སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

སྡེ་སྲིད་རང་ཉིད་ཀྱིས་སྨན་ལག་ལེན་དུ་བསྟར་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.01.2022
སྡེ་སྲིད་ཁོག་འབུགས། >>

སྡེ་སྲིད་རང་ཉིད་ཀྱིས་སྨན་ལག་ལེན་དུ་བསྟར་ཚུལ།

དེ་ལྟ་བུའི་འཆད་ཉན་དང་རིགས་ལམ་ཚུལ་བཞིན་དུ་བསྐྱང་པ་དཀའ་ནའང་རང་རྩོམ་གྱི་བསྟན་བཅོས་དག་འཆད་ཉན་གྱིས་གཏན་ལ་འབེབས་པ་གཙོར་གྱུར་རིག་གནས་ཆེ་ཆུང་གི་གྲྭ་ཚང་ལྕགས་རི་བཻ་ཌཱུརྱ་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་ཐོག་མ་རྒན་པ་ཁ་ཤས་ལ་དཔེ་འཛིན་གྱི་བསྐུལ་མའི་དགེ་རྒན་བཅོལ་བ་ཐེ་བའི་སུམ་ཅུ་སྐོར་དང་། ད་ལྟ་ཇེ་རྒྱས་ཀྱི་གྲྭ་པ་བདུན་ཅུར་ལོངས་པ་གསར་དུ་བཙུགས་པ་རྒྱུད་དང་ལྷན་ཐབས་ཀྱི་རྒྱུགས་སྤྲོད་དང་ཚོགས་མཆོད་སྨོན་ལམ་དུ་སྨན་རམས་པ་བྱེད་མི་ཡང་མི་ཉུང་ཞིང་། སྔོ་སྨན་གྱི་རིགས་ཆིག་རྒྱུད་ཡིན་ངེས་རྣམས་གཟའ་སྐར་དུས་ལ་སོགས་པ་དམིགས་བསལ་ངེས་མེད་དུ་རང་རང་གི་དམ་ཚིག་དང་བསྟུན་བཏུ་དགོས་པ་དང་། བྱིངས་ཕྱི་རྒྱུད་ལས། བཏུ་དུས་རྩ་བ་ཡལ་ག་སྡོང་པོ་གསུམ། །སྡོང་པོའི་རིགས་ཡིན་རུས་རྩ་ཤ་ནད་སེལ། །སྟོན་ཀ་རྩི་སྐམ་དུས་སུ་བཏུ་བར་བསྔགས། །ལོ་མ་ཞོ་དང་མྱུ་གུ་རྣམ་པ་གསུམ། །ལོ་མའི་རིགས་ཡིན་སྣོད་རྐང་ལྷ་ནད་སེལ། །འདབ་རྒྱས་ཆར་གྱི་དུས་སུ་བཏུ་བར་བསྔགས། །མེ་ཏོག་འབྲས་བུ་རྩེ་མོ་རྣམ་པ་གསུམ། །འབྲས་བུའི་རིགས་ཡིན་མིག་དོན་མགོ་ནད་སེལ། །སྟོན་སེར་སྨིན་པའི་དུས་སུ་བཏུ་བར་བསྔགས། །སྐོགས་པ་བར་ཤུན་ཚི་བ་རྣམ་པ་གསུམ། །ཤུན་པའི་རིགས་ཡིན་ལྤགས་རྒྱུས་ཡན་ལག་སེལ། །ཁ་འབུས་དཔྱིད་ཀྱི་དུས་སུ་བཏུ་བར་བསྔགས། །བཤལ་སྨན་རྩི་སྐམ་ནུས་པ་གཏིང་འགྲོ་དུས། སྐྱུགས་སྨན་ཁ་འབུས་གྱེན་འདྲེན་དུས་སུ་བཏུ། །ཁྱད་པར་ཟླ་བ་ཡར་ངོའི་དུས་བཟང་ལ། །གཙང་མའི་བྱིས་པ་ཁྲུས་བྱས་མཛེས་པར་བརྒྱན། །གཟུང་སྔགས་རྟེན་འབྲེལ་སྙིང་པོ་བཟླ་བཞིན་བཏུ། །ཞེས་གསུངས་པ་ལྟར་རང་རང་གི་དུས་དམ་ཚིག་དང་བསྟུན་ཏེ་བཏུས་པ་དང་། དཀྱུས་མ་ཕལ་ཆེ་བ་རྣམས་སྔར་ནས་རྀ་ཤྀའི་གདོང་དུ་ཚབས་ཆེ་བའི་ལོ་རྒྱུས་དང་བཅས་འཐུ་བའི་རྒྱུན་སྣང་བ་འགལ་ཆ་ཆེར་མི་འདུག་པས་ལོ་ལྟར་སྨན་ངོ་དང་སྒྲགས་ཡེར་བ་ཉང་དོགས་ཉེ་ཀོར་གྱིས་མཚོན་པ་ཚོར་བཏུ་བར་བཏང་། རང་ཉིད་ཀྱིས་རྀ་ཤྀའི་དུས་སུ་ལོང་དང་བསྟུན་རྒྱུད་སོགས་ཀྱི་ལུང་དང་དེའི་དོན་གྱི་ངོ་སྤྲོད་དག་བཤད་ཅི་རིགས་སུ་བྱས་པ་སོགས་ནས་སྨན་ངོར་མཚོན་ན་སྡོན་ཆད་གཉུག་མར་གནས་པ་དང་ཕྱོགས་ཀྱི་སྨན་པ་རྣམས་ཕལ་ཆེར་གྱི་སྨན་ངོ་ཤེས་པ་ལས་ལྡབ་འགྱུར་གྱིས་མང་བ་སོགས་མུ་མཐུད་ན་གསོ་རིག་གི་བསྟན་པར་འཕེལ་རྒྱས་འབྱུང་ངེས་སུ་མཆིས་ཀྱང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོའི་ལེའུ་དང་པོ་ལས། ངོ་ཚ་ཁྲེལ་དང་འཛེམ་པ་བྲལ་བ་དང་། །ཁྲ་ལྟར་སྤྱི་བརྟོལ་ཆེ་ལ་རྒོད་གཏུམ་ཞིང་། །ཕྲག་དོག་ང་རྒྱལ་རྒྱགས་པས་འཚིག་པ་ཡི། །དགེ་སློང་དག་ནི་ང་ཡི་བསྟན་ལ་འབྱུང་། །ཞེས་སྙིགས་མ་ལས་ཀྱང་ཆེས་སྙིགས་མའི་དུས་གང་ཟག་ཆ་ལུགས་དགེ་སློང་དུ་འཆོས་པ་བསམ་པ་དང་སྤྱོད་པ་ཁྱིམ་པ་བས་ཀྱང་ངན་པའི་ཁྲེལ་འཛེམ་དང་བྲལ་བ་དུ་མ་འབྱུང་བ་དང་། དེ་དག་ཁྱིམ་པ་ལྟ་བུར་ལྕོགས་འགྱུར་ཞིང་། །འཚོག་ཆས་རྣམས་དང་གཡོག་འཁོར་མང་བར་འགྱུར། ཞེས་ངན་སྤྱོད་མཁན་དེ་རྣམས་གཞན་ལས་ལོངས་སྤྱོད་དང་ལྡན་ཞིང་གཡོག་འཁོར་མང་བའི་རྒྱུས་སྐྱེ་བོ་ཀུན་དད་པ་དང་མོས་པ་བྱེད་ལ། གང་དག་ཚུལ་ཁྲིམས་དང་ནི་ཡོན་ཏན་ལྡན། །ཆོས་འཛིན་སྐྱེ་བོའི་དོན་ལ་མངོན་བརྩོན་པ། །དུལ་ཞིང་ཡང་དག་ལམ་ལ་གནས་དེ་དག །ཕྱི་དུས་སེམས་ཅན་རྣམས་ཀྱིས་བརྙས་པར་འགྱུར། །ཞེས་བག་དང་ལྡན་པའི་ཆོས་ལ་བརྩོན་པ་དག་ནག་ཕྱོགས་ལ་མངོན་པར་དགའ་བའི་ལྷ་རྣམས་ཀྱི་མཐུས་འགྲོ་བ་རྣམས་ཀྱི་ཡིད་དུ་མི་འོང་ཞིང་བརྙས་ཐབས་ལས་དད་འདུན་མི་བྱེད་པར་གསུངས་པས་དཔེར་མཚོན་ནས་དེང་སང་གི་ཆོས་བྱེད་སྤྱི་ལ་མཚུངས་པ་ལྟར། ལྷ་རྗེ་ཡང་སྨན་པའི་རྒྱུ་དྲུག་ཚང་ཞིང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་ནུས་པ་སྐྱེས་སྦྱངས་ཤེས་རབ་ཀྱི་རྩལ་དང་ལྡན་པ་རྣམས་རྒྱལ་པོའི་བཀའ་ཆེམས་ལས། དེ་ཚེ་ནག་པོའི་ཕྱོགས་རྣམས་དར་གྱུར་ཞིང་། །གང་ཟག་རྣམས་ཀྱི་ཤེས་པ་བསྒྱུར་ནས་ཀྱང་། མི་དགེའི་སྤྱོད་པ་སྣ་ཚོགས་བྱེད་པར་འགྱུར། །ཞེས་དང་། བྱང་གཏེར་རང་བྱུང་རང་ཤར་གྱི་ལུང་བསྟན་ལས། ཆེ་ཚད་ལྔ་བཅུ་ཁ་རལ་གྱི་དུས་ན་བོད་དུ་བདུད་དང་འགོང་པོ་ཆེན་པོ་ཧར་གྱིས་བྱིན་གྱིས་བརླབས་པའི་ལོག་ཆོས་སྤྱོད་པ་འགའ་ཡར་འབྱུང་། ཞེས་དང་། བདག་གི་བླ་མ་ལྔ་པ་ཆེན་པོའི་བཀའ་ལས། སྔོན་བྱུང་གདོན་ཚོགས་ཟད་པ་མེད་པའི་སྟེང་། །གསར་སྐྱེས་དམ་སྲི་དབྱར་མཚོ་ལྟར་འཕེལ་བའི། །དུས་འདིར་ཞེས་བསྩལ་པ་ལྟར་རྒྱལ་འགོང་དམ་སྲི་སོགས་མཐའ་དབུས་འདྲེ་ངན་གྱིས་རྒྱུད་བསྒྱུར་ཏེ་ཤེས་བྱ་སྤྱི་ལས་ཀྱང་ཚེའི་རིག་བྱེད་འདིར་བློ་མི་འཇུག་པར་ཡོན་ཏན་གཞན་ལ་མགོ་གཏོགས་ཚ་རན་ལྟ་བུའི་སློབ་སྦྱོང་སྣ་ཚོགས་བྱེད་པ་དང་། གལ་ཏེ་ལམ་འདིར་བློ་ཞུགས་ནས་ཚུལ་ལྡན་ཡོད་རིགས་རྣམས་ཀྱང་། ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། དམ་པའི་ཆོས་མ་ནོར་བར་སྦྱོང་བ་རྣམས་ལ་ནི་བསྐྲུན་ཅིང་སྐུར་པ་འདེབས། ལོངས་སྤྱོད་དང་ཡོ་བྱད་ཉུང་། ནད་དང་འཚེ་བ་མང་། ཞེས་པ་ལྟར་གནོད་པ་དང་འཚེ་བ་མང་ལ་འདོད་ཡོན་སོགས་ཡིད་བསམ་ལྟར་མི་འབྱུང་བ་དང་། ས་པཎ་གྱིས། བླུན་པོའི་དྲུང་ན་མཁས་པ་བས། །སྤྲེའུ་འཛིན་པ་ཁྱད་པར་འཕགས། །སྤྲེའུ་འཛིན་ཟས་དང་ནོར་གྱིས་མཆོད། །མཁས་པ་ལག་པ་སྟོང་པར་འགྲོ། །ཞེས་དང་། དཔལ་མགོན་ཀླུས། བཞད་གད་མཁན་དང་མཁས་པ་གཉིས། །བླུན་ལ་བཞད་གད་བྱེད་པ་མཆོག། བཞད་གད་མཁན་གྱིས་ནོར་རྙེད་ཀྱིས། །མཁས་པ་ནོར་མེད་སྟོང་པར་འགྲོ། །ཞེས་དང་། ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱིས། ཀྱེ་མ་ཁོ་བོ་སྔོན་གྱི་བསོད་ནམས་དམན། །ཆོས་ནུབ་ལོག་ཆོས་དར་བ་བོད་ཀྱི་ཡུལ། །བླུན་པོ་བཀུར་ཞིང་མཁས་རྣམས་རྩྭ་ལྟར་འདོར། །ཆོས་ལྡན་བརྙས་པའི་གངས་རིའི་ཁྲོད་འདིར་སྐྱེས། །ཞེས་གསུངས་པ་ལྟར་མཁས་བླུན་དབྱེ་བ་མ་ཕྱེད་པས་འགྲོ་དོན་འཕྲིན་ལས་ཆུང་བ་དང་། ཟོག་པོ་སྙིང་ཁམས་ཅན་བསླབ་སྦྱང་གི་ཡོན་ཏན་ཏིལ་འབྲུ་ཙམ་མེད་པ་རང་ཉིད་ཀྱི་སྨན་འཐུ་བ་དང་སྦྱོར་བའི་ལག་ལེན་གང་ཡང་མི་ཤེས་པར་མན་ངག་གི་སྨན་གཞན་ལས་བསླངས་ཏེ་ནད་བརྒྱ་སྨན་གཅིག་ལྟ་བུར་སྦྱིན་རིགས་དུ་མའང་། བླུན་པོས་བྱ་བ་ལེགས་འགྲུབ་ཀྱང་། །སྟེས་དབང་ཡིན་གྱི་བསྒྲུབས་པས་མིན། །ཞེས་པ་བཞིན་ལྟར་སྣང་འཕྲལ་གྱི་ནད་སོགས་དང་ཐུག་སྟེ་འཕྲིན་ལས་ཀྱི་སྒོ་བྱེ་བ་སོགས་མདོར་ན། ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། ངའི་བསྟན་པ་ནུབ་པར་ཉེ་བའི་དུས་དམ་པའི་ཆོས་ཀྱི་སྲུང་མ་དག་ཀྱང་མི་དགའ་བར་འགྱུར་ཏེ། ཆོས་མ་ཡིན་པར་སྤྱོད་པ་རྣམས་ནི་སྔོན་པས་མཐུ་དང་སྟོབས་སྐྱེ། །ཞེས་དང་། དེའི་དུས་ན་ཆོས་ལ་དགའ་བའི་ལྷ་ཀླུ་རྣམས་ཀྱིས་ས་གཞི་བོར་ཏེ་མི་གནས་ཤིང་། བདུད་ཀྱི་རིགས་ལ་སོགས་པ་ཆོས་ཀྱི་བགེགས་རྣམས་དེར་འབྱུང་སྟེ། ཆོས་མ་ཡིན་པ་མཐུ་དང་སྟོབས་སྐྱེ་བར་འགྱུར་རོ། །ཞེས་དང་། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་རྩོད་དུས་ཀྱི་གཏམ་ལས། ད་ལྟར་རྩོད་པའི་དུས་ན་འཇིག་རྟེན་རྣམས་ལ་གཡོ་སྒྱུའི་མཚོན་དྲག་སྟོབས་དང་ལྡན། བཅུད་རྣམས་སས་འཐུང་དངོས་རྣམས་སྟོབས་ཆུང་ལྷ་རྣམས་ཆར་ནི་འབེབས་མི་བྱེད། །རླུང་རྣམས་རབ་ཏུ་དྲག་ལྡང་ལོ་ཏོག་རྣམས་ནི་མི་སྨིན་སྐྱེ་མི་འགྱུར། །སྐྱེས་ལ་སེར་འབབ་ས་རྣམས་རྩོད་པའི་དུས་ཀྱི་དབང་སྒྱུར་འབྲས་བུ་མེད། ཅེས་སོགས་དང་། ཡོན་ཏན་མཁན་ལ་མི་བཀུར་ནོར་ལྡན་རྣམས་ནི་མཆོད་བྱ་མིན་པར་མཆོད། །སྐྱེ་རྨོངས་མཆོད་བྱེད་གཤིན་རྗེས་འཇིག་རྟེན་སྡུག་བསྔལ་ངེས་འཁྲིད་གང་གིས་བཟློག། ཚུལ་ཁྲིམས་འཆལ་བ་སྟོབས་ལྡན་ཚུལ་ཁྲིམས་ལྡན་པ་བསྡིགས་ཤིང་ཚར་གཅོད་བྱེད། །སྡིག་ལ་དགའ་བའི་སྟོབས་ལྡན་གཡོན་ཅན་རྣམས་ཀྱིས་དམ་ཆོས་བསྣུབ་པར་འགྱུར། །ལེགས་སྤྱད་བརྒྱ་ཕྲག་དྲི་ཡིས་བསྒོས་པ་ཡི། །སྐལ་ལྡན་ནུབ་ཅིང་དུས་ནི་འདས་པར་གྱུར། །གང་ན་ཡོན་ཏན་རྣམས་ཀྱི་སྟོབས་ཕྲ་ལ། །ཡོན་ཏན་ལ་བདུད་འབབ་པས་གཅོད་པར་བྱེད། །ཅེས་སོགས་མང་བ་དང་། བློན་པོ་བཀའ་ཐང་ལས། ལྷ་ཡི་ཁེངས་ལོག་བྱུང་ཙ་ན༔རྫུན་ལུང་མཁན་ལ་ཡིད་ཆེས་གཏོད༔དཀར་པོའི་ཕྱོགས་དེ་མུན་པར་འགྱུར༔ཞེས་ནས། སྐྱེས་པའི་སྙིང་ལ་རྒྱལ་འགོང་འཇུག༔བུ་མེད་སྙིང་ལ་བསེན་མོ་འཇུག༔བྱིས་པའི་སྙིང་ལ་ཐེའུ་རང་འཇུག༔ཅེས་སོགས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ནག་པོའི་ཕྱོགས་ལ་གྲོགས་ནི་བརྒྱ་སྟོང་ཕྲག་ཀྱང་མང་། །དཀར་པོའི་ཕྱོགས་ནི་གང་ལའང་གྲོགས་པར་གཅིག་པུར་འགྱུར། །ཞེས་དང་། འཕགས་པ་ན་གཱ་རྫུ་ནས། སྐལ་བ་ཟད་འདོད་སྐྱེ་བོ་ངན་པ་བསྟེན། །ཞེས་གསུངས་པ་ལྟར། སྤྱིར་དུས་ཀྱི་སྙིགས་མ་ལྔ་བརྒྱའི་ཐ་མ། སྒོས་ནག་ཕྱོགས་ལ་དགའ་བའི་རྒྱལ་འགོང་དམ་སྲི་མ་རུངས་པ་རྣམས་མཐུ་ཆེ་བས་འགྲོ་བ་རྣམས་འཁྲུལ་བཅུག་སྟེ་ལོག་ལམ་འབའ་ཞིག་སྤྱད་པས་བསོིད་ནམས་སམ་སྐལ་བ་ཟད་པས་མ་འོངས་པར་ཡོད་བསམ་དང་མཐུན་པའི་བསྟན་འགྲོར་ཕན་སླབ་མ་བྱུང་དོགས། རང་ངོས་ནས་འབྲུམ་པ་མཆེད་ཆེ་བ་སྔ་ཕྱིའི་དུས་དང་མཆོད་སྡོང་འཛམ་གླིང་རྒྱན་གཅིག་རྟེན་དང་བརྟེན་པར་བཅས་པ་བཞེད་སྐབས་བྱ་བ་ལས་ཀྱི་འཁོར་ལོར་གཏོགས་པའི་འགོ་བ། བཟོ་རིགས། འུ་ལག་ཡན་ཆད་དུ་ཐང་ཕྱེ་རིལ་བུ་སོགས་ཕོན་མ་ཆུང་བ་སྦྱར་ཏེ་སྨན་སྦྱིན་རྒྱ་ཆེན་པོ་བགྱིས། ལོ་ལྟར་འཆི་གསོས་བདུད་རྩིའི་མཛོད་དུ་ཟླ་བ་ཉི་མ། གཟའ་སྐར། འཕྲོད་སྦྱོར། ས་བདག་ལ་སོགས་པ་ཞིབ་རྩིས་དང་། ཁྱད་པར་ཀླུ་རིགས་ལྡན་དང་བདུད་རྩིའི་ཐུན་གཉིས་གཙོ་བོར་བཟུང་། རྒྱུད་དང་ལྷན་ཐབས་སུ་དངོས་སུ་བཤད་པ་དང་ཤུགས་བསྟན་ཆིག་བརྒྱུད་ཀྱི་རིགས་སོགས་བསྣན་ཏེ་འོལ་སྤྱི་ཧོལ་རྒྱུགས་མ་ཡིན་པར་ཕྲ་ཞིབ་ཀྱི་སྦྱོར་ཚད་འདེགས་ཁ་ཚད་དང་ལྡན་པ་ལག་ཏུ་བསྟར་ཏེ་སྦྱར། ཇི་ལྟར་རང་རང་གི་བཤད་ཁུངས་དང་མཐུན་པའི་རབ་གནས་དང་། སོ་སོའི་ནུས་པ་བསྐྱེད་བྱེད་ཀྱི་གཟུངས་ཁ་ཡར་བཟླས། གོ་སའི་སྟབས་ཀྱིས་སློང་མི་ལ་ལ་དག་ལུགས་ཀྱི་བསྟན་བཅོས་ལས། ཁྲལ་བརྐོས་པ་ན་ནོར་རྩིས་འདེབས། །འགྲོ་དགོས་བྱུང་ན་ནད་བུ་ལྡང་། །བཟའ་བཏུང་མཐོང་ན་ནན་གྱིས་འཇུག །དཀའ་བ་མཐོང་ན་ཐབས་ཀྱིས་འཇོལ། །ཞེས་པ་ལྟར་གཅོང་ཆེན་དུ་ཁས་ཆེ་བ་དང་ནད་པ་ཡིན་ཚུལ་གྱི་དགོས་དབང་ཅན་ཁ་ཤས་དང་། དོན་ལ་གནས་པའི་གཅོང་དང་ནད་པ་ལྷ་རྗེ་སྣ་ཚོགས་དུ་མས་སྨན་དཔྱད་ཇི་སྙེད་བྱས་ཀྱང་བསྐྱེད་མེད་བློས་བཏང་དུ་ཐུག་ནས་མ་གཏོགས་ཐོག་མ་ནས་སློབ་པ་པོའི་རིགས་མི་ཡོང་འདུག་ཅིང་། གང་བྱུང་ཡང་ཐོས་པ་སྒྲ་རིག་གིས་བརྟག་པ་ཙམ་ལས། མཐོང་བ་ཡུལ་རིག་དང་སྤྱོད་པ་དོན་རིག་གཉིས་གའི་སྒོ་ནས་རང་ངོས་ཀྱིས་བརྟག་མ་ཐུབ་པས་ནད་བབས་དང་ལྷ་རྗེ་འདྲའི་བརྗོད་རིགས་ལ་བརྟག་ནས་རང་བློས་ཚ་གྲང་ཧ་ལམ་མི་འགལ་ལམ་སྙམ་པ་ཁ་ཡར་གཏད་ཅིང་། ཚུར་གཏུགས་སོགས་མ་བྱུང་ཡང་བཅོས་ཐབས་དག་གིས་རྡུགས་པ་འཚོ་བྱེད་ཀྱི་བློས་བཏང་དང་། དབུལ་བའི་བལྟ་མི་མེད་རིགས་ལ་ཕན་ནམ་བསམས་པའི་སྨན་སྦྱིན་མི་བཏང་བ་ཇི་སྙེད་ནས། དར་མོ་སྨན་རམས་པ་དང་སྐྱིད་སྤེ་བ་ཨེ་པ་ལྷུན་གྲུབ་སོགས་མང་བར་བསྟན་པ་མི་འཐོན་པར་ཁ་དམར་གདགས་ཏེ་བོར་བས་འཆི་བདག་གི་ཁར་ཚུད་པར་ཉེ་བ་ལམ་པ་བླ་མ་སོག་པོ་ངག་དབང་བསྟན་འཛིན། མོ་ནད་རྩ་བྱེར་ལྷ་རྗེ་དུ་མས་ངོས་མ་ཟོན་པར་བཅོས་ཀྱི་ཕན་པ་ལར་མ་བྱུང་བ་དགུང་གསེབ་ནོར་ལྷ་སོགས་ཕན་རྔོ་ཐོགས་ཀྱང་རེ་མང་བྱུང་། གཞན་ཡང་ཚོགས་མཆོད་སྨོན་ལམ་སོགས་ཀྱི་དུས་རིག་གླིང་བ་དང་སྨན་པ་རྣམས་ལ་སྨན་སྦྱར་བ་དང་སྦྱོར་བའི་རྒྱུ་ཆ་སྤྲད་དེ་སྨན་བྱིན། དེར་མ་ཟད་ནད་པའི་དོན་ལ་འགྲོ་ངེས་ཀྱི་སྨན་བཟང་དྲུག་སོགས་རིན་ཐང་ཅན་སློང་མི་གང་བྱུང་ལ་སྤྲད་པ་སོགས་གཞུང་ལུགས་དང་འགྲོ་བའི་དོན་ལྷག་བསམ་སྟོན་གྱི་ཟླ་བ་ལྟར་སྒྲུབས་པ་ནི། གཞུང་ལུགས་འདི་གར་ཡང་། ནོར་དང་སྲོག་ལ་ཕང་མེད་གཏོང་ཕོད་ནུས། །ཞེས་སོགས་རྒྱུ་དྲུག་གི་ནང་དང་། བྱ་བའི་རྒྱུད་དཔུང་བཟང་གིས་ཞུས་པའི་ལེའུ་དགུ་པར། སེམས་ཅན་ནད་ཀྱིས་གདུངས་དང་སྔུག་བསྔལ་ལ། །རྟག་ཏུ་བྱམས་པའི་སེམས་ནི་ཡིད་ལ་བྱ། །ཞེས་དང་། དཀོན་ཅོག་ཏ་ལའི་མདོ་ལས། རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང་། །སྨན་པ་འཇིག་མེད་བསྟན་བཅོས་ཆོ་ག་མཁས། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོ་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང་། ཡིད་བཞིན་ནོར་བུ་འོད་འབྱིན་སྡོང་པོ་དང་། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་དང་། ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། ནད་ཀྱི་བསྐལ་བ་བར་མ་ལ། །དེ་ནི་རྩི་མཆོག་དམ་པར་འགྱུར། །དེས་ནི་སེམས་ཅན་རྣམས་གྲོལ་ཞིང་། །ནད་རྣམས་མེད་ཅིང་བདེ་བར་འགྱུར། །ཞེས་དང་། མཁས་མཆོག་དཔའ་བོས་ཕར་ཕྱིན་བསྡུས་པར། འཇིག་རྟེན་འདི་དག་རྒ་ཤི་མེད་སྟབས་པར། །སྨན་གྱི་མཆོག་རྣམས་གྲངས་མེད་སྦྱིན་པར་བྱེད། །ཅེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དག་གི་རྗེས་སུ་འགྲོའམ་སྙམ་མོ། །

 

མཐའ་མའི་འདོན་ཐེངས་།: 27.01.2022 ཉིན། 11:11 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།