སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

སྡོམ་གསུམ་གྱི་རྣམ་བཞག་ལས་སོ་ཐར་གྱི་སྡོམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.01.2022
སྡེ་སྲིད་ཁོག་འབུགས། >>

(1)    སྡོམ་གསུམ་གྱི་རྣམ་བཞག་ལས་སོ་ཐར་གྱི་སྡོམ་པ།

རྣལ་འབྱོར་རྒྱུད་ཀྱི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་སོ་ཐར་བྱང་སེམས། །སྔགས་སྡོམ་དང་གསུམ་ལས། དང་པོ་ནི། པྲཱ་རབ་ཏུ་རྫོགས་པ་ལ་འོའི། བྱིངས་ལ། ཀྟི་འོས། ཀྟི་བྱིན། ཀ་ཡོན་ཏན་འགོག་པའི་དོན་དེ་ཕྱིས་ཚིག་ཕྲད་ལས་ཨ་ཐུང་དུར་བྱས་པས་པྲ་ཏི་དང་པོ་སོགས་ལའང་འཇུག་མོད་དེ་གཙོ་བོ་སོ་སོ། མུཙླེ་གྲོལ་བའམ་ཐར་བ་ལའོའི་བྱིངས་ལ། ཨུན་ལས་ས་འོས། ས་རྐྱེན་དང་ཨཔྲ་བི་ཀ་ར་ཎ་བྱིན། ལྀ་རྗེས་འབྲེལ་གྱི་ཕྱིས། ཨཔྲ་བི་ཀ་ར་ཎའི་ཡོན་ཏན་གྱི་ཨུ་ཨོ། ཙུའི་ཀུ་འོས། ཙ་ཀར་བསྒྱུར། ཀུ་ཨི་ལ་ལ་ཥ་རུ་བྱེད་དེ་འོས། ས་ཥར་བསྒྱུར་དྲངས་པས་བྲ་ཏི་མོཀྵ་སོ་སོ་ཐར་བ་སྟེ་སྒྲ་བཤད་ཀྱི་དབང་བཏང་ན། བྲ་ཏི་ནི་སོ་སོའམ་ཐ་དད་པ་སྟེ་སྡོམ་པ་ཐོབ་པའི་ཚེ་སྡིག་པའི་ཆོས་ཀྱི་གཉེན་པོ་སྐྱེས་པས་སྤང་བྱ་ལས་རྒྱུད་སོ་སོར་གྱུར་པའམ་འགག་པའོ། །མོཀྵ་ནི་ཐར་བའམ་གྲོལ་བར་གྱུར་བ་སྟེ་དངོས་སུ་སྡིག་པ་ལས་ཐར་ཞིང་བརྒྱུད་ནས་ངན་སོང་དང་འཁོར་བ་ལས་གྲོལ་བ་འདི་ནི། ཆོས་ཀྱི་རྒྱལ་མོའི་མདོ་ལས། སོ་སོ་ཐར་བ་ཞེས་བྱ་བའི་ཚུལ་ཁྲིམས་འདི་བཟུང་ན། མུན་པ་ལས་སྣང་བ་ཕྲད་པ་དང་མཚུངས་སོ། །མི་དབུལ་བོས་ནོར་རྙེད་པ་དང་མཚུངས་སོ། །ནད་པས་སྨན་རྙེད་པ་དང་མཚུངས་སོ། བཙོན་ཁྲི་མུན་ནས་ཕྱུངས་པ་དང་མཚུངས་སོ། །འདི་ནི་ཐམས་ཅད་ཀྱི་མཁན་པོ་ཆེན་པོ་ཡིན་པས་སངས་རྒྱས་འཇིག་རྟེན་ན་བཞུགས་པ་དང་མི་མཚུངས་པ་མེད་དོ་ཞེས་དང་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། ཇི་ལྟར་མིག་མེད་གཟུགས་མ་ཐོང་མི་འགྱུར་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཞེས་དང་། དགེ་སློང་ལ་རབ་ཏུ་གཅེས་པའི་མདོར། །སོ་ཐར་ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག །སོ་ཐར་ཚུལ་ཁྲིམས་འདི་ནི་ཐར་བའི་ལམ། །སོ་ཐར་ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་། །སོ་ཐར་ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །ཞེས་དང་། སོ་སོར་ཐར་བའི་མདོ་ལས། སངས་རྒྱུས་འསུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོ་ཐར་པ་འདི་ཡིན་ནོ། །ཞེས་དང་། སློབ་དཔོན་ཆོས་ཀྱི་ཚོང་དཔོན་གྱིས་འདུལ་བ་ལ་བསྟོད་པ་ལས་ཇི་ལྟར་འདི་ནི་ཤིང་རྩ་གཙོ་བོ་སྟེ། རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས། ཞེས་དང་། རྒྱལ་བ་སྟོན་པ་དེ་ཡི་དམ་ཆོས་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་གྱུར་ཕྱག་བྱས་སངས་རྒྱས་ཁྱོད་གཅིག་བཞིན། ཞེས་མངོན་པ་དང་མདོ་སྡེའི་སྡེ་སྣོད་ཀྱིས་བསྟན་པའི་གོ་ཆོད་ཀྱང་སྟོན་པའི་གོ་མི་ཆོད། འདུལ་བའི་སྡེ་སྣོད་ཀྱིས་གཉི་གའི་གོ་ཆོད་པས་གཞན་ལས་ཕུལ་དུ་བྱུང་བའི་ཆོས་འདིའི་བརྗོད་དོན་ལ་དབྱེ་བ། བསྡུ་བ། མཚན་ཉིད། གོ་རིམ། གྲངས་ངེས། སྒྲ་དོན་དང་ས་བཅད་དྲུག་གིས་གཏན་ལ་འབེབས་པ་ལ། དང་པོ་དབྱེ་བ་ནི། ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་པགས་དང་། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀོ་ཤ་མྦྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་པ་ལྟར་གཞི་བཅུ་བདུན་ཡིན་ལ། གཉིས་པ་དེ་བསྡུ་བ་ནི། རབ་བྱུང་གི་གཞིའི་སུམ་ཆ་དང་། ལམ་དང་གནས་མལ་གྱི་ཆས་མ་ཐོབ་པར་ཐོབ་པར་བྱེད་པ་དང་ཕྱིར་བཅོས་ཀྱི་གཞི་བདུན་དང་ལས་ཀྱིས་ཉམས་ན་ཕྱིར་འཆོས་པ་དང་། ལྷག་མ་རྣམས་ཀྱིས་ཐོབ་པ་མི་ཉམས་པར་བསྲུང་བ་སྟེ་གསུམ་མམ། བསླབ་པ་ཡོངས་སྦྱོང་བའི་དང་། བདེ་བར་གནས་པའི་རྐྱེན་རྟེན་པ་དང་། ཐམས་ཅད་འགྲུབ་པའི་དང་། ཕྱིར་བཅོས་པའི་དང་ཐམས་ཅད་ཀྱི་རྟེན་བྱེད་པའི་གཞི་སྟེ་ལྔར་བསྡུ། གསུམ་པ་མཚན་ཉིད་ནི། འཇུག་ལྡོག་གཉིས་ཀྱི་ནང་ནས་དང་པོ་གཙོ་བོར་གྱུར་བའི་ཚུལ་ཁྲིམས་ནི་བརྗོད་བྱའི་དང་། དེ་སྟོན་བྱེད་ནི་རྗོད་བྱེད་ཀྱི་མཚན་ཉིད་དོ། །བཞི་པ་གོ་རིམ་ནི། །མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་པ་མི་ཉམས་པར་བསྲུང་བ་དང་། ཉམས་ན་ཕྱིར་འཆོས་པ་རྣམས་རབ་བྱུང་གི་གཞི་དང་། བར་སྐབས་ན་ཤས་ཆེར་བའི་གཞི་བརྒྱད་དང་། ཐ་མར་ཤས་ཆེ་བའི་བདུན་རྣམས་ཀྱིས་སྟོན་པས་རྒྱུ་འབྲས་ཀྱི་གོ་རིམ་མོ། །ལྔ་པ་གྲངས་ངེས་ནི། གང་ཟག་གཅིག་གིས་མངོན་མཐོ་ངེས་ལེགས་ཐོབ་པར་བྱེད་པ་ལ་དང་པོར་བསྟན་པར་མ་ཞུགས་པ་འཇུགཞུགས་ནས་བསླབ་པ་བསྲུང་ཉམས་ན་ཕྱིར་འཆོས་པ་རྣམས་དགོས་པས་གཞི་བཅུ་བདུན་ལས་ཉུང་ན་མི་འདུས་ཤིང་དེ་ཙམ་གྱིས་དགོས་པ་དེ་ཕན་སུམ་ཚོགས་པར་འགྱུར་བས་མང་མི་དགོས་པ་ཡིན་ལ། དྲུག་པ་སྒྲ་དོན་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཕུན་སུམ་ཚོགས་པ་ཉིད་དུ་སྒྲུབ་པའི་རྟེན་ནམ་གཞིར་གྱུར་པས་གཞི་ཞེས་བྱ་བ་དང་དྲུག་གི་ནང་དུ་འདུས་པའི་རྒྱས་བཤད་བདག་གི་བླ་མ་ངེས་པ་དོན་གྱི་སངས་རྒྱས་ངག་དབང་བློ་བཟང་རྒྱ་མཚོའི་ལས་ཆོག་རྣམ་རྒྱལ་གསེར་མདོག་དང་། འཇམ་མགོན་ཙོང་ཁ་བའི་བསླབ་བྱ་ཆེ་ཆུང་། འདུལ་འཛིན་གྲགས་པ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་སོགས་སུ་བལྟ་བར་བྱ་ལ། དོན་ཉེ་བར་བསྡུ་ན། འཇམ་མགོན་ཙོང་ཁ་བའི་འདུལ་བ་རྒྱ་མཚོའི་སྙིང་པོར། བསྙེན་གནས་དགེ་བསྙེན་ཕ་མ་དང་། །དགེ་ཚུལ་ཕ་མ་དགེ་སློབ་མ། །དགེ་སློང་མ་དང་དགེ་སློང་སྟེ། །སོ་སོ་ཐར་པ་རིགས་བརྒྱད་དོ། །ཞེས་བསྙེན་གནས། དགེ་བསྙེན། དགེ་བསྙེན་མ། དགེ་ཚུལ། དགེ་ཚུལ་མ། དགེ་སློབ་མ། དགེ་སློང་། དགེ་སློང་མ་རྣམས་དང་བརྒྱད་དམ། ཇོ་བོ་རྗེ་ལ་སོགས་པ་བསྙེན་གནས་ཡུན་ཐུང་བ་མ་བགྲངས་པའི་སོ་ཐར་རིགས་བདུན་དུ་བཞེད་པ་ཡོད་པ། ཐམས་ཅད་འཁོར་བ་ལས་ངེས་པར་འབྱུང་བའི་བློས་མྱང་འདས་དོན་དུ་གཉེར་བས་བླངས་ན་སོ་ཐར་མཚན་ཉིད་པ་དང་། ཚེ་འདིར་ནད་དང་རྒྱལ་པོའི་ཆད་པ་སོགས་ལས་ཐར་བའི་སླད་དུ་བླངས་པ་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང་། ཕྱི་མར་ལྷ་མའི་བདེ་བ་ཙམ་ཞིག་དོན་དུ་གཉེར་བས་བླངས་པ་ལེགས་སྨོན་ཏེ་ཕྱི་མ་གཉིས་སྡོམ་པ་ཉི་ཚེ་བ་ཡིན་ལ། དེ་ཡང་དགེ་སློང་ནི་ལུས་ངག་གི་མི་དགེ་བ་བདུན་སྡོམ་བའི་སྤོང་བདུན་འཁོར་བཅས་སམ་གཞན་དུ་བཤད་ཟིན་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ། དགེ་ཚུལ་ནི་ལུས་ཀྱི་གསུམ་དང་རྫུན་སྤོང་བ་འཁོར་བཅས་སམ་སྤང་བྱ་རགས་པ་བཞི་བཅུ། དགེ་བསྙེན་ནི་སྲོག་གཅོད་ལྟ་བུ་གཅིག་སྤོང་བ་དང་། མ་བྱིན་ལེན་དང་གཉིས་སྤོང་བ་ཕྱོགས་གཅིག་སྤོང་བ་དང་། །ལུས་ཀྱི་གསུམ་དང་བརྫུན་སྤོང་བ་ཕལ་ཆེར་སྤོང་བ་དང་། ཆང་དང་ལྔ་སྤོང་བ་ཡོངས་རྫོགས་དགེ་བསྙེན་སྤོང་བ་དང་། མི་ཚངས་སྤྱོད་སྤོང་བ་ཚངས་སྤྱོད་ཀྱི་དགེ་བསྙེན། དགེ་ཚུལ་མའི་སྟེང་དུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་སྤོང་བ་དགེ་སློབ་མ། རིན་པོ་ཆེ་ལེན་པ་མ་གཏོགས་དགེ་ཚུལ་དང་ཆ་མཐུན། བསྙེན་གནས་ལ་སྡོམ་པ་སྐྱེ་བའི་རྒྱུ་ནི་མདོ་སྡེ་བ་སོགས་དུད་འགྲོར་ཡང་སྐྱེ་བ་མང་ཡང་འདུལ་བ་ལུང་དང་མདོ་སྡེ་དུ་མར་བཅོམ་ལྡན་འདས་དང་དེའི་ཉན་ཐོས་དག་གིས་འཕྲོག་མ་དང་འབྲོག་གནས་ལ་སོགས་པའི་གནོད་སྦྱིན་ཕོ་མོ་དུ་མ་དང་ཀླུ་ལ་དགེ་བསྙེན་དང་བསྙེན་གནས་སོགས་ཀྱི་བསླབ་པ་ལ་བཀོད་པར་གསུངས་པ་ནི་བར་མ་དགེ་བའམ་ལེགས་པར་སྤྱད་པ་ཙམ་ལ་དགོངས་པ་ཡིན་གྱི། སྡོམ་པ་མཚན་ཉིད་པ་སྐྱེ་བའི་རྟེན་ནི་གླིང་གསུམ་གྱི་སྐྱེས་པ་བུ་མེད་གང་ཡང་རུང་བ་ལས་འགྲོ་བ་གཞན་དུ་མ་ཡིན་པར་འདུལ་འཛིན་ཀུན་བཞེད་པ་མི་འདྲ་བ་མེད། ནང་གསེས་བསྙེན་གནས་ནི། བྱེ་བྲག་སྨྲ་བ་རྣམས་དགེ་སློང་ལས་ལེན་དགོས་པར་བཤད་ཀྱང་འདུལ་བ་ལུང་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྡོམ་པ་འཕོག་པར་གསུངས་པས་སོ་ཐར་ཁོ་ན་དགོས་པ་མིན་ལ། བླང་བའི་ཆོ་ག་སྐྱབས་འགྲོ་འཛིན་པ་སྔོན་དུ་འགྲོ་བས་ཁས་ལེན་ལན་གསུམ་བྱས་པ་ལས་སྐྱེ་ཞིང་། དེ་མཐར་བསླབ་པ་བརྗོད། ཟླ་བྱུང་ངོ་ཅོག་གམ་ལོ་གཅིག་ལ་སོགས་པ་ཉ་སྟོང་བརྒྱད་གསུམ་ལ་མ་ཆག་པར་བྱེད་ན་དུས་གཅིག་ཏུ་བླངས་པས་ཀྱང་རུང་ལ། ཉིན་ཞག་ཧྲིལ་པོའམ་ཉིན་མཚན་སོ་སོར་ཀྱང་ཁས་ལེན་པ་ཡོད། སྡོམ་པའི་སྤང་བྱ་རྩ་བ་བཞི་དང་། ཆང་། གར་སོགས་འཕྲང་སོགས། མལ་བསྟན་ཆེ་མཐོ། དུས་མིན་གྱི་ཁ་ཟས་ཏེ་བརྒྱད་དུ་བཞེད། དགེ་བསྙེན་ནི། མིང་ཆེན་གྱི་མདོ་ལས། མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་བགོས་པ་སྐྱེས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ཚིག་ཏུ་སྨྲ་ན་འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ། ཞེས་གསུངས་པ་ལྟར་ཉི་འོག་པ་སོགས་སྐྱབས་འགྲོ་ཙམ་གྱིས་དགེ་བསྙེན་དུ་འགྱུར་བར་འདོད་པ་དང་། བྱེ་སྨྲ་བ་བསླབ་པ་ལྔ་ག་མ་ཚང་ན་དགེ་བསྙེན་མཚན་ཉིད་པར་མི་བཞེད་པ་སོགས་སྣང་ཞིང་། ལེན་པའི་ཆོ་ག་དང་པོར་སྐྱབས་འགྲོ་ལན་གསུམ། དེ་ནས་བསླབ་པ་བརྗོད་པ་ལན་གསུམ། དེ་རྗེས་བདག་སྣ་འདི་ཙམ་སྤྱོད་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་པས་སྡོམ་པ་སྐྱེ། ལྟུང་བ་ཕྲ་རགས་ནི་བསྙེན་གནས་དང་ཆོས་མཚུངས་ལ། གཏོང་བའི་རྣམ་བཞག་ཕལ་ཆེར་རབ་བྱུང་དང་འདྲའོ། རབ་ཏུ་བྱུང་བའི་སྡོམ་པ་ཚིགས་སྔ་ཕྱི་གཉིས་ཀྱི་མ་ཐོམ་པ་ཐོབ་པར་བྱེད་པ་ལ། ལེན་པ་པོ་བུ་ལོན་ཆགས་པ་དང་། བྲན་དང་། ཕ་མས་མ་གནང་པ་དང་། རྒྱལ་པོས་མ་གནང་པ་སོགས་ལ་སྡོམ་པ་སྐྱེས་སུ་ཟིན་ཀྱང་། དེ་དག་གི་དབང་གིས་མྱུར་དུ་འབབ་དགོས་པས་གནས་པ་ལ་བར་དུ་གཅོད་པ་དང་། སྐྱེས་ཙམ་ནས་སྐྲ་སེར་པོ་དང་སེར་སྐྱར་འདུག་པ་སོགས་སྡོམ་པ་སྐྱེས་སུ་ཟིན་ཀྱང་ལུས་བྱད་མི་སྡུག་པའི་རྐྱེན་གྱིས་ཁྱིམ་པ་རྣམས་བསྟན་པ་ལ་མིད་དད་པའི་རྒྱུ་བྱེད་པས་མཛེས་པ་ལ་བར་དུ་གཅོད་པ་དང་། སྡོམ་པ་སྐྱེས་སུ་ཟིན་ཀྱང་ནད་ཀྱི་དབང་གིས་བསླབ་པ་སོགས་ལ་སྦྱོར་མི་བཟོད་པས་ཡོན་ཏན་གོང་འཕེལ་ལ་ཁྱད་པར་དུ་འགྱུར་བའི་གེགས་བྱེད་པའི་བར་དུ་གཅོད་པ་དང་། མཚམས་མེད་པ་བྱས་པ་དང་། ཕ་མ་དང་། མ་ནིང་དང་། སྤྲུལ་པ་དང་། བྱང་གི་སྒྲ་མི་སྙན་སོགས་འགྲོ་བ་རིགས་མི་མཐུན་པ་སོགས་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་སྟེ་འགལ་རྐྱེན་བར་ཆད་བཞི་སྤངས་ཤིང་། ཡུལ་དང་རྒྱུད་དང་། རྟགས་དང་། བསམ་པ་དང་། ཆོ་ག་སྟེ་མཐུན་པའི་རྐྱེན་ལྔ་ཚང་བ་ཞིག་དགོས་པ་ལས་ཡུལ་ནི། སངས་རྒྱས་ཀྱི་སྐུ་གཟུགས་བཞུགས་པ། དམ་པའི་ཆོས་མ་ནུབ་པ། ཞུ་བའི་ཡུལ་དགེ་འདུན་དུ་ལོངས་པ་སོགས་དང་། མཁན་པོ་བརྟན་པའི་ཡན་ལག་བསྙེན་པར་རྫོགས་ནས་ལོ་བཅུ་ཕྲག་ལྷག་པ་ལོན་ཞིང་། འདུལ་བའི་ཚིག་དོན་ལ་མཁས་པ་བསྙེན་པར་རྫོགས་པ་མ་ཡིན། མི་འདུག་པར་འགྲེང་བ་མ་ཡིན། གང་ལ་བྱ་བ་མ་ཡིན་པ་སོགས་ཁ་སྐོང་གི་ཆོས་བཅུ་གསུམ་དང་། ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ལས་གང་ཡང་རུང་བ་སྣམས་དང་ལྡན་པ་དང་། དགེ་ཚུལ་གྱི་སློབ་དཔོན་དེའི་སྡོམ་པ་འབོག་པ་དང་བསླབ་བྱ་བརྗོད་པ་ལ་མཁས་པ། གསང་སྟོན་མཁན་པོའི་ཚིག་གིས་གསོལ་བ་བཏབ་པ་ཁས་བླངས་པ་ལ་དགེ་འདུན་གྱི་ལས་ཀྱིས་བསྐོས་ཤིང་ལྐོག་ཏུ་བར་ཆད་འདྲི་བའི་ཆོ་ག་ལ་བྱང་བ། ལས་སློབ་དགེ་འདུན་གྱི་དབུས་སུ་ལས་ཆོག་ཚིག་ཕྱེད་ཀྱང་མ་འཁྲུལ་བར་བློ་ལ་ཐོན་པ་རྣམས་དང་། ཡུལ་དབུས་སུ་བཅུ་དང་མཐའ་འཁོབ་ཏུ་ལྔས་ཉུང་མཐའ་བྱས་པའི་དགེ་འདུན་གྲངས་ཚང་བ། རྒྱུད་ནི་ཚོགས་སུ་ཚང་བ་གང་ལེན་པའི་སྡོམ་པ་དེ་སྔར་ཐོབ་ལ་ཉམས་པ་མ་ཡིན་པ། རྟགས་ནི། དགེ་ཚུལ་ལ་རུབ་བྱུང་གི་རྟགས་དང་ཆ་ལུགས། དགེ་སློང་ལ་ཆོས་གོས་གསུམ་ལྷུང་བཟེད་དང་བཅས་མཁན་པོས་བྱིན་གྱིས་བརླབས་ཏེ་ཚུལ་བཞིན་བསྐོན་པ། ཁྲུས་བྱས་པ་རྣམས་དང་ལྡན་པ། བསམ་པ་ནི་རང་བཞིན་དུ་གནས་པ། སྡོམ་པ་དེ་བསམ་མ་ཐག་པ་ནས་ལེན་པ་འདོད་ཅིང་། སྡོམ་པ་ཐོབ་དུས་ཤེས་པ་ངེས་འབྱུང་གི་བསམ་པས་ཟིན་པ་རྣམས་དང་ལྡན་པའི་སྒོ་ནས་བསྟན་པའི་རྩ་བ་ཚིགས་སྔ་ཕྱིའི་སྡོམ་པ་ངེས་པར་ཐོབ་པ་ཞིག་དགོས། ཐོབ་པ་མི་ཉམས་པར་བསྲུང་བ་ནི། དགེ་བའི་བཤེས་གཉེན་ཁྱད་པར་ཅན་ལ་བརྟེན་ཏེ་བསྲུང་བ། རང་གི་བསམ་པ་རྣམས་པར་དག་པའི་སྒོ་ནས་བསྲུང་བ། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ། བདེ་བར་གནས་པའི་རྐྱེན་བརྟེན་པའི་སྒོ་ནས་བསྲུང་བ། མི་མཐུན་ཕྱོགས་ངོ་ཤེས་པར་བྱས་ཏེ་བསྲུང་བ་སྟེ་ཡན་ལག་ལྔའི་སྒོ་ནས་བསྲུང་བ་ཡིན་ལ། དེ་ཡང་དགེ་ཚུལ་ནི་བསྟན་པ་ལ་ཞུགས་ཀྱང་མ་རྫོགས་པ་ཡིན་པས་བསླབ་པ་དང་འགལ་བའི་ལྟུང་བ་ལ་སྡེ་ཚན་རིགས་མི་གཅིག་པ་དུ་མ་མེད་ཀྱི། ལྟུང་བ་ཐམས་ཅད་ཉེས་བྱས་བྱ་བའི་མིང་རིགས་གཅིག་ཏུ་ཟད་ལ། དངོས་སུ་བླངས་པ་ལས་འདས་པའི་ལྟུང་བ་སུམ་ཅུ་རྩ་དྲུག་ལས། རྩ་ལྟུང་བཞི་ཕམ་པ་དང་འདྲ་བའི་ཉེས་བྱས། དེ་དག་དང་ཆང་སྤང་སོགས་ལྟུང་བ་ཕྱེད་དང་བཅོ་བརྒྱད་དགེ་ཚུལ་ལ་ལྟུང་མེད་ཡིན་པས་དེ་དག་མ་གཏོགས་པ་དགེ་སློང་གི་བསླབ་པའི་གཞི་ཇི་སྙེད་ཡོད་པ་དེ་དག་ལས་དགེ་ཚུལ་གྱིས་འདས་པ་ལ་ཡང་བསྡམ་པའི་ཉེས་བྱས་ཡིན་ཞིང་། དགེ་སློང་གི་བསླབ་པ་དང་འགལ་བའི་ལྟུང་བ་ནི་ཕམ་པ་དང་། ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཏེ་སྡེ་ཚན་ལྔར་མཐའ་དག་འདུས་ཤིང་། བསླབ་པ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གཞིས་བསྡུས་ཀྱི་ཉེས་བྱས་དང་བཅས་པ་ཐམས་ཅད་ཀྱི་བསྲུང་མཚམས་དང་ལྟུང་བའི་རྒྱུ་ཚོགས་ཞིབ་པར་ཤེས་པ་དགོས། ཉམས་པ་ཕྱིར་བཅོས་ལ། ཕམ་པ་འཆབ་བཅས་ཀྱིས་ཉམས་པ་ནི། ཤིང་ཏ་ལའི་མགོ་བཅད་པ་ལྟར་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་པས་ལྡང་བའི་ཐབས་ཀྱི་ཕྱིར་བཅོས་པའི་ཆོ་ག་མེད་ཅིང་། འཕམ་པ་འཆབ་སེམས་མི་བསྐྱེད་པས་ཉམས་པ་མན་ཆོད་ཀྱི་ལྟུང་བ་རྣམས་ལས་ཆོག་རྣམས་བཤད་པ་ལྟར་ཕྱིར་འཆོས་པར་བྱེད་པ་རྣམས་དང་ལྡན་ན་དུས་དབང་གི་བསླབ་པ་སྣ་གཅིག་བསྲུང་བའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་སྟེ། ཏིང་འཛིན་རྒྱལ་པོའི་མདོ་ལེའུ་སོ་དྲུག་པ་ལས། བསྐལ་བ་བྱེ་བ་གངྒའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་འཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགགས་པར་གྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་དང་། སྔོན་གྱི་སངས་རྒྱས་བདག་གིས་བསྟོད་པ་ཡི། །ཚུལ་ཁྲིམས་དྲི་མ་མེད་པ་སུས་བསྲུང་བ། །དེ་དག་གིས་ནི་སེམས་ཅན་མང་པོ་ཡང་། །དམྱལ་བ་དང་ནི་སྡིག་པའི་ཆོས་ལས་འདྲེན། །གང་གིས་ཚུལ་ཁྲིམས་དྲི་མ་མེད། །སངས་རྒྱས་བསྔགས་པ་སྲུངས་པ་ནི། དེ་ཡིས་ཇི་སྙེད་སྔོན་བྱུང་བ། །བདེ་གཤེགས་ཐམས་ཅད་རི་མོར་བྱས། །ཞེས་དང་། དཀོན་བརྩེགས་འདུས་པ་ཉེར་གཉིས་པ་ལྷའི་བུ་དེད་དཔོན་གྱིས་ཞུས་པ་ལས། གང་དག་སྔོན་ཆད་བྱུང་བའི་སངས་རྒྱས་དང་། །གང་དག་མ་བྱོན་འབྱུང་དང་ཞུགས་པ་རྣམས། །དེ་དག་སྐྱོན་མང་ཁབ་ནི་མ་སྤངས་པར། །བླ་མེད་བྱང་ཆུབ་ཞི་བ་ཐོབ་པ་མེད། །རབ་བྱུང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རབ་ཏུ་བསྟོད་ཅིང་བསྔགས་ལ་བཀུར་བ་སྟེ། །གང་ཞིག་སངས་རྒྱས་ཀུན་ལ་མཆོད་འདོད་པ། །རྒྱལ་བའི་བསྟན་ལ་རབ་འབྱུང་གཟུང་བར་གྱིས། །ཞེས་སོགས་དུ་མར་གསུངས་པ་ལྟར་དང་།

(2)    བྱང་ཆུབ་སེམས་དཔའི་སྡོམ་པ།

གཉིས་པ་བྱང་སྡོམ་ནི། ས་པཎ་གྱིས། སེམས་བསྐྱེད་ལ་ནི་ཉན་ཐོས་དང་། །ཐེག་པ་ཆེན་པོ་ལུགས་གཉིས་ཡོད། །ཅེས་སེམས་བསྐྱེད་ལ་ཐེག་པ་ཆེ་ཆུང་གཉིས་ཀྱི་དམན་པ་ལ་དགྲ་བཅོམ་རང་རྒྱལ་སངས་རྒྱས་གསུམ་གྱི་སེམས་བསྐྱེད་ཡོད་ཀྱང་དེ་དག་གངས་ཅན་དུ་མ་དར། ཐེག་པ་ཆེནཔོའི་འཇུག་པ་སེམས་བསྐྱེད་ཆོ་གས་བཟུང་ནས་བྱང་སེམས་ཀྱི་སྡོམ་པ་མནོས་ཏེ་ཚུལ་བཞིན་སློབ་པ་ལ་བོད་ཀྱི་མཁས་པ་མང་པོ་མི་ཕམ་འཕགས་པ་ཐོགས་མེད་དང་དཔལ་མགོན་ཀླུ་སྟེ་ཤིང་རྟ་ཆེན་པོ་དབུ་སེམས་གཉིས་སུ་བཞེད་པ་ལྟར་འདིར་ཡང་། མགོན་པོ་བྱམས་པས། བཤེས་གཉེན་དུལ་བ་ཞི་བར་ཉེར་ཞི་བ། །སོགས་དང་ཀླུས། ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། ཞེས་སོགས་གསུངས་པས་བླང་བྱའི་ཡུལ་མི་འདྲ། སེམས་ཙམ་པ། སོ་སོ་ཐར་པ་རིགས་བདུན་གྱི། ནས། སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་བྱང་སྡོམ་ལེན་རྟེན་ལ་སོ་ཐར་རིགས་བདུན་གང་རུང་དང་ལྡན་དགོས་པ་དང་། དབུ་མ་བ་འགྲོ་བ་རིགས་དྲུག་མཐའ་དག་དང་རྒྱལ་པོ་ནས་ཤན་པའི་བར་ཐམས་ཅད་ལ་སྐྱེ་བར་བཞེད་པས་ལེན་པའི་གང་ཟག་མི་འདྲ་བས་མཚོན། བླང་བའི་ཆོ་གབླངས་ནས་བསྲུང་ཚུལ། ཉམས་ན་ཕྱིར་བཅོས་ལ་སོགས་པ་མི་འདྲ་བ་ཡོད་པར་གསུངས་ཀྱང་། མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་སྡོམ་གསུམ་རྣམ་བཞག་ཐུབ་བསྟན་བྱི་དོར་དུ། དང་པོ་ཁོ་ནར་བླང་བའི་ཡུལ་མི་འདྲ་བའི་ཚུལ་སྨྲས་པ་དེ་མི་འཐད་དེ། ལུང་དེ་གཉིས་ཚིག་ཐ་དད་པ་ཙམ་དུ་ཟད་ཀྱི། དེས་བསྟན་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཅུང་ཟད་རྒྱས་བསྡུས་མ་གཏོགས་དོན་གཅིག་ཏུ་སྣང་བའི་ཕྱིར་རོ། །ཞེས་མི་འདྲ་བའི་ཁྱད་པར་ཐམས་ཅད་བཀག་ཅིང་། དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཆོ་གའི་ཡན་ལག་འགའ་ཞིག་མི་འདྲ་བ་མ་གཏོགས་སྡོམ་པ་ཐོབ་པའི་ཆོ་ག་ལ་དོན་ཁྱད་པར་མེད་ཅིང་། གཞན་དག་དབུ་མ་ལུགས་ཀྱི་ཕྱོགས་སུ་འདོད་པའི་སློབ་དཔོན་ཛི་ཏ་རེས་ཀྱང་སྨོན་སེམས་དང་སྡོམ་པ་བཟུང་བའི་རིམ་པ་གཉིས་མཛད་ལ། ཞེས་གསུངས་པ་ལྟར་མདོར་བསྡུས་ན། མི་ཕམ་འཕགས་པ་ཐོགས་མེད་ཀྱིས་བྱང་སའི་ཚུལ་ཁྲིམས་ལེའུ་ལས། ངོ་བོ་ཉིད་དང་ཐམས་ཅད་དང་། །དཀའ་བ་དང་ནི་སྒོ་ཀུན་དང་། །སྐྱེས་བུ་དམ་པ་ལྡན་པ་དང་། །དེ་བཞིན་རྣམ་པ་ཐམས་ཅད་དང་། །ཕོངས་ཤིང་འདོད་དང་ལྡན་པ་དང་། །འདི་དང་གཞན་དུ་བདེ་འགྱུར་དང་། །རྣམ་པར་དག་དང་རྣམ་དགུ་སྟེ། །མདོར་ན་ཚུལ་ཁྲིམས་དེ་ཡིན་ནོ། །ཞེས་སྤྱིའི་མཚན་ཉིད་དེ་ངོ་བོ། དངོས་པོའི་དབྱེ་བས་ཐམས་ཅད། སྒྲུབ་དཀའ་བ་ལ་འཇུག་པས་ཐུན་མོང་མ་ཡིན་པའི་ཁྱད་པར། ཇི་ལྟར་འཇུག་པའི་དབྱེ་བའི་སྒོ། བྱེད་པ་པོ་རྟེན་གྱི་ཁྱད་པར་སྐྱེས་བུ་དམ་པ། རྣམ་པའི་རབ་ཏུ་དབྱེ་བ་ཐམས་ཅད། ཡུལ་དང་བྱེད་པའི་ཁྱད་པར་གྱི་ཕོངས་ཤིང་འདོད་པ། འབྲས་བུའི་ཁྱད་པར་གྱི་འདི་དང་གཞན་དུ་བདེ་བ་དང་། རྣམ་པར་དག་པ་སྟེ། བྱང་སྡོམ་ལ་ས་དཔྱད་དམ་རྣམ་གྲངས་དགུར་བཞེད་པའི་ཚུལ་ཁྲིམས་ཀྱི་ངོ་བོ་ལ་སྡོམ་པ་ནོད་པའི་ཡུལ། ལེན་པར་བྱེད་པའི་གང་ཟགགང་སྲུང་བར་བྱེད་པའི་ཚུལ་ཁྲིམས། དེ་ཉིད་ཇི་ལྟར་སྲུང་བའི་ཚུལ། སྡོམ་པ་གཏོང་བའི་རྒྱུ། ཉམས་ན་ཕྱིར་བཅོས་པའི་སྒོ་རྣམས་ཀྱིས་གཏན་ལ་འབེབ་པ་ལས། དང་པོ་སྡོམ་པ་ནོད་པའི་ཡུལ་ལ་སློན་དཔོན་ཡོད་པ་དང་མེད་པ་གཉིས་ལས། དང་པོ་སྡོམ་པ་ནོད་ཡུལ་སྨོན་སེམས་བསྐྱེད་པ། བྱང་སྡོམ་ལ་གནས་པ། ཐེག་པ་ཆེན་པོ་ལ་མཁས་པ། བསླབ་པ་ནོད་པར་གསོལ་བ་འདེབས་པ་ལ་སོགས་པའི་ངག་གི་རྣམ་པར་རིག་བྱེད་ཀྱི་ཚིག་འབྲུ་འཛིན་ནུས་ཤིང་དོན་གོ་བ་ལས་བླང་བར་བྱ་སྟེ་སློབ་དཔོན་ཙནྡྲ་གོ་མིའི་སྡོམ་པ་ཉི་ཤུ་པར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས། །བསོད་ནམས་ཀུན་གྱི་གཏེར་གྱུར་གང་། །དེ་ནི་བསམ་པ་དམ་པ་ཡིས། །བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་གསུངས་པ་ལྟར་བྱང་སྡོམ་འབོགས་པའི་མཚན་ཉིད་དང་ལྡན་པའི་བླ་མའམ། དེ་མ་རྙེད་ན་བྱང་ས་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བཞུགས་ཤིང་འཚོ་བ་ཐམས་ཅད་ཀྱི་ཞབས་ལ་གཏུགས་ཏེ། ཞེས་པ་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་ཡན་ལག་བདུན་པ་སོགས་སྔོན་དུ་བཏང་། རང་ཉིད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་མཁྱེན་པར་གསོལ་ཏེ། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་མཐའ་དག་ལ་སློབ་པར་ཁས་ལེན་པ་ལན་གསུམ་གྱིས་ལེན་པར་བྱ་བ་ཡིན་ལ། ལེན་པའི་རྟེན་ནམ་གང་ཟག་ཀྱང་རྒྱ་གར་གྱི་གྲུབ་ཆེན་ཛེ་ཏ་རིས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྟེན་དང་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་པས། ཞེས་གསུངས་པ་ལྟར་ལྷ་དང་ཀླུ་ལ་སོགས་པ་རྟེན་དེ་ལ་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་སེམས་བསྐྱེད་རུང་བ་ཐམས་ཅད་སྨོན་སེམས་ལེན་པ་ཙམ་གྱི་རྟེན་དུ་རུང་ཡང་། བྱང་སེམས་ཀྱི་སྡོམ་པའི་དངོས་རྟེན་མཚན་ཉིད་ཚང་བར་སོང་བའི་སྨོན་སེམས་ཆོ་གས་འཛིན་པའི་རྟེན་ལ་ནི། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་གི་བསམ་པ་དང་མན་ངག་རྒྱུ་འབྲས་བདུན་ལ་སོགས་པ་ལ་ལེགས་པར་བློ་སྦྱངས་པས། བྱང་ཆུབ་ཀྱི་སེམས་ལ་ཡིད་འགྱུར་བའི་མྱོང་བ་སྣ་ཟིན་རྒྱུད་ལ་སྐྱེས་པ་ཡན་ཆད་གཅིག་དགོས་ཞེས་མཁས་གྲུབ་རྗེས་གསུངས་ལ། ཇོ་བོ་ཨ་ཏི་ཤས་ལམ་སྒྲོ་དུ། སོ་སོ་ཐར་བའི་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་དག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་པ་འདི་ལ། འཇམ་མགོན་ཙོང་ཁ་པ་ཆེན་པོས་བྱང་ཆུབ་གཞུང་ལམ་དུ། ཞེས་གསུངས་པའི་ལུང་ལས་དང་པོ་བ་ལ་སོ་ཐར་རིས་བདུན་གང་རུང་མེད་ན་ཚུལ་ཁྲིམས་ཀྱི་སྡོམ་པ་ཁྱད་པར་ཅན་སྐྱེ་བའི་སྐལ་བ་མེད་ལ། སོ་ཐར་རིགས་བདུན་དང་མཐུན་མོང་བ་རང་བཞིན་སྤོང་བ་མེད་ན་བྱང་སེམས་ཀྱི་སྡོམ་པ་ཙམ་སྐྱེ་བའི་སྐལ་བ་མེད་ཅེས་སྟོན་པ་ཡིན་གྱི། སོ་ཐར་རིགས་བདུན་མཚན་ཉིད་པ་གཅིག་མེད་ན་བྱང་སེམས་ཀྱི་སྡོམ་པ་མི་སྐྱེ་བར་བཞེད་པ་མིན་ཏེ། ཞེས་ལམ་སྒྲོན་འགྲེལ་བ་དང་། ཐུབ་དགོངས་འདྲེན་པར་མཛད་ལ། གཞནཡང་དེ་ལྟར་ན་ལྷ་ལ་བྱང་སྡོམ་མི་སྐྱེ་བར་བཞེད་དགོས་ཀྱང་། དེར་བྱང་སྡོམ་སྐྱེ་བ་ཤིང་རྟ་ཆེན་པོ་གཉིས་ག་དགོངས་པ་མཐུན་ཅིང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་བྱང་སྡོམ་སྐྱེ་བ་བཀའ་བསྟན་དུ་མ་ལས་བཤད་མོད་དེ། དེ་ལ་དགེ་བསྙེན་དང་ཡན་ལག་བརྒྱད་པ་ལ་སོགས་པའི་སོ་ཐར་ཡོད་དུ་ཟིན་ཀྱང་དེ་ལས་དམན་པ། མདོ་སྡེ་བསྐལ་བ་བཟང་པོ་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་དཔལ་དེ་ལ། །ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་སུ། །དང་པོར་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་དང་། དེ་བཞིན་དུ་བདག་ཅག་གི་སྟོན་པས་ཀྱང་དྲིན་ལན་བསབ་མདོར། དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་དུས་གྲོགས་ཀྱི་སྡུག་བསྔལ་ལ་བསམ་ཏེ་བྱང་སེམས་འཁྲུངས་པ། ཕུང་པོ་གསུམ་པར་ཚོང་དཔོན་གྱི་བུ་མངོན་དགའི་དུས་དང་། བསྐལ་བཟང་དུ་དམན་པ་ཞེས་མུ་ཏོ་བ་ལྟ་བུ། འདུལ་བར་རྒྱལ་པོ་འོད་ལྡན་དང་། རྫ་མཁན་ཡངས་པའི་འོད། མྱང་འདས་སུ་དབུལ་པོ། སྙིང་རྗེ་པད་དཀར་དུ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་རྣམས་སུ་གྱུར་དུས་ཐུགས་བསྐྱེད་པ་དང་། སྤྱན་རས་གཟིགས་ལ་མཚོན་ན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མདོར་རྒྱལ་པོ་དཔལ་གྱི་གཟི་བརྗིད་ཀྱི་གློ་གཡས་གཡོན་ནས་རྫུས་སྐྱེས་ཀྱི་ཁྱེའུ་རིན་ཆེན་མཆོག་དང་། ཆོས་དང་དོན་རྣམ་པར་འབྱེད་པའི་མདོར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་བ་ཐོབ་ཀྱི་བཙུན་མོ་རིན་ཆེན་དཔལ་གྱི་པང་པ་ནས་བརྫུས་ཏེ་སྐྱེས་པ་ཁྱེའུ་རིནཆེན་འབྱུང་གནས་སུ་གྱུར་དུས་ཐུགས་བསྐྱེད་པར་བཤད་པ་སོགས། སོ་ཐར་གྱི་སྡོམ་པ་ལེན་པའི་སྐལ་བ་མེད་ཅིང་བསྲུང་མི་ནུས་པ་དུ་མ་འབྱུང་བ་ལྟར་དང་། རང་མི་འདོད་བཞིན་དུ་ཕ་རོལ་པོས་འཛིན་བཅུག་པའམ་གཞན་དང་འགྲན་པའི་ཕྱིར་མ་ཡིན་ན་སོ་ཐར་རིགས་བདུན་གང་རུང་དང་ལྡན་པ་ངེས་པར་དགོས་པ་ནི་མ་ཡིན་ནོ། །བླངས་པ་མི་ཉམས་པར་བསྲུང་བའི་ཚུལ་ལ། གང་སྲུང་བར་བྱེད་པའི་ཚུལ་ཁྲིམས་དང་། དེ་ཉིད་ཇི་ལྟར་སྲུང་བའི་ཚུལ་གཉིས་ལས། དང་པོ་ནི། རྒྱལ་སྲས་འཕགས་པ་ཐོགས་མེད་ཀྱིས། བྱང་ཆུབ་སེམས་དཔའ་ཁྱིམ་པའི་ཕྱོགས་ལ་བརྟེན་པ་དང་། རབ་བྱུང་པའི་ཕྱོགས་ལ་བརྟེན་པའི་ཚུལ་ཁྲིམས། དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་ལ་ཕན་འདོགས་པའི་ཚུལ་ཁྲིམས་སོ། །ཞེས་གསུངས་པ་ལྟར་དང་། དེ་ཡང་བྱང་སེམས་ཀྱི་བྱ་བ་ནི་རང་རྒྱུད་སྨིན་པར་བྱེད་པ་དང་། གཞན་རྒྱུད་སྨིན་པར་བྱེད་པ་གཉིས་སུ་ངེས་པ་ལས། དང་པོར་ཉེས་སྤྱོད་སྤོང་བ་དང་ལེགས་སྤྱོད་བསྡུ་བ་གཉིས་སུ་ངེས་པའི་ཕྱིར། ཚུལ་ཁྲིམས་རྣམ་པ་གསུམ་དུ་གྲངས་ངེས་པའི་རྒྱུ་མཚན། ཉན་ཐོས་དང་ཐུན་མོང་སྡོམ་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཕྱི་མ་གཉིས་ཀྱི་གཞི་རྟེན་དུ་གྱུར་ལ། མདོ་ལས་བདག་མ་གྲོལ་བར་གཞན་མི་དགྲོལ་བར་གསུངས་པ་བཞིན་རང་རྒྱུད་ལ་དགེ་བ་སྡུད་པ་དང་པོར་མ་བྱས་པར་སེམས་ཅན་གྱི་དོན་བྱེད་མི་ནུས་པས་གོ་རིམ་དེ་ལྟར་འཐད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི། བྱང་སེམས་སོ་ཐར་གྱི་སྡོམ་ལྡན་ཡིན་ན་དེའི་རྒྱུད་ཀྱི་ཐེག་པ་ཆེནཔོའི་བྱང་ཆུབ་སེམས་ཀྱིས་ཡང་དག་པར་ཟིན་པའི་སོ་ཐར་གང་རུང་གི་སྡོམ་པ་དང་། སོ་ཐར་དངོས་ཀྱི་སྡོམ་ལྡན་མིན་ན། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་ཚུལ་ཁྲིམས་ཆོས་ཉིད་ཀྱི་ཐོབ་པའམ་བླངས་པ་ལས་བྱུང་བ་གང་རུང་ནི་སྡོམ་པའི་ཚུལ་ཁྲིམས་ཡིན་ལ། དགེ་བ་ཆོས་སྡུད་ནི། མདོར་ན་བྱང་སེམས་ཀྱི་སྡོམ་པ་ཡང་དག་པར་བླངས་པའི་འོག་ཏུ་དེའི་རྒྱུད་ཀྱི་ཐེག་པ་ཆེན་པོའི་བྱང་སེམས་ཀྱིས་ཡང་དག་པར་ཟིན་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་དགེ་བ་བསགས་པ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་དོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བྱང་སྡོམ་དེ་ཡང་དག་པར་ཐོབ་ནས་ཐེག་པ་ཆེན་པོའི་བྱང་སེམས་ཀྱིས་ཟིན་པའི་སྒོ་ནས་གྲོགས་བྱ་དགོས་པ་དང་། ཐབས་ལ་རྨོངས་པ་དང་། ཕན་འདོགས་པ་དང་། འཇིགས་པས་ཉེན་པ་དང་། མྱ་ངན་གྱིས་གཟིར་བ་དང་། ཡོ་བྱད་ཀྱིས་ཕོངས་པ་དང་། གནས་འཆའ་བར་འདོད་པ་དང་། བློ་མཐུན་པར་འདོད་པ་དང་། ཡང་དག་པར་ཞུགས་པ་དང་། ལོག་པར་ཞུགས་པ་དང་། རྫུ་འཕྲུལ་གྱིས་གདུལ་བར་བྱ་བ་སྟེ་རྣམ་པ་བཅུ་གཅིག་གི་དོན་ཇི་ལྟར་རིགས་པར་སྒྲུབ་པའོ། །ཇི་ལྟར་བསྲུང་བའི་ཚུལ་ཡང་། རྒྱས་སྲས་ཞི་བ་ལྷའི་བསླབ་པ་ཀུན་ལས་བཏུས་སུ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །རྒྱས་པར་ཐེག་པ་ཆེ་ལས་འབྱུང་། ཞེས་དང་། དགེ་བའི་བཤེས་གཉེན་མི་བཏང་ཞིང་། །མདོ་སྡེ་རྣམས་ལ་རྟག་བལྟ་བས། །ཞེས་ཐབས་དེ་དག་གི་སྒོ་ནས་བསྲུང་བར་བཤད་པས་ན་སྤྱིར་ཐེག་ཆེན་གྱི་བསླབ་པའི་གནས་རྣམས་ལ་རང་ཉིད་གོམས་པ་ལྷུར་ལེན་བྱེད་ཅིང་གདུལ་བྱ་གཞན་དག་ཀྱང་ཚུལ་དེ་ལ་སྦྱོར་བའི་དགེ་བའི་བཤེས་གཉེན་མི་གཏོང་བར་གུས་པས་བསྟེན་པ་ནི་བསྲུང་ཐབས་ཀྱི་གཙོ་བོ་ཡིན་ལ། གཞན་ཡང་ཐེག་པ་ཆེན་པོའི་མདོ་སྡེ་རིན་པོ་ཆེ་རྣམས་དང་། ཁྱད་པར་བྱང་ས་དང་བསླབ་བཏུས་ལ་ཐོས་བསམ་ལེགས་པར་བྱ་ཞིང་། དེ་ཙམ་མ་ལྕོགས་ཀྱང་ཚུལ་ཁྲིམས་ལེའུ་ཙམ་ལ་ངེས་པར་སྦྱངས་ནས། བྱང་སེམས་བསླབ་པའི་གནས་མཐའ་དག་ལ་སྒྲོ་འདོགས་ཆོད་ཅིང་མཁས་པར་བྱ་བ་གལ་ཆེ་སྟེ། དེ་ལྟར་མ་ཡིན་ན་འཇུག་ལྡོག་བྱ་བའི་གཞིར་གྱུར་བའི་བླང་དོར་གྱི་གནས་རྣམས་ལ་རྨོངས་པར་འགྱུར་བས་སོ། །འོ་ན་བྱང་སེམས་ལས་དང་པོ་བས་མདོ་སྡེ་དག་ནས་འབྱུང་བའི་བསླབ་པ་རྣམས་ལས་ཇི་ཙམ་ཞིག་ལ་བསླབ་ཅེ་ན། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའི་བསླབ་པའི་རབ་ཏུ་དབྱེ་བ་ཚད་མེད་དེ། ཞེས་དང་། སློབ་དཔོན་བྱང་ཆུབ་བཟང་པོས་སྡོམ་པ་ཉི་ཤུ་པའི་འགྲེལ་བར། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ནི་ཚད་མེད་ཅིང་ཐར་ཐུག་པ་མེད་པའི་ཕྱིར་རོ། །ཞེས་རྒྱས་པར་ཕྱེ་ན་བྱང་སེམས་ཀྱི་བསླབ་པའམ་སྤྱོད་པ་ལ་གྲངས་དང་ཚད་མེད་ཅིང་། འོན་ཀྱང་གྲངས་ཉེ་བར་མཚོན་ཏེ་གསུངས་པ་ནི། སྨན་བླའི་མདོ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་བསླབ་པའི་གཞི་བཞི་བརྒྱ་པོ་དག་འཛིན་པ་དང་། ཞེས་བཞི་བརྒྱར་བཤད་ཅིང་། ཞི་བ་བ་འཚོས་ཉི་ཤུ་པའི་འགྲེལ་བར། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་སྟོང་ཕྲག་དུ་མ། ཞེས་དང་། རྟོག་གེ་འབར་བ་ལས། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བདུན་བརྒྱད་ལ་སྣང་། ཞེས་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བཤད་པའི་མདོ་ལས། ཕམ་པ་བཅུ་དང་ལྟུང་བ་བཞི་བཅུ་རྩ་བརྒྱད་དེ་བསླབ་པ་ལྔ་བཅུ་རྩ་བརྒྱད་དུ་བཤད། དབུ་མ་རིན་ཆེན་ཕྲེང་བ་ལས། བྱང་ཆུབ་སེམས་པའི་བསླབ་པ་བཞི་བརྒྱ་དང་། མདོ་སྡེ་ཆོས་ཀྱི་རྒྱ་མོ་ལས། ཕམ་པ་བཅུ་དང་ལྟུང་བ་བཞི་བཅུ་རྩ་བརྒྱད་དུ་བཤད་པ་སོགས་གདུལ་བྱའི་བློ་ཚོད་དང་སྦྱར་བའི་གྲངས་དུ་མ་ཡོད་ཀྱང་། དོན་སློབ་དཔོན་ཙནྡྲ་གོ་མིས། །གཞན་རྣམས་དང་ནི་བདག་ལའང་རུང་། །སྡུག་བསྔལ་ཡིན་ཡང་གང་ཕན་དང་། །ཕན་དང་བྱ་བ་རྣམས་བྱ་སྟེ། བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པའི་ནང་དུ་བྱང་སེམས་ཀྱི་བསླབ་པ་ཐམས་ཅད་འདུ་བར་བཞེད་ལ། དེང་སང་གྲགས་ཆེ་བ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་བས་བྱང་ཆུབ་གཞུང་ལམ་དུ་ཕམ་པའི་སྡེ་ཚན་དང་ཉེས་བྱས་ཀྱི་སྡེ་ཚན་གཉིས་སུ་ཕྱེ་བའི་དང་པོ། རྩ་ལྟུང་ངམ་ཕམ་པ་ནི། ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་དོན་ཞི་བ་ལྷས་བསླབ་བཏུས་སུ་ལེན་པའི་མཛད་པའི་ཚིགས་བཅད། དཀོན་ཅོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང་། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང་། །བཙོན་རྭར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །གྲོང་ལ་སོགས་པ་འཇིག་པ་དང་། །རྩ་བའི་ལྟུང་པར་རྒྱལ་བས་གསུངས། །བློ་སྦྱོང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་དང་། །རྫོགས་པའི་བྱང་ཆུབ་ལྡོག་པ་དང་། །སོ་སོ་ཐར་པ་ཡོངས་སྤངས་ཏེ། ཐེག་པ་ཆེ་ལ་སྦྱོར་བ་དང་། །སློབ་པའི་ཐེག་པ་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན་། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་སྤྱོད་འཇུག་དང་། །དཀོན་ཅོག་གསུམ་གྱི་སྦྱིན་བྱེད་དང་། །སྦྱིན་པ་ལེན་པར་བྱེ་པ་དང་། །ཞི་གནས་འདོར་པར་བྱེད་པ་དང་། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་བཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་པ་འདི་ལ་ནམ་མཁའི་སྙིང་པོའི་མདོར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་སོགས། །རྒྱལ་པོའི་རྩ་ལྟུང་ལྔ་བློན་པོའི་རྩ་ལྟུང་ལྔ། ལས་དང་པོ་བའི་རྩ་ལྟུང་བརྒྱད་དེ་བཅོ་བརྒྱད་དུ་མིང་འདོགས་པ་དང་། འཇམ་དབྱངས་བླ་མ་ཙོང་ཁ་བས་རྩ་ལྟུང་ངམ་ཕམ་པ་དངོས་བཅུ་བཞི་དང་། ཡན་ལག་བཞི་སྟེ་བཅོ་བརྒྱད་དུ་མཛད་པ་དོན་ལ་ཁྱད་པར་མེད། ཉེས་བྱས་ཀྱི་སྡེ་ཚན་ལ་བྱང་ས་ལས་རྣམས་གྲངས་བཞི་བཅུ་རྩ་དྲུག་གསུངས་པ་མདོར་བསྡུ་ན། དགེ་བའི་ཆོས་སྡུས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་ཉེས་པ་དང་། སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་ཀྱི་ཉེས་པ་རྣམས་སྤོང་དགོས་པར་གསུངས་སོ། །སྡོམ་པ་གཏོང་བའི་རྒྱུ་ནི། སྨོན་སེམས་བཏང་བ་དང་། ཕམ་པའི་གནས་ལྟ་བུའི་ཆོས་དེ་དག་གང་ཡང་རུང་བ་ཀུན་ནས་དཀྲིས་པ་ཆེན་པོས་སྤྱད་པ་དང་། སྡོམ་པ་ཕུལ་བ་གསུམ་གང་ཡང་རུང་བས་གཏོང་བར་བཤད། དེ་ཡང་སོ་སོ་ཐར་བའི་སྡོམ་པ་ནི་བསྲུང་མ་ནུས་པ་ན་ཕུལ་བས་སྡོམ་པའི་རྒྱུན་རྗེས་སུ་འཇུག་པའི་བསོད་ནམས་ཆད་པ་ཡིན་གྱི། སྡོམ་པ་ཕུལ་བ་དེ་ཉིད་ཀྱི་ཆ་ནས་སྡིག་པ་ཆེན་པོ་མི་བསྐྱེད་ལ། བྱང་སྡོམ་ཕུལ་ན་ནི། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི་སྤྱན་སྔར་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་སྒྲུབ་པར་ཁས་བླངས་ཏེ་སྡོམ་པ་བཟུང་བ་ལས་འདས་ཤིང་སངས་རྒྱས་དང་སེམས་ཅན་དེ་དག་ཐམས་ཅད་བསླུས་པས་ངན་འགྲོ་མུ་མཐའ་མེད་པར་འཁྱམ་དགོས་ཏེ། སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་སྒྲུབ་པ་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཇི་ལྟར་འགྱུར། །ཞེས་སོགས་མང་དུ་གསུངས་ལ་རྣམ་སྨིན་ཤིན་ཏུ་ལྕིའོ། །ཉམས་པ་ཕྱིར་བཅོས་པ་ནི། ཉེས་པས་མ་གོས་པར་བྱ་བ་ལ་འབད་ཀྱང་མི་ཤེས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་དང་། མ་གུས་པ་སྟེ་ལྟུང་བ་འབྱུང་བའི་རྒྱུ་བཞིས་ཉེས་པ་བྱུང་བ་ན་ཡང་ཆོས་བཞིན་སླར་གསོ་བ་ཇི་སྐད་དུ།ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་རྨོངས་བདག་སེམས་མིན། །ཞེས་པ་ལྟར་བཤགས་ཡུལ་དུ་འོས་པའི་གང་ཟག་གི་མདུན་དུ་སྙིང་ཐག་པ་ནས་བཤགས་ཏེ་ཉེས་པ་ལས་ལྡང་བར་བྱ་བ་ཡིན་ལ། དེ་ལྟར་དེང་སང་གྲགས་ཆེ་བ་སོ་ཐར་ལྟ་བུའི་སྡོམ་པ་གཟུགས་ཅན་མ་ཡིན་པ། ས་པཎ་གྱིས། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །སེམས་ལས་སྐྱེ་ཕྱིར་གཟུགས་ཅན་མིན། །ཞེས་སངས་རྒྱས་མ་ཐོབ་ཀྱི་བར་ཡང་མི་གཏོང་བར་བཤད་པ་ལ། བྱེ་བྲག་སྨྲ་བ་ལུགས་ཀྱི་སོ་ཐར་གཟུགས་ཅན་དུ་འདོད་པ་ལྟར་དེ་གཟུགས་ཅན་ཡིན་པས་ཤི་མ་འཕོས་པར་མི་གཏོང་བར་སོང་ན་དེ་ལུགས་ཀྱི་བསྙེན་གནས་ཀྱི་སྡོམ་པས་མ་ངེས་ཤིང་། ཡང་སྡོམ་པ་གཟུགས་ཅན་མ་ཡིན་པས་ཤི་ནས་ཀྱང་མི་གཏོང་བར་སོང་ན་དབུ་མ་བ་རྣམས་སོ་ཐར་ཤེས་པའི་ངོ་བོར་འདོད་པས་ཤི་འཕོས་ནས་མི་གཏོང་བར་སོང་བས་ཇི་སྲིད་དང་དེ་ནས་དེའི་བར་གྱི་ཁས་བླངས་པའི་དུས་ཀྱིས་ཕྱེ་བ་ལས་གཟུགས་ཅན་ཡིན་མིན་གྱི་དབྱེ་བ་མེད་པ་བསྟན་ནམ་སྙམ། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་འཇུག་པ་ལ་ཡང་བྱང་སྡོམ་འདི་མེད་དུ་མི་རུང་བ་ནི། འཇམ་དཔལ་རྩ་རྒྱུད་འདུས་པའི་ལེའུ་དང་པོ་ལས། ཆོས་གསུམ་དང་ལྡན་ན་སྔགས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གསུམ་པོ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཉིད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བསྲུང་བ་དང་། རང་གི་སྔགས་ཡོངས་སུ་མི་གཏོང་བ་ཉིད་དོ། །ཞེས་དང་། གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། ཕ་རོལ་ཕྱིན་དྲུག་སྤྱོད་པ་ལ། །གོ་རིམ་བཞིན་དུ་བསླབ་པར་བྱ། །སེམས་ཅན་གྱི་ནི་དོན་ལྡན་པས། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད། །ཅེས་དང་། ཀྱེ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེ་མགུར་གྱི་ལེའུ་བཅུ་གཉིས་པ་ལས། བྱང་ཆུབ་སེམས་སུ་འདི་བགྱི་སྟེ། བདག་དང་གཞན་དོན་རབ་སྒྲུབ་ཕྱིར། །བདག་གི་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད་། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཅེས་མདོ་སྔགས་ཟུང་དུ་འཇུག་པའི་ལམ་པོ་ཆེ་འདིའི་ཕན་ཡོན་ཀྱང་། སྡོང་པོས་བརྒྱན་པའི་མདོའི་བམ་པོ་བརྒྱ་བཅུ་གསུམ་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། མི་མང་གཅིག་ཅིག་ཁྱིམ་མམ་ཁང་བུ་ཇི་ལྟ་བུར་བཅུག་ཀྱང་རུང་སྟེ། བཅུག་མ་ཐག་ཏུ་ལོ་སྟོང་དུ་བསགས་བསགས་པའི་མུན་པ་ཡང་རྣམ་པར་སེལ་ཞིང་སྣང་བར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་གཅིག་ཀྱང་སེམ་ཅན་གྱི་བསམ་པའི་ཁྱིམ་འཐིབས་པོ་མ་རིག་པའི་མུན་པ་དང་ལྡན་པ་ཅི་ཡང་རུང་སྟེ། དེའི་རྒྱུད་དུ་ཕྱིན་ན་དེ་ཕྱིན་མ་ཐག་ཏུ་བསྐལ་བ་བརྒྱ་སྟོང་བརྗོད་དུ་མེད་པར་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། མུན་པ་ཐམས་ཅད་རྣམ་པར་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་ཡོངས་སུ་བསྐྱེད་དོ། །ཞེས་སེམས་བསྐྱེད་མཚན་ཉིད་པ་དེ་རྒྱུད་ལ་སྐྱེས་པ་ཙམ་གྱིས་བསྐལ་བ་དུ་མར་བསགས་པའི་སྒྲིབ་པ་ཐམས་ཅད་སྐད་ཅིག་གིས་འཇོམས་ནུས་པ་དང་། བྱམས་པ་འཇུག་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་ནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རྒྱན་ཐམས་ཅད་ཟིལ་གྱིས་ནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། །ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་མ་བསླབས་ཀྱང་སྨོན་པ་བྱང་ཆུབ་ཀྱི་སེམས་དེ་ཡོད་ན་བྱང་ཆུབ་སེམས་དཔར་གསུངས་པ་དང་། ཡང་དེ་ཉིད་ལས། བྱང་ཆུབ་སེམས་ཀྱི་རྣམ་སྨིན་བསྟན་པ་ཡི། །བསོད་ནམ་དེ་ལ་གལ་ཏེ་གཟུགས་ཡོད་ན། །ཞིང་རྣམས་གངྒཱའི་བྱེ་སྙེད་གང་བྱས་ཀྱང་། །དེ་དག་བཀང་བས་ཆ་ཙམ་ཟད་པ་མེད། །ཅེས་དང་། ཞི་བ་ལྷས་སྤྱོད་འཇུག་ཏུ། བྱང་ཆུབ་སེམས་སྐྱེས་གྱུན་ན་སྐད་ཅིག་གིས། །འཁོར་བའི་བཙོན་རྭར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། ཞེས་དང་། ཇོ་བོ་རྗེས་ལམ་སྒྲོན་དུ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱ་ཞིང་རྣམས་མི་གང་གིས། །རིནཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །ཞེས་སོགས་མདོ་སྡེ་རིན་པོ་ཆེ་རྣམས་ལས་རྒྱ་ཆེར་གསུངས་པ་འདིར་བརྗོད་ཀྱི་མི་ལང་ལ། གཞན་ཡང་འཕགས་པ་དཀོན་ཅོག་བརྩེགས་པའི་འདུས་པ་བཅུ་དགུ་པ་དྲག་ཤུལ་ཅན་གྱིས་ཞུས་པའི་མདོར། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བྱའོ། །ཆོས་ལ་སྐྱབས་སུ་འགྲོ་བར་བྱའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བར་བྱའོ། །དེ་གསུམ་ལ་སྐྱབས་སུ་སོང་པའི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ཞེས་དང་། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་བསླབ་པའི་གཞི་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་ཏེ། འདི་ལྟ་སྟེ་བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་ནས། ཞེས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པས་མཚོན་བསླབ་པའི་གཞི་མང་དུ་གསུངས་པ་དང་། འདུས་པ་ཉི་ཤུ་རྩ་བཞི་པ་འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པ་ལས། ཉེ་བར་འཁོར་དེའི་ཕྱིར་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཀྱི་བསླབ་པ་ནི་སྦྱོར་བ་གཞན་དང་། ལྷག་པའི་བསམ་པ་གཞན་གྱིས་ཡོངས་སུ་དག་པ་ཡིན་པར་སྨོས་ཤིག དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཀྱི་སྦྱོར་བ་ཡང་གཞན། ལྷག་པའི་བསམ་པ་ཡང་གཞན་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་གཞན། ལྷག་པའི་བསམ་པ་ཡང་གཞན་ཡིན་པའི་ཕྱིར་རོ། །ཉེ་བར་འཁོར་དེ་ལ་ཉན་ཐོས་ཀྱི་ཐེག་པ་བའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་ཏུ་འཆལ་བའི་ཚུལ་ཁྲིམས་ཉིད་ཡིན་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་གང་ཡིན་པ་དེ་དག་ནི་ཉན་ཐོས་ཀྱི་ཐེག་པ་བའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་ཏུ་འཆལ་པའི་ཚུལ་ཁྲིམ་ཉིད་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་འདི་ལ་ཉན་ཐོས་ཀྱི་ཐེག་པ་བ་ནི། དེའི་སྐད་ཅིག་ཙམ་ཡང་སྲིད་པར་སྐྱེ་བ་ལེན་པར་མི་བྱེད་དོ། དེ་ནི་ཉན་ཐོས་ཀྱི་ཐེག་པ་བའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་ཡིན་ལ། དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་། ཤིན་ཏུ་འཆལ་བའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཞེས་དང་། ཉེ་བར་འཁོར་དེ་ལྟ་བས་ན། ཁྱོད་ཀྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་བསྲུང་བ་དང་བཅས་པ་ཡིན་པར་སྨོས་ཤིགཉན་ཐོས་ཀྱི་ཐེག་པ་བ་རྣམས་ཀྱི་བསླབ་པ་ནི་རྗེས་སུ་སྲུང་བ་མེད་པ་ཡིན་པར་སྨྲོས་ཤིགཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་ཡོད་པ་ཡིན་པར་སྨྲོས་ཤིག ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་མེད་པ་ཡིན་པར་སྨོས་ཤིག ཅེས་སོགས་དང་། ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཉེས་པ་དང་པོའི་ལྕི་བ་ནི་ཚོགས་བཅུ་ལ་དྲང་པོར་བཤགས་པར་བྱའོ། །བུད་མེད་ཀྱི་ལག་པ་ནས་འཛིན་པའི་ལག་པའི་ཉེས་པ་ལྕི་བ་ནི་ཚོགས་ལྔ་ལ་བཤགས་པར་བྱའོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱི་མིག་གིས་བལྟས་པའི་ཉེས་པ་ནི་གང་ཟག་གཅིག་གམ། གཉིས་ཀྱི་མདུན་དུ་བཤགས་པར་བྱའོ། །བྱང་ཆུབ་སེམས་དཔའ་མཚམས་མེད་པ་ལྔ་དང་ལྡན་པའི་ཉེས་པ་དང་། བུད་མེད་ཀྱི་ཉེས་པ་དང་། ཁྱེའུའི་ཉེས་པ་དང་། ལག་པའི་ཉེས་པ་དང་། མཆོད་རྟེན་གྱི་ཉེས་པ་དང་། དགེ་འདུན་གྱི་ཉེས་པ་དང་། དེ་ལས་གཞན་པའི་ཉེས་པ་ལྕི་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔའི་སྤྱན་སྔར་གཅིག་པུས་ཉིན་མཚན་དུ་བཤགས་པར་བྱའོ། །དེ་ལ་བཤགས་པ་ནི་འདི་ཡིན་ཏེ། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ནས། ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆི། །ཞེས་པའི་བར་དེང་སང་ལྟུང་བཤགས་སུ་གྲགས་པ་ཕུང་པོ་གསུམ་པའི་མདོ་གསུངས་ནས། ཤྭ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔ་པོ་དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་སྡིག་པ་ཐམས་ཅད་རྣམ་པར་དག་པར་བྱའོ། །ཞེས་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་། ལྟུ་བ་དང་། དེ་བཤགས་པ། སོ་ཐར་དང་བྱང་སྡོམ་གྱི་ཁྱད་པར་སོགས་སྔ་རབས་པ་རྣམས་ནས་གླེང་བར་མ་མཛད་པའི་བརྡ་ཆད་བག་ཙམ་འདུག་པ་ཁོ་བོས་འདིར་སྒོ་འབྱེད་ཀྱི་ཚུལ་དུ་མགོ་སྨོས་ཙམ་བགྱིས་པ་ཡིན་ལ། སླད་དུ་བྱང་སྡོམ་ལ་རྒྱས་བཤད་མཛད་བཞེད་ཀྱི་རྟོགས་དཔྱོད་མཁན་ཡོད་ན་མདོ་དེར་གཟིགས་ཏེ་སྨྲ་བའི་ལྗགས་རིང་བོར་རྐྱོང་བར་འཚལ་ལོ། །

 

(3) གསང་སྔགས་ཀྱི་སྡོམ་པ།

གསུམ་པ་རིག་འཛིན་སྔགས་ཀྱི་སྡོམ་པ་ནི། ས་སྐྱ་པཎྜི་ཏས། རྡོ་རྗེ་ཐེག་པའི་ལམ་ཞུགས་ཏེ། །མྱུར་དུ་སངས་རྒྱས་ཐོབ་འདོད་ན། །སྨིན་གྲོལ་གཉིས་ལ་འབད་པར་བྱ། །ཞེས་དང་། སྨིན་པར་བྱེད་པའི་དབང་བསྐུར་ཡང་། །བླ་མ་བརྒྱུད་པ་མ་ཉམས་ཤིང་། །ཆོ་ག་འཁྲུགས་པར་མ་གྱུར་པ། །ཕྱི་ནང་རྟེན་འབྲེལ་བསྒྲིག་མཁྱེན་ཞིང་། །སྐུ་བཞིའི་ས་བོན་ཐེབས་ནུས་པ། །སངས་རྒྱས་གསུང་བཞིན་མཛད་པ་ཡི། །བླ་མ་བཙལ་ལ་དབང་བཞི་བླངས། །དེ་ཡིས་སྡོམ་པ་གསུམ་ལྡན་འགྱུར། །ཞེས་རྡོ་རྗེ་སློབ་དཔོན་བླ་མ་ལྔ་བཅུ་པར་གསུངས་པའི་ཁྲོ་བ་དང་ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་ཞིང་། སྙིང་རྗེ་དང་དེ་ཉིད་བཅུ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། ཀུན་ཏུ་བཟང་པོའམ་རྡོ་རྗེ་འཆང་ནས་བརྒྱུད་པའི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་ངད་མ་ཡལ་བ། གདམས་ངག་གི་ས་ཀ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམ་པ་སྟེ་སྙན་བརྒྱུད་བཞི་ཚང་བ། བླ་མ་གོང་མའི་ཕྱག་ལེན་ཇི་ལྟར་མཛད་པའི་བཀའ་སྲོལ་མ་འཕྱུགས་པ། དམར་འཁྲིད་ཀྱི་གསུང་རྒྱུན་ཁུངས་མའི་སྒོ་ནས་ཆོ་ག་རྣམས་ལ་འཁྲུགས་པའི་དམིགས་བྱེད་པ། སྦྱང་གཞི་དང་སྦྱང་བྱ་དང་། སྦྱོང་བྱེད་དང་སྦྱང་འབྲས་རྣམས་ཐད་ཀར་ངོ་སྤྲོད་ཤེས་པ་ཞིག་དགོས་ལ། དེ་ལྟ་བུས་སློབ་མ་ལ་སྨིན་པར་བྱེད་པའི་དབང་དང་། གྲོལ་བར་བྱེད་པའི་འཁྲིད། རྒྱབ་བརྟེན་ལུང་དང་བཅས་པ་དེ་ལ་བརྟེན་ནས་བསྐྱེད་རྫོགས་ཀྱི་རིམ་པ་ཉམས་སུ་བསྟར་བ་སོགས་རྗེས་སུ་འཛིན་དགོས་པ་ལས། དབང་གི་ངོ་བོ་ནི། ཐོབ་བྱའི་འབྲས་བུ་ཁྱད་པར་ཅན་མངོན་དུ་བསྐྱེད་ནུས་ལ། ངེས་ཚིག་ནི། ཀྱེ་རྡོ་རྗེའི་རྩ་རྒྱུད་ལས། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས་ཏེ་དབང་དེ་ཡང་ཤཱཀྲྀ་འཁྲུད་པའམ་ཡང་ན་བླུགས་པའི་བྱིངས་ལ་ཤེས་བྱེད་ལོ་ཊའི་བརྟ་མ་ན་པྲ་ར་སྨེ་པཱ་དའི་སྐྱེས་བུ་དབུས་མའི་མིང་ཚིག་ཏ་བྱིན་རྀ་རྗེས་འབྲེལ་ཨ་པྲ་བི་ཀ་ར་ཎ་བྱིན་པ་ཡོན་ཏན་གྱི་ཤེཀཏ་ཞེས་པར་ཡི་གེ་རྣམ་པར་འགྱུར་དང་ཉམས་དག་གིས་ཞེས་དང་། ལྷག་མ་འཇིག་རྟེན་ལས་གྲུབ་པ་སོགས་ཀྱི་ཤེ་སེར་སོང་བར་ཉེ་བསྒྱུར་ཨ་བྷི་བཞགཀུ་ཨི་ལ་ཥ་རུ་བྱེད་དེ་ས་ཥ་ས་ཥར་བསྒྱུར་པའི་ཨ་བྷི་ཥ་ཀ་ཏ་ཞེས་སམ། ཡང་ན་སི་ཙ་འཐོར་བའི་བྱིངས་ལ་བརྟ་མ་ན་པྲ་ན་སྨེ་པཱ་དའི་སྐྱེས་བུ་དང་པོའི་གཅིག་ཚིག་ཏིཔྲ་བྱིན་བྱེད་པ་པོ་ལ་ཨཔྲ་འོ་ཀྱི་ཨཔྲ་བི་ཀ་ར་ཎ་བྱིན་པ་རྗེས་འབྲེལ་གྱི་ཕྱིས། ཙ་ཨ་ལ་དྲངས་མུ་ཙྲ་ལ་ལ་སོགས་པ་མུ་མ་འོས་མུམ་བྱིན། བྱིངས་ལས་མའི་ན་འོས་མ་ན་ས་ཏུའི་ཤ་ཙུ་རྣམས་ལ་ཤ་ཙུ་འོས་ན་ཉེར་བསྒྱུར་དྲངས་པས་ཨིཥྩ་ཨ་བྷི་སྔོན་དུ་བཞག། སི་གོང་ལྟར་ཤིར་བསྒྱུར་པས་ཨབྷི་ཥི་ཉྩ་ཞེས་སྔོན་མ་གཏོར་ཞིང་བླུགས་པ་སྟེ་ས་བོན་ལ་ཆུ་ལུད་ཀྱིས་བཏབ་པ་ལྟར་ལུས་གནས་ཀྱང་སྤྱི་བོ་ལྕེའམ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ཏེ་རང་གི་གནས་རྣམས་སུ་རིམ་པ་བཞིན་གཏོར་ཞིང་བླུགས་པ་ལ་བརྟེན་ནས་དབང་བཞི་རང་སྐལ་གྱི་དྲི་མ་འཁྲུད་ཅིང་སྐུ་བཞིའི་མྱུ་གུ་འབྱུང་བའི་ཁྱད་པར་གྱི་སྐལ་བ་འཇོག་ནུས་པས་དབང་ཞེས་སམ། ཕྱི་མ་དབང་བཞི་བསྐུར་བའི་ལམ་བཞི་སྒོམ་པ་དང་འབྲས་བུ་སྐུ་བཞི་ཐོབ་པ་ལ་དབང་བར་བྱས་པའི་དབང་ཞེས་སམ། ཡང་ན་སྣ་སྒྲས་འཁྲུད་པར་བྱེད་པ་སྟེ་དབང་བཞི་བསྐུར་བས་སྒོ་གསུམ་རླུང་སེམས་དང་བཅས་པ་ངོ་བོ་ཉིད་ཀྱི་སྐུ་བཞིར་གནས་པ་ལ་གནས་པར་མ་ཤེས་པའི་དྲི་མ་འཁྲུད་པར་བྱེད་པས་ན་དབང་སྟེ། འཇིག་མེད་འབྱུང་གནས་སྦས་པས་མཛད་པའི་མན་སྙེ་ཆུང་བ་ལས། ལུས་ངག་ཡིད་ལས་བྱུང་བ་ཡི། །དྲི་མ་དག་ཕྱིར་དབང་དུ་བརྗོད། །ཅེས་སོགས་གསུངས་པའི་དབང་སྦྱངས་གཞི་ནི། ཐོབ་བྱ་རང་གནས་ཀྱི་གཉུག་མའི་རྡོ་རྗེ་བཞི། སྦྱང་བྱ་ནི་དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་ཕྲ་རགས་རྣམས་སྦྱོང་བྱེད་ནི། སློབ་བུའི་བློའི་ཐེག་ཚད་དང་སྦྱར་བའི་དབང་བསྐུར་པས་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་དུ་སྨིན་པར་བྱེད་པ་ཡིན། སྦྱངས་འབྲས་ནི་སྐུ་བཞིའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་གསོས་ཐེབས་པ་སོགས་དོན་སྦྱངས་གཞི་རྡོ་རྗེ་བཞི། སྦྱངས་འབྲས་སྐུ་བཞི་ལ་ཐོབ་པའི་དབང་དེ་བསྐུར་པས་སྣོད་རུང་གི་སློབ་མ་ལ་འབྲས་བུ་སྐུ་བཞིའི་ས་བོན་ཐེབས་པས་གསང་སྔགས་ཀྱི་རང་བཞིན་དུ་གནས་པའི་རིགས་རྒྱས་འགྱུར་གྱི་ནུས་པ་མཐུ་ཅན་དུ་གྲུབ་པའི་ཚུལ་ཡང་། ཕྱག་རྒྱ་ཆེན་པོ་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ལས། དང་པོར་རེ་ཞིག་གང་ཚེ་སློབ། །ལན་གཅིག་དབང་རྣམས་ཀྱིས་ནི་བསྐུར། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་འགྱུར་བའོ། །དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག། དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། བླ་མ་ལས་ནི་དབང་དོན་ཞུ། །ཞེས་དང་། དཔལ་རྡོ་རྗེ་འཕྲེང་བ་རྣལ་འབྱོར་གྱི་རྒྱུད་ལས། དབང་སྐུར་བ་ནི་གཙོ་བོ་སྟེ། །དངོས་གྲུབ་ཐམས་ཅད་རྟག་ཏུ་གནས། །ང་ཡིས་ཇི་བཞིན་དོན་བཤད་ཀྱིས་། །དེ་ཕྱིར་ཐོག་མར་ཡང་དག་ཉོན། །ཐོག་མར་སློབ་དཔོན་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མ་མཚུངས་པར་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་ཏེ། དབང་རྣམ་དག་མ་ཐོབ་པར་སྒྲུབ་པ་ལ་ཞུགས་པས་ནི། རྒྱུད་དོན་ཤེས་ནས་བསྒྲུབས་པས་དངོས་གྲུབ་ཕྲ་མོ་ཐོབ་ཀྱང་དཔོན་སློབ་མཚུངས་པར་དམྱལ་བར་འགྲོ་ཞེས་པའོ། །དབང་བསྐུར་བ་ཡང་། དཀྱིལ་འཁོར་དུ་འཇུག་པ་དང་། དཀྱིལ་འཁོར་མཐོང་བ་རག་ལས་ཏེ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །དམ་ཚིག་རྣམས་ནི་སྤངས་པ་དང་། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་དང་། དཔལ་སྡོམ་པ་ཉུང་ངུའི་རྒྱུད་ལས། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་བ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་སོ། །དེས་ན་ཐུན་མོང་པའི་དབང་བདུན་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། མཆོག་གི་དབང་གོང་མ་དག་ལ། ལུས་དང་གསང་བའི་དབང་པོ་སེམས། །རྟག་ཏུ་དཀྱིལ་འཁོར་རྣམ་པ་གསུམ། །ཞེས་བྱ་བ་ལས། ཅི་ལྟར་རིག་པར་མཐོང་བའི་སྒོ་ནས་དབང་སྐུར་བར་བྱས་ཟིན་ནས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བས། །རྒྱལ་བའི་གསུང་གི་མཆོག་གྱུར་རྡོ་རྗེའི་ཐེག །བློ་ཆེན་ལྡན་ལ་རྨད་བྱུང་དགའ་བསྐྱེད་པ། །དེར་ཞུག་རྣམས་ཀྱི་དངོས་གྲུབ་འགྲུབ་པའི་གཞི། །དཔལ་ལྡན་རྡོ་རྗེ་སེམས་དཔའི་སྡོམ་པ་ནི། །ཞེས་གསུངས་པ་བཞིན་སྔགས་སྡོམ་མམ་དམ་ཚིག་བཤད་པར་བྱ་བ་ལ། ཐོག་མར་དམ་ཚིག་དང་སྡོམ་པ་ཇི་ལྟར་ཁས་བླང་པའི་ཚུལ་དང་། ཁས་བླངས་པའི་སྡོམ་པ་དང་འགལ་བའི་ལྟུང་བ་གཏན་ལ་འབེབས་པའོ། །དང་པོ་ལ་གང་ཁས་བླང་རྒྱུའི་སྡོམ་པ་རྣམས་སློབ་མས་ཤེས་པའི་ཕྱིར་དུ་གོ་བར་སྨྲས་ཏེ་ལེན་པའི་ཚེ་ཐམ་ཐོམ་མ་ཡིན་པར་དམིགས་ཕྱེད་པར་བྱས་ནས་འཛིན་དགོས་པས་རྡོ་རྗེ་རྩེ་མོ་ལས་བཤད་པ་བཞིན་སྡོམ་པ་བསྒྲག་པ། སྡོམ་བཟུང་བཤད་པ། སྡོམ་པ་བཟུང་མ་བཟུང་ལ་དབང་ཇི་ལྟར་བསྐུར་བའི་ཚུལ་དང་གསུམ། སྡོམ་པ་བསྒྲག་པ་ལ་རིགས་ལྔ་སོ་སོའི་དང་། སྤྱིའི་དམ་ཚིག་གཉིས་ལས། དང་པོ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། དཀོན་ཅོག་གསུམ་ལ་སྐྱབས་སུ་སོང་། འདི་ནི་སངས་རྒྱས་རིགས་དག་པའི། དམ་ཚིག་བརྟན་པར་གྱུར་བའོ། །ཞེས་དཀོན་ཅོག་གསུམ་ལ་སྐྱབས་སུ་འགྲོ་བར་བསྐུལ་བ་འདི་འདྲ་བ་ནི་རྣམ་སྣང་གི་རིགས་ཀྱི་དམ་ཚིག་ཡིན་ལ། སངས་རྒྱས་རིགས་དག་པ་ཞེས་པའང་མང་དུ་འབྱུང་མོད་ཀྱང་། འཇམ་མགོན་ཙོང་ཁ་བ་ཆེན་པོ་དགའ་བ་ཞེས་པར་བཞེད་ཅིང་། བརྟན་པ་ནི་མི་མཐུན་ཕྱོགས་ཀྱིས་ཕྱེད་པར་དཀའ་བའི་དོན་ཡིན་ནོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་བཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས་། །ཞེས་རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་དག་བློ་གྲོས་ཆེན་པོ་ཅན་ཁྱོད་ཀྱིས་བཟུང་བར་གྱིས་ཤིག དེ་ཡང་ཇི་ལྟར་སྙམ་ན་བྱང་ཆུབ་སེམས་གང་དེ་རྡོ་རྗེ་ཞེས་སོགས་དང་། དེར་མ་ཟད་སློབ་དཔོན་དག་ཀྱང་གུས་པས་བཟུང་བ་སྟེ་རྡོ་རྗེ་མི་བསྐྱོད་པའི་དམ་ཚིག རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་རིན་ཆེན་ནི་རིན་འབྱུང་གི་རིགས་ཡིན་ལ་དེར་ཉིན་ལན་གསུམ་དང་མཚན་ལན་གསུམ་སྟེ་དུས་དྲུག་ཏུ་ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་དང་བྱམས་པ་བཅས་སྦྱིན་པ་རྣམ་བཞི་རྟག་ཏུ་བྱིན་པ་ནི་རིན་ཆེན་འབྱུང་གནས་ཀྱི་དམ་ཚིགཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་བཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ཞེས་ཐེག་པ་གསུམ་ལ་སོགས་པའི་དམ་ཆོས་ཐམས་ཅད་མི་སྤོང་བར་འཛིན་པ་ནི་འདོ་དཔག་མེད་ཀྱི་དམ་ཚིགལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །ཞེས་སྡོམ་པ་ཐམས་ཅད་ཡང་དག་པར་བཟུང་བ་དང་མཆོད་པའི་ལས་ཀྱང་ཅི་ནུས་སུ་བྱ་བ་དོན་ཡོད་གྲུབ་པ་སྟེ། དེ་བཞིན་གཤེགས་པ། རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་རིགས་དང་ལྔའི་ལྷ་སྤྱི་བྱེ་བྲག་གི་དམ་ཚིག་དང་། དེ་དག་སྤྱི་བསྡོམས་ལ། རྩ་བ་དང་། ཡན་ལག དོན་བསྡུས་གསུམ་ལས། དང་པོ་ནི། དེ་ལས་གཞན་པ་བཅུ་བཞི་ནི། ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་བ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཞེས་པ་ལྟར་རིགས་ལྔ་སོ་སོའི་དམ་ཚིག་ལས་གཞན་ལ་ཐུན་མོང་གི་དམ་ཚིག་རྣམས་ཀྱང་ཡིད་ཀྱིས་སྤང་ཞིང་ལུས་ངག་གིས་དོར་བར་མི་བྱ་ལ། དེ་དག་གང་ཞེ་ན། ཐོག་མར་རྩ་བའི་དམ་ཚིག་སྟོན་པ་ནི། ཕས་ཕམ་པར་རྒྱུད་སྡེ་རྣམས་ལས་བཤད་པའི་བཅུ་བཞི་རྣམས་ཀྱི་བཅས་པ་སྟེ་དེ་རྣམས་ལ་མིང་གཉིས་པ་རྩ་བའི་ལྟུང་བ་ཞེས་གྲགས་ཤིང་། དེས་སྡོམ་པ་གཅོད་པས་གཉེན་པོའི་ཕྱོགས་ཕམ་པར་བྱེད་ལ་དེ་ཡང་ཕ་རོལ་མི་མཐུན་ཕྱོགས་ནས་ཚུར་ལ་ཕམ་པར་བྱས་པས་ཕས་ཕམ་མོ། །བཅུ་བཞི་ཞེས་པ་ལ་ཁ་ཅིགདང་པོ་ལ་དཀོན་ཅོག་གསུམ། གཉིས་པར་རྡོར་དྲིལ་སློབ་དཔོན་གསུམ། གསུམ་པར་སྦྱིན་པ་བཞི་པར་ཆོས་གསུམ། ཐ་མ་ལ་མཆོད་པ་གཅིག་པུ་སྟེ་བཅུ་བཞི་དང་། ལ་ལ་སྲོག་ཆགས་བསད་མི་བྱ་ནས་ཆང་སྤོང་བའི་བར་ལས་ལྡོག་པ་ལ་ལྔ་སོགས་བཤད་ཀྱང་། འཇམ་མགོན་ཙོང་ཁ་པ་ཆེན་པོ་འོག་ནས་འཆད་པར་འགྱུར་བའི་རྩ་ལྟུང་བཅུ་བཞི་པར་བཞེད་པ་ལྟར་རོ། །ཡན་ལག་གི་དམ་ཚིག་ལ། སྤོང་བ་དང་། བསྟེན་པ་དང་། གཞན་བསྟེན་པ་གསུམ་ལས། དང་པོ། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ། །འདོད་པ་ལོག་པར་མི་སྦྱད་ཅིང་། རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡིན། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང་། །ཞེས་པ་སྲོག་གཅོད་པ་ནས་རྫུན་གྱི་བར་སྤོང་བ་བཞིའི་སྟེང་དུ་ཆང་འཐུང་བ་སྤོང་བའི་བསླབ་གཞི་ལྔ་ནི་དངོས་གྲུབ་འགྲུབ་པའི་གཞི་དང་། གཞན་ཡང་སྒོ་གསུམ་གྱི་བྱ་བ་མ་ཡིན་པ་ཐམས་ཅད་སྤང་དགོས་ལ། འོན་ཀྱང་སྔགས་སྡོམ་ཚུལ་བཞིན་བསྲུང་བའི་རྒྱལ་སྲས་འགའ་ཞིག་ལ་སེམས་ཅན་གདུལ་བའི་ཕྱིར་དུ་སྲོག་གཅོད་པ་སོགས་ལུས་ངག་གི་བདུན་ལ་གནང་བའི་སྐབས་ཡོད་པས་དེ་འདྲ་བའི་ཚེ་ནི་མ་གཏོགས་སོ། །བསྟེན་པ་ནི། དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་བ་རྣམས་བསྙེན་བཀུར་བྱ། ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། ཞེས་དམ་པའི་བཤེས་གཉེན་ལ་བསྟེན་ནས་སྔགས་ཀྱི་རིག་པ་སྒྲུབ་ཅིང་། རྣལ་འབྱོར་བ་རྣམས་ལ་མི་བརྙས་པར་བསྙེན་བཀུར་བ། དཀར་པོའི་ལས་ལམ་བཅུ་པོ་ཅི་ནུས་སུ་བསྟེན་པ་རྣམས་དང་། གསུམ་པ་དམ་ཚིག་གཞན་བསྟན་པ་ལ། ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་སྤང་མི་བྱ། རྟག་ཏུ་མྱ་ངན་འདས་མི་ཆགས། །ཞེས་ཐེག་པ་དམན་པ་ནི་ཆེད་དུ་བྱ་བ་གཞན་དོན་དང་འབྲས་བུ་བྱང་ཆུང་དམན་པ་ཉན་རང་གི་ལམ་ཡིན་པས་དེས་རང་བགྲོད་པར་འདོད་པར་མི་བྱ་ཞིང་། སེམས་ཅན་གྲངས་མེད་པའི་དོན་ལ་སྒྱིད་ལུག་པ་སོགས་རྒྱབ་ཀྱིས་མི་ཕྱོགས་པ། འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་བྱེད་པའི་གོ་ཆ་གྱོན་པ། རྟག་ཏུ་སྲིད་པའི་འཆིང་བ་ལས་གྲོལ་བ་ཙམ་གྱིས་མྱང་འདས་ལ་ཆགས་པ་སྟེ་ཐེག་ཆེན་ལས་ལྡོག་པའི་རྒྱུ་རྣམས་སྤོང་བ་དང་། ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །ཞེས་འཇིག་རྟེན་ལས་འདས་མ་འདས་ཀྱི་ལྷ་དང་ལྷ་མ་ཡིན་རྣམས་དང་གསང་བ་པ་གནོད་སྦྱིན། ཕྱག་རྒྱ་ནི་ལྷའི་གཟུགས་བྲིས་པ། བཞོན་པ་ནི་ལྷའི་བཞོན་པའི་གཟུགས་སུ་བྱས་པ་དང་བླ་མའི་བཞོན་པ། །མཚོན་ཆ་ནི་ལྷའི་ཕྱག་མཚན་རལ་གྲི་དང་མདུང་སོགས། མཚན་མ་ནི་ཕྱག་མཚན་འཁོར་ལོ་དང་རྡོ་རྗེ་སོགས་ལ་བརྙས་པ་དང་འགོམ་པའི་ཉེས་པ་རྣམས་སྤོང་བའོ། །རིགས་ལྔ་སྤྱིའི་དམ་ཚིག་གི་དོན་བསྡུས་པ་ནི། འདི་དག་དམ་ཚིག་ཡིན་པར་བཤད། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ཞེས་གསུངས་པ་འདི་ནི་སྔར་བཤད་པའི་ཐུན་མོང་གི་དམ་ཚིག་བསྒྲག་པ་མན་ཆད་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་ལ། དེ་ནས། རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཅེས་པ་ནི་སྔར་བཤད་པ་དེ་དག་དང་འདྲ་བའི་སྡོམ་པ་སྟེ་བསླབ་པའི་གནས་རྒྱ་ཆེར་ནི་རྒྱུད་ཀུན་ལས་རབ་ཏུ་བཤད་དོ་ཞེས་དངོས་སུ་སྨོས་པ་དེ་ཙམ་དུ་ཟད་དམ་སྙམ་པ་སྤང་བའི་ཕྱིར་དུའོ། །སྡོམ་པ་བཟུང་བ་ལ་གསོལ་བ་ཏབ་པ་དང་། སྡོམ་བཟུང་གཉིས་ལས། དང་པོ་ནི། རྡོ་རྗེ་རྩེ་མོ་ལས། གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །ཞེས་སོགས་ཀྱིས་གསོལ་བ་འདེབས་པའི་སློབ་མ་ལ། བླ་མས། གསང་བ་ཆེན་པོའི་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། ཞེས་སྡོམ་པ་ལེན་འདོད་ཡོད་མེད་ལེགས་པར་དྲིས་ཏེ་སྙིང་ཐག་པ་ནས་ལེན་འདོད་པ་མེད་ན་སྡོམ་པ་མི་སྐྱེ་བས་སྤང་ཞིང་། དོན་གཉེར་འདུག་ན། འདི་ནི་སློབ་དཔོན་བདག་ལ་གསོན། །ཞེས་སློབ་དཔོན་ལ་གསོལ་ནས་སྡོམ་པ་འཛིན་པ་ཡིན་ལ། གཉིས་པ་ནི། རྩེ་མོར། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། དེ་བཞིན་དུ་ནི་བགྱིད་པར་འཚལ། །ཞེས་ཁས་ལེན་པ་འདི་ལ། སེམས་བསྐྱེད་པ། སྡོམ་པ་བཟུང་བ་དངོས། དོན་བསྡུས་ཏེ་ཁས་ལེན་པ་དང་གསུམ་ལས། དང་པོ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། ཞེས་བདག་རྡོ་རྗེ་སེམས་པར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱང་དེའི་གོ་འཕང་ལ་འགོད་པར་བྱ་སྙམ་པའི་སྨོན་སེམས་དང་། དེའི་ལམ་སྦྱིན་སོགས་ཉམས་སུ་ལེན་པའི་རང་བཞིན་འཇུག་པ་སྟེ་སྨོན་འཇུག་དེ་གཉིས་ནི་བླ་ན་མེད་པའི་འབྲས་བུ་སྒྲུབ་པར་བྱེད་པས་བླ་ན་མེད་པ་དང་དམ་པའོ། །སྡོམ་པ་བཟུང་བ་དངོས་ནི། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་ཅོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །ཞེས་རྣམ་སྣང་དང་། རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །ཞེས་མི་བསྐྱོད་པ། རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་བྱིན། །ཞེས་རིན་འབྱུང་། བྱང་ཆུང་ཆེན་པོ་ལས་བྱུང་བ། པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ཞེས་འོད་དཔག་མེད། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་དོན་གྲུབ་དང་ལྔའི་སྡོམ་པ་སོ་སོར་འཛིན་པ་དང་། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བརྒལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་རྐང་པ་དང་པོ་གཉིས་སྨོན་འཇུག་དང་། དེ་ནས་གཉིས་ནི་སྡོམ་པ་ལྔའི་དོན་བསྡུ་ཡིན་ལ། གཏི་མུག་སོགས་སྒྲིབ་པ་གཉིས་ཀྱི་འཆིང་བས་བཅིངས་པ་ཚངས་པ་སོགས་མ་གྲོལ་བ་དང་། ཉན་རང་ཤེས་སྒྲིབ་ལས་མ་བརྒལ་བ། དམྱལ་བ་སོགས་དབུགས་མ་བྱིན་པ་དབྱུང་ཞིང་སེམས་ཅན་ཀུན་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པའོ། །སྡོམ་པ་བཟུང་མ་བཟུང་ལ་དབང་བསྐུར་མི་བསྐུར་གྱི་ཚུལ་ལ། རྡོ་རྗེ་འབྱུང་བ་ལས། གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི་དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་རྣམས་བརྗོད་པར་མི་བྱ་སྟེ་སློབ་དཔོན་དུ་རྗེས་སུ་གནང་བ་དང་། དབང་བསྐུར་བར་མི་བྱའོ། །ཞེས་པ་ལྟར་སྡོམ་པ་མི་འཛིན་པ་ལ་དབང་མི་བསྐུར་བའི་ཚུལ་དང་དེ་ལ་རྩོད་པ་སྤངས་ཏེ་དབང་བསྐུར་བས་སྡོམ་པ་འཛིན་ཚུལ། དཀྱིལ་ཆོག་རྡོར་འཕྲེང་ལས། ཕྲེང་བ་དང་ཆུ་ལ་སོགས་པ་དབང་དྲུག་པོ་འདི་རྣམས་ཀྱི་མི་རིག་པའི་གཉེན་པོ་ནུས་པ་ཉིད་དུ་སྒྲུབ་པར་བྱེད་པས་རིག་པའི་དབང་ཞེས་བརྗོད་དོ། །དབང་འདི་རྣམས་བསྐུར་པའི་སློབ་མ་བྱ་བ་དང་སྤྱོད་པའི་རྒྱུད་དག་ཉན་པ་དང་བཤད་པ་དང་སྔགས་སྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ། །ཞེས་དང་། ཨ་བྷྱའི་བཞེད་པས་རྒྱུད་སྡེ་གོང་མ་གཉིས་མ་གཏོགས་པའི་འབྱུང་འདུས་ལ་སོགས་པ་རྡོ་རྗེ་འཕྲེང་བར་གསུངས་པ་རྣམས་ཀྱི་དབང་བསྐུར་བ་ན་རིགས་ལྔའི་སྡོམ་བཟུང་དོར་ནས་ཐུན་མོང་བ་ཙམ་བཟུང་བས་ཆོག་སྟེ་སློབ་མའི་དབང་ཙམ་གྱི་བྱ་སྤྱོད་ཀྱི་རྒྱུད་འཆད་ཉན་དང་སྒྲུབ་པ་ལ་དབང་པའི་ཕྱིར་དང་སློབ་དཔོན་གྱི་དབང་མི་བསྐུར་བ་ལ་རྡོ་རྗེ་སློབ་དཔོན་གྱི་སྡོམ་པ་མི་སྟེར་བར་གསུངས་པ་སོགས་བྱ་སྤྱོད་ཀྱི་དབང་བསྐུར་བ་ལ་སྡོམ་པ་གང་འཛིན་བསྟན་པ་དང་གསུམ་ཡོད་ཅིང་། དེ་ཡང་དམ་ཚིག་བསྡུས་པར། ཐུན་མོང་གི་རྩ་ལྟུང་བཞི། ཕ་རོལ་ཏུ་ཕྱིན་པའི་རྩ་ལྟུང་བཅུ་གཉིས། ཀྲྀ་ཡའི་རྒྱུད་ཀྱི་རྩ་ལྟུང་སུམ་ཅུ། སྤྱོད་རྒྱུད་ཀྱི་རྩ་ལྟུང་བཅུ་བཞིར་བཤད་པ་སོགས་མཆིས་ལ། རྩ་བའི་ས་བཅད་གཉིས་པར་ཁས་བླངས་པའི་སྡོམ་པ་དང་འགལ་བའི་ལྟུང་བ་གཏན་ལ་དབབ་པ་ལ། གང་གི་རྒྱུད་ལ་ལྟུང་བ་བསྐྱེད་པའི་རྟེན་ངོས་བཟུང་བ། རྟེན་དེ་ལ་བཅས་པའི་ལྟུང་བའི་རབ་ཏུ་དབྱེ་བ། ཕྱི་ནས་སོ་སོའི་དོན་བཤད་པ་དང་གསུམ་གྱི་དང་པོ་ནི། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྡོམ་པ་ཐོབ་ནས་མ་བཏང་བ་བསམ་པ་རང་བཞིན་དུ་གནས་པ་སྟེ་ཁྱད་པར་གཉིས་དང་ལྡན་དགོས་ལ། སྡོམ་པ་དང་མི་ལྡན་ན་དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་སྤྱོད་བསྐྱེད་ཀྱང་བཅས་པ་དང་འགལ་བའི་ལྟུང་བ་མི་བསྐྱེད་པའི་ཕྱིར་དང་། སྨྱོ་བ་སོགས་ཀྱི་དྲན་པ་རྣལ་དུ་མི་གནས་ན་ལྟུང་མེད་དུ་གསུང་། གཉིས་པ་དབྱེ་བ་ནི། རྡོ་རྗེ་འཕྲེང་བ་ལས། རྡོ་རྗེ་སེམས་དཔའི་སྡོམ་པ་དང་ལྡན་པ་འདིའི་ལྟུང་བ་ནི་རིས་རྣམ་པ་གཉིས་ཏེ་རྩ་བའི་ལྟུང་བ་དང་སྦོམ་པོའི་ལྟུང་བའོ། །ཞེས་རིས་གཉིས་སུ་ངེས་པ་དང་། གསུམ་པ་སོ་སོའི་དོན་བཤད་པ་ལས། རྩ་ལྟུང་གིས་མ་གོས་པར་བྱ་བ་དང་། ཉམས་ན་ཕྱིར་བཅོས་པའི་ཐབས་དང་གཉིས་ལས། དང་པོར་རྩ་ལྟུང་ངོས་བཟུང་བ་དང་། དེས་མ་གོས་པར་བསྲུང་བའི་འདོད་པ་བསྐྱེད་པ། ཇི་ལྟར་བསྲུང་ཚུལ་དང་གསུམ་གྱི། དང་པོར་རྩ་ལྟུང་སོ་སོར་བཤད་པ་དང་། བསྡུས་ཏེ་བསྟན་པ་གཉིས་ཀྱི་དང་པོ། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས་། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་གང་ལུས་ཅན་ཐམས་ཅད་སྤང་རྟོགས་མཐར་ཕྱིན་གྱི་ཟུང་འཇུག་སྐུ་བཞིའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཛིན་པ་དེ་ཡིས་བཀའ་བསྩལ་པ་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམ་པ་གཉིས་འགྲུབ་པ་ནི་བླ་མའམ་སློབ་དཔོན་ཚུལ་བཞིན་བསྟེན་པའི་རྗེས་སུ་འགྲོ་བའམ་འབྲང་པར་གསུངས་པ་དེ་ལྟ་བས་ན། རང་ཉིད་ལ་དབང་བཞི་རྫོགས་པར་སྩོལ་བ་ནས་ཐ་ན་ཚིགས་བཅད་གཅིག་ཙམ་སྟོན་པའི་བར་གྱི་སློབ་དཔོན་དེའི་སྐུ་གསུང་ཐུགས་མཛད་པ་འཕྲིན་ལས་ལ་མི་དད་མི་གུས་པར་བརྙས་ཐབས་བགྱིས་པ་ནི། དཔའ་བོ་བདག་གིས་སྔགས་ཀྱི་ཉེས་བྱས་ཕྲ་རགས་མང་དུ་ཡོད་པ་ལས་གཙོ་ཆེ་བ་བཅུ་བཞིར་དབྱེ་བའི་ནང་ནས་ཀྱང་རྩ་བ་ལྟ་བུའི་ཉེས་ལྟུང་ལྕི་བའི་དང་པོར་གཞུང་ཆེན་པོ་རྣམས་ལས་བཤད་པ་བཞིན་བསྡུས་ཞེས་པའོ། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །ཅེས་པ་ནི་རྣམ་འགྲེལ་ལས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཞེས་པའི་དོན་ལྟར་སྲིད་པའི་སྡུག་བསྔལ་གྱི་རྟེན་མི་བྱེད་པས་ལེགས་པར་གཤེགས་པ་དང་བདག་ལྟའི་ས་བོན་ཟད་པས་སླར་མི་ལྡོག་པར་གཤེགས་པ་དང་སྤང་བྱ་མཐའ་དག་ཟད་པས་མ་ལུས་པར་གཤེགས་པས་ན་ལམ་བདེ་བ་འཇུག་པ་བདེ་བ་ལ་ལེགས་པར་གཤེགས་པའི་སངས་རྒྱས་ཀྱི་བཀའ་རྒྱ་མཚོ་ལྟ་བུ་ལས། སྡོམ་པ་གསུམ་གང་རུང་དང་ཁྱད་པར་སྔགས་སྡོམ་གྱི་བཅས་པ་གསུངས་པ་ལ་ཁྱད་དུ་གསོད་འདོད་ཀྱི་ཀུན་སློང་ཚང་བས་འདས་པར་བྱེད་པ་ནི། །གོང་བཞིན་རྩ་བའི་ལྟུང་བ་བཅུ་བཞིར་ཕྱེ་བའི་གཉིས་པ་ཡིན་པར་བཤད་ཅེས་པའོ། །རྡོ་རྗེ་སྤུན་ལ་ཁྲོས་པས་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །ཞེས་སློབ་དཔོན་དང་དཀྱིལ་འཁོར་དང་རིག་པའམ་རིག་མ་རྣམས་གཅིག་ལས་དམ་ཚིག་ཐོབ་པ་ནི་ཁྱད་པར་གྱི་རྡོ་རྗེ་སྤུན་དང་། དེ་རྣམས་སོ་སོར་ཐོབ་པ་ནི་བྱེ་བྲག་གི་རྡོ་རྗེ་སྤུན་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཉ་བའི་སྤུན་ཏེ། རྡོ་བ་ཞེས་སྲ་བ་དང་མཁྲེགས་པ་ཀུན་གྱི་རྗེར་གྱུར་པས་གང་གིའང་གཞིག་པ་དང་ཕྱེད་པར་མི་ནུས་པའི་མཚོན་དོན་དུ་བྱས་པའི་ཐེག་པ་འདིའི་དཀྱིལ་འཁོར་གཅིག་ཏུ་དབང་བཞི་རྫོགས་པའམ་ཐ་ན་ཚིགས་བཅད་གཅིག་མཉམ་དུ་ཞུས་པའི་མཆེད་ལྕམ་མམ་སྤུན་དུ་གྱུར་པ་རྣམས་ལ་སྙིང་ཐག་པ་ནས་མི་དགའ་བར་ཁྲོས་པ་ནི། སྔགས་སྡོམ་གྱི་ཉེས་པར་བརྗོད་པའི་རྣམ་གྲངས་གསུམ་པའོ་ཞེས་སོ། །སེམས་ཅན་རྣམས་ལ་བྱམས་པ་སྤོང་། བཞི་པ་ཡིན་པར་རྒྱལ་བར་གསུངས་། ཞེས་རིགས་དྲུག་པོ་གཅིག་ཏུ་མི་གནས་པར། ཡང་ནས་ཡང་དུ་འཁོར་ཞིང་འགྲོ་བས་འགྲོ་བའམ་རྣམ་པར་ཤེས་པའི་རྟེན་བྱེན་པའི་ལུས་དང་ལྡན་པས་ལུས་ཅན་བེམ་པོ་མ་ཡིན་པར་བདེ་སྡུག་ལ་སོགས་པ་ཤེས་པའི་སེམས་དང་ལྡན་པ་ཅན་གྱི་འགྲོ་བ་རྣམས་ལས། གང་ཡང་རུང་བ་གཅིག་ལ་འདི་བདེ་བ་ཐམས་ཅད་དང་བྲལ་ན་སྙམ་པའི་བྱམས་པ་རིང་དུ་འདོར་བ་སྟེ་སྤོང་བར་བྱེད་ན། རྩ་བའི་ལྟུང་བ་བཞི་པ་ཡིན་པར་བདུད་སྡེ་བྱེ་བ་ཕྲག་དུ་མའི་གཡུལ་ལས་རྣམ་པར་རྒྱལ་བ་དེས་ལེགས་པར་གསུངས་ཞེས་པའོ། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། ཞེས་པ་ཕལ་བོ་ཆེའི་བམ་པ་བརྒྱ་བཅུ་གཉིས་པར། རིགས་ཀྱི་བུ་བྱང་ཆུབ་ཀྱིེ་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་བཀའ་སྩལ་བ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོའམ་རྩ་བ་ལྟ་བུ་ནི་ཡོན་ཏན་མ་ལུས་པ་བྱང་ཞིང་ཆུབ་སྟེ་འགྲོ་བ་ཀུན་མི་གནས་པའི་མྱང་འདས་ལ་འགོད་སྙམ་པའི་སེམས་བསྐྱེད་པ་ཁོ་ན་ཡིན་པས་ན། བདག་གིས་སེམས་ཅན་མཐའ་ཡས་པའི་དོན་དུ་བྱང་ཆུབ་དེ་ཐོབ་པར་མི་ནུས་བསམས་ནས་སྨོན་སེམས་སྤོང་བ་དེ་ནི་རྩ་བའི་ལྟུང་བ་ལྔ་པ་ཡིན་ཞེས་པའོ། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་པ་དཀའ་འགྲེལ་དུ་རང་གི་གྲུབ་མཐའ་གསང་སྔགས་རྡོ་རྗེ་ཐེག་པ་དང་གཞན་གྱི་གྲུབ་མཐའ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་བཞེད་ཀྱང་ནག་པོ་བས་རང་གི་གྲུབ་མཐའ་སངས་རྒྱས་ཀྱི་རིང་ལུགས་དང་གཞན་མུ་སྟེགས་པར་མཛད་པ་འཐད་དམ་སྙམ་སྟེ། རྒྱུད་ལས། མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་འཛད་རིང་བའི་རྒྱུ། །ཞེས་དང་། ཐེག་པ་གང་ལའང་མེད་དུ་མི་རུང་བའི་སྐྱབས་འགྲོའི་བསླབ་བྱར་ཡང་དེ་དང་ཆ་མཚུངས་སུ་བཤད་པས་ཕྱི་ནང་ངམ་མདོ་སྔགས་འཕགས་པའི་ཡུལ་དུ་གྲུབ་མཐའ་སྨྲ་བ་ཆེན་པོ་བཞི། གངས་ཅན་གྱི་ལྗོངས་སུ་དེང་སང་གྲགས་ཆེ་བ་ས་དགེཀར་འབྲུགདྭགས་ཤངས། ཞི་བྱེད་སོགས་ཕྱོགས་རིས་ཅན་གང་ལ་ཡང་ཐོག་མ་རང་ཉིད་དེར་ཞུགས་ནས་སླར་དེ་བས་གཞན་ལ་ཞུགས་ཏེ་ཐོག་མའི་རང་ཉིད་ཀྱི་གྲུབ་མཐའ་དེ་ལ་སྨོད་པར་གྱུར་པའམ། གཞན་ཕ་རོལ་གྱི་ཆོས་ལུགས་གྲུབ་པའི་མཐའ་སྟེ་གང་ལ་ཡང་བསམ་པ་མཐག་པ་ནས་སུན་འབྱིན་ཅིང་སྨོད་པ་ནི་རྩ་ལྟུང་དྲུག་པ་ཡིན་ཞེས་པའོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཞེས་ལོག་ལྟ་ཅན་གསང་སྡགས་ཀྱི་ཆོས་ཡོངས་སུ་མ་རྫོགས་པས་སྣོད་ཀྱིས་མ་སྨིན་པ་ལོག་སྲེད་ཅན། ལོག་ལྟ་མེད་ཀྱང་ཆོ་གས་མ་སྨིན་པ་བུམ་དབང་མ་ཐོབ་པ། རྫོགས་པས་མ་སྨིན་པ་གསང་བ་ཤེས་རབ་ཡེ་ཤེས་མ་ཐོབ་པ། ཉམས་པས་མ་སྨིན་པ་རྩ་ལྟུང་ཕྱིར་བཅོས་པ། ཟབ་མོས་འཇིགས་པས་མ་སྨིན་པ་སྟེ་རྣམ་པ་ལྔས་མ་སྨིན་པའི་གང་ཟག་སེམས་ཅན་ཅི་ཡང་རུང་བ་ལ་རིམ་པ་གཉིས་ལ་སོགས་པའི་སྔགས་ཀྱི་གསང་བའི་དེ་ཁོ་ན་ཉིད་བྱུང་རྒྱལ་དུ་སྒྲོག་པ་ནི་རྩ་བའི་ལྟུང་བའི་ནང་གི་རྣམ་གྲངས་བདུན་པ་ཡིན་ཞེས་པའོ། །ཕུང་བོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །ཞེས་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་བོ་ལྔ་རིམ་པ་ལྟར་རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པ་སྟེ་རང་བཞིན་རྣམ་པར་དག་པའི་སངས་རྒྱས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་བདག་ཉིད་ཅན་ཡིན་པ་དེ་ནང་གི་སྦྱིན་སྲེག་གིས་མཆོད་ཅིང་བདེ་བ་བསྒྲུས་པར་བྱ་རྒྱུ་ལ། ཐེག་ཆེན་སེམས་བསྐྱེད་ཀྱིས་མ་ཟིན་པར་རང་ཉིད་ཐར་བ་དང་མཐོ་རིས་ཐོབ་པའི་རྒྱུར་བླུན་རྟགས་ཀྱིས་འགག་པ་དང་གཡང་སར་མཆོད་པ་དང་དམན་པའི་ཡན་ལག་ཆ་ཚང་བ་འབྱུང་བ་ལས་(བརྟུལ་ཞུགས་དང་གནས་མིན་གྱི་བཟོད་པ་དང་ཞེས་སྡེ་སྲིད་སྨན་གྱི་ཁོག་འབུབས་ཤོག་གྲངས་332དུ་གསལ།)ཡན་ལག་ཉིང་ལག་མཆོད་པར་འབུལ་བ་གཅོད་པ་སྨྱུང་བར་གནས་པ་སོགས་རང་ལུས་ལ་བརྙས་པའམ་གདུང་བ་རྩོམ་པར་བྱེད་པ་ནི་རྩ་བའི་ལྟུང་བ་བརྒྱད་པ་ཡིན་ཞེས་སོ། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་རང་བཞིན་མེད་པ་རྣམས་པར་དག་པའི་སྟོང་པ་ཉིད་སྤྲོས་པ་དང་བྲལ་བ་དང་། གཞན་ཡང་གོང་དུ་བརྗོད་པ་བཞིན་རང་གཞན་གྱི་གྲུབ་པའི་མཐའ་ཕྱོགས་རིས་མེད་པའི་ཆོས་རྣམ་པར་དག་པ། ཁྱད་པར་བདག་གི་བླ་མ་ལྔ་པ་ཆེན་པོས་ཚད་འཛིན་ཉམས་སུ་བཞེས་པའི་ཆོས་ཟབ་མོ་རྣམས་ལ་བདེན་རྫུན་སོམ་ཉིའམ་ཐེ་ཚོམ་ཟ་བ་ནི་ལྟུང་བ་དགུ་པ་ཡིན་ཞེས་པའོ། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་འདི་ནི་བཅུ་པར་འདོད། །ཅེས་དཀོན་ཅོག་གསུམ་དང་བླ་མ་སྨོད་པ་དང་བསྟན་པ་འཇིག་པ་སོགས་ཀྱི་སེམས་ཅན་ཞིང་བཅུ་ཚང་བ་གདུག་པ་ཅན་དག་ལའང་ངོ་བོ་བརྩེ་བ་སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་བའི་རྣམ་པར་ཤེས་པ་གནས་སྤར་བ་ལ་སོགས་པ་དགོས་མོད་ཀྱང་གནས་སྐབས་སྤྱོད་པ་དེ་ལྟར་དུ་བསྐྱངས་ཀྱང་དུས་རྟག་པ་དང་ཡུན་རིང་བོ་ཞིག་ཏུ་སྙིང་རྗེའི་སེམས་ཀྱིས་བསྒྲལ་བ་ལ་སོགས་པ་མ་ནུས་པར་བྱམས་པ་དང་ལྡན་པར་སྐྱོང་བར་བྱེད་པ་དེ་ལྟ་བུ་ནི་རྩ་ལྟུང་བཅུ་བར་བྷ་བི་ལ་བདག་འདོད་དོ་ཞེས་པའོ། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །ཞེས་དོན་དམ་པར་མིང་དང་ཚིག་དང་ངག་གི་བརྗོད་པ་ལ་སོགས་པ་སྤྲོས་པ་དང་བྲལ་བའི་ཤེས་བྱའི་ཆོས་ཟབ་མོ་རྣམས་ལ། གྲུབ་མཐའི་དཔྱད་པས་མིང་སོགས་བདེན་པར་འཛིན་པའི་མཚན་མ་དེར་རྟོག་པར་བྱེད་ནའམ་ཆོས་བདག་མེད་པའི་ལྟ་བ་རྙེད་ནས་ལྟ་བ་དེ་རྒྱུན་དུ་བསྟེན་དགོས་པ་ལ་དེ་ལས་ལྡོག་པ་ནི་རྩ་ལྟུང་བཅུ་གཅིག་པའོ། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་སེམས་ཅན་ཏེ་སྐྱེས་བུ་གང་ཞིག་གསང་སྔགས་རྡོ་རྗེའི་ཐེག་པ་མཆོག་གི་ལམ་ལ་དད་ཅིང་མོས་པ་དང་ལྡན་པའི་གུས་པ་ལྷག་པར་ཆེ་བ་དེ་ཡི་སེམས་ཀྱི་འདུན་པ་ཐེག་པ་དེ་ལ་མ་དད་པར་ལྡོག་འདོད་ཀྱི་བསམ་པས་བརྙས་པ་དང་སྨད་པའི་སྒོ་ནས་སུན་ཡང་ནས་ཡང་དུའམ་ལན་གཅིག་ཙམ་འབྱིན་པར་བྱེད་པ་ནི་རྩ་ལྟུང་བཅུ་གཉིས་པའོ། །དམ་ཚིག་ལ་ནི་ཇི་བཞིན་སྙེད། །མི་བདེན་པ་ནི་བཅུ་གསུམ་པ། །ཞེས་ཚོགས་འཁོར་རམ་དཔའ་བོ་ཕོ་མོའི་སྟོན་མོའི་ཆོ་ག་ཚུལ་བཞིན་དུ་བྱེད་པའི་ཚེ་དམ་ཚིག་གི་རྫས་ཤ་ལྔ་བདུད་རྩི་ལྔ་སོགས་པ་ལ་ནི་རྟོག་པས་མ་འབྱོངས་པར་ཇི་ལྟ་བ་བཞིན་དུ་མི་སྤྱོད་ལ། གཞན་ཡང་ཕྱི་དྲོའི་ཁ་ཟས་སོགས་དམ་རྫས་ཇི་སྙེད་ཅིག་མི་འདོད་པའི་བསམ་པས་བསྟེན་པར་མི་བྱེད་པ་ནི་རྩ་བའི་ལྟུང་བ་བཅུ་གསུམ་པ་ཡིན་ཞེས་སོ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་པ་ཤེས་རབ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ལ་རང་བཞིན་ནི་འདིར་འབྱུང་བའི་དོན་ཏེ་རྣལ་འབྱོར་བ་ལ་དེ་བསྐྱེད་པར་བྱེད་པ་པོ་བསྐལ་བ་དང་པོའི་དུས་ཕོ་མོའི་དབང་པོའི་སྒོ་དོད་པར་ཉེ་བའི་སྐབས་ལྦ་བ་ལྟ་བུའི་དབྱིབས་འབུར་པོ་རེ་ཡོད་པ་རེ་ཞིག་ན་ལ་ལ་ནི་སྐྱེས་ཏེ་ཕོ་མཚན་དུ་གྱུར་བས་སྐྱེས་པ། ལ་ལ་ནི་བུད་ནས་མེད་པའི་བུག་པ་ཅན་གྱུར་བས་བུད་མེད་དུ་གྲགས་པའི་ཚུལ་འཛིན་པ་འཇིག་རྟེན་ལས་འདས་པའི་རིགས་དང་བུད་མེད་མཚན་ཉིད་པ་གང་ཡང་རུང་བ་ལ། སོ་ཐར་ཆགས་བྲལ་ལ་ཨ་འཐས་པའམ་གཞན་ཡང་སྐྱོན་གདགས་འདོད་ཀྱི་ཀུན་སློང་གི་སྨོད་པར་བྱེད་པ་ནི་རྣལ་འབྱོར་བླ་མེད་ཀྱི་རྗེས་སུ་འབྲངས་བའི་རྩ་བའི་ལྟུང་བ་བཅུ་བཞི་པའོ་ཞེས་འཕགས་ཡུལ་མཁས་པའི་གཙུག་རྒྱན་སློན་དཔོན་དཔའ་བོའམ་བྷ་བི་ལས་བསྡུ་བ་མཛད་པ་ལྟར། ཕ་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་བཅུ་གཉིས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ། དགྲ་ནག་རྒྱུད་ཀྱི་རིམ་པར་ཕྱེ་བ་བཅུ་བདུན་པ། གཤེད་དམར་ལེའུ་བཅོ་བརྒྱད་རྣམས་ནས་ནང་གསེས་དང་འགྱུར་ཁྱད་ཅུང་ཟད་ལས་རྐང་གྲངས་བཅུ་བཞི་ཁོ་ན་དང་། མ་རྒྱུད་གུར་གྱི་རྒྱུད་ལེའུ་བཅོ་ལྔ་པར་རྩ་ལྟུང་བཅུར་གསུངས་པ་ཡོད་ཀྱང་། དོན་གོང་དུ་བཤད་མ་ཐག་པའི་བཅུ་བཞིར་མ་འདུས་པ་མེད་ཅིང་། དེ་དག་གི་བསྡུ་བ་ནི། ལྟུང་བ་འདི་རྣམས་གསུངས་པ་ཁ་ན་མ་ཐོ་བ་ཆེན་པོ་རྣམས་དགག་པའི་ཕྱིར་དུ་བཅས་པ་ཡིན་ལ། གང་ལ་བརྟེན་ནས་ཉེས་པ་རྣམས་འབྱུང་བའི་གཙོ་བོ་ནི། འདི་ལྟར་རང་ལ་ཆོས་སྟོན་པ་པོ་དང་། ཆོས་སྒྲུབ་པའི་གྲོགས་དང་། ཉམས་སུ་བླང་བྱའི་ཆོས་དང་གསུམ་གཅོ་བོ་ཡིན་པ་ལས། དང་པོ་ལ་དམིགས་པའི་ཁ་ན་མ་ཐོ་བ་འགོག་པ་ནི་ལྟུང་བ་དང་པོའི་བཅས་པ། གྲོགས་ལ་གཉིས་ཏེ་ཡང་དག་པའི་གྲོགས་དང་ཕྱིན་ཅི་ལོག་གི་གྲོགས་པོ། དང་པོ་ལ་ལོག་པར་སྒྲུབ་པ་འགོག་པ་ནི་ལྟུང་བ་གསུམ་པ་དང་བཅུ་གཉིས་པའི་བཅས་པ། གཉིས་པ་ལ་མཛའ་བར་བྱེད་པ་འགོག་པ་ནི་བཅུ་པའི་བཅས་པ། ཆོས་ལ་ལུང་དང་སྒྲུབ་པ་གཉིས་ལས། ལུང་ལ་ཁྱད་གསོད་ཀྱིས་འཇུག་པ་དང་། བཀའ་མ་ཡིན་ཞེས་སྐུར་བ་འདེབས་པ་དང་། བསྟན་པར་མི་འོས་པ་སྟོན་པ་འགོག་པ་ནི་ལྟུང་བ་གཉིས་པ་དང་དྲུག་པ་དང་བདུན་པའི་བཅས་ལ། སྒྲུབ་པའི་ཆོས་ལ། ལམ་གྱི་རྟེན། ངོ་བོ། ཡན་ལག་དང་གསུམ་ལས། རྟེན་ལ་གང་གི་ཆེད་དུ་སེམས་བསྐྱེད་པའི་སེམས་ཅན་ལ་ལོག་པར་སྒྲུབ་པ་དང་། སེམས་རང་གི་ངོ་བོ་འདོར་བ་འགོག་པ་ནི་བཞི་པ་དང་ལྔ་པའི་བཅས་པ། ངོ་བོར་བསྐྱེད་རྫོགས་གཉིས་ཀྱི་དང་པོ་གང་ལྟར་སྒོམ་པའི་གཞི་ཕུང་བོ་ལ་བརྙས་པ་འགོག་པ་ནི་བརྒྱད་པའི་བཅས་ལ། རྫོགས་རིམ་ལ་སྟོང་པ་ཉིད་དང་པོ་ནས་སྤོང་བ་དང་རྟོགས་ཀྱང་ཡིད་ལ་བྱེད་པ་འདོར་བ་འགོག་པ་གཉིས་ནི་དགུ་པ་དང་བཅུ་གཅིག་པའི་བཅས་པ། ཡན་ལག་ལ་ལམ་གྱི་གཞི་དམ་ཚིག་དང་གྲོགས་བུད་མེད་གཉིས་ལས་དམ་ཚིག་མི་བརྟེན་པ་དང་བུད་མེད་སྨོད་པ་འགོག་པ་ནི་ལྟུང་བ་བཅུ་གསུམ་པ་དང་བཅུ་བཞི་པའི་བཅས་པའོ། །

            བསྲུངས་འདོད་བསྐྱེད་པ་ལ་བསྲུངས་པའི་ཕན་ཡོན་དང་ཉེས་དམིགས་བསམ་པ་གཉིས་ལས། དང་པོ་ནི། སྔགས་པས་འདི་དག་སྤངས་ན་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་དང་། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཅེས་སོགས་དང་། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་དང་། བི་བྷུ་ཏཱི་ཙནྡྲས་ཀྱང་དེ་བཞིན་དུ་གསུངས་པས་རྩ་བ་དང་ཡན་ལག་གི་ཉེས་པས་མ་གོས་པའམ་གོས་ཀྱང་ཕྱིར་བཅོས་ཚུལ་བཞིན་དུ་བྱས་ནས་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུངས་ན་སྐྱེ་བ་བཅུ་དྲུག་ཚུན་འགྲུབ་ཅིང་དེ་མ་ཐོབ་ཀྱི་བར་ཡང་རྒྱལ་བ་དང་རྒྱས་སྲས་དཔའ་བོ་དང་དཔའ་མོའི་ཚོགས་རྣམས་ཀྱིས་དགྱེས་བཞིན་དུ་སྲུང་བས་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་དང་བདུད་རིགས་ཀྱིས་གླགས་མི་རྙེད་པ་སོགས་ཕན་ཡོན་མཐའ་ཡས་པས་སྤྲོ་ཤུགས་ཆེ་བར་བྱ་བ་དང་། གཉིས་པ་ཉེས་དམིགས་ནི། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་བཟུང་བར་འགྱུར། །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་། ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་དང་། ས་ར་ཧས། རེ་ཞིག་དམ་ཚིག་ཉམས་པ་ལ། །དངོས་གྲུབ་ཐོབ་པ་ལྟ་ཞོག་གི། མི་ཡི་སྐྱེ་བའང་རྙེད་པར་དཀའ། །ཞེས་སོགས་མང་དུ་གསུངས་པ་མདོར་བསྡུ་ཚེ་དམ་ཚིག་དང་བཅས་མཚམས་ལས་འདས་ཤིང་། ཉམས་པ་ན་ཚེ་འདིར་བདུད་དང་ལོག་འདྲེན་ལ་སོགས་པས་འཛིན་པས་བཀྲུ་མི་ཤིས་པའི་རྣམ་པ་སྣ་ཚོགས་བྱུང་ནས་ལུས་དང་སེམས་ལ་སྡུག་བསྔལ་མང་བ་དང་། ཕྱི་མ་རྐང་པ་སྤྱི་བོ་ཚུགས་སུ་དམྱལ་བར་འགྲོ་བ་ལ་སོགས་ཏེ་ཁེ་ཉེན་ཤིན་ཏུ་ཆེ་བས་སྤང་བླང་མ་འཛོལ་བ་བྱ་དགོས། ཇི་ལྟར་བསྲུང་བའི་ཚུལ་ནི། དེ་བས་ང་རྒྱལ་ངེས་བཅོམ་ནས། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །ཞེས་བསྲུང་ན་ཕན་ཡོན་ཤིན་ཏུ་ཆེ་ལ་མ་བསྲུངས་ན་ཉེས་དམིགས་ཀྱང་དེ་དང་འདྲ་བས་ལྟུང་བར་འགྱུར་མི་འགྱུར་གྱི་མཚམས་གང་ཡིན་མ་ཤེས་ན་མི་ཤེས་པ་ལྟུང་བ་འབྱུང་བའི་རྒྱུ་ཡིན་པས་དེའི་གཉེན་པོར་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་ལེགས་པར་ཤེས་དགོས་པ་དང་། ཤེས་ཀྱང་གྲོགས་དང་བཅས་པ་སོགས་ལ་མི་གུས་ན་མ་གུས་པ་ལྟུང་བ་འབྱུང་བའི་རྒྱུ་ཡིན་པས་ང་རྒྱལ་ངེས་པར་བཅོམ་ནས་གུས་པར་བྱ་ལ། གུས་ཀྱང་བག་ཡོད་དང་དྲན་པ་དང་ཤེས་བཞིན་མ་བསྟེན་ན་བག་མེད་ལྟུང་བ་འབྱུང་བའི་རྒྱུ་ཡིན་པས་བདག་ཉིད་མ་འཁྲུལ་བ་སྟེ་སྤྱོད་ལམ་ཀུན་ཏུ་བག་ཡོད་སོགས་དང་ལྡན་དགོས་ཤིང་། གུས་ལ་བག་ཡོད་པར་སྤྱོད་ཀྱང་ཉོན་མོངས་ཤས་ཆེ་ན་ཉོན་མོངས་མང་བ་ལྟུང་བ་འབྱུང་བའི་རྒྱུ་ཡིན་པས་ང་རྒྱལ་གྱིས་མཚོན་ནས་ཉོན་མོངས་གཞན་གང་ཤས་ཆེ་བ་ཡང་གཉེན་པོ་བསྟེན་ནས་མཐུ་ཆུང་དུ་གཏོང་། དེ་ལྟར་ཡང་རྡོ་རྗེ་རྩེ་མོ་ལས། དམ་ཚིག་ཉིད་ནི་ཉམས་གྱུར་ན། །འབྲས་བུ་འདི་ནི་ཐོབ་མི་འགྱུར། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །ཅེས་སོགས་མང་དུ་གསུངས་པ་ལྟར་རོ། །ཉམས་པ་ཕྱིར་བཅོས་བའི་ཐབས་ནི། མཉམ་པར་བཞག་པས་བླ་མ་ལ། །ཅི་འབྱོར་བ་ཡིས་མཆོད་བྱས་ལ། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་བཟུང་བར་བྱ། །ཞེས་སྔར་བཤད་པ་ལྟར་གསུངས་ཀྱང་བག་མེད་པ་ལ་སོགས་པའི་དབང་གིས་བླ་མ་ལ་སྨོད་པ་སོགས་རྩ་ལྟུང་གང་རུང་བྱུང་ན་དེས་ཐོག་མ་ཉིད་དུ་མཉམ་པར་བཞག་པས་ཏེ་ཡིད་རྩེ་གཅིག་ཏུ་བྱས་ནས་ཚིགས་འཁོར་སོགས་སྔོན་དུ་འགྲོ་བའི་འབུལ་བ་ཅི་འབྱོར་བ་སྟེ་རང་གི་ནུས་པ་ཆེ་ཆུང་དང་འཚམ་པས་བླ་མར་མཆོད་པ་བྱས་ལ་ཉེས་པ་དེ་རྣམས་བཤགས་པར་བྱ་ཞིང་། གལ་ཏེ་བདག་ལ་འཕྲལ་ཡུན་དུ་བདེ་ཞིང་ཕན་པ་གཅིག་འདོད་ན་སླར་ཡང་སྡོམ་པ་བཟུང་བར་བྱ་བའོ། །འཇམ་མགོན་ཙོང་ཁ་པ་ཆེན་པོས། མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་རྒྱུ། །ཅེས་པ་ལྟར་གོང་བཤད་རྣམས་དང་ཅུང་མི་མཐུན་པ་བཞེད་པ་མང་ཡང་བདག་གི་བླ་མ་ལྔ་པ་ཆེན་པོ་གཉིས་མེད་དུ་བཞེད་པ་དུས་ཀྱི་འཁོར་ལོའི་སྐོར། དབང་ལེ་ལས། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། ཞེས་སོགས་སྡོམ་པ་བཟུང་ཚུལ་དང་། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། ཞེས་སོགས་རྩ་ལྟུང་རྐང་གྲངས་བཅུ་བཞི་ལ་ངོ་བོ་མི་འདྲ་བའི་ཁྱད་པར་དང་། འཕགས་ཡུལ་དུ་ཤིན་ཏུ་གསང་བས་ཆིག་བརྒྱུད་དུ་བཞུགས་ཤིང་། གངས་ཅན་དུ་འགྱུར་ཁྱད་ཀྱིས་སྔ་འགྱུར་དུ་གྲགས་པའི་ལུགས་རང་བཞིན་སྤྱིར་བསྟན་པ་ལ་དམ་ཚིག་གི་ངོ་བོ་། ངེས་ཚིགདབྱེ་བ། རྟེན། ཕན་ཡོན། ཉེས་དམིགས། བསྐང་ཐབས། བསྲུང་ཐབས་དང་བརྒྱད་ལས། དང་པོ་ངོ་བོ་ནི། སྔགས་ཀྱི་སྡོམ་པས་རྒྱུད་བསྡམས་པའི་གཉེན་པོའི་དཔུང་དམ་བཅས་པ་ལས་མི་འདའ་བར་བྱེད་པ་སྟེ། དམ་ཚིག་མཆོག་གི་རྒྱུད་ལས། དམ་ཞེས་བྱ་བ་བཅིངས་པ་སྟེ། །རྡོ་རྗེ་འདའ་བཀའ་གཏན་གྱི་གཏེར། །ཞེས་སོ། །ངེས་ཚིག་ནི། དེ་ཉིད་ལས། སྤྱིར་ན་དམ་ཚིག་ཞེས་བྱ་བ། རང་སེམས་ཚིག་པ་མེད་པ་ལ། །གཡོ་སྒྱུ་རྣམས་དང་བྲལ་བའོ། །ཞེས་དང་། དབྱེ་ན་སྔགས་སྤྱིའི་ལུགས་ཀྱིས། རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་དེ་ཡང་རྩ་བ་སྐུ་གསུངས་ཐུགས་གསུམ། ཡན་ལག་ཉི་ཤུ་རྩ་ལྔ་སྟེ། ཤེས་པར་བྱ་བ། དང་དུ་བླང་བ། མི་སྤང་བ། སྤྱད་པར་བྱ་བ། བསྒྲུབ་པར་བྱ་བ་རྣམས་ལ་ལྔ་ལྔའོ། །འདིར་བྱེ་བྲག་གིས་དབྱེ་ན། ལྟ་བ། སྤྱོད་པ། བསྒྲུབ་པ། ཐུན་མོང་བ། ཁྱད་པར་སྐུ་གསུང་ཐུགས། ཡན་ལགགལ་མདོ་ངེས་པའི་དམ་ཚིག་དང་བདུན་ཏེ། རང་ཤར་ལས། འབུམ་སྡེར་གསུངས་པའི་དམ་ཚིག་རྣམས། །མདོར་བསྟན་ལེགས་པར་ཡིད་ལ་བཟུང་། །དེ་ཡང་མདོར་བསྟན་འདི་ལྟ་སྟེ། །རྟོགས་བྱེད་ལྟ་བའི་དམ་ཚིག་དང་། །སྤྱོད་པ་རྒྱུན་གྱི་དམ་ཚིག་དང་། །བསྒྲུབ་པ་སྤྱི་ཡི་དམ་ཚིག་དང་། །ཐུན་མོང་སྤྱི་ཡི་དམ་ཚིག་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །ཡན་ལག་གྲངས་ཀྱི་དམ་ཚིག་དང་། །གལ་མདོ་ངེས་པའི་དམ་ཚིག་གོ། དེ་ལ་སོགས་པའི་དམ་ཚིག་རྣམས། །མདོ་དང་རྒྱས་པ་ཆེན་པོའི། །ཞེས་པ་ལྟར་དང་། རྟེན་ནི། སློབ་དཔོན་དང་སློབ་མ་མཆེད་ལྕམ་སྟེ། དེ་ཉིད་ལས། བསམ་གྱིས་མི་ཁྱབ་དམ་ཚིག་རྣམས། །རྣམ་པ་གཉིས་སུ་འདུས་པར་གསུངས། །སློབ་དཔོན་དང་ནི་སློབ་མ་གཉིས། །བསྲུང་བའི་རྒྱུ་ཞེས་ཀུན་དུ་གྲགས། །བསྲུང་བའི་རྒྱུ་ནི་སློན་དཔོན་སྟེ། བསྲུང་བར་བྱེད་པ་སློབ་མའོ། །ཞེས་དང་། མཆེད་ལྕམ་ལ་བཞིར་ངེས་པ་ཡང་། །དེ་ཉིད་ལས། རྡོ་རྗེའི་སྤུན་ལ་དོན་བཞིས་བསྟན། །སྤྱི་དང་ཉེ་དང་འདྲེས་པ་དང་། །དཀྱིལ་འཁོར་བུམ་པ་འདྲེས་པའོ། །ཞེས་པ་བསྟན་པར་ཞུགས་སོ་ཅོག་དང་ཁྱད་པར་གསང་སྔགས་ལ་ཞུགས་པ་ཐམས་ཅད་སྤྱིའི་མཆེད་དང་། ཆོག་རིགས་གཅིག་པ་རྣམས་ཉེ་བའི་མཆེད། བླ་མ་གཅིག་གིས་བསྡུས་པ་རྣམས་འདྲེས་པའི་མཆེད། དཀྱིལ་འཁོར་གཅིག་ཏུ་མར་མེ་གཅིག་བུ་པ་གཅིག་གིས་དབང་དུས་གཅིག་ལ་བསྐུར་བ་རྣམས་ནི་ཤིན་ཏུ་འདྲེས་པའི་མཆེད་དོ། །འདི་དག་ཀྱང་ཡུན་བདུན་འགྱུར་གྱིས་གཉན་པར་ཤེས་པར་བྱའོ། །སློབ་དཔོན་ལའང་ཐམས་ཅད་ཀྱིས་སློབ་དཔོན་དུ་བསྐུར་བ་སྤྱིའི་སློབ་དཔོན་དང་། རང་ཉིད་ཆོས་ལ་སྦྱོར་བ་འདྲེན་པའི་སློབ་དཔོན་དང་། དམ་ཚིག་དང་། སྡོམ་པ་སྦྱིན་པ་དབང་གི་སློབ་དཔོན་དང་། དམ་ཚིག་དང་། སྡོམ་པ་སྦྱིན་པ་དབང་གི་སློབ་དཔོན་དང་། གདམས་ངག་འབོགས་པ་ལུང་གི་སློབ་དཔོན་ཏེ། དེ་ཉིད་ལས། སློབ་དཔོན་ལ་ཡང་དོན་བཞི་སྟེ། སྤྱི་དང་འདྲེས་དང་དམ་ཚིག་དབང་། །མན་ངག་ལུང་གི་སློབ་དཔོན་ནོ། །ཞེས་སོ། །སློབ་དཔོན་དང་། སློབ་མའི་ངེས་ཚིག་ཀྱང་། དེ་ཉིད་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ། །མི་ཤེས་ཤེས་པར་འགྲོལ་ཕྱིར་སློབ། །རྫོགས་ཆེན་དོན་ལ་སྦྱོར་བས་དཔོན། །སློབ་མའི་ངེས་ཚིག་འདི་ལྟ་སྟེ། །མ་ཡེངས་ཚུལ་གྱིས་ཉན་པས་སློབ། །མན་ངག་སྣོད་དུ་གྱུར་པས་མ། །དེ་ལྟར་དོན་ལྡན་དཔོན་སློབ་ནི། །ཡང་དག་ས་ལ་མཉམ་པོར་གནས། །དམ་ཚིག་ལྡན་ན་དེ་བཞིན་ནོ། །ཞེས་དང་། དམ་ཚིག་བསྲུངས་པའི་ཕན་ཡོན་ནི། །དེ་ཉིད་ལས། དམ་ཚིག་སྡོམ་པ་ཇི་བཞིན་གནས། །དམ་ཚིག་ལ་ནི་གང་གནས་པ། །བསམ་པ་ཐམས་ཅད་མཐར་ཕྱིན་འགྱུར། །ཞེས་པ་དང་། སྒྱུ་འཕྲུལ་ལས། དམ་ཚིག་མཆོག་ལ་གང་གནས་པ། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །ཅེས་སོ། །དམ་ཚིག་ཉམས་པའི་ཉེས་དམིགས་ནི། །རང་ཤར་ལས། ཉམས་ན་གཉིས་ཀ་འཚིག་པར་འགྱུར། །སྐུ་ཡི་དམ་ཚིག་ཉམས་གྱུར་ན། །རྡོ་རྗེ་དམྱལ་བ་ཆེན་པོར་འཆད། །འོ་དོད་འབོད་པའི་གནས་སུ་སྐྱེ། །གསུང་གི་དམ་ཚིག་ཉམས་གྱུར་ན། །སྣང་བ་འགགས་པར་འགྱུར་བ་དང་། །མུན་རྡུལ་ཆེན་པོའི་གནས་སུ་སྐྱེ། །དེ་ནས་ཐོན་པས་གྱུར་ནས་ཀྱང་། །ལྐུགས་པ་དག་ཏུ་སྐྱེ་བར་འགྱུར། །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །ཡིད་འཁྲུག་ཆེན་པོའི་གནས་སུ་སྐྱེ། །རྟག་ཏུ་རྩོད་པ་རྒྱུན་མི་ཆད། །འཐབ་དང་སྡུག་བསྔལ་ཆེན་པོ་དང་། །ཡང་ན་དྲན་པ་མེད་པར་འགྱུར། །སྨྱོ་འབོག་ནད་ཀྱིས་ཐེབས་པར་འགྱུར། །ཐ་མ་ངུ་འབོད་གནས་སུ་སྐྱེ། །ཞེས་དང་། དམ་ཚིག་ཉམས་པའི་སྔ་ལྟས་སུ། །མི་བདེ་རྣམ་པ་སྣ་ཚོགས་འབྱུང་། །ཡམས་དང་འཆི་བའི་ནད་རྣམས་དང་། །རིམས་ནད་སྣ་ཚོགས་འབྱུང་བར་འགྱུར། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་།།བསད་ནས་སེམས་ཅན་དམྱལ་བར་འགྲོ།།མིག་གིས་གཟུགས་མི་མཐོང་བར་འགྱུར།།རྣ་བ་འོན་ཅིང་ལས་མི་འགྲུབ། །མཛེ་དང་ཤུ་བའི་ནད་རྣམས་འབྱུང་། །ཆོམ་རྐུན་རྒྱལ་པོའི་ཆད་པ་འབྱུང་། །གཞན་ལ་མེད་པའི་རིམས་ནད་འབྱུང་། །བུ་དང་ཆུང་མ་འཆི་བར་སྟོན། །ཡུལ་རྣམས་ཐམས་ཅད་དགྲར་ལྡང་ཞིང་། །བྱས་པ་དོན་མེད་ཆེན་པོ་འགྱུར། །ཞེས་པ་ལྟར་དང་། ཉམས་ན་བསྐང་ཐབས་ལ་གསུམ་ལས། དང་པོའི་སྐུའི་ཉམས་ན་བསྐང་བའི་ཐབས་ནི། ཡང་དེ་ཉིད་ལས། གསུང་རབ་རྒྱ་ཆེན་བཀླག་པ་དང་། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །འཁོར་གསུམ་ཡོངས་དག་བྱ་བར་གསུངས། །ཞེས་དང་། གསུང་ཡང་དེ་ལས། དེ་ཡང་སྦྱང་ཐབས་འདི་ལྟ་སྟེ། །མར་མེ་བརྒྱ་རྩའི་ཆོ་ག་དང་། སྤང་བཀོང་རྒྱ་རྩ་གདོན་པ་དང་། །བཤགས་པ་རྣམ་པ་རྣ་ཚོགས་བྱ། །དེས་ནི་བྱང་པའི་ཡོན་ཏན་མཐོང་། །ཞེས་པའི་སྤང་བསྐོང་ནི་ན་རག་རྒྱུན་བཤགས་སོ། །ཐུགས་ཀྱང་དེ་ཉིད་ལས། དེ་ཡང་སྦྱང་ཐབས་འདི་ལྟ་སྟེ། །སློབ་དཔོན་མཉེས་པའི་རྫས་ཀྱིས་མཆོད། །འབྱོར་ཚོགས་ཅི་ཡོད་འཕགས་པ་མཆོད། དེ་ལྟར་བཤགས་པ་བྱས་གྱུར་ན། །བསམས་པ་ཐམསཅད་འགྲུབ་པར་འགྱུར། །འདོད་པ་ཐམས་ཅད་བསྐོངས་པར་འགྱུར། །བྱ་བ་ཐམས་ཅད་རྫོགས་པར་འགྱུར། །ཞེས་དང་། བསྲུང་ཐབས་ནི། སྐྱོན་ཡོན་མཐོང་ནས་དྲན་པ་དང་ཤེས་བཞིན་དག་པས་རྒྱུད་སྡོམ་པ་སྟེ། དེ་ཉིད་ལས། དམ་ཚིག་ལ་ནི་ཇི་བཞིན་གནས། །བསྐལ་བ་ཞིག་ཀྱང་མི་གཏང་བ། །དམ་ཚིག་ཆེན་པོའི་བསྲུང་ཐབས་སོ། །ཞེས་པ་བཞིན་དང་། དེའང་སློབ་དཔོན་གྱིས་རྒྱུད་དང་དམ་ཚིག་གི་རིམ་པ་ཤེས་པས་ཤེས་པ་བཅུས་བསྲུང་ལ། སློབ་མས་མི་ཤེས་པས་སློབ་དཔོན་གྱི་བཀའ་བཞིན་བསྲུངས་པའོ། །ཤེས་པ་བཅུ་ནི། ཚིག་དོན་གྱི་གནས་ཤེས་པ་དང་། དྲིས་པའི་ལན་ལྡོན་པར་ཤེས་པ་དང་། དབང་དང་མན་ངག་གི་སྐབས་ཤེས་པ་དང་། ལྟ་བ་ཡངས་པར་ཤེས་པ་དང་། བསྒོམ་པའི་དད་ཆེ་བར་ཤེས་པ་དང་། ཆོས་ཉིད་ཟབ་པར་ཤེས་པ་དང་། འཁོར་བ་དང་མ་འདྲེས་པར་ཤེས་པ་དང་། འདས་པའི་ས་ལ་གནས་པར་ཤེས་པ་དང་། རང་དང་སྤྱིའི་ཆོས་དང་ཆོས་ཅན་གྱི་མཚན་ཉིད་ཤེས་པའོ། །ཡང་དེ་ཉིད་ལས། དེ་ཡང་བསྲུང་ཐབས་འདི་ལྟ་སྟེ། །ཤེས་པ་གཅིག་གི་ཁྱད་པར་གྱིས། །ཁྱད་པར་བཅུ་ཡི་བསྲུང་ཐབས་འཕགས། །གཅིག་ལ་དེ་བས་ཉུང་བའོ། །དམ་ཚིག་རྒྱལ་པོ་དེ་བཞིན་སྤྱོད། །ཅེས་དང་། གཞན་སྐུ་གསུང་ཐུགས་ཀྱི་དམ་ཚིག་བྱེ་བྲག་བཤད་པ་དང་། བླ་ན་མེད་པའི་དམ་ཚིག་མཆོག་ཏུ་བསྟན་པའི་རྒྱས་བཤད་ཡོད་ཀྱང་འདིར་དེ་ཙམ་མོ། །གཞན་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བསྟན་བཅོས་ལས་སྦོམ་པོའི་ལྟུང་བ་བརྒྱད་བཤད་པའི་དང་བོ། ཤེས་རབ་སྟོབས་ཀྱིས་ལེན་པ་དང་། །ཞེས་རིག་མ་ཡོངས་སུ་མ་སྦྱངས་པར་རང་གི་མཐུའམ་སྟོབས་ཀྱི་དབང་མེད་དུ་ལེན་པ། གཉིས་པ། དེ་ཡི་བདུད་རྩི་སྟོབས་ཀྱིེས་ལེན། །ཞེས་གོང་བཤད་རིག་མའི་བདུད་རྩི་སྟོབས་ཀྱིས་ལེན་པ། གསུམ་པ་སྣོད་མིན་ལ་ནི་མི་གསང་དང་། །ཞེས་དབང་མ་ཐོབ་པ་དང་དད་པ་མེད་པའི་སྣོད་མིན་ལ་བྲིས་སྐུ་གླེགས་བམ་རྒྱན་དྲུག་སོགས་གསང་རྫས་རྣམས་སྟོན་པ། བཞི་པ། ཚོགས་ཀྱི་ནང་དུ་རྩོད་པ་དང་། །ཞེས་ཚོགས་འཁོར་རམ་དཔའ་བོ་ཕོ་མོའི་དགའ་སྟོན་གྱི་དུས་རྩོད་པ། ལྔ་པ། དད་ལྡན་ལ་གཞན་ཆོས་སྟོན་པ་དང་། ཞེས་དཔེར་ན་དོན་དམ་པའི་མཚན་ཉིད་འདྲི་བ་ལ་ཀུན་རྫོབ་ཀྱི་མཚན་ཉིད་སྟོན་པ་ལྟ་བུ། དྲུག་པ། ཉན་ཐོས་ནང་དུ་ཞག་བདུན་གནས། །ཞེས་གསང་སྔགས་སུན་འབྱིན་བྱེད་པའི་ཉན་ཐོས་ཀྱི་ནང་དུ་ཞག་བདུན་ཕན་ཆད་གནས་པ། བདུན་པ། རྫུན་གྱི་རྣལ་འབྱོར་ང་རྒྱལ་བྱེད། ཅེས་ལྷའི་སྒྲུབ་ཐབས་ཙམ་ཞིག་ལ་བརྟེན་ནས་དེ་ཁོ་ན་ཉིད་ཤེས་པར་ང་རྒྱལ་གྱིས་གནས་ཤིང་སྟོན་པ། བརྒྱད་པ། དད་པ་མེད་ལ་ཆོས་སྟོན་པ། །ཞེས་དབང་གིས་མ་སྨིན་པའི་སྔགས་ལ་མི་དད་པ་ལ་དབང་བསྐུར་བའམ་ཕྱིའི་ཆོས་ལ་མོས་པར་སྔགས་ཀྱི་གསང་བ་སྟོན་པ་རྣམས་སྦོམ་པོའི་ལྟུང་བ་ཡིན་ལ། ཉམས་པར་གྱུར་ན་བཤགས་པར་བྱ། །ཞེས་གསུང་པ་མ་ཤེས་པ་སོགས་ཀྱི་དབང་གིས་ཉམས་ན་ཆོ་ག་བཞིན་དུ་བཤགས་པར་བྱའོ། །དེ་ལྟར་དམ་ཚིག་དང་སྡོམ་པ་ལ་ཚུལ་བཞིན་གནས་པས་རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་བདུན་ནམ། བཅུ་དྲུག་ཚུན་ལ་སངས་རྒྱ་བས་ན། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བས། །ཤིན་ཏུ་འཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག། དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །བཞུགས་ནས་འབད་པ་ཆེན་པོས་རིང་དུ་སྦྱངས། །ཞེས་དང་། ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད། །ཅེས་སོགས་རྒྱ་ཆེར་བསྔགས་པ་དང་། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་འབྲས་བུ་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་ཚུལ་རྒྱུད་སྡེ་རིན་པོ་ཆེ་དུ་མ་དང་རྒྱ་གར་གྱི་པཎ་གྲུབ་དུ་མས་གསུངས་པ་གཞན་དུ་རྒྱ་ཆེར་བཤད་པ་ལྟར་ཡིན་ལ། ཕལ་སྐད་ཁེ་ཆེ་སར་ཉེན་གྱི་དཔེ་བཞིན་སྡོམ་པ་གསུམ་གྱི་ནང་ནས་བསྲུང་སྡོམ་ཡང་སྔགས་ཁོ་ན་ཆེས་དཀའ་བ་ནི། བདག་ཉིད་ཆེན་པོ་དཱི་པཱཾ་ཀ་རས་ཕ་ཆོས་ཐོར་བུར། སོ་སོ་ཐར་བའི་སྡོམ་པ་ལ་ཉེས་པས་གཏན་ནས་མ་གོས་པར་བྱར་རུང་། བྱང་ཆུབ་སེམས་དཔའི་བསླབ་པ་ཉེས་པ་ཅོ་ལེ་ཙམ་གྱིས་གོས། གསང་སྔགས་ཀྱི་དམ་ཚིག་ལ་ཉེས་པ་ཅ་རེ་ཉ་རེ་བརྒྱབ་སྟེ་ཉེས་པ་དང་ཞག་ཏུ་འགྲོགས་མ་མྱོང་། ཞེས་གསུངས་པས་གོ་ནུས་པ་བཞིན་འདི་ལ་གཟབ་པར་བྱའོ། །

 

(4) སྡོམ་གསུམ་གནས་འགྱུར་ཡིན་མིན་གྱི་ཁྱད་པར།

དེ་ལྟ་བུའི་སྡོམ་པ་གསུམ་པོ་དེ་སུམ་ལྡན་རྡོ་རྗེ་འཛིན་པར་འགྱུར་མི་འགྱུར་རང་རང་གི་གནས་འགྱུར་མི་འགྱུར་སོགས་ལ་བཤད་ཁུངས་མང་དུ་ཡོད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་བའི་ལུགས་སུ། ས་བཟང་མ་ཏི་པཎ་ཆེན་གྱིས། མངོན་པ་མཛོད་ལས། ཐ་དད་དེ་དག་འགལ་བ་མེད། །ཅེས་གསུངས་པ་ལྟར་སྡོམ་པ་གསུམ་པོ་དེ་དག་ནི་གང་ཟག་གཅིག་གི་བརྒྱུད་ལ་ཡོད་པའི་ཚེ་ནའང་ཐ་དད་ཁོ་ནར་ཡོད་དེ། གཞན་དུ་ནི་དགེ་སློང་གི་སྡོམ་པ་བཏང་བས་གསུམ་ཆར་གཏོང་བར་འགྱུར་བ་ལས། དགེ་སློང་བཏང་ནས་དགེ་ཚུལ་དང་དེའང་བཏང་ནས་དགེ་བསྙེན་དུ་འགྱུར་བར་གསུངས་པའི་ཕྱིར་རོ། །འོན་ཀྱང་དེ་དག་འགལ་བ་མེད་པས་བསྟན་པ་ལ་རིམ་གྱིས་ཞུགས་པའི་དགེ་སློང་གི་རྒྱུད་ལ་དེ་གསུམ་གྱི་རིག་བྱེད་མ་ཡིན་པ་རྣམས་ནི་སོ་སོར་ཡོད་ཅེས་སོ། །ཞེས་སོགས་དང་། མཁས་མཆོག་བུ་སྟོན་རིན་པོ་ཆེས། འོ་ན་གང་ཟག་གིས་སྡོམ་པ་རིམ་ཅན་དུ་བླངས་པ་ན། སྤོང་བའི་འཕེལ་བ་དང་ལྡན་པ་དགེ་བསྙེན་གྱི་ལྔའི་སྟེང་དུ་དགེ་ཚུལ་གྱི་ལྷག་པོ་ལྔ་བསྣན་པས་བཅུར་སོང་བ་ལྟ་བུ་ཡིན། འོ་ན་ཐམས་ཅད་ཐ་དད་ཅེ་ན། དོང་ཙེ་བརྩེགས་པ་ལྟར་རྫས་ཐ་དད་མ་འདྲེས་པར་ཡོད་དོ། །སྲོག་གཅོད་སྤོང་བ་གསུམ་ནས་ཆང་སྤོང་བ་གསུམ་གྱི་བར་མཚན་ཉིད་ཐ་དད་པ་སྐྱེ་སྟེ། ལྷག་མ་གར་སོགས་སྤོང་བའང་དེ་དང་འདྲའོ། །འོ་ན་ཁྱད་པར་ཅི་ཡོད་ཅེ་ན། གཞིའི་ཁྱད་པར་ལས་ཁྱད་ཡོད་དེ། བསླབ་པའི་གཞི་ཆེས་མང་པོ་དག་ལེན་པར་འདོད་པ་སྟེ་དེ་ལྟར་རྒྱགས་པ་དང་བག་མེད་པའི་གནས་ཆེན་པོ་མང་པོ་ལས་ལོག་པ་དང་། སྲོག་གཅོད་པ་ལ་སོགས་པའི་གཞི་དུས་མ་ཡིན་པའི་ཁ་ཟས་ལ་སོགས་པ་ལས་ལོག་པར་འགྱུར་བ་དང་། སྤོང་བའི་གཞི་རྣམས་ལ་ཡང་འཇུག་པར་འགྱུར་བའི་ཁྱད་ཡོད་དོ། །ཞེས་སོགས་དང་། མངོན་པའི་འགྲེལ་བ་རྒྱན་ལས། དགེ་བསྙེན་ལ་སོགས་པའི་སྡོམ་པ་དེ་དག་ཐ་དད་པ་ཡིན་གྱི་སྔ་མ་སྔ་མ་གནས་འགྱུར་བ་ཕྱི་མ་ཕྱི་མའམ་གཅིག་ཏུ་ཡོད་པ་ནི་མ་ཡིན་ཏེ། ཞེས་སོགས་དང་། མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བའི་སྡོམ་གསུམ་རྣམ་བཞག་ཐུབ་བསྟན་བྱི་དོར་ལས། །གཞན་ལུགས་རྣམས་བཀག་ནས། འཐད་པའི་ཕྱོགས་ནི་འདི་ཡིན་ཏེ། སྡོམ་པ་སུམ་ལྡན་གྱི་གང་ཟག་གཅིག་གི་རྒྱུད་ཀྱི་སྡོམ་གསུམ་རང་རང་གི་ཐོག་མའི་རྒྱུ་ཚོགས། ཚོགས་པ་རིས་མི་མཐུན་གྱི་ཆོ་ག་རིགས་ཐ་དད་ལས་སྐྱེས་པའི་ཐོབ་ཚུལ་སོ་སོར་ངེས་ཤིང་། དེའི་དབང་གིས་མཐར་གཏོང་བའི་རྒྱུ་ཡང་སོ་སོར་ངེས་པ་ཡིན་ལ། འོན་ཀྱང་གནས་སྐབས་སུ་སྡོམ་པ་འོག་མ་བསྲུང་བ་ཡང་གོང་མའི་ཀུན་སློང་ཁྱད་པར་ཅན་གྱིས་ཟིན་པའི་རྐྱེན་གྱིས་གནས་སྐབས་ཀྱི་རྐྱེན་དེ་དང་མ་བྲལ་གྱི་རིང་ལ་འོག་མ་ཡང་གོང་མའི་ཡན་ལག་ཏུ་འགྱུར་བ་ཡིན་གྱི། གྲུབ་སྡེ་དབྱེར་མེད་དང་རིགས་རྒྱུན་ཕན་ཚུན་གཅིག་བཀག་ན་ཅིག་ཤོས་ཁེགས་པའི་ཡན་ལག་ཏུ་འགྱུར་བ་མ་ཡིན་ཏེ། དཔེར་ན་སྣོད་ཤིན་ཏུ་དྭངས་ཤིང་དྲི་མ་མེད་པར་ཆུ་ཤིན་ཏུ་དྭངས་པའི་ནང་དུ་རིན་པོ་ཆེ་མརྒད་ལ་སོགས་པ་བཅུག་ན་དེ་སྲིད་དུ་ཆུའི་མདོག་ཀྱང་རིན་པོ་ཆེའི་ཁ་དོག་གིས་ཡན་ལག་ཏུ་འགྱུར་མོད་ཀྱི། ཆུ་དང་རིན་པོ་ཆེ་དེ་དག་ཕན་ཚུན་གཅིག་བཀག་ཀྱང་ཅིག་ཤོས་མི་ཁེགས་པ་བཞིན་ནོ། །ཞེས་སོགས་གསུངས་པ་འོག་མ་གཉིས་མེད་ན་གོང་མའི་ཡན་ལག་མི་ཚང་བའི་སྐྱོན་དང་། གོང་མའི་ཐོབ་བྱེད་ཀྱི་ཆོ་ག་ལས་འོག་མ་གཉིས་ཀྱང་ཐོབ་དགོས་པ་འདྲ་ཞིག་འདུག་སྟེ། ཐུགས་རིག་གི་དགོངས་པ་ཁྱད་པར་ཅན་ཡོད་པ་གཞིར་བཅས། གཞན་ཡང་སོ་ཐར་དགེ་སློང་གི་དངོས་པོ་བསྒྲུབས་ཟིན་ཞིག་ལ་མ་གཏོགས་བྱང་སྡོམ་མཚན་ཉིད་ལྡན་པ་མི་ཚང་བ་ལྟ་བུ་དང་། དུས་ཀྱི་འཁོར་ལོ་རྩ་རྒྱུད་ལས། ས་ཐོབ་མ་གཏོགས་ཁྱིམ་པས་ནི། །རྒྱལ་པོའི་བླ་མ་མི་བྱ་སྟེ། །དེ་ལས་ཐོས་པ་ཡོངས་ཤེས་པས། །གང་ཞིག་རྟགས་ཅན་བྱ་བ་ཉིད། ཅེས་སོགས་ལ་བརྟེན། སོ་ཐར་དགེ་སློང་དང་མི་ལྡན་པའི་བཤེས་གཉེན་ལ་སློབ་དཔོན་གྱི་མཚན་ཉིད་མི་ཚང་བའི་ཤེས་བྱེད་མང་དུ་བྱུང་ཡང་། བདག་གི་བླ་མ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་ལས་ཆོག་རྣམས་རྒྱལ་གསེར་མདོག་ཏུ། མཁས་པ་རྣམས་ཀྱི་གྲུབ་མཐའི་འཇོག་མཚམས་ལ་བློ་དམན་རྣམས་ཀྱིས་མཐའ་གཅིག་ཏུ་ངེས་བཟུང་དཀའ་ནའང་། གཉའ་ནང་བྲག་ཕུག་གི་རྒྱུས་མི་ལ་རས་པའི་དཔེ་བཞིན་ཉན་ཐོས་ལུགས་ལྟར་སོ་ཐར་བླངས་པའི་གདུལ་བྱ་སོ་སྐྱེ་ལས་དང་པོ་བ་རྣམས་ཀྱི་སྐལ་བ་དང་འཚམས་པ་ནི། ལུགས་སྲོལ་འདི་ལ་ཁ་ཆེའི་བསོད་སྙོམས་པ་ཆེན་པོ་བརྒྱུད་པར་བཅས་པ་མཁས་པས། པཎ་ཆེན་ཤཱཀྱ་ཤྲཱི་དང་བི་བྷུ་ཏི་ཙནྡྲས་སྡོམ་གསུམ་རྫས་ཐ་དད་དུ་བཞེད་ཅིང་། བི་བྷུ་ཏི་ཙནྡྲས། མཁྱེད་བརྩེ་དུང་འཕྱུར་དང་ལྡན་ཞིང་། །པཎ་ཆེན་བློ་ཡི་རྒྱ་མཚོ་ལ། །སྡོམ་གསུམ་ནོར་བུའི་འཕྲེང་བ་བླངས། །ཞེས་པཎ་ཆེན་གྱི་དགོངས་པ་ལྟར་སྡོམ་གསུམ་རྫས་ཐ་དད་དུ་སྟོན་པའི་འོད་འཕྲེང་མཛད་ཅིང་དེར་། དེས་ན་རིག་འཛིན་གཅིག་པུ་ལ། །སུམ་ལྡན་སྦྱོར་བ་འཐད་མ་ཡིན། །གལ་ཏེ་འཐད་ན་འོག་མ་གཉིས། །ཆོ་ག་མི་དགོས་སྐྱེ་བར་འགྱུར། །སྡོམ་གསུམ་ཆོ་ག་ཐུན་མོང་དུ། །ཐུན་པ་ཆེན་པོས་གསུངས་པ་མེད། །རིག་འཛིན་སྡོམ་པ་ཁོ་ན་བས། །སུམ་ལྡན་བསྔགས་པའི་དགོས་པ་ནི། །འབྲས་བུའི་སྒོ་ནས་མ་ཡིན་ཏེ། །ཡིན་ན་ཀུན་མཁྱེན་མཆོག་དམན་འགྱུར། །ཞེས་སོགས་གསུངས་པའི་དོན། །སོ་སྐྱེ་གཅིག་གི་རྒྱུད་ཀྱི་སྡོམ་གསུམ་རྫས་ཐ་དད་དེ། སྡོམ་གསུམ་ཕྱི་མ་ཕྱི་མ་སྐྱེ་བ་ལ་སྔ་མ་སྔ་མ་སྐྱེས་ཟིན་རྟེན་དུ་དགོས་པས་སྐྱེ་བའི་དུས་ཐ་དད། སོ་ཐར་ཇི་སྲིད་འཚོའི་བར་དང་གཞན་གཉིས་སངས་རྒྱས་མ་ཐོབ་པར་ཡིན་པས་གནས་དུས་ཐ་དད། སོ་ཐར་ཚེ་འཕོས་པས་གཏོང་ཞིང་ཕྱི་མ་གཉིས་མི་གཏོང་བས་གཏོང་རྒྱུ་ཐ་དད་ཅིང་སངས་རྒྱས་ཀྱི་དཀོར་ཀུན་དཀྲིས་ཆེན་པོས་ཕྲོགས་ན་བྱང་སེམས་ཀྱི་སྡོམ་པ་འཇིག་ཀྱང་སོ་ཐར་ལ་དེ་ལྟར་མ་ཡིན་པ་དང་། ཀུན་ནས་འཁྲུགས་པས་བུད་མེད་ལ་སྨད་ན་སྔགས་སྡོམ་འཇིག་ཀྱང་སོ་ཐར་ལ་ཕམ་པར་མི་འགྱུར། ཤ་ཆང་བདུད་རྩི་ལྔ་སོགས་དམ་ཚིག་གི་རྫས་ཞེ་ནས་སྤོང་ན་སྔགས་ཀྱི་རྩ་ལྟུང་བཅུ་གསུམ་པར་འགྱུར་ཀྱང་། སོ་ཐར་གྱི་དེ་སྤང་བྱ་ཡིན་པ་སོགས་ཀྱི་ཕྱིར་སྡོམ་གསུམ་རྫས་ཐ་དད་པ་དང་། ནམ་མཁའ་ལ་ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་ཤར་ཚེ་གཞན་གཉིས་མེད་པ་མིན་ཡང་ཉི་མའི་འོད་ཀྱིས་ཟིལ་གྱིས་མནན་ནས་བག་ལ་ཞ་བ་བཞིན་དུ་སྔགས་སྡོམ་གྱིས་བྱང་སེམས་སོ་ཐར་ཟིལ་གྱིས་གནོན་པ་དང་། དེའི་ཤུགས་ལ་སོར་ཐར་གྱི་ཚིགས་གསུམ་གང་ཟག་གཅིག་གི་རྒྱུད་ལ་སོ་སོར་ཡོད་ཀྱང་བསྙེན་རྫོགས་ཀྱི་སྡོམ་པ་གཙོ་ཆེ་བས་གཞན་གཉིས་དངོས་སུ་མི་མངོན་ཡང་། སྣོད་གཅིག་ཏུ་ཆུ་ཆང་འོ་མ་གསུམ་རིམ་གྱིས་བསྲེས་ཚེ་ཆང་གི་དྲི་དང་འོ་མའི་མདོག་སོགས་མངོན་ཆེ་རུང་དེ་ལ་ཆུ་མེད་པར་སྒྲུབ་མི་ནུས་པ་ལྟ་བུ་ནས། འོད་འཕྲེང་ལས། དང་པོ་དེ་ནི་ཀུན་གཞི་ལས། བག་ལ་ཉལ་བའི་ཚུལ་དུ་གནས། །རིག་འཛིན་སྡོམ་པ་ཐོབ་པ་ནས། །འོག་མ་གཉིས་ལ་བག་ལ་ཉལ། དཔེར་ན་མཁའ་ལ་སྐར་མ་ཤར། །ཅུང་ཟད་སྣང་བར་བྱས་འགྱུར་མོད། །ཟླ་བའི་དཀྱིལ་འཁོར་ཤར་བའི་ཚེ། །སྐར་མ་འོད་ཉམས་འཇིག་རྟེན་སྣང་། །རྟ་བདུན་ཚ་ཟེར་བྱུང་བ་ན། །ཟླ་བའི་འོད་ཉམས་འཇིག་རྟེན་གསལ། །ཞེས་སྔ་མ་སྔ་མ་ཕྲ་ཞིང་ཕྱི་མ་རགས་པར་གསུངས་པའི་དོན་ལྟར་རྗེ་བླ་མས་ཀྱང་བཞེད། གསང་སྔགས་སྔ་འགྱུར་ལས་ཀྱང་རྩ་རྒྱུད་གསང་བ་སྙིང་པོ་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གི་ཚུལ་ཁྲིམས་དང་། །དེ་ཉིད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དགཅེས་པའི་སུམ་ལྡན་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་སྡོམ་པ་གསུམ་ངོ་བོ་ཚ་ཞིང་གནས་འགྱུར་བ་སྟེ་སོ་ཐར་བྱང་སྡོམ་དེ་གཉིས་སྔགས་སྡོམ་དུ་གནས་འགྱུར་བའི་ཕྱིར། འགྱུར་ཚུལ་ནི། སོ་ཐར་དང་བྱང་སྡོམ་གཉིས་ལ་མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་སྣང་ཞེན་གྱི་ལྡོག་ཆ་རེ་ཡོད་པ་དེ་རྩ་བ་ནས་བཏང་ནས་སོ་ཐར་གཞན་གནོད་བཞི་བཅས་ཀྱི་ཆ་དང་། བྱང་སྡོམ་གྱི་གཞན་ལ་ཕན་པ་ཞུགས་པའི་ལྡོག་ཆ་གཉིས་པོ་དེ་སྔགས་སྡོམ་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་འབད་རྩོལ་མེད་པ་བྱེད་པའི་ཐབས་མཁས་ཀྱི་ནང་དུ་ཚང་ཞིང་། རྫས་གོང་འཕེལ་གྱི་ཚུལ་གྱི་སྔགས་སྡོམ་རྫས་སུ་གནས་འགྱུར་བར་བཤད། །

 

(5) སོ་ཐར་དང་བྱང་སྡོམ་གང་ལས་ལེན་པའི་རྟེན།

སོ་ཐར་གྱི་སྡོམ་པ་འབོགས་པའི་མཁན་པོའང་གཅིག་རང་དུ་མ་ངེས་ཏེ། འདུལ་བ་ལུང་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་གནས་ཀྱི་སྡོམ་པ་འབོགས་པའི་མཁན་པོ་བྱས་པར་བཤད་པ་དང་། དཀོན་བརྩེགས་དྲག་ཤུལ་ཅན་གྱིས་ཞུས་པའི་ལེའུ་བམ་པོ་གསུམ་པ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །སྐྱེས་བུ་དམ་པ་ཁྱོད་གཉིས་ཀྱིས་ཁྱིམ་བདག་འདི་རྣམས་རབ་ཏུ་བྱུང་ལ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་གནང་ནས། བྱང་ཆུབ་སེམས་དཔའ་བྱམས་པས་ཁྱིམ་བདག་དགུ་སྟོང་རབ་ཏུ་བྱུང་ངོ་། །བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་པར་དག་པས་ནི་ཁྱིམ་བདག་བདུན་སྟོང་རབ་ཏུ་བྱུང་ངོ་། །ཞེས་བྱང་ཆུབ་སེམས་དེ་གཉིས་ཁྱིམ་པའི་ཆ་བྱད་ཅན་ཡིན་ཡང་བསྙེན་རྫོགས་ཀྱི་མཁན་པོ་མཛད་པ་གསལ་བར་བྱུང་ལ། དགེ་སློང་ཞེས་པའང་དབུ་ཟླུམ་ཞབས་རྗེན་ཆོས་གོས་རྣམས་གསུམ་འཆང་བ་ཁོ་ན་ལ་འདོད་མི་ནུས་པ་ཡང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། རིགས་ཀྱི་བུ་གཞན་ཡང་དགེ་སློང་རྣམ་པ་བཞི་ཡོད་དེ། བཞི་གང་ཞེ་ན། དོན་དམ་པའི་དགེ་སློང་དང་། ཀུན་རྫོབ་ཀྱི་དགེ་སློང་དང་། ལུག་ལྐུག་པ་ལྟ་བུའི་དགེ་སློང་དང་། ཁྲེལ་བ་དང་ངོ་ཚ་བ་མེད་པའི་དགེ་སློང་ངོ་། །དེ་ལ་ཇི་ལྟར་ན་དོན་དམ་པའི་དགེ་སློང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་སམ། བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་སློང་ཡོན་ཏན་ཆེན་པོ་དང་ལྡན་པ་ཆོས་ཐམས་ཅད་ལ་དབང་དུ་གྱུར་བའམ། རང་སངས་རྒྱས་ཀྱི་བྱང་ཆུབ་བམ། དགྲ་བཅོམ་པའམ། ཕྱིར་མི་འོང་བའམ། ལན་ཅིག་ཕྱིར་འོངས་པའམ། རྒྱུན་དུ་ཞུགས་པ་སྟེ། གང་ཟག་རྣམ་པ་བདུན་པོ་འདི་དག་ནི་དོན་དམ་པའི་དགེ་སློང་དུ་བསྡུ་བ་དང་། སྐྱེ་བོ་གང་ཁྱིམ་ན་གནས་ཤིང་སྐྲ་དང་ཁ་སྤུ་ཡང་མ་བྲེགས། ཆོས་གོས་ཀྱང་མི་གྱོན། རབ་ཏུ་བྱུང་བ་སོ་སོར་ཐར་པའི་ཚུལ་ཁྱིམས་ཐམས་ཅད་ཀྱང་མ་མནོས། གསོལ་བ་དང་། ཞུ་བའི་ལས་དང་། གསོ་སྦྱིན་དང་། ཚུལ་གྱི་ལས་ཐམས་ཅད་ཀྱི་ནང་དུ་མི་ཆུད་མོད་ཀྱི། འཕགས་པའི་ཆོས་དང་ལྡན་ལ་འཕགས་པའི་འབྲས་བུ་ཐོབ་པས་ན་དེ་ཡང་དོན་དམ་པའི་དགེ་སློང་དུ་བསྡུས་ཏེ། དེ་དག་ནི་དོན་དམ་པའི་དགེ་སློང་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཀུན་རྫོབ་ཀྱི་དགེ་སློང་ཞེ་ན། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་ཅིང་རབ་ཏུ་བྱུང་ལ་སོ་སོར་ཐར་བའི་ཚུལ་ཁྲིམས་དང་ལྡན་ན་དེ་ནི་ཀུན་རྫོབ་ཀྱི་དགེ་སློང་ཞེས་བྱའོ། དེ་ལ་ཇི་ལྟར་ན་ལུག་ལྐུག་པ་ལྟ་བུའི་དགེ་སློང་ཞེ་ན། རྩ་བའི་སྡིག་ལ་སོགས་པ་ཉམས་སམ་མ་ཉམས་སམ་མི་ཤེས། ལྕི་བའམ་ཡང་བ་ཡང་མི་ཤེས། ཉེས་པ་ཕྲ་མོ་རྣམ་པ་སྣ་ཚོགས་བྱས་ཀྱང་འགྱོད་ཅིང་འཐོལ་མི་ཤེས། ཉེས་པ་བྱས་པ་ལ་བླ་ཅོལ་བྱེད་ཅིང་སྡིག་པ་ཕྲ་མོ་ལ་མི་ལྟ། མི་འཇིགས་མཁས་པའི་སྐྱེས་བུ་ལ་ནི་མི་བསྟེན། སྐབས་སྐབས་སུ་མང་དུ་ཐོས་པ་ཤེས་རབ་དང་ལྡན་པ་ལ་བསྙེན་བཀུར་དང་། གཡོག་ཀྱང་མི་བྱེད། བསྟི་སྟང་དང་བཅས་ཏེ་ཞུ་ཞིང་འདྲི་ཡང་མི་ཤེས་། དགེ་བ་ནི་གང་། སྡིག་པ་ནི་གང་། སྡིག་པ་མེད་པ་ནི་གང་གང་བྱས་ན་ལེགས། གང་བྱས་ན་མ་ལེགས་པ་ཡང་ཞུ་བ་དང་འདྲི་བ་མི་བྱེད་པའི་གང་ཟག་དེ་དག་ནི་ལུག་ལྐུག་པ་ལྟ་བུའི་དགེ་སློང་དུ་བསྡུས་ཏེ། ལུག་ལྐུག་པ་ལྟ་བུའི་དགེ་སློང་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཁྲེལ་བ་དང་། ངོ་ཚ་བ་མེད་པའི་དགེ་སློང་ཞེ་ན། སེམས་ཅན་གང་འཚོ་བ་ཙམ་གྱི་ཕྱིར་ངའི་བསྟན་པ་ལ་ཕྱོགས་ཏེ་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ངོ་། །སོ་སོར་ཐར་བའི་ཚུལ་ཁྲིམས་བསྲུང་བ་ཐམས་ཅད་ཉམས་ཏེ་ཁྲེལ་བ་དང་ངོ་ཚ་བ་མེད་ལ། འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུ་ལ་མི་ལྟ། མི་འཇིགས། ཁོང་རུལ་ཅིང་བཙོག་པས་གང་བའི་སྲིན་ཀཱ་ལཱ་འདྲ་བ། དུང་གི་སྒྲ་ལ་ཁྱིའི་སྤྱོད་པ་དང་ལྡན་པ། རྟག་ཏུ་རྫུན་སྨྲ་ཞིང་བདེན་པའི་ཚིག་མེད་པ་སེར་སྣ་དང་། ཕྲག་དོག་དང་། གཏི་མུག་དང་། ང་རྒྱལ་གྱིས་མངོན་པར་ཟིན་ཏེ་ལས་ཀྱི་མཆོག་དམ་པ་གསུམ་ལས་རིང་དུ་གྱུར་པ། ཁེ་དང་བཀུར་སྟི་དང་། གྲགས་པ་ལ་ཆགས་ཏེ་ཡུལ་དྲུག་ལ་མོས་པ། འདོད་ཆགས་ཀྱིས་གཡེངས་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཡུལ་ལ་ཆགས་པའི་གང་ཟག་དེ་དག་ནི་ཁྲེལ་བ་དང་། ངོ་ཚ་བ་མེད་པ་དམ་པའི་ཆོས་ལ་འཕྱ་ཞིང་སྐུར་པའི་ནང་དུ་བསྡུས་ཏེ། དེ་ནི་ཁྲེལ་བ་དང་ངོ་ཚ་བ་མེད་པའི་དགེ་སློང་ཞེས་བྱའོ། ཞེས་ད་ལྟ་དགེ་སློང་རྣམ་དག་ཏུ་འདོད་པ་འདི་དག་ཀུན་རྫོབ་དང་དོན་དམ་པའི་དགེ་སློང་ནི་འཕགས་པའི་ཆོས་དང་ལྡན་ཞིང་དེའི་འབྲས་བུ་ཐོབ་པ་ཞིག་ལ་གསུངས་པས་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་བསྙེན་པར་རྫོགས་པའི་མཁན་པོ་འདུལ་བ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ས་ར་ཧས། མདའ་མཁན་མ་ཕྱག་རྒྱར་བཞེས་ཏེ། ཁ་སང་ཕན་ཆད་དགེ་སློང་མིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཞེས་པ་འདི་ལྟ་བུ་འཕགས་ཡུལ་གྱི་པཎ་གྲུབ་དུ་མའི་རྣམ་ཐར་དུ་འབྱུང་ཞིང་། གངས་ཅན་འདིར་ཡང་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པས། ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། །དམ་ཉམས་གསོད་པ་སྔགས་ཀྱི་དམ་ཚིག་ཡིན། །བུད་མེད་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། །ང་ཡིས་དེ་ལྟར་ཤེས་པའི་གནས་སྐབས་ན། །འདུལ་འཛིན་དགེ་སློང་དག་ཀྱང་འགལ་བ་མེད། །ཅེས་གསུངས་ཤིང་། དེ་མཚུངས་ཞིང་འགྲོ་བའི་མགོན་པོ་གཡུ་བྲག་པ་དང་བོ་དོང་པཎ་ཆེན་འཇིགས་བྲལ་རྟག་བརྟན་སྤྲུལ་པའི་སྐུ་ཀུན་དགའ་སྙིང་པོ་སོགས་ཕྱིར་ངུར་སྨྲིག་བླ་གོས་ཀྱིས་མཛེས་ཀྱང་ནང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་རྒྱུད་གཏམས་པས་ཤ་ཆང་བུད་མེད་ལ་ལོངས་སྤྱོད་བཞིན་དུ་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་ཕྱིེར་བསྙེན་རྫོགས་ཀྱི་མཁན་པོ་མཛད་པ་སོགས་མཉམ་རྗེས་མི་འགལ་བའི་སྐྱེས་ཆེན་དུ་མ་ཞིག་བྱོན་པའང་གོང་གི་ལུང་དོན་རྣམས་དང་མཚུངས་སམ་སྙམ་ལ་འོན་ཀྱང་དེ་དག་ལྟ་བུའི་ལུང་རྟོགས་ཀྱི་ཡོན་ཏན་བྱེ་བ་ཕྲག་བརྒྱའི་ཆ་ཤས་ཙམ་ཡང་མེད་བཞིན་དུ་སྟག་གིས་མཆོངས་སར་ཝའི་དཔེ་བཞིན། ཟལ་མོ་བྲག་པ་དང་འཇམ་མགོན་སྐུ་སྐྱེ། རྒྱལ་བ་ཀརྨ་པའི་རིམ་གྲོ་པ་བརྒྱད་གྲ་རབ་འབྱམས་པ་ཀུན་ཏུ་བཟང་པོ་སོགས་ནག་ཆང་ལ་འཛེམ་མེད་སྤྱོད་བཞིན་དུ་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་དང་སློབ་དཔོན་སོགས་ལས་གྲལ་ལ་འཇུག་པ་དུ་མ་ཞིག་སྣང་བ་ནི་གོང་དྲངས་ཀྱི་ལུང་ཁོངས་སུ་ཉ་དང་ཉུངས་མ་མི་བསྲེའོ། །བྱང་སྡོམ་ལེན་ཡུལ་གྱིས་མཚོན་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་དགེ་བའི་བཤེས་གཉེན་ནམ་སློབ་དཔོན་ཡང་། ཕལ་བོ་ཆེ་སྡོང་པོས་བརྒྱན་པའི་ལེའུར་ཚོང་དཔོན་གྱི་བུ་ནོར་བཟང་གིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ཏེ་དགེ་སློང་སྤྲིན་གྱི་དཔལ་ནས་བཟུང་། མཐར་ཁང་བ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པར་བྱང་ཆུབ་སེམས་དཔའ་བྱམས་པ་སོགས་དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་བསྟེན་པ་ལ། ཡུལ་ཆུ་བ་གཙང་མའི་འཇིགས་མཆོག་དབྱངས་སོགས་དྲང་སྲོང་། ཡུལ་ཡོངས་སུ་ཚོལ་བའི་དྲོད་ཀྱི་སྐྱེ་མཆེད་སོགས་བྲམ་ཟེ། གྲོང་ཁྱེར་སེང་གེ་རྣམ་བསྒྱིངས་ཀྱི་རྒྱལ་པོ་སེང་གེ་དཔལ་གྱི་བུ་མོ་བྱམས་མ་སོགས་བུད་མེད། ཡུལ་སྒོ་བཟང་པོའི་དབང་ཕྱུག་སོགས་ཁྱེའུ། སྒྱུ་འཕྲུལ་ཆེན་མོ་སོགས་ལྷ་མོ། ཟླ་བ་བཟང་པོ་སོགས་ཁྱིམ་བདགརྒྱ་མཚོའི་ངོགས་ཀྱི་གྲོང་ཁྱེར་ཁང་པ་བརྩེགས་པའི་མཉན་པ་དཔའ་པོར་གྲགས་པ་སོགས་རྟེན་ལ་མ་བལྟོད་པ་དུ་མ་དང་། ལྷག་པའི་བསམ་པ་བསྐུལ་བའི་མདོ་བམ་པོ་དང་པོ་ལས། བཅོམ་ལྡན་འདས་བདག་གིས་དེང་སླན་ཆད། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་པའམ་རབ་ཏུ་བྱུང་ཡང་རུང་སྟེ། འདོད་པའི་ཡོན་ཏན་ལྔ་ལ་རྩེ་ཞིང་ལོངས་སྤྱོད་པ་མཐོང་ན། མ་དད་པས་མ་གུས་པ་བསྐྱེད་དམ། དེ་ལ་སྟོན་པར་འདུ་ཤེས་མ་བསྐྱེད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་བསླུས་པར་འགྱུར་རོ། །ཞེས་དང་། མྱ་ངན་མེད་ཀྱི་བྱིན་པ་ལུང་བསྟན་པའི་མདོ་བམ་གཅིག་མ་ལས། རབ་འབྱོར་གྱིས་སྨྲས་པ། བུ་མོ་ཁྱོད་ཁྱིམ་ན་གནས་བཞིན་དུ་འདི་ལྟ་བུའི་ཆོས་ལ་གནས་ཤིང་འདི་ལྟ་བུའི་རྣམ་པ་དག་བསྟེན་པ་ནི་ངོ་མཚར་རོ། །བུ་མོས་སྨྲས་པ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་ཁྱིམ་པའམ། རབ་ཏུ་བྱུང་བ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་བསམ་པས་ཕྱེ་བ་ཡིན། ཤེས་རབ་ཀྱིས་ཕྱེ་བ་ཡིན། ཡེ་ཤེས་ཀྱིས་ཕྱེ་བ་ཡིན་པའི་ཕྱིར་རོ། །ཞེས་དང་། ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པའི་མདོ་བམ་པོ་གསུམ་པར། གལ་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་ཤིང་གསུམ་ལ་སྐྱབས་སུ་སོང་བར་གྱུར་ལ། དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ན། དེ་འདོད་པ་ལྔའི་ཡོན་ཏན་རྣམས་ལ་ལོངས་སྤྱོད་དུ་ཟིན་ཀྱང་། དེ་ཙམ་གྱིས་ན་དེ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གནས། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གནས་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ནོ། །ཞེས་བྱང་སེམས་དང་མ་བྲལ་ན་ཆ་ལུགས་དང་སྤྱོད་པ་གང་ལ་ཡང་མ་བལྟོས་པ་དང་། ཁྱད་པར་སངས་རྒྱས་ཕལ་བོ་ཆེ་བམ་པོ་དགུ་བཅུ་རྩ་ལྔ་པར། དགེ་བའི་བཤེས་གཉེན་སྤོས་ཚོང་ཀུན་ཏུ་ལྟ་བས་ལུང་བསྟན་པ་བཞིན། གྲོང་ཁྱེར་ཏ་ལའི་རྒྱལ་མཚན་དུ་རྒྱལ་པོ་མེ་ཚོལ་བའི་ཕྱིར་ཕྱིན་ཏེ། ཡུལ་དེའི་མི་རྣམས་ལ་རྒྱལ་པོ་མེ་ཚོལ་བའི་ཕྱིར་ཕྱིན་ཏེ། ཡུལ་དེའི་མི་རྣམས་ལ་རྒྱལ་པོ་མེ་གང་ན་བཞུགས་ཞེས་དྲིས་པས། རིགས་ཀྱི་བུ་འདི་རེད། རྒྱལ་པོ་མེ་ནི་སེང་གེའི་གདན་ལ་བཞུགས་ཤིང་རྒྱལ་པོའི་འཕྲིན་ལས་མཛད་དོ། །ཁམས་རབ་ཏུ་སྐྱོང་ངོ་། །ཆད་པས་བཅད་པར་འོས་པ་ནི་ཆད་པས་གཅོད་དོ། །བྱ་དགས་བསྡུ་བར་འོས་པ་ནི་བྱ་དགས་སྡུད་དོ། །གཡོན་ཡོད་པ་རྣམས་ལ་ནི་གྱོས་རྨེད་དོ། །རྩོད་པ་རྣམས་ཀྱི་ཞལ་ཆེ་ནི་ཡོངས་སུ་གཅོད་དོ། །ཞེས་སོགས་ཀྱི་བསྟན་པ་དང་། ཚོང་དཔོན་གྱི་བུ་ནོར་བཟང་གིས་དེ་གང་ན་བ་དེར་ཕྱིན་པས། ལང་ཚོ་དར་ལ་བབ་པ། གཟུགས་མཛེས་པ་ཡིད་དུ་འོང་བ། མཚན་རྣམས་ཀྱིས་བརྒྱན་པ། རྒྱལ་པོའི་གཟི་དང་དབང་ཆེན་པོ་ལ་གནས་པ། སྲིད་ལ་གཞན་གྱི་འཁོར་གྱིས་གཙེ་བ་མེད་པ། དགྲའི་འཇིགས་པ་དང་བྲལ་བའི་དབང་ཕྱུག་དང་ལྡན་པར་འདུག་པ་མཐོང་ངོ་། །དེའི་འཁོར་ཀུན་ནས་ཀྱང་བློན་པོ་སྟོང་ཕྲག་བཅུ་ཚོགས་ཤིང་རྒྱལ་པོའི་དགོས་པ་སྒྲུབ་པ་ལ་བརྩོན་པར་མཐོང་ངོ་། །དེའི་མདུན་ན་ཆད་པས་གཅོད་པའི་མི་སེམས་ཅན་དམྱལ་བའི་སྲུང་མ་ལྟ་བུ། གཤིན་རྗེའི་གཡོག་འཁོར་ལྟ་བུ་འཇིགས་འཇིགས་ལྟའི་གོས་གྱོན་པ་གཏུམ་ཞིང་མི་བཟད་ལ་འཇིགས་པ་ཆེན་པོ་བསྐྱེད་པ། མིག་དམར་པོ། སོ་གཙིགས་པ། གདོང་གི་གཉེར་མ་གསུམ་ཁྲོ་གཉེར་དུ་བསྡུས་པ། རལ་གྲི་དང་། སྟ་རེ་དང་ལྕགས་ཀྱིི་ཆང་མདུང་དང་། མདའ་དང་། བེར་ཀ་དང་། མདུང་ལ་སོགས་པའི་མཚོན་ཆ་དང་ལག་ཆ་ཐོགས་པ། ལུས་དང་བཞིན་གྱི་དབྱིབས་མི་སྡུག་ཅིང་། འཇིགས་སུ་རུང་བ། སྤྲིན་ནག་པོ་ལྟར་འདུག་པ། མི་སྙན་ཅིང་བརླང་ལ། སྡང་བའི་སྒྲ་དྲག་པོ་འབྱིན་པ། གཟི་བལྟ་བར་དཀའ་བ་འཇིགས་པ་ཆེན་པོ་བསྐྱེད་པ། སྲོག་ཆགས་བརྒྱ་ཕྲག་སྟོང་གི་སྙིང་འགམ་པར་བྱེད་པ་དེ་ལྟ་བུ་དག་ཆད་པས་བཅད་པར་འོས་པའི་སེམས་ཅན་ཆད་པས་གཅོད་པ་ལ་བརྩོན་པ་མཐོང་ངོ་། །དེ་ན་སྲོག་ཆགས་རྐུ་བ། གཞན་གྱི་ནོར་ལ་འཕྲོག་པ། སེམས་ཅན་གྱི་ལོངས་སྤྱོད་ཆུད་སོན་པ། ལམ་སྒུགས་ཤིང་འཕྲོག་པ། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྷས་ལ་མེས་གཏོང་བ། གྲོང་བུ་ཆོམ་པོ་བྱེད་པ། ཁྱིམ་ཕུགས་འདེབས་པ། སྡིག་སྡིག་ལྟར་བྱེད་པ། དུག་ལྡུད་པ། དཀྲུགས་མ་བྱེད་པ། ཐད་མི་བྱེད་པ། བྱི་བོ་བྱེད་པ། ལོག་པར་ཞུགས་པ། གནོད་པར་སེམས་པ། འདོད་ཆེན་ཆེ་བ། སྡིག་པ་སྣ་ཚོགས་ཀྱི་ལས་མི་བཟད་པ་བྱེད་པ། བརྒྱ་སྟོང་མང་པོ་བཅིང་བ་དམ་པ་ལྔས་བཅིངས་ཤིང་། རྒྱལ་པོ་མེའི་དྲུང་དུ་ཁྲིད་པ་དག་ཀྱང་མཐོང་ངོ་། །དེ་དག་ལའང་རྒྱལ་པོ་མེས་ཅི་རིགས་པར་ཆད་པས་བཅད་པར་གྱུར་པ་མཐོང་ངོ་། །དེས་དེ་ན་རྒྱལ་པོ་མེས་བསྒོ་ཞིང་། ལ་ལ་ནི་རྐང་ལག་བཅད། ལ་ལ་ནི་རྣ་བ་དང་སྣ་བཅད། ལ་ལ་ནི་མིག་ཕྱུང་། ལ་ལ་ནི་ཡན་ལག་དང་ཉིང་ལག་དང་མགོ་བཅད། ལ་ལ་ནི་ལུས་ཐམས་ཅད་མེས་བཏང་། ལ་ལ་ནི་བ་ཚའི་ཆུ་ཁོལ་མ་ལུས་ལ་གཏོར་ཅིང་། པགས་པ་བསྙིལ་བ་སོགས་པ་དེ་ལྟ་བུའི་ཆད་པ་སྣ་ཚོགས་དུ་མ་མི་བཟད་པ། དྲག་པོ་བརླང་བ་ཡིད་དུ་མི་འོང་བ། སྲོག་འཕྲོག་པ་དག་ཀྱང་བྱེད་པར་མཐོང་ངོ་། །བསད་པའི་ས་དེ་ན་ཡང་། བསད་པའི་རྐང་ལག་དང་། རྣ་བ་དང་མིག་དང་སྣ་དང་། མགོ་དང་ཡན་ལག་དང་། ཉིང་ལག་གི་ཕུང་བོ་རི་ཙམ་དུ་སྤུངས་པ་མཐོང་ངོ་། །ཁྲག་གི་མཚོ་དཔག་ཚད་གསུམ་ཙམ་དུ་ཟབས་སུ་ཟབ་ལ་ཆུ་ཞེང་དུ་དཔག་ཚད་དུ་མ་ཡོད་པ་ཡང་མཐོང་ངོ་། །དེ་ན་ཤི་བའི་ཀེང་རུས་ཡནལག་དང་། ཉིང་ལག་དང་། མགོ་དང་བྲལ་བ་བརྒྱ་སྟོང་དུ་མ་ལ། སྤྱང་ཀི་དང་། ཝ་དང་། ཁྱི་དང་། བྱ་རྒོད་དང་། ཁྲ་དང་། བྱ་ཀུ་ར་ར་མང་པས་གང་སྟེ། །འདྲུད་ཅིང་འཐོག་པ་མཐོང་ངོ་། །དེ་ལ་ཡང་ལ་ལ་ནི་ཁ་དོག་འགྱུར་ཏེ། སྔོན་པོར་གྱུར་པ་ཙམ། ལ་ལ་ནི་རྣག་པ་ཙམ། ལ་ལ་ནི་བེམ་པོ་ཙམ། ལ་ལ་ནི་འབུ་ཞུགས་པ་ཙམ་དུ་གྱུར་ཏེ། ཤིན་ཏུ་སྐྱི་གཡའ་ཞིང་འཇིགས་འཇིགས་ལྟར་འདུག་པ་མཐོང་ངོ་། །བསད་པ་དེ་དག་གསོད་པའི་ཚེ། མི་སྡུག་ཆོ་དགུར་བྱས་པ་ན། འཇིགས་འཇིགས་སྐད་དང་། སྙིང་རྗེ་རྗེ་སྐད་དུ་སྒྲ་འབྱིན་ཅིང་། ཆེ་ངེ་འདེབས་པའི་སྒྲ་ཆེན་པོ་ཐོས་ན་སྐྱི་གཡའ་ཞིང་མི་དགའ་བ་ཆེན་པོ་བསྐྱེད་པ། སེམས་ཅན་དམྱལ་བ་ཆེན་པོ་རིས་གཞོམ་པའི་སྒྲ་ལྟ་བུ་ཡང་ཐོས་སོ། །དེས་དེ་ལྟར་ཁ་བཏགས་ཏེ་བཏུངས་པ་དང་། ཤིན་ཏུ་འཇིགས་པའི་དྲག་ཤུལ་མཐོང་ནས་འདི་སྙམ་དུ་གྱུར་ཏོ། །བདག་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཚོལ་ཞིང་འབད་དེ། དགེ་བའི་བཤེས་གཉེན་རྣམས་ལ་དགེ་བ་ནི་ཅི་ཞིག་བགྱི། མི་དགེ་བ་ནི་གང་ཞིག་སྤང་ཞེས་འདྲི་འདྲི་ན། རྒྱལ་པོ་མེ་འདི་ལ་ནི་དགེ་བའི་ཆོས་ཀྱང་མེད་དེ། ཁ་ན་མ་ཐོ་བ་ཆེན་པོའི་ལས་ལ་སྤྱོད་པ། ཡིད་ཀྱི་ཡོངས་སུ་རྟོག་པ་ཤིན་ཏུ་གཏུམ་པ་དང་ལྡན་པ། སེམས་ཅན་ཕ་རོལ་གྱི་སྲོག་བཅད་པ་ལ་ཞུགས་པ། སེམས་ཅན་ཕ་རོལ་ཤིན་ཏུ་མནར་བ་ལ་བརྩོན་པ། ཚེ་ཕྱི་མ་བལྟ་བ་མེད་པ། ངན་སོང་གི་གཡང་སའི་གད་ཁ་ན་འདུག་པ་ཞིག་ན། འདི་ལས་ཅི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཐོབ་པར་འགྱུར་རམ་སྙམ་སྟེ། དེ་དེ་ལྟར་སེམས་ཤིང་ཡིད་ལ་བྱེད་དེ་ནེམ་ནུར་དང་ཐེ་ཚོམ་ལ་གནས་པའི་ཚེ། སྙིང་རྗེ་ཆེན་པོའི་སེམས་དང་ལྡན་པ་དེ་ལ། སྟེང་གི་ནམ་མཁའི་དབྱིངས་ལས་ལྷ་མང་པོས་བོས་པ། རིགས་ཀྱི་བུ་དྲང་སྲོང་རྒྱལ་བའི་དྲོད་ཀྱི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ཏུ་བྱ་བ་མི་དྲན་ནམ། དེས་གྱེན་དུ་ནམ་མཁའི་དབྱིངས་ལ་བལྟས་ནས་དྲན་ནོ་ཞེས་བརྗོད་དོ། །ལྷ་རྣམས་ཀྱིས་སྨྲས་པ། རིགས་ཀྱི་བུ་ཁྱོད་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་དེ་ལྟར་ཐེ་ཚོམ་མ་བསྐྱེད་ཅིགརིགས་ཀྱི་བུ་དགེ་བའི་བཤེས་གཉེན་རྣམས་ནི། ཡང་དག་པ་མ་ནོར་བར་སྟོན་གྱི་ལོག་པ་མ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པས་སྤྱོད་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་བོ། སེམས་ཅན་ཡོངས་སུ་སྡུད་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་བོ། སེམས་ཅན་ཚར་གཅོད་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་བོ། སེམས་ཅན་གཟེངས་བསྟོད་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་བོ། སེམས་ཅན་ཡོངས་སུ་སྦྱོང་བའི་ཡེ་ཤེས་བསམ་གྱི་མི་ཁྱབ་བོ། །སེམས་ཅན་ཡོངས་སུ་སྐྱོང་བའི་ཡེ་ཤེས་བསམ་གྱི་མི་ཁྱབ་བོ། །སེམས་ཅན་འཛུད་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་བོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་བོ། །སེམས་ཅན་འདུལ་བའི་ཡེ་ཤེས་བསམ་གྱི་མི་ཁྱབ་བོ། །སོང་རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲིས་ཤིགཅེས་ས་ཆེན་པོ་ལ་ཞུགས་པའི་བྱང་སེམས་འགྲོ་བའི་དོན་དུ་སྡིག་སྤྱོད་ཀྱི་རྒྱལ་པོའི་ཚུལ་བསྟན་པ་ཡིན་པས་ལོག་ལྟ་དང་ཐེ་ཚོམ་མེད་པར་བཤེས་གཉེན་དུ་བསྟེན་པར་བཤད་ཅིང་། གཞན་ཡང་རྒྱལ་པོ་དགེ་བའི་དབང་པོས་མཛད་པའི་སྐྱེས་རབས་རྟོགས་བརྗོད་དཔག་བསམ་ཁྲི་ཤིང་ཡལ་འདབ་ལྔ་བཅུ་རྩ་གསུམ་པར། བདག་ཅག་གི་སྟོན་པ་སློབ་པ་ལམ་གྱི་གནས་སྐབས་སུ་ཡུལ་ཝ་ར་ཎཱ་སིའི་རྒྱལ་པོ་ལེགས་བཤད་ཚོལ་དུ་གྱུར་བའི་ཚེ། རང་གི་བློན་པོའི་གཙོ་བོ་བློ་བཟང་གིས། རྔོན་པ་གདུག་པ་ཅན་ཞེས་པ། ནགས་རྒྱུ་མཐའ་འཁོབ་དག་ལ་གནས། །དེ་ལས་རྟག་ཏུ་ལེགས་བཤད་ཀྱི། །རིནཆེན་གསར་པ་གསར་པ་ཐོབ། །ཅེས་ལུང་བསྟན་པ་ལྟར་རྒྱལ་པོ་རང་ཉིད་གཅིག་པུར་རིན་པོ་ཆེའི་དོ་ཤལ་རིན་ཐང་མེད་པས་སྤྲས་ཏེ་ནགས་ནང་དུ་བྱོན། དེ་ཡིས་འབད་པས་བཙལ་པས་རྔོན་པ་ནི། །རྔོན་ལ་རབ་ཆགས་རི་ཡི་ངོས་སུ་རྙེད། །གླང་པོ་རྣམས་ཀྱི་བདེ་བའི་མི་མཐུན་ཕྱོགས། །རི་དྭགས་རྣམས་ལ་དབྱུག་པས་འདེབས་བྱེད་མཁས། །འཁྱོག་པོའི་རིམ་པ་ཤིན་ཏུ་མ་རུང་གཞུ། །རང་སེམས་ལྟ་བུ་ལག་པ་གཡོན་པས་འཛིན། །རྟག་ཏུ་ནགས་ན་གནས་པའི་མི་མཐུན་ཕྱོགས། །གསོད་པ་གཅིག་པུ་ལ་མཁས་ལག་གཡས་ཀྱིས། །ལག་ལྡན་སྡེ་རྣམས་མཐའ་དག་བྱང་གྲོལ་ལ། །རྣམ་པར་འགོད་པའི་མདའ་ནི་རབ་ཏུ་འཛིན། །ཞེས་གསོད་པ་ལ་དགའ་བ་དམའ་གཞུ་ལག་ཏུ་ཐོགས་པའི་རྔོན་པ་ལ་རིན་པོ་ཆེའི་དོ་ཤལ་རིན་ཐང་མེད་པ་ཕུལ་ཏེ་ལེགས་བཤད་སྩོལ་བར་གསོལ་བ་བཏབ་པ་ན། དེ་ན་རེ། དགེ་བ་དམ་ཚིག་གིས་ནི་ལེགས་བཤད་བཞིན། །གལ་ཏེ་རི་འདིའི་རྩེ་ལས་རང་གི་ལུས། །ལེགས་བཤད་ཐོབ་པའི་འཕྲལ་ལ་མཆོང་ནའོ། །ཞེས་ལེགས་བཤད་ཐོབ་པའི་དེ་མ་ཐག་གཡང་སར་མཆོང་ན་སྟེར་ཟེར་བ་བཞིན་དམ་བཅས་པས། རང་བདེའི་ལམ་གྱིས་དྲག་ཏུ་གདུང་བྱེད་སྡིག་དང་ཉོན་མོངས་གདུང་བྱེད་སྡིག་དང་ཉོན་མོངས་གདུང་མི་བྱ། །ཞེས་སོགས་ལེགས་བཤད་ཚིགས་བཅད་ཤོ་ལོ་ཀ་གཅིག་བླངས་རྗེས་རིའི་རྩེ་མོ་ལས་ཐེ་ཚོམ་མེད་པར་མཆོང་བར་མཛད་པ། དེ་བཞིན་རྟོགས་བརྗོད་འདི་གའི་ལེའུ་བརྒྱ་དང་བདུན་པར་ཁྱིམ་བདག་ཟས་གཙང་གིས་རྒྱལ་པོ་ཚངས་བྱིན་སྲས་མོ་ལས་ལེགས་བཤད་ཅུང་ཟད་ཙམ་གྱི་ཕྱིར་རིན་པོ་ཆེའི་ཕུང་པོ་བྱིན་ཏེ། ལེགས་བཤད་ནོར་ལུ་ལེགས་ལྡན་རྣམས་ཀྱི་སྙིང་གར་བརྟན་པས་ཡོན་ཏན་གྱིས་བརྟགས་ཤིང་། ཞེས་སོགས་ལེགས་བཤད་སྟེར་མཁན་གྱི་ཡུལ་དུ་མ་ལྟོས་པར་གསུངས་པ་དང་། མདོ་སྡེ་ཟ་མ་ཏོག་བཀོད་པའི་བམ་པོ་གསུམ་པ་ལས། རིགས་ཀྱི་བུ་ཁོར་མོར་འཇིག་པའི་གྲོང་ཁྱེར་ཆེན་པོ་ན། གང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་འཛིན་པར་བྱེད། ཀློག་པར་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཆོས་སྨྲ་བ་ཡོད་དོ། །རིགས་ཀྱི་བུ་ཆོས་སྨྲ་བར་བྱེད་པ་མཐོང་ནས་ཐེ་ཚོམ་མི་སྐྱེ་བར་བྱའོ། །རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའི་ས་ནས་འཕོས་ཤིང་ངན་སོང་དུ་སྐྱེས་ས་རེ། ཆོས་སྨྲ་བ་དེ་ནི་ཚུལ་ཁྲིམས་ཉམས་པ་སྤྱོད་པ་ཉམས་པ། ཆུང་མ་དང་བུ་དང་བུ་མོས་ཡོངས་སུ་བསྐོར་བ། ངུར་སྨྲིག་ཀྱང་བཤང་བ་དང་གཅི་བས་ཡོངས་སུ་གང་བ། སྤྱོད་ལམ་མ་བསྡམས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་སྒྲིབ་པ་རྣམ་པར་སེལ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་འཚལ་ཞེས་ཡུལ་ཁོར་མོ་འཇིག་ཏུ་སོང་ནས་ཆོས་སྨྲ་བ་དེའི་རྐང་པ་ལ་མགོ་བོས་ཕྱག་བགྱིས་ཏེ་ཡི་གེ་དྲུག་པའི་རིག་སྔགས་མཉན་ནོ། །ཞེས་སོགས་རྒྱ་ཆེར་བྱུང་བ་དང་། རྒྱལ་པོ་མ་སྐྱེས་དགྲའི་བུ་མོ་མྱ་ངན་མེད་བྱིན་མས་ཉན་ཐོས་རྣམས་ལ་ལྡང་བ་ཙམ་མ་བྱས་པར་སྟོན་པ་མཉེས་པར་བགྱིས་ཤིང་། དེས་ཤཱ་རིའི་བུ་དང་མོངྒལ་གྱི་བུ། འོད་སྲུངས་ཆེན་པོ་དང་། རབ་འབྱོར་སྒྲ་གཅན་འཛིན་སོགས་ཆོས་ཀྱི་གཏམ་གྱིས་ཟིལ་གྱིས་མནན་ཏེ་སྟོན་པས་བསྐལ་བ་གྲངས་མེད་བདུན་གྱི་མཐར་འཇིག་རྟེན་དྲི་མ་མེད་པའི་འོད་དུ་སངས་རྒྱས་པར་ལུང་བསྟན་པ་དང་། ཆང་ཚོང་བི་ན་སས་ཀྱང་ཆོས་བསྟན་ཏེ་འགྲོ་རྣམས་སྨིན་གྲོལ་གྱི་ལམ་དུ་བཀོད་པ་དང་། འགའ་ཞིག་ཏུ་རྒྱལ་པོ་ཤར་བ་ཞེས་ཀྱང་ཕལ་ཆེར་རྒྱལ་པོ་མ་སྐྱེས་དགྲའི་བཙུན་མོ་སྔོ་སངས་ཅན་གྱི་བྲན་མོ་སྒུར་འཇོག་གིས་སྒོ་རྒྱབ་ནས་ཆོས་བསྟན་པས་བཙུན་མོ་རྣམས་བདེན་པ་མ་མཐོང་དེའི་རྒྱུ་ཅི་ལགས་བཅོམ་ལྡན་འདས་ལ་ཞུས་པས་བསྟི་སྟང་གིས་ལེན་པར་གསུངས་པས་སླར་སྒུར་འཇོག་སེང་གེའི་ཁྲིར་བཏོན་ཏེ་ཆོས་བསྟན་པས་བཙུན་མོ་རྣམས་བདེན་པ་མཐོང་བ་སོགས་རྟེན་ལ་མ་ལྟོས་བསྟི་སྟང་གི་ཡུལ་གཙོ་བོར་གསུངས་པ་དང་། གཞན་ཡང་ཁྱིམ་བདག་དེས་པ་དྲག་ཤུལ་ཅན། ལག་བཟང་། བློ་གྲོས་བཟང་མོ། བུ་མོ་དྲི་མ་མེད་བྱིན་མ། བུ་མོ་རྣམ་དག། ཚོང་དཔོན་བཟང་སྐྱོང་། ལི་ཙི་བྱི་དྲི་མ་མེད། ལྷ་མོ་དཔལ་འཕྲེང་སོགས་རྟེན་སོ་ཐར་མ་ཡིན་པས་དགེ་སློང་ལ་སོགས་པར་ཆོས་དུ་མ་སྟོན་པ་དང་། གསང་སྔགས་རྡོ་རྗེ་ཐེག་པ་ལ་ནི། སྟོན་པ་ཤཱཀྱ་ཐུབ་པ་ཉིད་གཉིས་མེད་དུས་འཁོར། ཕ་རྒྱུད་འདུས་པ། མ་རྒྱུད་བདེ་མཆོག་སོགས་བླ་མེད་ཀྱི་སྟོན་འཁོར་ཐམས་ཅད་ཆགས་ཅན་གྱི་ཚུལ་ཤ་སྟག་ཏུ་བསྟན་ནས་ཨྱོན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷོ་དྷི་རྒྱལ་པོའི་ཆ་ལུགས་ཀྱི་ཕ་རྒྱུད་འདུས་པ་དང་སྔ་འགྱུར་གྱི་ཆོས་དུ་མ་སྟོན་པའི་བསྟན་པའི་རྩ་བ་ལྟ་བུ་དང་། ཙནྡྲ་གོ་མིི་སོགས་གཞན་ཡང་རྒྱ་པཎ་མང་ལ། གངས་ཅན་གྱི་ལྗོངས་འདིར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཕ་བོང་ཁར་གསུངས་ནས་རལ་པ་ཅན་བརྒྱ་ཕྲག་དུ་མ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དང་། བཀའ་གདམས་ཀྱི་བསྟན་པའི་རྩ་བ་ཇོ་བོ་ཆེན་པོ་ཨ་ཏི་ཤར་སློབ་མ་དགེ་སློང་སོགས་རྒྱ་མཚོ་ལྟ་བུའི་ནང་ནས་སྲས་ཀྱི་ཐུ་བོ་དགེ་བསྙེན་གྱི་ཚུལ་ཅན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་བསྟན་པ་ཡོངས་སུ་གཏད་པ། བདག་གི་བསྟན་པ་འདི་ནི་ཁྱོད་ལ་གཏད། དེ་ན་ཁྱོད་ཀྱི་ཡོན་ཏན་ཇི་ཙམ་པ། གང་ཟག་གཅིག་གི་བསླང་བར་མི་ནུས་པས། །ལས་ཅན་བརྒྱད་ཅུར་བགོས་ལ་མཐའ་རྒྱ་བསྐྱེད། །ཅེས་སོགས་གསུངས་པའི་གཙོ་བོ་དགེ་བསྙེན་གྱི་ཆ་བྱད་དུ་མཛད་པ། ས་སྐྱ་པའི་བསྟན་པའི་རྩ་བ་དཀར་པོ་རྣམ་གསུམ་དང་འབྲོག་མི། བཀའ་རྒྱུད་པའི་རྩ་བ་མར་པ། མཚུར་། མི་ལ། ཤངས་པའི་ནི་གུ་སོགས་དང་། གཞན་ཡང་རོང་པ་སྒ་ལོ་རྟ་ནག་འགོས་ཁ་ཆེ་ཟླ་མགོན་སོགས་རྟེན་ལ་མ་ལྟོས་པར་ཁྱིམ་པའི་ཆ་བྱད་ཀྱིས་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་དུ་བཀོད་པའི་བཤེས་གཉེན་མང་བས་རྟེན་རང་དུ་མཐའ་མ་བཀག་པ་བདག་གིས་བླ་མ་ལྔ་པ་ཆེན་པོས་རྣམ་ཐར་དུ་ཀཱུ་ལ་ཀ་བ་པར་མའི་གྲངས་བརྒྱ་ཉེར་དགུ་པའི་རྒྱབ་ཏུ། ལྷ་པ་སྐུ་སྐྱེ་དང་། ལྷ་བྲིས་པ་བཙུན་ཆུང་སོགས་ཀྱིས་མི་སྐྱ་ལ་བླ་མ་བཅོལ་ཞེས་ཁ་ཟེར་བ་ཁྱིམ་པ་ལ་ངོས་འཛིན་ན། རྙིང་མར་མ་ཟད། འབྲོགམལ། མར་པ། མར་དོ། འགོས། ས་ཆེན། ར་འབུམ་སེང་། ཁུ་དབོན། རྒ་ལོ་རྣམ་རྒྱལ་རྡོ་རྗེ་ལྟ་བུ་གསར་མ་ལ་ཡང་ཤིན་ཏུ་མང་། དེ་དག་སྔགས་པ་ཡིན་པས་མི་འདྲ་ཟེར་ན། རྒྱ་གར་དུ་ཆོས་རྒྱལ་དགེ་དབང་། བོད་དུ་སྲོང་བཙན་སྒམ་པོ། རིགས་ལྡན་རྣམས་རྒྱལ་གྲགས་པས་མཚོན་པ་ཇི་སྙེད། ཅེས་ཕེབས་པ་ལྟར་ཡིན་ཀྱང་ངོ་བོའི་སྒོ་ནས་གོང་བཤད་ཀྱི་ཡོན་ཏན་མཐའ་དག་ཚང་བ་དགོས་ལ། ཁྱད་པར་བྲན་མོ་སྒུར་འཇོག་གི་ལོ་རྒྱུས་དང་བཅས་བསྟི་སྟང་གི་ཡུལ་དུ་གྱུར་པ་ཞིག་གལ་ལྷག་པར་ཆེ་ཞིང་། དེ་ལྟར་ཆོས་སྟོན་པར་འོས་པ་དེ་ཉིད་ཀྱིས་འཆད་པའི་ཕན་ཡོན་ནི། དཀོན་བརྩེགས་འདུས་པ་ཉེར་གསུམ་པ་བྱམས་པའི་སེང་གེའི་སྒྲ་ལས། སྟོང་ཆེན་འཇིག་རྟེན་ཁམས་ནི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པར་བྱེད་པ་ནི། །ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་པས། ཇི་ལྟར་ཕན་འདོགས་དེ་ལྟར་འགྱུར་མ་ཡིན། །ཕན་འདོགས་བྱེད་པར་འདོད་པ་གང་ཞིག་གིས། འཇིག་རྟེན་གསུམ་ན་སེམས་ཅན་ཐམས་ཅད་ཀྱི། །བདེ་བ་གང་དག་ཡོད་པ་དེ་དག་ཀུན། །སེམས་ཅན་གཅིག་ལ་སྦྱིན་པ་བྱས་པ་བས། །གང་གིས་དེ་ལ་སངས་རྒྱས་ལུགས་ཀྱི་ནི། །ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བསྒྲགས་ན། །དེ་ནི་ཤིན་ཏུ་ཕན་འདོགས་མཆོག་ཡིན་ཏེ། །དེས་ནི་སྡུག་བསྔལ་དག་ལས་གྲོལ་བར་འགྱུར། །ཞེས་དང་། མི་གང་ཞིག་གིས་གངྒཱའི་བྱེ་སྙེད་ཀྱི། །འཇིག་རྟེན་ཁམས་མཆོག་རིན་ཆེན་གང་བྱས་ཏེ། །དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་བྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབས་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། གཉིས་སམ་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་དང་། སྦྱིན་པའི་ཕན་ཡོན་བསྟན་པའི་མདོ་ལས། ཆོས་ཀྱི་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་སྐྱེ་བ་དྲན་པ་ཐོབ་པར་འགྱུར་རོ། །ཞེས་དང་། ཤེས་རབ་ཁྲི་བ་ལས། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཁ་བཏོན་དུ་བྱེད་པ་དང་། འཆང་བར་བྱེད་པ་ན་བསོད་ནམས་ཀྱི་ཕུང་བོ་དཔག་ཏུ་མེད། གྲངས་མེད། ཚད་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད་པ་མང་པོ་དག་བསྐྱེད་པར་འགྱུར་ཞིང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་བཏོན་དུ་བྱེད་པ་དང་འཆང་བར་བྱེད་པ་ན་ལྷའི་འཁོར་མདུན་དུ་གནས་པར་འགྱུར་རོ། །ཞེས་དང་། ལྷག་པའི་བསམ་པ་བསྐུལ་བ་ལས། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔས་ཞལ་ཏ་བྱེད་པ་ལ་བརྩོན་པས་རིན་པོ་ཆེ་སྣ་བདུན་དག་གི་མཆོད་རྟེན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་འདི་བཀང་ན། དེས་ནི་ང་མཉེས་པར་བྱས་པ་མ་ཡིན། རི་མོར་བྱས་པ་མ་ཡིན། བཀུར་སྟི་བྱས་པ་མ་ཡིན་གྱི། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཐ་ན་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་འཛིན་ནམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། འཆད་ན་དེས་ནི་ང་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་མང་དུ་ཐོས་པ་ལས་བྱུང་བ་ཡིན་གྱི། དངོས་པོ་ཡོངས་སུ་འཛིན་པ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །ཞེས་དང་། སྤྱན་རས་གཟིགས་ཀྱིས་ཞུས་པ་ཆོས་བདུན་པ་ལས། གང་གིས་གངྒཱའི་བྱེ་སྙེད་འཇིག་རྟེན་ཁམས། །དེ་དག་རིན་ཆེན་ཕྱི་ཕྱུར་བུར་བཀང་བྱས་ཏེ། དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས། །གང་གིས་ཚིགས་བཅད་གཅིག་གཅིག་སེམས་ཅན་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེ་དེས། །སྙིང་རྗེ་བསྐྱེད་ནས་ཚིགས་བཅད་བྱིན་པ་ལ། །གང་གི་ཆ་དང་གྲངས་སུ་མི་ཕོད་ན། །ལན་གཉིས་ལན་གསུམ་སེམས་པ་ག་ལ་ཞིག། །ཅེས་ཉུང་མཐའ་ཚིགས་བཅད་གཅིག་ཙམ་བྱིན་པའི་ཕན་ཡོན་དེ་ལྟ་བུ་གསུངས་པ་དང་། བྱམས་ཆོས་དབུས་མཐའ་རྣམ་འབྱེད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་བཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་གཞལ་དུ་མེད། །ཅེས་བསོད་ནམས་ཀྱི་ཕུང་པོ་གཞལ་དུ་མེད་པའི་རྒྱུ་བཅུ་གསུངས་པའི་ལུང་འཆད་པའམ་ཀློག་པ་ནི་ངག་གི་ཆོས་སྤྱོད་བཞིའི་ནང་ཚན་གསུངས་ཏེ། འགྲེལ་པར། ཚིག་དང་དོན་འཆད་པ་ནི་འབད་པ་ཆེན་པོས་འོས་པ་རྣམས་ལ་ཆོས་སྟོན་པར་བྱེད་པའོ། །ཞེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་། ཉན་པའི་ཕན་ཡོན་ནི། གང་པོས་ཞུས་པའི་མདོའི་བམ་པོ་བཞི་པ་ལས། ཀུན་དགའ་བོ་ཁྱོད་ཀྱིས་འདི་སྙམ་དུ་མེ་ཏོག་དང་། སྤོས་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ན་བཟའ་དང་། རོལ་མོ་སིལ་སྙན་མཆོག་དམ་པ་དང་། དེ་བཞིན་གཤེགས་པ་ལ་བསྔགས་པ་བརྗོད་པ་ནི་མཆོད་པ་མཆོག་དམ་པ་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། ཀུན་དགའ་བོ་དེ་ལྟ་བུ་དག་ནི་མཆོད་པ་མཆོག་དམ་པ་ཞེས་མི་བྱའི་གང་གིས་མདོ་སྡེ་ཟབ་མོ་་འདི་ལྟ་བུ་ཐོས་ནས། ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་བཏོན་དུ་འདོན་པ་དང་། ལུང་ནོད་པ་དང་། ཇི་སྐད་བསྟན་པ་བཞིན་དུ་མངོན་པར་བསྒྲུབས་པ་གང་ཡིན་པ་དེ་ནི་མཆོད་པའི་ཡོ་བྱད་མཆོག་དམ་པས་དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱས་པ་དང་། བཀུར་སྟི་བྱས་པ་དང་། བླ་མར་བྱས་པ་དང་། བསྔགས་པ་བརྗོད་པར་བྱས་པ་ཞེས་བྱའོ། །ཞེས་ཆོས་ཐོས་པ་དང་ལུང་ནོད་པ་ནི་ཟང་ཟིང་གིས་མཆོད་པ་གང་ལས་ཀྱང་ཕུལ་དུ་ཕྱིན་པར་བཤད་པ་དང་། ཡབ་སྲས་མཇལ་བའི་མདོའི་ལེའུ་ཉེར་བདུན་པ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་བསྐལ་བ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་སྤྱད་པ་བས། ཤཱ་རིའི་བུ་གང་གིས་བྱང་ཆུབ་སེམས་དཔའི་ཏིང་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ཐ་ན་ཐོས་པར་གྱུར་ཀྱང་། དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཞེས་སྦྱིན་པ་དག་བྱིན་ཚུལ་ཁྲིམས་བསྲུངས། བཟོད་པ་སྒོམས། བསམ་གཏན་ལ་མཉམ་པར་བཞག་སྟེ་ཕ་རོལ་ཏུ་ཕྱིན་པ་ལྔ་སྤྱད་པ་ལས་ཆོས་ཟབ་མོ་ཐོས་པ་ཙམ་ཕན་ཡོན་ཆེ་བ་དང་། དཀོན་ཅོག་བརྩེགས་པ་འདུས་པ་བཅོ་ལྔ་པ་མཇམ་དཔལ་གྱི་ཞིང་བཀོད་ལས། རིགས་ཀྱི་བུ་གང་ལ་ལས་ཕྱོགས་བཅུར་དེ་བཞིན་གཤེགས་པའི་སྤྱན་སྒྲིབ་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཅིག་གཟིགས་པ་དེ་དག་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་དེ་བཞིན་གཤེགས་པ་རེ་རེ་ལ་ཕུལ་བ་བས། གཞན་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་ནམ། འཆང་ངམ་། ཀློག་གམ། ཀུན་ཆུབ་པར་བྱེད་དམ། འཇུག་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །ཞེས་དང་། དྲག་ཤུལ་ཅན་གྱིས་ཞུས་པའི་མདོའི་བམ་པོ་གསུམ་པ་ལས། ཀུན་དགའ་བོ་གང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཀུན་ཆུབ་པར་བྱེད་ལ། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། སངས་རྒྱས་ཀྱི་རིགས་རྒྱུན་མི་ཆད་པར་བྱ་བའི་ཕྱིར། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིང་སྒྲུབ་པ་གནས་ན། དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །གུས་པ་དང་བཅས་པས་བསྙེན་བཀུར་བྱས་པར་ཡང་འགྱུར་རོ། །ཞེས་དང་། རིམ་གྱིས་བྱང་ཆུབ་ཡང་དག་པར་འབྱུང་བའི་མདོ་ལས། ཀུན་དགའ་བོ་གང་དེ་བཞིན་གཤེགས་པ་བལྟ་བར་འདོད་པ་དང་། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱ་བར་འདོད་པ་དེས། ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། གཞན་དག་ལ་ཡང་བསྟན་པར་བྱའོ། །ཞེས་དང་། བྱམས་པ་སེང་གེ་སྒྲའི་མདོ་བམ་པོ་གཉིས་པ་ལས། འོད་སྲུངས་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུའི་ཕུང་པོ་ནས་བཟུང་སྟེ་ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་དུ་འབྲུ་མར་གྱིས་ཡོངས་སུ་བཀང་སྟེ། མར་མེའི་སྙིང་པོ་རི་རབ་ཙམ་བཙུགས་ནས། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་མར་མེ་བུས་པ་བས་ནི། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་མཁན་པོའམ་སློབ་དཔོན་གྱི་དྲུང་ནས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ལུང་མནོས་ཏེ། ཁ་བཏོན་དུ་བྱེད་ཅིང་གོམ་པ་བདུན་འདོར་བར་བྱེད་པ་གང་ཡིན་པ་དེ་དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད་པ་འགྱུར་རོ། །ཞེས་དང་། ལྷག་པའི་བསམ་པ་བསྐུལ་བའི་མདོའི་བམ་པོ་གཉིས་པ་ལས། བྱང་ཆུབ་མངོན་པར་འདོད་ཕྱིར་ང་ཡིས་ནི། །རང་གི་ཡན་ལག་ལན་སྟོང་སྙེད་དུ་བཏང་། །ཆོས་ཉན་པས་ནི་ང་ལ་ངོམས་མེད་ན། །དེ་དག་ཆོས་ཉན་པ་ལ་སྐྱོ་བར་འགྱུར། །ཚིག་བཞི་པ་ཡི་ཚིགས་སུ་བཅད་པའི་ཕྱིར། །ང་ནི་ཆུང་མ་བུ་ལ་དགའ་མ་གྱུར། །རྒྱལ་སྲིད་དག་དང་ལོངས་སྤྱོད་ངས་སྤངས་ན། །མཁས་པ་ཇི་ལྟར་ཆོས་ནི་ཉན་མི་བྱེད། །ཅེས་དང་། བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་བམ་གཅིག་མ་ལས། འཇམ་དཔལ་དེ་བས་ན་མདོ་སྡེ་རིན་པོ་ཆེ་འདི་ལྟ་བུ་ཡི་གེར་བྲི་བ་དང་། ལུང་འབོགས་པ་དང་། བཅང་བ་དང་། བཀླག་པ་དང་། གཞན་དག་ལ་རབ་ཏུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བརྩོན་འགྲུས་བརྩམ་པར་བྱའོ། །འདི་ནི་ངའི་རྗེས་སུ་བསྟན་པ་ཡིན་ནོ། །ཞེས་དང་། མྱ་ངན་མེད་ཀྱིས་བྱིན་པ་ལུང་བསྟན་པའི་མདོ་ལས། ཀུན་དགའ་བོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས། གང་གི་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་རྣ་ལམ་དུ་ཐོས་ན། འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་ན། གང་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། བརྗོད་པ་དང་། ལུང་ཇི་སྐད་ཕོག་པ་བཞིན་དུ་ནན་ཏན་དུ་སྒྲུབ་པ་ལྟ་ཅི་སྨོས། ཞེས་དང་། བུ་མོ་དྲི་མ་མེད་ཀྱིས་ཞུས་པའི་བམ་པོ་གཉིས་པ་ལས། ལུང་མནོས་ཁ་བཏོན་བརྗོད་ལ་དྲན་པར་བྱེད། གཞན་ལ་ཡི་དུ་འོང་བའི་སགྲ་ཡང་སྒྲོགས། །སྐྱོ་བ་མེད་པར་ཆོས་ཀྱང་རྗོད་པར་བྱེད། །ཏིང་འཛིན་སྒོམ་པ་མཚན་མ་ལེགས་པར་འཛིན། །ཆོས་བཞི་འདི་དག་ངེས་པར་བསྟེན་བྱས་ན། །མཐུ་ཆེན་ལྡན་ཞིང་ཚེ་རབས་དྲན་པར་འགྱུར། །བསྐལ་བ་སྟོང་པྲག་བསམ་ཡས་རྗེས་སུ་དྲན། །རྣམ་པར་འདྲེན་པའི་མཆོག་ཉིད་རབ་ཏུ་ཐོབ། ཅེས་དང་། དཀོན་བརྩེགས་འོད་བསྲུངས་གིས་ཞུས་པའི་འདུས་པ་ལས། འོད་སྲུང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་འཇིག་རྟེན་ཀྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ་དེ་བིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལ་དེ་བཞིན་གཤེགས་པ་རེ་རེའི་གཙུག་ལག་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྩིགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལ་དེ་བཞིན་གཤེགས་པ་རེ་རེའི་གཙུག་ལག་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་གངྒའི་ཀླུང་གི་བྱེ་མ་སྙེད་བརྩིགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་གངྒའི་ཀླུང་གི་བྱེ་མ་སྙེད་རྣམས་ལས་དེ་བཞིན་གཤེགས་པ་རེ་རེའི་ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ་དག་ལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱི་རིམ་གྱོ་བྱས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལ་བྱས་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གཞན་གང་གི་དཀོན་ཅོག་བརྩེགས་པ་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་དེ་ལས་ཚིག་སུ་བཅད་པ་གཅིག་ཙམ་ལུང་མནོས་ཏེ། ལུང་མནོས་ནས་ཀྱང་མི་སྤོང་ན། དེ་ནི་དེ་བས་ཀྱང་བསོད་ནམས་ཆེས་མང་དུ་བསྐྱེད་དོ། ཞེས་དང་། ཤེར་ཕྱིན་བརྒྱད་སྟོང་པའི་བསོད་ནམས་རྣམས་གྲངས་ཀྱི་ལེའུ་ལས། ཀཽ་ཤི་ཀ་དེ་བས་དེ་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་མཆོད་པའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་བྱེ་བ་དུ་མ་བྱེད་དུ་བཅུག་སྟེ་བྱས་ནས་ཀྱང་དེས་དེ་ལ་ནམ་འཚོའི་བར་དུ་ལྷའི་མེ་ཏོག་དང་། ལྷའི་བདུག་པ་དང་། ལྷའི་དྲི་དང་། ལྷའི་ཕྲེང་བ་དང་། ལྷའི་ཤུག་པ་དང་། ལྷའི་ན་བཟའ་དང་། ལྷའི་གདུགས་དང་། ལྷའི་རྒྱལ་མཚན་དང་། ལྷའི་དྲིལ་བུ་དང་། ལྷའི་བ་དན་དག་དང་། ཁོ་ར་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང་། ལྷའི་མཆོད་པ་རྣམས་པ་མང་པོ་དག་གིས་མཆོད་པར་བྱེད་དེ་བཀུར་སྟིར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད། རི་མོར་བྱེད། བསྙེན་བཀུར་བྱེད་ན་ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་ཅི་རིགས་ཀྱི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་བསྐྱེད་དམ། བརྒྱ་བྱིན་གྱིས་གསོལ་བ། བཅོན་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱི་བཀའ་བསྩལ་བ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་འདིས་བསོད་ནམས་མང་དུ་བསྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མངོན་པར་དད་དེ་རྟོག་ཅིང་མོས་ལ་སེམས་དང་བས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ལྷག་པའི་བསམ་པས་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། རབ་ཏུ་འདོན་པ་དང་། སྟོན་པ་དང་། ཉེ་བར་སྟོན་པ་དང་། ལུང་འབོགས་པ་དང་། ཁ་བཏོན་དུ་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། འདིའི་དོན་རྣམས་པར་འགྲེལ་བ་དང་། ཡིད་ཀྱི་རྗེས་སུ་རྟོག་པ་དང་། ཇི་ལྟ་བུར་གྲུབ་པའི་ཤེས་རབ་ཀྱི་འདིར་ཡོངས་སུ་དཔྱོད་པར་བྱེད་པ་དང་སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིགདམ་པའི་ཆོས་ནུབ་པར་མ་གྱུར་ཅིགདམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། ཚུལ་དང་མ་བྲལ་བས་བྱང་ཚུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་པ་སྒྲུབ་པར་བྱས་པར་འགྱུར་བར་ཆུང་ངུ་ན་གླེགས་བམ་དུ་ཆུད་པར་བྱས་ཏེ་འཆང་ངམ། བཞག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་དང་། ཁོ་ར་འཁོར་ཡུག་ཏུ་མར་མེའི་ཕྲེང་བ་དག་དང་། མཆོད་པ་རྣམས་པ་མང་པོ་དག་གིས་མཆོད་པར་བྱེད། དེ་བཀུར་སྟིར་བྱེད། བླ་མར་བྱེད། རྗེས་པར་བྱེད། མཆོད་པར་བྱེད། རི་མོར་བྱེད། བསྙེན་བཀུར་བྱེད་ན་ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཉིད་དེ་བས་ཆེས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དོ། །ཞེས་དང་། པཎ་ཆེན་ཟླ་བ་མངོན་དགས། ལུང་བརྒྱུད་པ་ལས་བསྟན་བཅོས་ཀྱི་དོན་རྟོགས་པ་ཐོབ་པའོ། ཞེས་དང་། སློབ་དཔོན་བློ་བརྟན་གྱིས་དབུས་མཐའི་འགྲེལ་བར། གཞན་ཀློག་པ་ལ་ཉན་པ་ནི་བསྟི་སྟང་དུ་ཉན་པའོ། །ཞེས་དམ་པའི་ཆོས་ཐོས་པའམ་ཉན་པའམ་ལུང་ནོད་པ་ལ་ཕན་ཡོན་མཐའ་ཡས་པར་མདོ་སྡེ་རིན་པོ་ཆེ་དུ་མ་ལས་འབྱུང་བ་ལྟར་ཡིན། །

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:57 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།