སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
གསོ་རིག་མཁས་དབང་རིམ་བྱོན། >>

                                               
  སྡེ་སྲིད་སངས་རྒྱས་རྒྱ་མཚོ།

- བྱམས་པ་འཕྲིན་ལས།


སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཞེས་པ་ནི་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་( སྤྱི་ལོ 1653 ) ལོའི་བོད་ཟླ་བདུན་པར་ཡབ་ཨ་སུག་དང་། ཡུབ་བུ་འཁྲིད་རྒྱལ་མོ་གཉིས་ལ་ཉང་ཏིང་འཛིན་བཟང་པོའི་བྲན་དུ་གྱུར་པའི་ཡུལ། གྲོང་སྡེའི་སྟོད་སྨད་གཉིས་ཀྱི་ཕྱི་མའི་ཆར། མར་པ་ལོ་ཙཱའི་བུ་ཆེན་བཞིའི་ནང་ཚན་མཚུར་སྟོན་དབང་གི་རྒྱལ་པོའི་རུས་ལས་ཆད་པ་ཡིན་ཞེས་དཔྱ་ཁྲལ་གྱིས་འཚོ་བའི་རིགས་སུ་འཁྲུངས།
 

དགུང་ལོ་བརྒྱད་པའི་ཐོག་རྒྱལ་དབང་ལྔ་པའི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ལོངས་སུ་སྤྱོད་པ་དང་། སྐུ་ན་སོན་རྗེས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བསྩལ་བར་མ་ཟད་སྐུའི་ཞབས་རིམ་ལ་ཡུན་རིང་དུ་བཞུགས། སྔ་ཕྱིར་མཁས་དབང་དཔལ་ལྡན་ཕུན་ཚོགས་ལས་མིང་ཚིག་བརྗོད་གཞི་ཡི་གེ་དང་། འདར་པ་ལོ་ཙཱ་བ་ལས་སྐར་རྩིས་དང་། སྒྲ་རིག་པ། སུམ་རྟགས། ལུ་འགོ་ཟླ་མཁྱེན་ངག་གི་དབང་པོ་ལས། དཔལ་དབྱངས་འཆར་བའི་རྒྱུད་ཀྱི་འགྲེལ་པ་གསུམ་པོའི་ནང་གསལ་རྣམས་གསན། སྨན་དཔྱད་སྐོར་འཚོ་བྱེད་གཞོན་ནུ་དངོས་དང་མཚུངས་པ་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེའི་དྲུང་ནས་གསན་ཏེ་སྡོང་འགྲེམས་དང་། ཡུལ་ཐིག་སོགས་གཞུང་དོན་རེ་གཉིས་མ་གཏོགས་ཕལ་ཆེར་གྱི་གོ་དོན་ཁྲོལ་ཞེས་གསུངས།
 

  སྡེ་སྲིད་དགུང་ལོ་བཅོ་བརྒྱད་སྐོར་ནས་གྲ་ཐང་སོར་བཞག་གི་ <<རྒྱུད་བཞི།>>  ནས་རྒྱུད་ཆུང་གསུམ་བློ་འཛིན་གནང་ཞིང་། དགུང་ལོ་ཉི་ཤུ་རྩ་བདུན་ལ་རྒྱལ་བ་ལྔ་པས་སྲིད་ཀྱི་དབང་བསྐུར་ཏེ་སྡེ་སྲིད་ཀྱི་འགན་དབང་བཞེས། དགུང་ལོ་སུམ་ཅུ་སོ་ལྔ་ས་འབྲུག་( སྤྱི་ལོ་1688 ) ལོ་ལ << སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བེེ་ཌཱུརྱ་སྔོན་པོའི་མ་ལླི་ཀ།>> ཞེས་པ་དབུ་བཙུགས་ནས་ཕྱི་ལོ་ས་སྦྲུལ ( སྤྱི་ལོ 1689 ) ལོ་སྡེ་སྲིད་དགུང་ལོ་སོ་དྲུག་ལ་ཕེབས་དུས་ལེགས་པར་གྲུབ་སྟེ་དཔེ་ཤོག་མདའ་ཚད་མ་སྟོང་དང་ཉིས་བརྒྱ་སྐོར་ཡོད་པའི་གཞུང་འགྲེལ་གསར་རྩོམ་དང་འབྲེལ་ཕྱོགས་ཀྱི་འཚོ་བྱེད་རྣམ་ལ་ད་ལན་འདིས་མཁས་པའི་དབང་པོ་རྣམས་ལ་འགྲོ་ཕྱོགས་ཙམ་གྱི་སྒོ་ཕྱེ་བ་ཡིན་པ་མ་རྟོགས་པ་དང་། ལོག་པར་སོང་བ། ལྷག་ལུས་སོགས་སུ་གྱུར་པ་རྣམས་བཟོད་པར་བཞེས་དགོས་ཤིང་། འོནཀྱང་མཁས་པའི་ཚོགས་ཀྱིས་དཔྱད་པར་ས་བོན་ནམ་དྲན་གསོ་ལྟ་བུ་ཡིན། ཞེས་ཤིན་ཏུ་ཁེངས་སྐྱུང་མཛད།
 

     དེ་རྗེས་རབ་བྱུང་བཅུ་གཉིས་ཤིང་ཁྱི ( སྤྱི་ལོ་ 1694 ) ལོ་ལ << གྲ་ཐང་རྒྱུད་བཞིར།>> ཚིག་ཆད་པ་དང་། བརྡ་རྙིང་གོ་དཀའ་བའི་རིགས་རྣམས་ལ་རྒྱུད་བཞི་དཔེ་རྙིང་དང་གོ་བསྡུར་དང་ཐུགས་དཔྱད་མཛད་དེ། དཔེར་ན་བསྡོམས་ཚིག་ཏུ་བཤད་པ་ནང་གསེས་མ་ཚང་རིགས་དང་། ནད་རྟགས་བཤད་པར་བཅོས་ཆད་པ། ས་བཅད་འཁྲུགས་པ། ལ་ལ་དག་འབྲུ་ནོར་གྱི་རྣམ་པ་སོགས་ཡོད་པར་འོལ་སྤྱི་རྟོག་བཟོ་མིན་པར << དུས་ཀྱི་འཁོར་ལོ།>> དང་། << རྡོ་རྗེ་མཁའ་འགྲོ།>> << མཁའ་འགྲོ་རྒྱ་མཚོ།>> སོགས་རྒྱུད་སྡེ། << གསེར་འོད་དམ་པ།>> དང་ << དཀོན་བརྩེགས།>> སོགས་མདོ་སྡེ། << ལུང་གཞི།>> དང << ཕྲན་ཚོགས།>> སོགས་འདུལ་བ། << གདགས་པ།>> དང << མཛོད་འགྲེལ།>> སོགས་མངོན་པ། << ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ།>> དང་། << དེའི་རང་འགྲེལ།>> << ཟླ་ཟེར།>> << སྦྱོར་བ་བརྒྱ་པ།>> << གཅེས་གྲུབ།>>།<< འཚོ་བའི་མདོ།>> << དངུལ་ཆུ་གྲུབ་པ།>> སོགས་རྒྱ་གར་ནས་འགྱུར་རིགས།<< སྨན་དཔྱད་ཟླ་བའི་རྒྱལ་པོ།>> སོགས་རྒྱ་ནག་ནས་འགྱུར་རིགས། << འཁོར་ལོ་རྒྱལ་པོའི་བེ་བུམ།>> གྱིས་དབུས་ཞང་ཞུང་ནས་འགྱུར་འགྱུར་བ། << བདུད་རྩི་བམ་པོ་བདུན་པ།>> དང་། << བདུད་རྩི་མཆོག་གི་གཞུང་ལུགས།>> << བདུད་རྩི་བུམ་པ།>> << ཡང་གསལ་ཤེལ་བུམ།>> སོགས་སྔ་འགྱུར་རྡོ་རྗེ་ཐེག་པ་བཀའ་གཏེར་གྱི་རིགས << བི་བྱིའི་པུ་ཏི་ཁ་སེར།>> དང་། << སྒྲོན་གསལ་གདམས་པ་སུམ་ཅུ།>> << བདུད་རྩི་སྙིང་པོ་ཆེ་ཆུང།>> << རྫོང་འཕྲང་འཕྲུལ་གྱི་ལྡེ་མིག>> << ཡན་ལག་བཞི་པ།>> << ཆ་ལག་བཅོ་བརྒྱད།>> བཅས་བོད་དུ་སྔ་རབས་བྱུང་བའི་གཞུང་ལུགས་རྩ་བཤད་ཕྱི་གསུམ་ལ་འགྲེལ་པའི་རིགས་ཤིན་ཏུ་མང་བ་དང་ཡང་བསྟུན། མན་རྒྱུད་གཡུ་ཐོག་པའི་གསེར་མཆན། དེ་ལ་ཡང་ཟོང་མཆན་སྨར་མཆན་གཉིས << བུ་དོན་མ།>> << ཕྱག་དྲེག་མ།>> << ཟུར་མཁར་རྙིང་མའི་རྒྱུད་བཞི་སྒམ་ནང་མ།>>། བྱང་ལུགས་མཁས་པས་མཛད་པའི << དགོས་འདོད་ཀུན་འབྱུང།>> སོགས་དང་། གཞན་ཡང་རྫོང་དགའི་རྒྱུད་བཞི་པར་མ་དང་། སྒམ་པོའི་པར་མ། རྟག་བརྟན་པར་མ། བོ་དོང་པར་མ་སོགས་དང་། དེ་མིན་ལྕགས་སྨྱུག་གིས་བྲིས་པའི་ཡིག་རྙིང་ལེ་ཚན་དང་བསྟུན་པ་སོགས་གངས་ཅན་གྱི་ལྗོངས་སུ་གྲགས་སོ་ཅོག་གི་སྨན་གཞུང་ཕལ་ཆེར་ལ་སླ་ཐབས་མ་ཡིན་པར་ཞིབ་ཏུ་ཐུགས་དཔྱད་མཛད་ཅིང་། ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་གཏན་ལ་ཕབ་སྟེ། << རྒྱུད་བཞི།>> པར་དུ་བརྐོས་ནས་འཛད་མེད་ཀྱི་ཆོས་སྦྱིན་སྒོ་འཕར་ཡངས་པོར་ཕྱེ་བར་མཛད།
 

     དེ་དང་ཕྱོགས་མཚུངས་བེེ་སྔོན་གྱི་དོན་མ་ལུས་པ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་མཁས་པ་ནས་བྱིས་པའི་བར་གྱིས་བདེ་བླག་ཏུ་རྟོགས་པར་གཏན་ལ་ཕབ་པའི་སྔོན་མེད་ཀྱི་སྨན་ཐང་བྲིས་ཆ་སྔོན་དུ་ལྔ་བཅུ་དང་རྗེས་སོར་བདུན་ཅུ་དོན་དགུ་གསར་དུ་བཞེངས། ལག་ལེན་གྱི་རིམ་པ་ལ་ཤིན་ཏུ་མཁོ་ཞིང་མན་ངག་ཆིག་བརྒྱུད་ནུས་པ་ཉམས་ཀྱིས་དོགས་པ་རྣམས་མ་གཏོགས་གསལ་བར་སྟོན་པ་ << མན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི།>> ཞེས་པ་དང་། གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེས་རྐྱང་སེལ་སྐོར་འཚོ་བྱེད་སྤྱི་ལ་དྲི་བ་ཞིག་ལྷ་སའི་རྡོ་རིང་ལ་སྦྱར་བར། བྱིས་པའི་ཚིག་ངན་ལྟ་བུའི་ཅལ་སྒྲོག་ལས་དངོས་ལན་ཐེབས་པ་མ་བྱུང་བར << དྲི་ལན་ནམ་གསལ་བྱེད་དྲང་ཐིག་སྲིད་སྒྲུབ་ཀྱི་མདའ།>> ཞེས་བྱ་བ་དང་། སྨིན་གྲོལ་གླིང་ནས་ཚེ་རིག་འཛིན་པ་ངག་དབང་དཔལ་གྱིས་བེེ་ཌཱུརྱ་སྔོན་པོར་དོགས་གནས་ཀྱི་རྒྱུ་མཚན་བྱུང་བའི་ལན། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་སྨན་རྩིས་གཉིས་ཀྱི་ནོར་འཁྲུལ་ལ་དགག་པ་གནང་བ་སོགས་དང་། དེ་མིན་རྩིས་ཀྱི་བསྟན་བཅོས << བེེ་ཌཱུརྱ་དཀར་པོ།>> དང་། དྲིས་ལན་ << གཡའ་སེལ། >> << སྨན་གྱི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན།>> ལ་སོགས་པ་མདོར་ན། སྒྲ་ཚད། བཟོ་གསོ། ནང་རིག་པ་སྟེ་རིག་གནས་ཆེ་བ་ལྔའི་གསུང་རྩོམ་པོད་ཚད་ཉི་ཤུར་ལོངས་པ་རྒྱལ་སྲིད་འཛིན་སྐྱོང་གི་ཞོར་དུ་སྐུ་ངལ་ཁྱད་བསད་ཀྱིས་ལྗགས་རྩོམ་མཛད།
 

   ལྔ་པ་ཆེན་པོས་སྔ་སོར་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་ཞེས་པ་འཛུགས་པ་གནང་ཡང་ཐོར་ཞིག་གིས་ལམ་དུ་མ་རྒྱུགས་པའི་དགོངས་པ་སྐོང་སླད་རིག་གནས་ཆེ་ཆུང་གི་གྲྭ་ཚང་ལྕགས་རི་བེེ་ཌཱུརྱ་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་ཞེས་པ་གསར་འཛུགས་གནང་། དང་ཐོག་དགེ་རྒན་ཐེ་བས་སུམ་ཅུ་སྐོར་དང་། དེ་རྗེས་ཇེ་རྒྱས་ཀྱིས་གྲྭ་པ་བདུན་ཅུར་ལོངས་པ་རྣམས་ཀྱིས་སྡེ་སྲིད་རིན་པོ་ཆེས་བརྩམས་གནང་མཛད་པའི་སྨན་གྱི་བསྟན་བཅོས་འཆད་ཉན་དང་། རྒྱུད་དང་ལྷན་ཐབས་ཀྱི་རྒྱུགས་སྤྲོད་པ། སྦྱངས་འབྲས་ལེགས་པ་རྣམས་ཀྱིས་སྨོན་ལམ་དང་། ཚོགས་མཆོད་དུ་སྨན་རམས་པ་བྱེད་མི་ཡང་མང་པོ་བྱུང་འདུག ད་དུང་ལྕགས་པོ་རི་ལ་སྡེ་སྲིད་སྐུ་ངོ་མས་རྀཥིའི་དུས་སུ་རྒྱུད་ཀྱི་ལུང་དང་། དེའི་དོན་འགྲེལ་ངོ་སྤྲོད་ཀྱི་གསུངས་བཤད་ཅི་རིགས་གནང་བ་བཅས་ལ་བརྟེན་གསོ་རིག་བསྟན་པ་འཕེལ་རྒྱས་འགྲོ་བར་མཛད་རྗེས་ཧ་ཅང་ཆེ་བ་མ་ཟད་<<བེེ་ཌཱུརྱ་སྔོན་པོ།>> དང་།  <<མན་ངག་ལྷན་ཐབས།>> སོགས་སྨན་གཞུང་ཁྱད་དུ་འཕགས་པ་རྣམས་གསར་རྩོམ་དང་འབྲེལ།  ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ནས་བརྒྱུད་པའི་གཞུང་བཤད་མན་ངག་དང་། ལག་ལེན་མཐའ་དག་ཁ་སྐོང་རྒྱས་བཤད་གནང་བའི་ཁར། སྐད་གྲགས་ཅན་གྱི་སྨན་ཐང་བདུན་ཅུ་དོན་དགུའི་གྲས་ནས། ཐང་ག་དྲུག་པ་དང་། བདུན་པར་ལྷུན་སྡིངས་ལུགས་ཀྱི་རྩ་ཐིག་མདུན་དང་རྒྱབ་ཅེས་པའི་ནང་དོན་ཆེད་འགོད་མཛད་པ་དེ་དག་ད་ལྟའི་བར་དུ་རང་ཅག་རྣམས་ཀྱིས་བརྒྱུད་འཛིན་སློབ་འཁྲིད་བྱེད་པའི་ནང་དོན་གཙིགས་ཆེ་བའི་གྲས་ཤིག་ཡིན།
 

   གོང་གསལ་སྡེ་སྲིད་རིན་པོ་ཆེས་ཞུས་དག་མཛད་པའི << རྒྱུད་བཞི།>> དང་ <<བེེ་སྔོན།>> << མན་ངག་ལྷན་ཐབས།>> སོགས་བོད་ལྗོངས་ཙམ་མ་ཟད་སྤུན་ཟླའི་ཞིང་ཆེན་གྱི་བོད་རིགས་ས་ཁུལ་དང་། ནང་སོག ཐ་ན་ཕྱི་རྒྱལ་དུའང་སྙན་གྲགས་ཆེ་ཞིང་ཀུན་གྱིས་ཚད་མར་འཛིན་པའི་སྐོར་གསལ་བཤད་ཞུ་མ་དགོས། མཐར་སྡེ་སྲིད་རིན་པོ་ཆེ་དགུང་ཕྲེང་ལྔ་བཅུ་ང་གསུམ་ལ་ཕེབས་དུས་སྐབས་དེའི་ཆབ་སྲིད་འགྱུར་ལྡོག་དྲག་པོའི་རྐྱེན་གྱིས་བཀྲ་མི་ཤིས་པར་ལོ་དེའི་ཟླ་བ་དྲུག་པའི་ནང་སྟོད་ལུང་སྣང་རྩེར་ལྷ་བཟང་ཁང་གིས་བཀྲོངས་པར་བཤད་དོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 2:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།