སྡོང་འགྲེམས་དང་རྡེའུ་འགྲེམས་ཀྱི་བྱུང་འཕེལ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.04.2016 |
བོད་ཀྱི་གསོ་རིག་གཞུང་ལུགས་སློབ་འཁྲིད་ཀྱི་ཡ་གྱལ་སྡོང་འགྲེམས་དང་རྡེའུ་འགྲེམས་ཀྱི་
བྱུང་འཕེལ་སྐོར་ལ་རྟོག་ཞིབ་བྱས་པ།
བྱམས་པ་འཕྲིན་ལས།
བོད་ཀྱི་གསོ་བ་རིག་པ་ནི་ལོ་རྒྱུས་རིང་ཞིང་གཞུང་དང་ལག་ལེན་གང་ཅིར་མི་རིགས་ཀྱི་ཁྱད་ཆོས་གཞན་འགྲན་བྲལ་བ་ཞིག་ཡིན། སྤྱིར་ན་ཡུལ་ལུང་གང་དང་། མི་རིགས་གང་ཞིག་ཡིན་རུང་སོ་སོར་སྣོད་བཅུད་ཆགས་ཚུལ་དང་། སྨན་དཔྱད་ཐད་ཀྱི་ལོ་རྒྱུས་རྒྱས་བསྡུས་སྣ་ཚོགས་ཡོད་རུང་རང་རེའི་སྨན་གཞུང་རྒྱུད་བཞི་དང་འདྲ་བ་ནི་ཧ་ཅང་དཀོན་པར་སྣང་། རྒྱུད་བཞི་འཆད་ཉན་ཐད་ལ་སྔོན་བྱོན་མཁས་དབང་མང་པོས་སྔ་ཕྱིར་འགྲེལ་པ་དང་། ས་བཅད། སྡོང་འགྲེམས། རྡེའུ་འགྲེམས་སོགས་ཐབས་ཚུལ་མི་འདྲ་བ་དུ་མ་གསར་གཏོད་གནང་བར་བརྟེན་དེང་གི་དུས་སུའང་སྔར་གྱི་འཆད་ཉན་མང་དག་ཇི་བཞིན་གནས་པའི་ཁར་ཉེ་བའི་ལོ་བཅུའི་ནང་ཏང་གི་སྲིད་ཇུས་དང་། མཛད་ཕྱོགས་བཟང་པོའི་འཁྲིད་སྟོན་འོག་བོད་སྨན་བརྒྱུད་འཛིན་གོང་འཕེལ་སྔར་ན་མ་གྲགས་པ་ཞིག་བྱུང་སྟབས་བོད་ཀྱི་ས་གནས་ཁག་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོས་ཁེངས་ཤིང་མདུན་ལམ་འོད་ཟེར་ལྡན་པ་ཞིག་རེད།
གནས་ཚུལ་དེ་འདྲའི་འོག་བདག་གིས་གསོ་བ་རིག་པ་མི་ཉམས་གོང་འཕེལ་ཡོང་བ་དང་། སློབ་དཔོན་གོང་མའི་བཀའ་དྲིན་དྲན་པ། བརྒྱུད་འཛིན་སློབ་མར་ཕན་ཐོགས་ཡོང་ཆེད་སྡོང་འགྲེམས་རྣམ་བཤད་ཀྱི་ལོ་རྒྱུས་འདི་བཞིན་ཕྱོགས་སྒྲིག་ཞུས་པ་ཡིན། དེས་ན་སྡོང་འགྲེམས་རྣམ་བཤད་ངོ་མ་ཐོག་མར་རྒྱུད་བཞིའི་ནང་ཚན་རྩ་རྒྱུད་ལེའུ་གསུམ་དང་། བཤད་རྒྱུད་སྡོམ་ཚིག་ལེའུར་འཁོད་པ་མ་ཟད། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་བཀའ་རྒྱ་མ་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད། དེ་རྗེས་རབ་བྱུང་གཉིས་པའི་མེ་རྟ་སྤྱི་ལོ་ ༡༡༢༦ སྨན་བླ་གཉིས་པ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་རྒྱུད་བཞིར་ལེགས་སྒྲིག་དང་ཁ་སྐོང་གནང་སྐབས་སྡོང་འགྲེམས་འདི་བཞིན་རྒྱུད་ཀྱི་དགོངས་དོན་བདེ་བླག་རྟོགས་པའི་ཐབས་ལམ་ཉག་ཅིག་ལ་དགོངས་ཏེ་བརྒྱུད་འཛིན་ཐོག་ཨོ་རྒྱན་གྱི་སྨན་པ་སྐྱེས་བུ་མེ་ལྷ་ཕྱག་རྡུམ་དྲུང་ནས་རྡེལ་སྐོར་ཕྱི་ནང་གསང་གསུམ་གྱི་གདམས་པ་གསན་པས་རྡེལ་འགྲེམས་ཀྱི་ཕྱག་བཞེས་ཀྱང་དར་སྤེལ་ཅི་ཆེ་བྱུང་།
དུས་རབས་བཅུ་བཞི་པ་དང་བཅོ་ལྔ་པའི་ནང་བྱང་ཟུར་མཁས་དབང་རྣམ་གཉིས་ཀྱིས་རྒྱུད་བཞི་རྩ་བར་བཟུང་སྟེ་རང་གི་ཁྱད་ཆོས་ལྡན་པའི་སྨན་གཞུང་དང་། སྨན་སྦྱོར། སྨན་ངོ་ངོས་འཛིན་མི་འདྲ་བ་དར་སྤེལ་མཛད་ཀྱང་སྡོང་འགྲེམས་རྣམ་བཤད་སྐོར་ལ་སྔར་བཞིན་གཅིག་གྱུར་ཐོག་མུ་མཐུད་གོང་འཕེལ་གནང་རྒྱུར་ཐུགས་གཙིགས་ཆེ་བར་གནང་།
དེ་ནས་ལྔ་པ་ཆེན་པོའི་དུས་སུ་རྗེས་འཛིན་རིག་པ་འདི་ཉིད་སྔར་ལས་གོང་འཕེལ་བྱུང་བ་དང་། བྱང་ངོས་ནང་སོ་དར་རྒྱས་ཀྱིས་ཞབས་བསྐུལ་ཞུས་པ་བཞིན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞི་གྲ་ཐང་པར་མའི་བུ་དཔེ་ལྟར་སོར་བཞག་གིས་པར་བསྐྲུན་དང་ད་དུང་ཆ་ལག་བཅོ་བརྒྱད་སོགས་སྨན་དཔེ་མི་ཉུང་བ་འཛད་མེད་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ་བར་མཛད། ལྷག་པར་ཏུ་འབྲས་སྤུངས་ཕོ་བྲང་ནུབ་མར་ཉི་ཐང་བློ་བཟང་རྒྱ་མཚོ་དང་། བྱང་ངོས་ནང་སོ་དར་རྒྱས་གཉིས་ནས་དོ་དམ་གནང་བའི་གསོ་རིག་འགྲོ་ཕན་གླིང་དང། གཞིས་ཀ་བསམ་གྲུབ་རྩེར་ཚ་རོང་པས་དོ་དམ་མཛད་པའི་དྲང་སྲོང་འདུས་པའི་གླིང་སྟེ་སློབ་གྲྭ་ཁག་གཉིས་རྒྱུན་འཛུགས་གནང་བས་རྒྱུད་བཞིའི་རྒྱུགས་འབུལ་ཞུ་མཁན་མང་པོ་བྱུང་ཞིང་། དེ་རྗེས་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་བྱང་ངོས་པ་ནང་སོ་དར་རྒྱས་དང་རྗེས་སུ་དར་མོ་སྨན་རམས་པས་འགོ་འཛིན་གནང་བའི་སློབ་གྲྭ། གཞན་ཡང་ལྷག་བསམ་དང་ན་བཟའ་གླིང་པ་སོགས་ཀྱི་སློབ་མ་ལ་ཡང་ཕོགས་དང་མཐུན་རྐྱེན་སྩལ་བ་བཅས་ལ་བརྟེན་གསོ་བ་རིག་པ་སླར་ཡང་དར་རྒྱས་དང་ཆབས་ཅིག་སྡོང་འགྲེམས་རྣམ་བཤད་གོང་འཕེལ་སྔར་ན་མ་གྲགས་པ་ཞིག་བྱུང་། དཔེར་ན། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་བརྩམས་པའི་བཤད་པ་སྐུའི་རྒྱུད་ཀྱི་དཀའ་བའི་འབྲུ་འགྲེལ་ལེགས་བཤད་གསེར་གྱི་ཐུར་མ་ཞེས་པའི་སྣུམ་པར་དེབ་ཀྱི་ཤོག་གྲངས་བརྒྱ་དོན་གཉིས་མདུན་ཕྲེང་གསུམ་པར་བཤད་རྒྱུད་ལེའུ་སུམ་ཅུ་སོ་གཅིག་ལ་གནས་བཅུ་གཅིག་རྩ་སྡོང་ཡལ་འདབ་འབྲས་བུ་བཅས་སྡེ་ཚན་སོ་སོར་ཁྱོན་བསྡོམས་རྩ་བ་སོ་བཞི། སྡོང་པོ་བརྒྱད་ཅུ་གྱ་དྲུག ཡལ་འདབ་སུམ་བརྒྱ་དྲུག་ཅུ་རེ་དགུ། ལོ་འདབ་ཐེར་འབུམ་བཞི་དང་དུང་ཕྱུར་ལྔ་བྱེ་བ་གཅིག་ས་ཡ་དགུ་ཉིས་འབུམ་དྲུག་ཁྲི་བདུན་སྟོང་དགུ་བརྒྱ་བཅུ་བཞི། གནས་སྐབས་ཀྱི་འབྲས་བུ་བཞི། མཐར་ཐུག་འབྲས་བུ་གཅིག་བཅས་ཡོད་ཅེས་དང་། ཡང་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་བརྩམས་པའི་བཤད་པའི་རྒྱུད་ཀྱི་ཚིག་འགྲེལ་གསེར་མཆན་རྣམ་བཀྲ་གླེགས་བམ་གན་མཛོད་སྣུམ་པར་དེབ་ཀྱི་ཤོག་གྲངས་སུམ་བརྒྱ་རེ་གཉིས་རྒྱབ་ཕྲེང་དྲུག་པར། དེ་ལྟར་སྐུ་ཡི་བཤད་རྒྱུད་འདི་ཉིད་ཀྱི། །སྡོང་འགྲེམས་ལྗོན་ཤིང་ཚུལ་དུ་བཀོད་པ་ལ། །རྩ་བ་ལག་༣༨ རྩེ་སྡོང་པོ་རྩེ་༨༣ ཀླུ་དང་། ཡལ་ག་དྲུག་བརྒྱ་རེ་ལྔ་ལོ་འདབ་ནི། །ཐེར་འབུམ་བཞི་དང་དུང་ཕྱུར་གཅིག་དག་དང་། །ས་ཡ་བརྒྱད་དང་ཉིས་འབུམ་སུམ་ཁྲི་དང་། །དྲུག་སྟོང་ཉིས་བརྒྱ་ཞེ་བདུན་མཆིས་པ་ལ། །མེ་ཏོག་རྣམ་གཉིས་འབྲས་བུ་ལྔ་བཞུགས་པ། །ཉི་ཟླའི་རྒྱུད་ཀྱི་བརྗོད་དོན་མདོར་བསྡུས་སོ། །ཞེས་དང་། ད་དུང་མཛད་བྱང་མ་འཁོད་པ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བཤད་པ་སྐུའི་རྒྱུད་ལས་ལེའུ་བཞི་པའི་རྡེལ་འགྲེམས་ལེགས་བཤད་མུན་པ་ཀུན་སེལ་ཞེས་པ་ཤིན་ཏུ་རྒྱས་པ་ཞིག་དང་། དེ་བཞིན་རྡེའུ་འགྲེམས་ཀྱི་བརྗོད་དོན་ལེགས་བཤད་ཟླ་བའི་འཁྲི་ཤིང་ཞེས་པ་ཞིག་ཀྱང་འདུག་པས་དེའི་ནང་དོན་ལ། འདིར་གསོ་བ་རིག་པའི་གཞུང་ལུགས་དམ་པ་ལས་བཤད་པའི་རྡེའུ་འགྲེམས་ཀྱི་རྡེའུ་ཚོན་མདོག་གང་ལ་གང་དགོས་ཀྱི་བརྗོད་བྱ་བཀོད་པར། རླུང་རྐྱང་པ་ལ་རྡེའུ་ཆེ་བ་མདོག་སྔོན་པོ། ཡལ་གའི་གྲས་དེ་ལས་ཆུང་ཙམ་སྔོན་པོ། དེ་ལས་ཆུང་བ་ལོ་འདབ་གྲས་སྔོན་པོ། དེས་མཚོན་པའི་རླུང་མཁྲིས་ལྡན་པར་མདོག་སྔོ་སེར། བད་རླུང་ལྡན་པ་ལ་མདོག་སྔོ་དཀར། རིག་པ་དེས་མཚོན་པའི་མཁྲིས་པ་རྐྱང་པ་ལ་སེར་པོ། བད་ཀན་རྐྱང་པ་ལ་དཀར་པོ། འདུས་པ་ལ་ནག་པོ། ཤ་ལ་དམར་པོ། ཁྲག་ལ་དམར་སེར། ཚིལ་ལ་དཀར་པོ། རུས་པ་ལའང་དཀར་པོ། རྩ་ནག་ལ་དམར་སྔོ། རྩ་དཀར་ལ་དཀར་པོ། སྐྲ་དང་བ་སྤུ་སོགས་ལ་ནག་པོ། རྒྱུས་པ་ལ་ལྗང་སྐྱ། རིག་པ་དེས་མཚོན་གཞན་གང་ལ་གང་དགོས་རིག་པའི་མདའ་ཡིས་བསྟུན་པ་དག་ལ་ཆེའོ། །ཞེས་གསལ་བ་བཅས་ཀྱིས་སྐབས་དེར་སྡོང་འགྲེམས་དང་། རྡེའུ་འགྲེམས་ལག་ལེན་གོང་འཕེལ་བྱུང་བ་ཧ་ཅང་གསལ་བར་མངོན།
དཔེ་གཞན་ཞིག་ནས་ཞུས་ན་པཎྜིཏ་སངས་རྒྱས་རྒྱ་མཚོའི་སྐུ་ཚེའི་རིང་གསོ་རིག་གཙོར་གྱུར་གྱིས་རིག་གནས་མཐའ་དག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གཏོང་བའི་ཐུགས་དགོངས་བླ་ན་མེད་པའི་ཉེར་ལེན་ལས། སྔོན་མེད་ཀྱི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌཱུར་སྔོན་པོའི་མལིཀ་སོགས་གསར་རྩོམ་དང། ལྷ་སར་ལྕགས་རི་འགྲོ་ཕན་གླིང་གསར་འཛུགས། སྨན་ཐང་ཚོན་ཁྲ་བརྒྱད་ཅུ་གསར་བཞེངས་གནང་བས་གསོ་དཔྱད་ཀྱི་རིག་པ་དར་ཞིང་རྒྱས་པར་མཛད། ཁྱད་པར་སྡོང་འགྲེམས་རྣམ་བཤད་སྐོར་འཚོ་བྱེད་གཞོན་ནུ་གཉིས་པ་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེའི་དྲུང་ནས་གསན་བཞེས་ཀྱིས་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་སྤྱི་ལོ་ ༡༧༠༣ སྔོན་མེད་ཀྱི་བྲིས་ཆ་མཚར་བསྡུས་སྨན་ཐང་གསར་བཞེངས་སྐབས་རྩ་རྒྱུད་སྡོང་འགྲེམས་ལ་ཐང་ཁ་གསུམ་གཏན་ལ་ཕབ་སྟེ་ལྕགས་རི་འགྲོ་ཕན་གླིང་དུ་སྨན་གཞུང་སློབ་འཁྲིད་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་འཇོག་གནང་དང་། རྟག་པར་རྡེའུ་འགྲེམས་དང་སྡོང་འགྲེམས་སྐོར་ལ་འཐད་དང་མི་འཐད་ཀྱི་ཤོད་ཚུལ་ཡོད་པར་དམིགས་ཏེ་ཕྱི་རྒྱུད་བཻ་སྔོན་མཇུག་བྱང་དུ་རྩ་བཤད་གཉིས་ལ་རྡེའུ་རྒྱག་པ་ལས་སྡོང་འགྲེམས་བྱེད་པ་མི་འཐད། འདི་ལ་སྟོད་ལུགས་སྨད་ལུགས་ཀྱི་དབྱེ་བ་ཡོད་ཚུལ། བཤད་རྒྱུད་དུའང་རྡེའུ་དགོས་པར་བཞེད་འདུག་རུང་། བརྟགས་ན་སྟོད་ལུགས་སྨད་ལུགས་ཀྱི་ཁྱད་པར་སྔོ་སྨན་གཙོ་འགྱུར་གྱི་ངོས་འཛིན་དང་། སྦྱོར་སྡེ་ཟུར་བཀོལ་འདྲ་ལས་རྒྱུད་ཀྱི་དོན་ལ་བྱང་ཌཱིཀ་ལ་གཞི་བཅོལ་མེས་པོའི་ཞལ་ལུང་དུ་བྱུང་བ་དང་བཅས་སྡོང་འགྲེམས་ལ་ལོ་མ་སོགས་ལ་ཁྱེར་སོའི་ཁྱད་ཙམ་ལས་ཁྱད་པར་ཆེན་པོ་མེད་པས་ཞལ་ལུང་དང་ཡང་སྡོང་འགྲེམས་ཤིན་ཏུ་འགྲིག་ཅེས་དང་། ཡང་གསུངས་དོན། རྩ་རྒྱུད་དེ་སོང་ཕྱིན་བཤད་རྒྱུད་ལ་དེ་ཉིད་རྒྱས་བཤད་ལས་མེད་པས་སྡོང་འགྲེམས་བྱས་ཀྱང་ཧ་ཅང་བྲིས་ཆ་ཚོགས་ཆེས་དྭགས་རྩ་ཐིག་ལས་མ་བཀོད། ཅེས་པར་གཞིགས་ན། སངས་རྒྱས་རྒྱ་མཚོ་མཆོག་གིས་སྡོང་འགྲེམས་སྐོར་ལ་ཞིབ་འཇུག་མང་པོ་གནང་བ་གསལ་པོར་སྣང་།
ད་དུང་སྐབས་དེར་དབུས་ཕྱོགས་སུ་མཚན་སྙན་ཆེ་བའི་སྨན་པ་མཁས་ཅན་འབྲི་གུང་ཆོས་གྲགས་རྒྱ་མཚོ་དང་། དཀོན་མཆོག་འགྲོ་ཕན་དབང་པོའམ་ཚེ་དབང་བསྟན་པ། དཔོན་ཚང་ཡེ་ཤེས་སོགས་ཀྱི་སྐབས་གསོ་དཔྱད་ཡར་ངོའི་ཟླ་ལྟར་གོང་འཕེལ་བྱུང་བ་དང་། འབྲི་གུང་མཐིལ་དུ་ར་ཁྱིམ་ཞེས་པ་ཆེད་མངགས་སྨན་གཞུང་སློབ་སྦྱོང་བྱེད་ཡུལ་འཛུགས་གནང་དང་འབྲེལ་འབྲི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལག་ལེན་རྒྱུད་འཛིན་ཐོག་གཞུང་དོན་རྟོགས་ཕྱིར་སྡོང་འགྲེམས་རྒྱག་སྟངས་སྔར་སྲོལ་ཇི་བཞིན་ཉམས་བཞེས་མཐའ་གཅིག་ཏུ་གནང་ཡོད།
དེ་རྗེས་སུ་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་ངག་གི་དབང་པོས་ཏཱ་ལའི་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་དང་། ཕོ་ལྷ་ཐའི་ཇི་རྣམ་གཉིས་ལ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་བླ་སྨན་དང་། སྨན་དགེ་དྲག་གྲས་ཤིང་མངགས་གཏོང་གནང་རོགས་ཞུས་དོན་ལྟར་ལྷ་ས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་གསོ་དཔྱད་ལ་མཐའ་ཆོད་པར་སྦྱངས་པ་གཙང་སྨན་ཡེ་ཤེས་བཟང་པོའམ་རྗེས་སུ་བོད་པ་མེར་རྒན་ཨམ་ཆིར་ཞུ་བ་བཀྲ་ཤིས་འཁྱིལ་དུ་མངགས་གཏོང་མཛད་ཅིང་། རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག སྤྱི་ལོ་༡༧༨༤ སྨན་པ་གྲྭ་ཚང་གསར་འཛུགས་ཀྱིས་གསོ་རིག་གཞན་ཕན་གླིང་ཞེས་མཚན་གསོལ་ནས་གཙང་སྨན་པར་སློབ་དཔོན་བསྐོ་གཞག་མཛད་སྟབས་སྨན་པ་གྲྭ་ཚང་དུ་གཞུང་དང་། ལག་ལེན་མཐའ་དག་ལྷ་ས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ཇི་ལྟ་བ་བྱུང་བའི་ཁར་ཐ་ན་རྩ་རྒྱུད་རྡེལ་འགྲེམས་ཀྱི་རི་མོ་སྨན་པ་གྲྭ་ཚང་གི་ར་བའི་གྱང་ལྡེབས་སུ་ད་ལྟའང་མཇལ་རྒྱུ་ཡོད། དེ་མིན་སྐུ་འབུམ་བྱམས་པ་གླིང་གི་སྨན་པ་གྲྭ་ཚང་དང་། པེ་ཅིང་གཡུང་དགོན་དགའ་ལྡན་བྱིན་ཆགས་གླིང་གི་སྨན་པ་གྲྭ་ཚང་། སོག་ཡལ་གྱི་སྨན་པ་གྲྭ་ཚང་། གཞན་ཡང་ར་རྒྱ་དང་བྱ་ཁྱུང་བཅས་པར་གསོ་རིག་རྒྱུད་འཛིན་འཕེལ་རྒྱས་ཤུགས་ཆེན་བྱུང་སྟེ་དེ་དག་རྣམས་ལ་རྒྱུད་བཞི་འཆད་ཉན་དང་། སྡོང་འགྲེམས་རྒྱག་སྟངས་བཅས་པའི་འཁྲིད་རྒྱུན་མ་ཆད་པ་བྱུང་ཡོད།
དེ་མིན་ཁམས་ཕྱོགས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་དང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་མཁས་དབང་རིམ་བྱོན་རྣམས་ཀྱིས་ཀྱང་རྒྱུད་བཞིའི་དགོངས་འགྲེལ་མཚོན་བྱེད་སྨན་གཞུང་མང་དག་གསར་རྩོམ་གནང་བ་མ་ཟད་ཀ་ཐོག་དང་། དཔང་སྤུངས། རྫོང་གསར་སོགས་ལ་བཤད་གྲྭ་བཙུགས་ཏེ་སྨན་གཞུང་སློབ་འཁྲིད་གནང་སྐས་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་སྡོང་འགྲེམས་རྒྱག་ཚུལ་མི་ཉམས་པར་སློབ་འཁྲིད་གནང་འདུག
ཕྱིས་སུ་རབ་ཚེས་ལྕགས་ཕག་སྟེ་སྤྱི་ལོ་ ༡༩༡༡ ལོར་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་འབྲས་སྤུངས་སྨན་སྦྱིན་པའི་ཐུགས་འགན་བཞེས་སྐབས་སྔོན་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གཞུང་འགྲེལ་བཻ་སྔོན་གཞིར་བཞག་གིས་མཆོད་བརྗོད་དང་། མཇུག་བྱང་བཅས་ཡོད་པ་དཔལ་ལྡན་རྩ་བའི་རྒྱུད་ཀྱི་སྡོང་འགྲེམས་གསོ་རིག་རྒྱ་མཚོའི་སྙིང་པོ་ཞེས་པ་ཁོལ་དུ་ཕྱུང་ནས་ལྕགས་རི་འགྲོ་ཕན་གླིང་དུ་ཁྱབ་སྤེལ་ཅི་ཆེ་མཛད།
དེ་ནས་རབ་ཚེས་མེ་འབྲུག་སྤྱི་ལོ་ ༡༩༡༦ ལོར་ཏཱ་ལའི་སྐུ་ཕྲེང་བཅུ་གསུམ་པས་ལྷ་སར་འགྲོ་ཕན་སྨན་རྩིས་ཁང་གི་སློབ་གྲྭ་གསར་འཛུགས་དང་འབྲེལ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་སློབ་དཔོན་དུ་བསྐོ་གཞག་གནང་རྗེས་གོང་གསལ་རྩ་རྒྱུད་སྡོང་འགྲེམས་ལ་སླར་ཡང་དཔྱད་པ་ཞིབ་མོས་སྣོན་འཁྲི་ཅུང་ཟད་ཀྱིས་པར་དུ་བསྐྲུན་གནང་དང་། ཆུ་ཕག་སྤྱི་ལོ་ ༡༩༢༣ ལོར་བཤད་རྒྱུད་ཀྱི་སྡོམ་ཚིག་རྒྱས་བཤད་སྡོང་འགྲེམས་སུ་བཀོད་པ་ཟླ་ཤེལ་ནོར་བུའི་མེ་ལོང་ཞེས་པ་གསར་རྩོམ་གནང་བར་བརྟེན་དེ་སྔོན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཤད་རྒྱུད་སྡོང་འགྲེམས་རྩོམ་འབྲི་གནང་རྩིས་ཡོད་རུང་བྲིས་ཆ་ཚོགས་ཆེས་དྭོགས་ཀྱིས་མ་མཛད་པ་དེ་དག་ཁ་སྐོང་ཚུལ་བཞིན་བྱུང་། མདོར་ན་སྨན་རྩིས་སློབ་གྲྭ་བཙུགས་ནས་བཟུང་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་གིས་དཔལ་ལྡན་རྒྱུད་བཞིའི་འཆད་ཉན་གོང་འཕེལ་དང་སྦྲགས་དངོས་སློབ་ཡང་སློབ་བཅས་པར་སྡོང་འགྲེམས་དང་རྡེའུ་འགྲེམས་རྒྱག་སྟངས་སྐུ་ངོ་མས་སློབ་འཁྲིད་གནང་བ་དང་། རང་ཉིད་ཆུང་དུས་སྨན་གཞུང་བསླབ་དུས་རྡེའུ་འགྲེམས་ཅུང་ཟད་བྱང་ཆུབ་པའང་སློབ་དཔོན་བཀའ་དྲིན་ཅན་གྱི་ཐུགས་རྗེ་ཡིན་པར་ངེས། མཐར་རབ་རྒྱལ་ཆུ་སྦྲུལ་ལོ་སྟེ་སྤྱི་ལོ་༡༩༥༣ ལོར་སློབ་དཔོན་དམ་པ་དགུང་ཕྲེང་བདུན་ཅུ་ལྷག་ཙམ་ལ་ཕེབས་རུང་ད་དུང་སྡོང་འགྲེམས་རྣམ་བཤད་འཕེལ་རྒྱས་གཏོང་རྒྱུའི་དགོངས་བཞེད་བླ་ན་མེད་པ་ཡོད་པར་བརྟེན་ཡང་བསྐྱར་བཤད་རྒྱུད་གསོ་ཚུལ་སྡོང་འགྲེམས་ཞེས་པ་ཕྱི་རབས་དོན་དུ་ཡིག་འཇོག་དང་། ཆོས་སྤྱོད་ལེ་ཚན་ཞེས་པར། སྔ་སོར་བཤད་རྒྱུད་སྡོང་འགྲེམས་ཡོད་པ་དེའི་མཇུག་ལ་གསོ་ཚུལ་འགྲེམས་ཁ་སྐོང་མཛད་པ་ཤིང་པར་དུ་བརྐོ་གནང་མཛད་པ་སོགས་བཀའ་དྲིན་བརྗོད་ལས་འདས།
ས་ལུག་སྤྱི་ལོ་༡༩༧༩ ལོར་ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་རིག་ཡན་ལག་ཅེས་པའི་དཔེ་དེབ་ལྗོངས་སྨན་རྩིས་ཁང་གིས་གཙོ་འགན་བླངས་ཏེ་རྩོམ་སྒྲིག་བྱེད་སྐབས་རྩོམ་སྒྲིག་གནང་མཁན་ཚོ་ཐོག་མར་འབྲས་སྤུངས་དེ་མོ་བླ་བྲང་གི་ཤག་སྒོར་དུ་བཞུགས་པ་དང་། དེ་དུས་ཉིན་དགུང་ངལ་གསོའི་སྐབས་དང་བསྟུན་ནས་སློབ་དཔོན་མཁྱེན་རབ་ནོར་བུ་སྔོན་དུས་འབྲས་སྤུངས་སྨན་སྦྱིན་པ་གནང་སྐབས་ཀྱི་བཞུགས་ཡུལ་བརྩད་བཅད་དེ་རྩེད་ཐང་ཁང་ཚན་གྱི་སྨན་ཤག་ཏུ་སླེབས་པ་དང་། སྐབས་དེར་རང་གི་སེམས་ལ་སློབ་དཔོན་གོང་མས་ཕྱི་རབས་ཀྱི་དོན་དུ་རྩ་རྒྱུད་སྡོང་འགྲེམས་དང་། ལུས་ཐིག་ཟླ་བ་ནོར་བུ་ཞེས་པ་སོགས་ལྗགས་རྩོམ་གནང་བ་ཡིད་ལ་དྲན་བཞིན་ད་ལྟ་རང་ངོས་ནས་བཤད་རྒྱུད་སྡོང་འགྲེམས་དང་རྩ་ཚིག་ཟུང་སྦྲེལ་བྱས་པ་ཞིག་དང་། མན་རྒྱུད་སྡོང་འགྲེམས་ཞེས་པ་ས་བཅད་མ་སྟོང་ཙམ་ཞིག་ཕྱོགས་སྒྲིག་བྱེད་རྒྱུའི་འདུན་པ་ཤར་སྟེ་སློབ་དཔོན་གྱི་བཀའ་དྲིན་དྲན་པ་དང་། གསར་སྐྱེས་འགའ་ལ་ཕན་པ་ཡོང་ཆེད་དུས་ཚོད་དམ་བཟུང་གིས་གོང་གསལ་སྨན་གཞུང་ཁག་གཉིས་ཕྱོགས་སྒྲིག་ཐུབ་པ་བྱུང་སོང་། དེ་རྗེས་རིང་པོར་མ་སོང་བར་རང་ཉིད་ཀྱིས་ཡང་བསྐྱར་མན་རྒྱུད་སྡོང་འགྲེམས་རྒྱས་པ་ཞིག་ཀྱང་བྲིས། དེ་ལྟར་རྒྱུད་གསུམ་ལ་སྡོང་འགྲེམས་ཆ་ཚང་ཡོད་པ་ཤིན་ཏུ་ལེགས་ཀྱང་ཕྱི་མ་རྒྱུད་ཀྱི་སྡོང་འགྲེམས་ཤིག་མེད་ན་སྐྱོན་ཆ་ཆེན་པོ་ཞིག་ཡིན་པར་བསམ་བཞིན་ཁ་སྐོང་བྱེད་རྒྱུ་བྱུང་ན་ཅི་མ་རུང་སྙམ་སྐབས། རང་ལ་དེ་ལྟ་བུའི་འཇོན་ཐང་མེད་ཀྱང་སྔོན་ཆད་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་གིས་མཛད་པའི་ཕྱི་རྒྱུད་སྤྱི་དོན་སྡོམ་ཚིག་གཞུང་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་པ་རང་ལ་འཁྲིད་རྒྱུན་ཡོད་པས་དེ་དག་རྩ་བར་བཟུང་སྟེ་ཕྱི་རྒྱུད་སྡོང་འགྲེམས་བློ་གསལ་ངག་གི་སྒྲོན་མེ་ཞེས་པ་ཕྱོགས་སྒྲིག་ཞུས་པ་ཡིན།
དེ་ལྟར་རྒྱུད་བཞི་སྡོང་འགྲེམས་ཆ་ཚང་ཕྱོགས་སྒྲིག་ཐུབ་རུང་དཔེ་སྐྲུན་གྱི་མཐུན་རྐྱེན་མེད་ན་ཁྱབ་སྤེལ་གཏོང་རྒྱུར་དཀའ་ངལ་འཕྲད་རྒྱུ་ངེས་ཅན་ལ་དེའི་སྐོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་པུའུའི་དབུ་འཁྲིད་དོན་གྲུབ་ལགས་སུ་རེ་བ་ཞུས་འཕྲལ་དེ་དོན་ཞལ་གྱིས་བཞེས་མཐར་གསོ་རིག་རྒྱུད་བཞིའི་སྡོང་འགྲེམས་འདོད་འབྱུང་ནོར་བུའི་མཛོད་ཅེས་པ་པར་བསྐྲུན་གནང་བྱུང་། སྔོན་མེད་ཀྱི་སྨན་དཔེ་དེ་ལྟ་བུ་ཕྱོགས་སྒྲིག་བྱུང་སྐབས་ཚང་མའི་རེ་བར་དཔེ་དེབ་ཀྱི་འགོ་བརྗོད་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཕྱག་བྲིས་ཕྱག་བསྟར་མ་ཞིག་བྱུང་ན་སྙམ་པའི་རེ་འདུན་དྲག་པོ་ཡོད་པ་དེ་དག་པཎ་ཆེན་རིན་པོ་ཆེར་སྙན་སེང་ཞུས་པ་ལྟར་ཐུགས་རྗེ་ཆེན་པོས་ལྗགས་རྩོམ་བྱིན་ཅན་ཕྱག་བསྟར་མ་ཞིག་སྩལ་བ་འགོ་བརྗོད་དུ་འཁོད་པ་བཅས་ལས་ད་ཆ་གསོ་རིག་རྒྱུད་བཞིའི་སྡོང་འགྲེམས་འདོད་འབྱུང་ནོར་བུའི་མཛོད་ཅེས་པ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དང་། སྨན་རྩིས་ཁང་གི་སློབ་ཚན་གལ་ཆེན་ཞིག་དང་། རྒྱ་ཆེའི་བོད་ལུགས་སྨན་པ་ཚོས་ཐོས་བསམ་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་པ་མ་ཟད་སྤུན་ཟླའི་བོད་རིགས་ས་ཁུལ་དང་། ཕྱི་རྒྱལ་འགའ་ཤས་ལའང་ཁྱབ་བརྡལ་ཕྱིན་ཏེ་སྡོང་འགྲེམས་སློབ་སྦྱོང་བྱེད་ཀྱི་ཡོད་པ་མིག་མཐོང་ལག་ཟིན་བྱུང་བ་བཅས་སྡོང་འགྲེམས་ལོ་རྒྱུས་ཀྱི་རྣམ་བཤད་དེ་ཙམ་གྱིས་རྫོགས་པ་དང་།
མཇུག་ཏུ་སྡོང་འགྲེམས་དང་རྡེའུ་འགྲེམས་ཀྱི་ཕན་ཡོན་ནམ་དོན་སྙིང་སྐོར་ཅུང་ཙམ་འཆད་པར་བྱ་སྟེ། དར་མོ་སྨན་རམས་པ་ཞེས་པ་མཁས་པའི་དབང་པོ་དེས་མཛད་པའི་བཤད་པ་སྐུའི་རྒྱུད་ཀྱི་དཀའ་བའི་འབྲུ་འགྲེལ་ལེགས་བཤད་གསེར་གྱི་ཐུར་མ་ཞེས་པ་སྣུམ་པར་ཤོག་གྲངས་བརྒྱ་དོན་གསུམ་མདུན་ཕྲེང་གསུམ་པར། རྒྱུད་འདི་རྣམས་ཀྱི་རྡེའུ་འགྲེམས་ལྷག་མ་མེད་པར་བརྒྱབ་པའི་ཕན་ཡོན་ལས། རང་ཉིད་ཤེས་རབ་ཀྱི་རྩལ་ཡངས་པོར་འབྱེད་པའི་དགོས་པ་དང་། གདུལ་བྱ་གཞན་རྣམས་སྤྲོ་བ་བསྐྱེད་ཅིང་འདི་ཉིད་ལ་འཇུག་པའི་དགོས་པ་ཁྱད་པར་ཅན་ནོ། །ཞེས་གསུངས་པ་དང་། པཎྜིཏ་སངས་རྒྱས་རྒྱ་མཚོ་མཆོག་གིས་མན་རྒྱུད་བཻ་སྔོན་ཤིང་པར་ཤོག་གྲངས་བཞི་པའི་རྒྱབ་ཕྲེང་དང་པོར་བློ་ཆེ་བློ་ཡངས་བློ་གཟེག་པ་གསུམ་ག་ཕུན་སུམ་ཚོགས་པའི་བློ་རབ་ཀྱི་དོན་དུ་འགོ་སྨྲོས་པས་གོ་བ་ལ་རྩ་བའི་རྒྱུད་ལ་གསོ་ཐབས་རྩ་བ་གསུམ། དེ་ལས་གྱེས་པ་གནས་ལུགས་མ་ལུས། ནད་ངོས་བཟུང་བར་བལྟ་རེག་དྲི་བ། གསོ་ཐབས་ལ་ཟས་སྤྱོད་སྨན་དཔྱད་དེ། དེ་སྡོང་པོ་བཀོད། དེ་ལས་གྱེས་པ་ཡལ་ག དེ་ལས་འཕྲོས་པ་ལོ་འདབ། མཐར་ཕྱིན་པ་མེ་ཏོག་འབྲས་བུ་རྣམས་དཔེ་དོན་སྦྱར་ནས་གསོ་དཔྱད་ཀྱི་དོན་མདོར་བསྟན་ནས་བཤད། ཅེས་དཔེ་དོན་སྦྱར་ནས་གསོ་དཔྱད་ཀྱི་དོན་དམིགས་བསལ་ཅན་ཡིན་པར་བསྟན།།
- འདི་ནི་ཀྲུང་གོའི་བོད་ཀྱི་ཤེས་རིག་ ༡༩༩༡ ལོའི་དུས་དེབ་བཞི་པ་ནས་ཟུར་འདོན་ཞུས།
མཐའ་མའི་འདོན་ཐེངས་།: 20.05.2016 ཉིན། 2:39 PM
<< སྔ་མ།