སྨན་རྩིས་དྲ་བ། - མདུན་ངོས།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.03.2025
མདུན་ངོས། >>


 

༄༅། །སྤྱི་ཁྱབ་འགན་འཛིན་སྐུ་ངོ་ཐུབ་བསྟན་ཚེ་རིང་མཆོག་གི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་

དུས་དྲན་མཛད་སྒོར་གནང་བའི་གསུང་བཤད།


 

༄༅། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས།།

མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།།

དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།

བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།

ཞེས་མཆོད་བརྗོད་སྔོན་དུ་བཏང་སྟེ། རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བསམ་པའི་སྒོ་ནས་གུས་ཕྱག་ཕུལ་ཞིང་། མགོན་པོ་གང་ཉིད་རང་ཅག་བསྟན་འགྲོའི་དོན་དུ་ཇི་ལྟར་ཐུགས་བསྐྱེད་དམ་བཅའ་བཞེས་པ་བཞིན་སྐུ་ཚེ་བསྐལ་བརྒྱ་བར་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་གེགས་མེད་ལྷུན་གྱིས་འགྲུབ་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་བཅས།  

            དེ་རིང་འདི་གར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་སླར་གསོ་འམ་གསར་འཛུགས་བསྐྱངས་ནས་མི་ལོ་  ༦༤  དང་། བོད་དུ་ལྷ་ས་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༡༠༩ འཁོར་བའི་དུས་ཆེན་སྲུང་བརྩི་བྱེད་པའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ངོ་བྱམས་པ་ཕུན་ཚོགས་མཆོག་དང་། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་དམིགས་བསལ་སྐུ་ཚབ་ Mr. Yashbir Singh དེ་བཞིན་སྐུ་མགྲོན་བྱིངས་དང་གསར་འགོད་པ་རྣམ་པ་ལྷན་རྒྱས་ལ་སྙིང་ཐག་པ་ནས་བྱོན་པ་ལེགས་ཞེས་དགའ་བསུ་དང་སྦྲགས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ།    

སྨན་རྩིས་ཁང་དབུ་བརྙེས་པའི་ཉིན་མོ་ནི་ྋསྐུ་མདུན་སྐུ་ཕྲེང་རིམ་བྱུང་ངམ་ལྷག་པར་ྋགོང་ས་ལྔ་པ་ཆེན་པོ་དང་། བཅུ་གསུམ་པ་ཆེན་པོ། བཅུ་བཞི་པ་ཆེན་པོ་བཅས་ཀྱིས་བོད་ཀྱི་སྨན་རྩིས་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སུར་ཆུད་ཆེད་དུ་ཐུགས་བསྐྱེད་འཕྲིན་ལས་ཇི་ལྟར་མཛད་པ་རྗེས་སུ་དྲན་པའི་ཉིན་མོ་ཞིག་ཡིན། དེ་ཡང་ྋགོང་ས་ལྔ་པ་ཆེན་པོའི་སྐུ་དུས་ ༡༦༩༦ ལོར་ཆོས་དང་སྨན་གཉིས་གཙོ་བོར་གྱུར་བའི་རིག་གནས་ཁག་ལ་སློབ་གཉེར་བྱ་ཡུལ་སྨན་པའི་གྲྭ་ཚང་ལྕགས་པོ་རི་བཻཌཱུརྱ་ལྟ་ན་ངོ་མཚར་འགྲོ་ཕན་རིག་བྱེད་གླིང་ཞེས་ཡོངས་སུ་གྲགས་པ་དེ་ཉིད་གསར་འཛུགས་མཛད། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༦ ལོར་ལྷ་ས་སྨན་རྩིས་ཁང་གསར་འཛུགས་མཛད་པ་ནས་བཟུང་བོད་མདོ་དབུས་ཁམས་གསུམ་དང་ཧི་མ་ལ་ཡའི་རི་བརྒྱུད་དུ་སྨན་རྩིས་པ་སྟོང་ཕྲག་བརྒལ་བ་གསོ་སྐྱོང་དང་། བོད་ཡུལ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་ཏུ་སྨན་པ་གྲྭ་ཚང་དང་རྫོང་གཞིས་ཁག་བཅས་ལ་སྐབས་དུས་སོ་སོར་སྨན་ཁང་ཡང་བཙུགས་གནང་བ་སོགས་མཛད་རྗེས་ཤིན་ཏུ་ཆེ་ལ། དུས་དེང་སང་གི་འཆར་ཡང་ལྷ་ས་སྨན་རྩིས་ཁང་གི་འགྲོ་དོན་རྒྱས་བཞིན་ཡོད་པ་དེ་ལྟར་ཡིན། ཕྱི་ལོ་ ༡༩༥༠ ལོ་ནས་བོད་དུ་རྒྱ་ནག་དམར་པོས་བཙན་འཛུལ་བྱུང་སྟེ་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་ཧམ་བཟོས་བྱས་པའི་ཉེར་ལེན་གྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་ཡུལ་འདིར་ཉེན་གཡོལ་དུ་ཕེབས་དགོས་བྱུང་བ་དང་། མགོན་པོ་གང་ཉིད་སྐུ་ན་ཕྲ་ཡང་བོད་མི་རིགས་ཀྱི་བདེ་ཐབས་དང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་ལ་ཐུགས་བསྐྱེད་ལྷག་པར་བཞེས་གནང་མཛད་ཅིང་། ཕྱི་ལོ་ ༡༩༦༠ ལོར་དུས་འཁོར་བ་བློ་གྲོས་རྒྱ་མཚོ་དྷ་སར་བཀའ་འགུགས་ཀྱིས་གེ་ལེན་མཽར་ཀོ་ཊེཇ་ནང་དུ་སྐར་དཔྱད་རྩིས་རིག་གི་འཆད་ཉན་འགོ་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༦༡ ལོར་ྋསྐུའི་བླ་སྨན་ཡེ་ཤེས་དོན་ལྡན་དང་།  བླ་སྨན་པ་མཚོ་སྣ་འཇམ་དབྱངས་བཀྲིས།  སྐུ་ངོ་བར་གཞིས་ཕུན་ཚོགས་དབང་རྒྱལ་བཅས་པ་དྷ་སར་བཀའ་འགུགས་ཀྱིས་ཅོབ་རཱ་ཧ་འོ་སི་ནང་དུ་བོད་ཀྱི་གསོ་བ་རིག་པའི་འཆད་ཉན་འགོ་འཛུགས་གནང་སྟེ་སྨན་རྩིས་ཀྱི་བསྟན་པའི་མེ་རོ་རྒྱ་གར་དུ་སླར་གསོ་མཛད། ཕྱི་ལོ་ ༡༩༦༧ ལོར་སྨན་རྩིས་མཐོ་སློབ་གཉིས་ཀ་ཟླ་བསྒྲིལ་བཏང་སྟེ་སྒྲིག་འཛུགས་ཀྱི་མིང་དུ་འགྲོ་ཕན་སྨན་རྩིས་ཁང་ཞེས་གསོལ་བར་གནང་ཞིང་། འཛམ་གླིང་ཀུན་ཏུ་སྨན་རྩིས་བསྟན་པ་རྒྱས་པའི་རྨང་གཞི་ཡང་དེ་ནས་ཚུགས་ཡོད། དེ་ལྟར་མགོན་པོ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྙིགས་མའི་དུས་འདིར་སྨན་རྩིས་ཀྱི་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལ་ཞིང་གནས་ཐུབ་པ་བྱུང་ཡོད།

སྒྲིག་འཛུགས་ཤིག་རྒྱུན་གནས་ལེགས་པར་ཡོང་མི་ཡོང་ནི་ཚོགས་པའི་དམིགས་ཡུལ་བཞིན་དུ་འགོ་འཁྲིད་ཀྱིས་འཆར་བྱུས་འདིང་སྟེ་འཛིན་སྐྱོང་སྟངས་འཛིན་བྱེད་ཐུབ་མིན་དང་། ཚོགས་པའི་ལས་བྱེད་པ་རྣམས་ནས་ལྷག་བསམ་གཡོལ་མེད་སོ་སོའི་སྐབས་བབ་ཀྱི་ལས་འགན་རྣམས་རྒྱབ་མདུན་ངོ་ལྐོག་མེད་པར་སྒྲུབ་ཐུབ་མིན་ལ་རག་ལུས། ད་བར་དབུ་འཛིན་དང་ལས་བྱེད་གོང་མ་རྣམས་ཀྱིས་ལྷག་བསམ་གཡོལ་མེད་སྲི་ཞུ་བསྒྲུབས་པའི་འབྲས་བུར་ད་བར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་འདི་ཉིད་ཀྱི་བསྟན་པ་རྒྱས་ཤིང་ཡུན་རིང་སྲ་བརྟན་གནས་ཐུབ་པ་བྱུང་ཡོད་ཅིང་། ད་ལྟའི་ལས་བྱེད་རྣམས་ཀྱི་ལྷག་བསམ་དང་སེམས་ཤུགས་ལ་བལྟས་ཚེ་མུ་མཐུད་རྒྱུན་གནས་འཐུབ་རྒྱུ་ཡིན་པ་གདོན་མི་ཟ། འོན་ཀྱང་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་བཞིན། ཚང་མས་སྤྱི་པའི་རྒྱུ་དངོས་དང་སྤྱི་དོན་ལ་ཐུགས་ཁུར་ཆེ་ཙམ་བཞེས་ཏེ་སྒྲིག་འཛུགས་འདི་ཉིད་སྲ་བརྟན་ཡུན་གནས་ཡོང་ཐབས་ཐོག་ལ་ལྷག་བསམ་ལྷོད་མེད་ཡོང་བའི་འབོད་བསྐུལ་ནན་ཏན་ཞུ་རྒྱུ། 

འདས་པའི་ལོ་ངོ་གསུམ་ནང་དུ་ཁྱེད་ཅག་ལས་བྱེད་རྣམས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་ལ་བརྟེན་ནས་ལས་དོན་གང་འཚམ་ཞིག་བསྒྲུབས་ཡོད་པ་ཆེ་ལོང་ཙམ་དུ་ཞུ་ན། སྤྲོད་བསྡད་དངུལ་འབོར་ཉུང་དུ་ཕྱིན་པ་དང་། དངུལ་རྐྱང་མ་དངུལ་གྱི་གནས་སྟངས་ཏོག་ཙམ་བཟང་དུ་ཕྱིན་ཡོད། དབུས་ཀྱི་ལས་ཁུངས་དང་། སྨན་ཁང་། མཆོད་ཁང་། ཚོགས་ཁང་། མཐོ་སློབ་ཀྱི་ལས་ཁུངས། བུ་མོའི་ཉལ་ཁང་། སློབ་ཕྲུག་སྤྲོ་སྐྱིད་ཁང་བཅས་པ་བཟོ་བཅོས་ལེགས་པར་ཐུབ་ཡོད་ཅིང་། ད་ལྟའི་འཆར་སྨན་སྦྱོར་ཁང་དང་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་བཟོ་བཅོས་ལས་དོན་འགྲོ་བཞིན་ཡོད།

ཡན་ལག་སྨན་ཁང་ཁག་ལ་མཚོན་ན། སྦེང་ལོར་མཐོ་སློབ་ཀྱི་ནད་གསོ་ཁང་ཉམས་བཟོ་ཐུབ་པ་དང་། མེན་པཌ་སྨན་ཁང་གི་ཐོག་བརྩེགས་ལ་ལྕགས་ཤོག་ཕུབ་ཐུབ་པ། བདེ་སྐྱིད་གླིང་གི་ས་ཆ་ལ་བདག་གཅེས་ཆེད་དུ་ལྕགས་རི་བསྐོང་ཐུབ་པ། སྦེལ་ཀོབ་ཡན་ལག་སྨན་ཁང་དང་ལས་ཤག་བཟོ་བཅོས་ཐུབ་པ་མ་ཟད་མདུན་དུ་ཚོང་ཁང་བཞི་གསར་རྒྱག་ཐུབ་པ། ས་ལུ་སྒ་ར་སྨན་ཁང་གི་ས་ཆ་ཚད་ལྡན་མིང་སྒྱུར་ཐུབ་པ། ཅོན་ཏ་ར་སྨན་སྦྱོར་ཁང་གི་ལས་ཁུངས་དང་སྤྱི་ཐབ་གསར་རྒྱག་ཐུབ་པ་བཅས་བྱུང་ཡོད། འདི་དག་ཀྱང་ས་གནས་ས་ཐོག་གི་འགན་འཛིན་དང་ལས་བྱེད་རྣམས་ཀྱི་ཐུགས་ཁུར་ཆེ་བཞེས་གནང་བའི་སྟོབས་ཀྱིས་བྱུང་བ་ཞིག་ཡིན། དེས་ན་མིང་རེ་རེ་ནས་སྨོས་མི་དགོས་པར་འབྲེལ་ཡོད་ཚང་མར་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ། ད་ལྟའི་ཆར་ལས་འཆར་རྒྱ་ཆེ་བ་ཞིག་ནི་མོན་གྷོ་ཀེམ་གསུམ་པའི་ཡན་ལག་སྨན་ཁང་དུ་ལས་ཤག་གཉིས་གསར་རྒྱག་བྱེད་བཞིན་པ་དེ་ཡིན། ས་གནས་འགན་འཛིན་དང་ལས་བྱེད་རྣམས་ནས་ཐུགས་འགན་གང་ལེགས་བཞེས་བཞིན་ཡོད་ཅེས་ཞུ་རྒྱུ། 

རྩིས་ལོ་འདིའི་ནང་དུ་ལས་དོན་གལ་ཆེན་པོ་ཞིག་བསྒྲུབས་ཡོད་པ་དེ་ནི་ལས་བྱེད་དང་། ལས་ཟུར། ལས་མི་བཅས་ཡོངས་རྫོགས་མཉམ་རུབ་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་དགུ་བཅུར་ཕེབས་སྐབས་བོད་རྒྱལ་ལོ་ ༢༡༥༡ ཟླ་ ༥ ཚེས་ ༥ དང་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༡ ཉིན་བརྟན་བཞུགས་རྒྱས་པ་ཞིག་བསྟར་ཕུལ་ཐུབ་པ་དང་། དེ་དང་སྟབས་བསྟུན་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱིས་ཐུགས་འགན་གཙོ་བོར་བཞེས་པའི་ཐོག་ནས་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༢ ནས་ ༡༤ བར་ཉིན་གྲངས་གསུམ་རིང་སྨན་པ་དང་སྐར་རྩིས་པ་བགྲེས་གཞོན་ཉིས་བརྒྱ་ལྷག་ཚོགས་འཛོམས་ཀྱིས་ནད་ཐོག་ལག་ལེན་གྱི་ཟབ་སྦྱོང་དང་སྨན་རྩིས་བགྲོ་གླེང་རྒྱས་པ་ཞིག་ཚུགས་ཐུབ་ཡོད་པ་དེ་དག་ཡིན་ཅིང་། རིག་གཞུང་ལྷན་ཚོགས་ཀྱི་ཐུགས་འགན་འོག་ཡོང་འཆར་རྩིས་ལོ་ནང་དུ་སྨན་བླའི་བཀའ་དབང་ཞུ་རྒྱུ་སོགས་རིག་གཞུང་ཡར་རྒྱས་ཀྱི་ལས་དོན་ཡང་བསྒྲུབ་འཆར་ཡོད། མདོ་དོན་ངོས་ནས་འཛིན་སྐྱོང་དང་རིག་གཞུང་གཉིས་ཀ་ཡར་རྒྱས་ཡོང་ཐབས་ཐོག་ལ་བསམ་བློ་བཏང་དང་གཏོང་བཞིན་ཡོད་ལ་འབད་བརྩོན་ཡང་བྱེད་བཞིན་ཡོད་ཅེས་སྙན་སེང་ཞུ་བ་ལགས།

ད་ལྟའི་ཆར་སྨན་རྩིས་ཁང་དུ་ལས་བྱེད་དང་ལས་མི་བསྡོམས་པའི་མི་གྲངས་ ༦༡༩ ཡོད་ལ། དེའི་ནང་ནས་ ༣༡༦ ཕོ་དང་ ༣༠༣ མོ་ཡིན། དེ་ཡང་སྨན་པ་ ༡༢༩ དང་། སྐར་རྩིས་པ་ ༢༨ ། ལས་བྱེད་ངོ་མ་ཡིན་པ་ ༢༨༥ ། ཚོད་ལྟའི་ལས་བྱེད་ཡིན་པ་ ༡༨ ། ཆོད་གན་ལས་བྱེད་ཡིན་པ་ ༤༥ ། ཆོད་གན་ལས་མི་ཡིན་པ་ ༡༡༤ བཅས་ཡོད། ཕྱི་ལོ་ ༢༠༢༤  ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༠ བར་རྩ་དགོངས་ཕྱིན་པའི་ལས་བྱེད་གྲངས་ ༣༦ དང་། བགྲེས་ཡོལ་ཕྱིན་པ་ ༡༣ བྱུང་ཡོད་ཅིང་། དེ་མཚུངས་ཆོད་གན་ལས་བྱེད་ ༢༧ དང་། ཚོད་ལྟའི་ལས་བྱེད་ ༣༨ གསར་བསྐོའང་བྱས་ཡོད།

དངུལ་རྩིས་ཆ་ནས་ཞུ་ན། རྩིས་ལོ་ ༢༠༢༢་་་༢༣ ནང་ཁེ་བཟང་ངམ་སོང་ལས་བྱུང་མང་བ་ཧིན་སྒོར་ས་ཡ་ ༢༠ མིན་ཙམ་ཞིག་ཐོན་ཡོད་པ་དང་། དེ་སྔོན་རེ་བ་བྱས་པ་བཞིན་རྩིས་ལོ་ ༢༠༢༣་་་༢༤ ནང་དུ་སོང་ལས་བྱུང་མང་བ་ཧིན་སྒོར་ས་ཡ་ ༤༥ ཙམ་བྱུང་ཡོད། དེ་བཞིན་དེ་སྔ་རྩིས་སྤྲོད་རྩིས་ལེན་སྐབས་སྤྲོད་བསྡད་ཧིན་སྒོར་ས་ཡ་ ༣༣༠ ཙམ་ཡོད་པ་ཆ་བསེས་ཐོག་ཕྱིར་སློག་བྱས་ཏེ་ད་ལྟའི་ཆར་ས་ཡ་ ྋ༠ ཙམ་ལས་མེད། དེའང་རིང་མིན་གཙང་བཟོ་ཐུབ་པ་བྱ་རྒྱུ་ཡིན།

ནད་པའི་ཞབས་ཞུར་མཚོན་ན། དབུས་དང་ཡན་ལག་སྨན་ཁང་ཁག་ ༦༣ གྱིས་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༨ བར་ནད་པ་གྲངས་ ༦ འབུམ་ ༧ ཁྲི་ཙམ་ལ་བརྟག་དཔྱད་ཞབས་ཞུ་བསྒྲུབས་ཡོད་པ་དང་། སྨན་སྦྱིན་ཧིན་སྒོར་ས་ཡ་ ༣༨ མིན་ཙམ་ཕུལ་ཡོད། སྐར་རྩིས་སྡེ་ཚན་ནས་ཚེ་རྩིས་རྒྱས་འབྲིང་བསྡུས་གསུམ་འདོན་འབུལ་བྱས་པ་ ༢༦༣ དང་། བག་རྩིས་དང་གཤིན་རྩིས་སོགས་འདོན་འབུལ་བྱས་པ་ ༡༣༤ ། ངག་ཐོག་རྩིས་འབྲས་བྱས་པ་ ༡༣༩ བཅས་བྱུང་ཡོད། ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་སྤྱིར་བཏང་དངངས་ཚབས་ནད་གཞི་ (General Anxiety Disorder)ཐོག་ཉམས་ཞིབ་གནང་ཡོད།

གོ་སྐབས་འདིའི་བརྒྱུད་འདི་ལོར་དཔལ་འབྱོར་ཐོག་ནས་རོགས་རམ་གནང་མཁན་བོད་ཀྱི་ཐེབས་རྩ་དང་། ཨ་རི་ཀེཐ་ལིན་དང་ཇོ་ནཱ་ཐཱན་དགེ་རྩ་ཚོགས་པ། ཨི་ཊཱ་ལི་ནང་པའི་མཐུན་ཚོགས་ UBI དང་། འཇར་མཱ་ཎི་བོད་མིའི་རོགས་སྐྱོར་ཚོགས་པ་སོགས་དང་། ཐེ་ཝན་སློབ་མ་ Chung Lin Huang གཙོས་སྒེར་གྱི་རོགས་རམ་ཞལ་འདེབས་གནང་མཁན་ཡོངས་རྫོགས་ལ་སྨན་རྩིས་ཁང་གི་ལས་བྱེད་དང་སློབ་ཕྲུག་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་དང་། ཁྱེད་ཅག་སྦྱིན་བདག་རྣམས་ཀྱི་ཚེ་རབས་ཐོག་མེད་བྱས་བསགས་སྡིག་ལྟུང་ཐམས་ཅད་བྱང་ཞིང་དག་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག་ཅེས་ཕྱོགས་བཅུ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་དང་སྨོན་ལམ་ཡང་འདེབས་རྒྱུ་ཡིན།

དེ་རིང་གི་ཉིན་མོ་ནི་སློབ་ཐོན་མཛད་སྒོ་ཞིག་ཀྱང་ཡིན་པས། སྐབས་ཉེར་གཉིས་པའི་སྨན་པ་དང་། སྐབས་བཅུ་གཉིས་པའི་སྐར་རྩིས་པ་བཅས་སློབ་ཐོན་པ་ཡོངས་ལ་ལེགས་སོའི་བསྔགས་བརྗོད་དང་། ཞབས་ལོ་ཉི་ཤུ་དང་སུམ་ཅུའི་གཟེངས་རྟགས་བཞེས་མཁན་ལས་བྱེད་རྣམས་ལ་ཡི་རངས་ཐུགས་རྗེ་ཆེ་ཞུ། མཁྱེན་གསལ་ལྟར་གསར་དུ་ཐོན་པའི་སྨན་རྩིས་པ་རྣམས་ལ་འོས་འབབ་སྨན་པ་དང་སྐར་རྩིས་པའི་ས་མིག་ཐོག་ཏུ་ལས་ཀ་སྤྲོད་ཐབས་མ་མཆིས་ཀྱང་སྨན་རྩིས་ལས་སྣེ་དང་འཇམ་དཔྱད་པ་སོགས་གང་ལ་གང་ཐུབ་ཀྱི་ལས་ཀ་སྤྲོད་ཐབས་བྱེད་བཞིན་ཡོད། དེ་ཡང་དེ་སྔོན་སྦེང་ལོར་མཐོ་སློབ་ཏུ་ཐུག་འཕྲད་བྱུང་སྐབས་ཁ་གསལ་ཞུས་ཟིན་པ་ལྟར་སྐབས་མཚམས་སོ་སོའི་གནས་སྟངས་ལ་རག་ལུས་པ་ཞིག་ཡིན་པས་བསྐྱར་དུ་ནན་ཏན་ཞུ་རྒྱུ།

         མཐའ་དོན་བཀའ་དྲིན་གསུམ་ལྡན་གྱི་བླ་མ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བའི་རེ་སྨོན་དང་བཅས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ནས་བོད་རྒྱལ་ལོ་ ༢༡༥༢ ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༣ ལ།། །། 

ཐུགས་རྗེ་ཆེ།


འདིར་ནོན། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད་གསན།









མཐའ་མའི་འདོན་ཐེངས་།: 28.03.2025 ཉིན། 10:10 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།