོད་མཁན་གྱི་འོས་བབས་ཀྱི་ལས་འགན་ལྟ་བུ་ཡིན། གནས་ཚུལ་འདི་དག་ལ་བརྟེན་ནས་ད་ལྟ་ཕན་ལ་ཕན་ཐོགས་གང་ལ་གང་འཚམས་བྱུང་ཡོད་ལ། ད་དུང་ཡང་ཤུགས་བསྐྱེད་ནས་འབད་བརྩོན་བྱེད་དགོས། བོད་པའི་སྨན་ཞེས་སྐད་ཆ་ཚིག་སྐམ་པོ་བཤད་ནས་མ་བསྡད་པར་བསམ་པ་རྣམ་དག་གིས་མི་གཞན་ལ་ཕན་པ་བསྒྲུབ་ཐུབ་པ་བྱུང་ན་རང་ལ་སྙན་གྲགས་དང་ཁེ་ཕན་ཞོར་ལ་ཡོང་གི་རེད། སོ་སོའི་ཁེ་ཕན་ལ་དམིགས་ནས་ལས་ཀ་བྱས་པ་ཡིན་ན་ཕན་ཐོགས་ཕྲན་བུ་ཡོང་རྒྱུ་རེད་དེ། བསམ་པ་རྣམ་དག་གི་སྤུས་དག་འབྱུང་མི་ཐུབ། དེ་ལས་ལྡོག་སྟེ་དངོས་གནས་ལྷག་བསམ་རྣམ་དག་དང་ཕན་པའི་འདུ་ཤེས་ཐོག་ནས་མི་གཞན་ལ་ཞབས་འདེགས་ཞུས་ན་མིང་དང་དྲིལ་བསྒྲགས་ཞོར་ལ་ཡོང་གི་རེད།
སྤྱིའི་ཆ་ནས་བཤད་ན། བོད་ཀྱི་གསོ་བ་རིག་པ་ལ་མདུན་ལམ་ཆེན་པོ་ཞིག་ཡོད་པ་མཐོང་གི་འདུག ངས་མང་པོ་མི་ཤེས། ཁྱེད་རང་སྨན་པ་མཁས་པ་ཚོའི་མདུན་ལ་ངས་བཤད་ན་ཞབས་འདྲེན་ཞུ་མཁན་ལྟ་བུ་མ་གཏོགས་མེད་ནའང་ཚོད་དཔགས་བྱས་ན། ང་ཚོ་བོད་པའི་རྩ་བའི་གསོ་རིག་གི་རྨང་གཞི་འདི་ཧ་ཅང་ལེགས་པོ་ཞིག་ཡིན། ཡིན་ནའང་ང་ཚོའི་གསོ་རིག་འདི་ལོ་སྟོང་ཕྲག་སོང་བའི་རིག་གནས་རྙིང་པ་ཞིག་ཡིན་སྟབས་ནད་རིགས་ཁ་ཤས་ཀྱི་བཅོས་ཐབས་ཐད་དེང་དུས་ཡར་རྒྱས་སོང་བའི་བཅོས་ཐབས་དེ་ཚོ་ནས་ཚུར་བསླབ་བྱ་དང༌། ཉམས་མྱོང་ལེན་རྒྱུ་ཏན་ཏན་ཡོད་ཀྱི་རེད་སྙམ། རྩ་བ་ང་རང་ཚོ་བོད་སྨན་གྱི་རིག་གཞུང་འགྲོ་སྟངས་ཡིན་པ་གང་ཞིག་ལ། དེང་དུས་འཛམ་གླིང་གི་སྨན་བཅོས་རིག་གཞུང་དེ་ཚོ་དང་འབྲེལ་བ་གོ་བསྡུར་མང་ཙམ་བྱས་ཏེ་ཉམས་ཞིབ་བྱེད་ཐུབ་པ་བྱུང་ན་ཡག་པོ་ཡོང་གི་རེད། སྔར་ཕན་མཁས་དབང་རྣམ་པས་ཀྱང་དེ་ལྟར་གནང་ནས་ཉམས་མྱོང་བསགས་ཡོད།
རྩ་བ་གསོ་རིག་གི་བསྟན་པའི་བདག་པོ་སངས་རྒྱས་སྨན་བླ་ལ་སོགས་པ་དེ་ཚོའི་གྲས་ཀྱི་དགོངས་པ་ནི་ཕྱི་རོལ་ནས་སྐྱེ་བོ་ཕལ་པའི་མིག་གིས་བལྟས་པ་དང༌། ཕལ་པའི་བློས་བརྟག་དཔྱད་བྱས་པ་གཅིག་པུ་མ་ཡིན་པར་ནང་གི་ཏིང་ངེ་འཛིན་གྱི་ནུས་པའམ་བསམ་བློ་ཡར་རྒྱས་ཀྱི་ནུས་པ་དམིགས་བསལ་གྱི་ཐོག་ནས་གསུངས་པ་ཞིག་ཡིན་གྱི་རེད། དེ་གཞི་ལ་བཞག་ནས་སྤྱིར་བཏང་སྨན་པ་སོ་སོའི་ཐ་མལ་པའི་བློ་དེ་གའི་སྒོ་ནས་ཞིབ་འཇུག་བྱེད་ཀྱིན་ཉམས་མྱོང་གསོག་གིན་བྱས་ནས་ཡར་རྒྱས་བཏང་བ་ཞིག་ཡིན། དེ་ལྟར་ཡིན་དུས་སྔར་ཕན་ཆད་ལམ་ཆགས་པ་དེ་ནས་ཕར་ཚུར་སེན་མོ་གང་ཡང་བརྒལ་མི་ཆོག་པ་བྱེད་དགོས་དོན་མེད། རྩ་བ་དེ་དག་གཞི་ལ་བཞག་པའི་ཐོག་ནས་ད་དུང་མུ་མཐུད་ཞིབ་འཇུག་དང༌། གོ་བསྡུར་མང་ཙམ་བྱེད་ཐུབ་ན་ཕན་ཐོགས་ཡོང་རྒྱུ་རེད།
ད་རེས་འདིར་རང་རེ་ནང་ཁུལ་སྨན་གྱི་ལས་དོན་སྐོར་ལ་ཚོགས་འདུ་འཚོགས་ཏེ་གོ་བསྡུར་བྱས་པ་ཡག་པོ་བྱུང་འདུག ད་དུང་ཡང་འདི་འདྲ་བ་ཐག་རིང་སར་གོ་བསྡུར་འབྲེལ་བ་བྱེད་མ་ཐུབ་ཀྱང༌། ཉེ་སར་དཔེར་ན་རྒྱ་གར་ཨ་ཡུར་ཝེ་དྷ་དང༌། ཡུ་ན་ནི་སྨན་བཅོས་ཀྱི་འགྲོ་སྟངས་ཤིག་ཡོད་པ་མ་ཟད། དེ་ཚོའི་སློབ་གྲྭ་དང༌། སྨན་སྦྱོར་བྱེད་སའང་ཡོད་པ་དེ་དག་དང་ད་ལྟ་འབྲེལ་བ་ཕྲན་བུ་ཡོད་པ་ལྟར་དེ་ཚོ་དང་མཉམ་དུ་བགྲོ་གླེང་གི་ཚོགས་འདུ་འདྲ་འཚོགས་ནས་བོད་སྨན་གྱི་སྐོར་ཕར་འགྲེལ་བཤད་བྱེད་རྒྱུ་དང༌། ཨ་ཡུར་ཝེ་དྷའི་སྐོར་འགྲེལ་བཤད་ཚུར་ཉན་རྒྱུ་བྱུང་ན་ཉམས་མྱོང་ཐོབ་ཀྱི་རེད་ལ་ལྷག་པར་བོད་སྨན་གྱི་འགྲོ་སྟངས་སྐོར་དོ་སྣང་བྱེད་མཁན་ཚོའི་ནང་བོད་སྨན་ལ་མཐོང་ཆེ་རུ་འགྲོ་བ་དང༌། སྨན་རྩིས་ཁང་གི་མིང་གྲགས་ཆེ་རུ་འགྲོ་བ་ལ་ཁྱད་པར་ཡོང་གི་རེད། ང་ཚོའི་སྨན་བཅོས་འདི་ཁུག་ཀྱོག་གཅིག་ཏུ་ལྐོག་ལྐོག་སུད་སུད་བྱེད་དགོས་པ་ཞིག་མིན་པར་དངོས་གནས་སྤོབས་པ་ལྡན་པའི་ཐོག་ནས་གཞན་ལ་གོ་བསྡུར་བྱེད་པ་དང༌། འགྲེལ་བཤད་བྱེད་རྒྱུ་ཡོད་པ་ཞིག་ཡིན་ན་ཚང་མས་དེའི་ཐོག་ལས་ཀ་མང་ཙམ་བྱེད་ཐུབ་ན་ཡག་པོ་ཡོང་རྒྱུ་རེད། འདི་ངའི་བསམ་ཚུལ་ཡིན།
བོད་པའི་སྨན་པ་ཚོས་མིའི་འདུ་ཤེས་བཟང་པོ་དང་ལྷག་བསམ་ལ་བརྟེན་ནས་འགྲོ་བ་མིའི་ལུས་ཁམས་བདེ་ཐང་ལ་གང་ཐུབ་ཅི་ཐུབ་ཀྱིས་ཞབས་འདེགས་ཞུ་བའི་བསམ་བློ་བཏང་ནས་ལས་ཀ་ཡག་པོ་བྱེད་ཐུབ་ན་དངོས་གནས་ལམ་འགྲོ་དང༌། འགྲོ་དོན་རྒྱ་ཆེན་པོ་ཡོང་གི་རེད། དེ་ལྟར་བྱུང་ན་བོད་སྨན་ལ་དོ་སྣང་གསར་པ་སླེབས་རྒྱུ་དང༌། བོད་སྨན་གྱིས་མིག་གིས་མཐོང་བའི་འབྱུང་བ་བཞི་པོ་ཙམ་མིན་པའི་འབྱུང་བ་ལྔ་པ་ཞིག་གི་འགྲེལ་བཤད་དང༌། དེ་ཙམ་དུ་མ་ཟད་ལས་དང་འབྲེལ་བ་ཡོད་པའི་གནས་ལུགས་འགྲེལ་བཤད་རྒྱག་གི་ཡོད་པ་རེད། འགྲེལ་བཤད་དེ་ཚོ་རྩ་བ་གསོ་རིག་གི་འགྲེལ་བཤད་ཡིན་ནའང་བརྒྱུད་ནས་ནང་དོན་རིག་པ་ལ་འབྲེལ་བ་སླེབ་པ་ཡིན་དུས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་ཀྱང་འགྲུབ་ཀྱི་ཡོད་པ་རེད། དཔེར་ན་སྔར་ཕན་ཕྱི་དངོས་པོ་ཁོ་ན་མ་གཏོགས་ཁས་མི་ལེན་མཁན་གྱི་ནད་པ་ཞིག་གི་གཟུགས་པོའི་འཕྲོད་བསྟེན་དང༌། བསམ་བློའི་ཁྱད་པར་གྱིས་འབྱུང་བ་རླུང་ལ་གཡོ་འགུལ་ཐེབས་པ་དང༌། རླུང་ལ་གཡོ་འགུལ་ཐེབས་པ་དེའི་རྐྱེན་གྱིས་གཟུགས་པོར་འགྱུར་བ་འགྲོ་ལུགས་ང་ཚོས་ཕར་འགྲེལ་བཤད་རྒྱག་གི་ཡོད་པ་མ་ཟད། ནད་པ་ཁོ་རང་ལའང་གནས་ལུགས་དེ་འདྲའི་ཐོག་ནས་ཉམས་མྱོང་གསར་པ་ཞིག་ཐོབ་མདོག་ཁ་པོ་རེད། དེ་ནི་དངོས་སུ་གསོ་བ་རིག་པ་ལག་ལེན་བསྟར་བ་ཡིན་ནའང་བརྒྱུད་ནས་སངས་རྒྱས་བསྟན་པའི་ཞབས་འདེགས་ལ་འགྲོ་རྒྱུ་རེད། དེས་དངོས་སུ་མིའི་ལུས་པོའི་བདེ་ཐང་ལ་ཕན། བརྒྱུད་ནས་སངས་རྒྱས་ཀྱི་བསྟན་པ་དང༌། བྱེ་བྲག་བོད་ཀྱི་གསོ་བ་རིག་པར་དོ་སྣང་གསར་དུ་སླེབས་ཏེ་མདའ་གཅིག་གིས་ཤ་བ་གཉིས་ཟེར་བའི་དཔེ་ལྟར་གཉིས་གོ་གཅིག་ཆོད་ལྟ་བུར་རིགས་མང་པོ་ཞིག་ལ་ཕན་ཐོགས་དགེ་མཚན་ཡོང་གི་ཡོད་པ་མཐོང་གི་འདུག དེ་རིང་སློབ་གྲྭ་ཐོན་མཁན་གྱི་སློབ་ཕྲུག་ཚོར་ལག་འཁྱེར་སྤྲོད་རྒྱུར་བརྟེན་ཁྱེད་ཚོས་ད་ཕན་སློབ་སྦྱོང་གང་ལ་གང་འཚམས་བྱས་ཏེ་ད་ཆ་འགན་ཁུར་བའི་དུས་སུ་སླེབ་ཡོད། སློབ་སྦྱོང་གི་དུས་སྐབས་རིང་མ་ཤེས་པ་ཤེས་ཐབས་དང༌། ཉམས་མྱོང་མང་པོ་ཞིག་གསོག་དགོས་པ་དེས་ཁྱོད་ཚོར་དཀའ་ངལ་ཏན་ཏན་བྱུང་ཡོད། ཡིན་ནའང་རང་ཉིད་སློབ་སྦྱོང་བྱེད་པའི་དུས་ཚོད་ཅིག་ཡིན་སྟབས་དེ་ལ་ཐལ་ཆ་དང་ཡ་ཡུད་འགྲོ་རྒྱུ་གང་ཡང་མེད། ད་ཆ་དངོས་སུ་ལག་ལེན་ནང་ཞུགས་ནས་འགན་ཁུར་བའི་སྐབས་སུ་ད་དུང་མུ་མཐུད་དཀའ་ངལ་འཕྲད་མདོག་ཁ་པོ་རེད། ལས་ཀ་ཚང་མ་ལམ་སེང་བྱེད་ཆོག་ཆོག་ཅིག་དང༌། ཚང་མ་གྲ་འགྲིག་ཤག་ཤག་ཡོང་རྒྱུ་མིན་པས་ད་ལྟ་ཕན་ལ་སོ་སོ་སྒེར་གྱི་ངོས་ནས་ལོ་གང་འཚམས་རིང་དུས་ཚོད་བཏང༌། དཀའ་བ་སྤྱད་དེ་སློབ་སྦྱོང་བྱས་པ་དང༌། སྤྱི་པའི་ངོས་ནས་ཀྱང་འགྲོ་སོང་གང་ལ་གང་འཚམས་བཏང་བ་དེ་དག་འཕྲོ་བརླག་མ་སོང་བར་གོ་ཆོད་པ་ཞིག་ངེས་པར་དུ་བྱེད་དགོས། སོ་སོའི་ཐོག་ཏུ་ལས་འགན་སླེབ་པའི་དུས་སུ་ལྷག་བསམ་རྣམ་དག་རྒྱབ་མདུན་ངོ་ལྐོག་མེད་པ། ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ་ད་ཕན་སློབ་སྦྱོང་གི་འབྲས་བུ་བཟང་པོ་ལ་ལོངས་སུ་སྤྱོད་ཐུབ་པ་ཞིག་ཡོང་ཐབས་སུ་ཧུར་ཐག་བྱེད་དགོས། དེ་ལྟར་བྱས་ན་ཆོས་ཀྱི་འགྲོ་ལུགས་དང་མཐུན་ཞིང༌། རང་གིས་དཀའ་ལས་རྒྱབ་པའི་འབྲས་བུ་དང༌། མི་ཚེའི་མདུན་ལམ་འཕྲོ་བརླག་ཏུ་མ་སོང་བ་ཞིག་ཡིན།
སྤྱི་པའི་ཐོག་ལ་ཆ་མཚོན་ན་དེ་སྔ་སྨན་རྩིས་ཁང་ལ་སོགས་པར་སློབ་སྦྱོང་བྱས་ཏེ་ཉམས་མྱོང་ཡོད་པའི་མི་ཉུང་ཤས་ལས་ཕལ་ཆེ་བ་རྫོགས་པའི་དུས་ལ་སླེབས། མིའི་ཚེ་ལའང་ཚད་ཡོད་པ་རེད། མི་རིགས་ཀྱི་རིག་གཞུང་ནི་ལོ་བརྒྱ་ཕྲག་དང༌། སྟོང་ཕྲག་ནས་སྟོང་ཕྲག་བར་གནས་དགོས་པ་ཞིག་ཡིན་པས་རྒན་པའི་མཇུག་ཁྱེད་ཚོ་གཞོན་པས་མཐུད་དགོས་པའི་དུས་ལ་སླེབས་ཡོད། ཁྱེད་ཚོ་ཚང་མས་ལྷག་བསམ་རྣམ་དག་གི་སྒོ་ནས་ཞུམ་མེད་ཀྱི་སྙིང་སྟོབས་བསྐྱེད་དེ་ཧུར་ཐག་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། ནད་པར་བལྟ་སྐབས་ཀྱང་ཕན་པའི་བསམ་པའི་ཐོག་ནས་བལྟ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། སྨན་གྱི་ལག་རྩལ་མཁས་པོ་ཡོད་པ་ཞིག་ཡིན་ནའང་ནད་པར་སྙིང་ནས་བརྩེ་བའི་བསམ་པ་ཞིག་མེད་ན་ཕན་འབྲས་ཐོན་རྒྱུ་མིན། དེང་སང་སྨན་པས་མིའི་གཟུགས་པོར་གཤག་བཅོས་ཀྱིས་མཚོན་པའི་བཅོས་ཐབས་འདྲ་མིན་མང་པོ་ཞིག་བྱས་པའི་ཐ་མར་མི་ལ་དངོས་པོའི་འདུ་ཤེས་ལྟ་བུ་ལས་མི་ནི་སྲོག་ལྡན་ཞིག་ཡིན་པའི་འདུ་ཤེས་དེ་བརླགས་ནས་བརྩེ་སེམས་མེད་པ་ཞིག་ཆགས། གང་འཚམས་ནས་མི་ལ་སྨན་བཅོས་བྱེད་སྐབས་རླངས་འཁོར་ལ་བཟོ་བཅོས་བྱེད་ཀྱི་ཡོད་པ་ལྟ་བུའི་སྣང་བ་ཞིག་ལས་མི་འདི་རང་ཉིད་དང་འདྲ་བར་ང་ཟེར་བའི་བློ་ཡོད་པ་ཞིག་རེད་སྙམ་པའི་བརྩེ་བ་བྱེད་ཡུལ་གྱི་བསམ་བློ་བརླག་འགྲོ་གི་འདུག་པ་དེ་ནི་ཉེན་ཁ་ཆེན་པོ་རེད་ཅེས་ཤོད་མཁན་བྱུང༌། དེ་ནི་ཡོང་སྲིད་པ་ཞིག་རེད། དཔེར་ན་ང་རང་ལ་ཆ་བཞག་ན། སྨན་པ་ཞིག་ཐུག་སྟེ་ཁོང་སྨན་བཅོས་མཁས་པོ་ཡོད་པ་མ་ཟད། ང་རང་ཚོའི་བདེ་ཐང་ལ་ཤ་ཚ་དང༌། སྙིང་ཉེ་བའི་རྣམ་པ་ཞིག་བསྟན་ན་ན་ཚ་དྲག་མིན་ལ་མ་ལྟོས་པར་སྨན་པས་དངོས་གནས་ཤ་ཚའི་ཐོག་ནས་བལྟས་སོང་བསམ་པའི་དགའ་སྤྲོ་ཞིག་རང་ཤུགས་སུ་ཡོང་བ་དང༌། ཡང་སྨན་པ་ཤིན་ཏུ་མཁས་པོ་ཞིག་ཡོད་ན་ཡང་དེས་སེམས་ཀྱི་གཏིང་ནས་ཤ་ཚ་སྙིང་ཉེའི་རྣམ་པ་ཞིག་མེད་པར་བལྟས་ན་རང་གི་བསམ་པར་ཁོང་མཁས་པོ་ནི་ཡོད་ཤག་དང༌། ཡག་པོ་ཞིག་བལྟས་ཨེ་ཡོད་སྙམ་པའི་སོམ་ཉིའི་བློ་ཞིག་རང་ཤུགས་སུ་ཡོང་གི་འདུག ང་རང་ཚོ་ཚང་མ་གཅིག་པ་ཡིན་པས། རང་གི་ལུས་ལ་དཔེ་ལོངས་ལ། གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་པ་བཞིན་རང་ཐོག་གི་ཉམས་མྱོང་ཐོག་ནས་གཞན་ལ་བལྟ་སྐབས་དངོས་གནས་ལྷག་བསམ་གཞན་ཕན་གྱི་བསམ་བློའི་ཐོག་ནས་བལྟ་ཐུབ་ན་དེ་ལ་བརྟེན་ནས་ནད་པས་ཀྱང་སྨན་པར་བརྩེ་སེམས་དང་གུས་བརྩི་ཞིག་སླེབས་རྒྱུ་དང༌། ཕན་པའི་སེམས་པ་དེ་མིག་གིས་མཐོང་རྒྱུ་མེད་ན་ཡང་ཕན་སེམས་དེའི་ནུས་པའི་ཐོག་ནས་ཕན་ཐོགས་ཆེ་བ་ཞིག་ཡོང་གི་རེད། དེ་ལྟར་བྱས་ན་སྨན་པ་མཚན་ཉིད་ཚང་བ་ཞིག་བྱེད་ཐུབ། ངས་རྟག་ཏུ་བརྗོད་པ་ལྟར་ཕན་སེམས་ཞེས་པ་འདི་ནི་ཤིན་ཏུ་གལ་ཆེན་པོ་ཡིན། ཕན་སེམས་ནི་མི་ཚེའི་སྙིང་པོ་དང༌། བདེ་སྐྱིད་ཡོང་བའི་རྩ་བ། ཐ་མ་མི་ཚེ་རྫོགས་སྐབས་ཀྱང་བློ་བདེའི་ངང་ནས་འགྲོ་བ་བཅས་ཡོང་གི་རེད། ཕན་སེམས་མེད་མཁན་ལ་མི་ཚེའི་རིང་བདེ་སྐྱིད་ཡོང་མི་ཐུབ་ལ། ཐ་མ་མི་ཚེ་རྫོགས་པའི་སྐབས་ཀྱང་བློ་མི་བདེ་བའི་ངང་ནས་འགྲོ་རྒྱུ་ཡིན། ལྷག་པར་དུ་ཡང་ཁྱེད་རང་ཨེམ་ཆི་ཚོས་དེ་འདྲའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་ནད་པར་བལྟ་སྐྱོང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པར་བསམ་གྱི་འདུག ང་ཚོ་སྔོན་མ་རྒྱ་གར་ལ་འབྱོར་གདོང་ཧ་ལམ་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་པར་ཁག་པོ་ཡོད་པའི་སྐབས་ལ་སྨན་པ་ཡེ་ཤེས་དོན་ལྡན་ཌ་ལ་ཧོ་སི་ནས་འདིར་ཡོང་བ་དང༌། འཇམ་དབྱངས་བཀྲ་ཤིས་གྲོངས་མཁན་དེ་རྗེས་ལ་འབྱོར། དེ་མིན་སྨན་པ་ཕྱུ་པ་རྫ་མདོག་གྱོན་མཁན་ཞིག་ཡོད་མཐོང་རྒྱུ་མི་འདུག སྨན་པ་དཀོན་པོ་ཡོད་དུས་ང་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་ཀྱང་ཚང་མས་སེམས་ཤུགས་མ་ཆག་པར་བསྡད་པ་དང༌། བར་ལམ་བོད་ནས་སྨན་པ་ཁག་གཅིག་འདི་ཕྱོགས་སུ་ཡོང་ཐུབ་པ་བྱུང་ཐོག བོད་སྤྱི་པའི་དོན་ལ་སེམས་ཤུགས་བཅངས་ཏེ་དངོས་གནས་ཧུར་ཐག་བྱས་པར་བརྟེན་དེང་སང་གྲུབ་འབྲས་དངོས་སུ་མཐོང་རྒྱུ་ཡོད་པ་འདིར་ཤིན་ཏུ་དགའ་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ད་དུང་ཡང་ཡར་རྒྱས་ལ་མཐའ་མེད་པར་བརྟེན་ཚང་མས་སེམས་ཤུགས་བསྐྱེད་དེ་ཧུར་ཐག་བྱེད་དགོས།
རྩིས་ཀྱི་སྐོར་ལ་ངས་གང་ཡང་མི་ཤེས་ལ་ཡིད་ཆེས་ཀྱང་དེ་ཙམ་མེད། འོན་ཀྱང་བོད་ཀྱི་རིག་གནས་ཀྱི་གྲས་གལ་ཆེན་པོ་ཡིན། ལྷག་དོན་བྱ་བ་གལ་ཆེ་བ་ཚང་མར་ཚེས་གྲངས་ལ་བལྟ་དགོས་པས་དེ་གལ་ཆེན་པོ་ཡིན། རྩིས་ཀྱི་རིག་གཞུང་སྐོར་ལ་འཆར་ཅན་ལོ་ཐོ་འདོན་ཐུབ་ཙམ་དང༌། ཚེ་རབས་ལས་རྩིས་བརྩི་ཐུབ་ཙམ་མ་ཡིན་པར་ད་དུང་ཡར་རྒྱས་གཏོང་རྒྱུ་མེད་དམ་སྙམ་པ་དྲན་གྱི་འདུག དུས་འཁོར་ནས་གསུངས་པའི་དབྱངས་འཆར་གྱི་རྩིས་རིགས་མང་པོ་ཞིག་ཡོད་པ་དང༌། རིགས་ཁ་ཤས་ཤིན་ཏུ་དཀོན་པོ་བཀའ་རྒྱ་མ་ལྟ་བུ་དེ་འདྲ་ཡོད་པའི་སྐད་ཆ་འདུག བར་ལམ་ཨ་མདོའི་ལུང་ཁུག་འགའ་ཞིག་ནང་བཀའ་རྒྱ་མ་དེ་ཚོའི་ལག་རྒྱུན་ཆ་ཚང་ཡོད་པའི་གནས་ཚུལ་གོ་ཐོས་བྱུང༌། དེ་རིགས་ང་ཚོས་ཐབས་ཤེས་འབད་བརྩོན་བྱེད་དགོས་ཀྱི་འདུག ང་ཚོའི་རྩ་བའི་རྩིས་ཀྱི་རིག་པའི་གཞུང་ལུགས་འདི་མུ་མཐུད་ཡར་རྒྱས་གཏོང་དགོས། དེང་སང་འཛམ་གླིང་ནུབ་ཕྱོགས་པའི་རྩིས་ཀྱི་འགྲོ་སྟངས་ཤིག་ཡོད་པ་དེ་དང༌། རྒྱ་གར་ལ་གནའ་སྔ་མོའི་རྩིས་ཀྱི་འགྲོ་སྟངས་ཤིག་ཡོད་པ་དེ་ཚོ་དང་ཕན་ཚུན་གོ་བསྡུར་མང་ཙམ་བྱེད་ཐུབ་པ་དགོས་པའི་ཐོག་བོད་ལ་དེ་སྔ་ནས་དར་བའི་དབྱངས་འཆར་རྩིས་ཀྱི་སྐོར་ལག་རྒྱུན་ཡོད་མེད་དེ་ཚོ་རིམ་པས་ཉམས་གསོ་བྱེད་ཐུབ་ཐབས་སུ་འཆར་ཅན་གྱི་ལས་ཀ་ལ་ཆོག་ཤེས་བྱས་ནས་མ་བསྡད་པར་མུ་མཐུད་ཡར་རྒྱས་གཏོང་རྒྱུའི་ཐད་བསམ་བློ་ངེས་པར་དུ་གཏོང་དགོས། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ།
མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 10:40 PM
<< སྔ་མ།