སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

སྡེ་ཚན་ལྔ་པ། ཤིང་གི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 

སྡེ་ཚན་ལྔ་པ།  ཤིང་གི་སྨན་སྡེ་བཤད་པ།

ཤིང་སྨན་གྱི་ནུས་པ་བསྟན་པ་ལ་ནི། །འབྲས་བུ་མེ་ཏོག་ལོ་མ་སྡོང་པོ་དང༌། །ཡལ་ག་པགས་པ་ཚི་བ་རྩ་བ་བརྒྱད།།

དང་པོ། འབྲས་བུའི་སྨན་གྱི་ནུས་པ་བསྟན་པ།

འབྲས་བུའི་སྨན་གྱི་ནུས་པ་བསྟན་པ་ནི། །ཨ་རུ་ར་སྤྱིར་ནད་རྣམས་ཀུན་ལ་མཆོག །བྱེ་བྲག་རྣམ་པར་རྒྱལ་བ་རོ་ལྔ་ལྡན། །ཅུང་ཟད་ཙམ་ནི་ལན་ཚྭའི་བག་དང་ལྡན། །བཀྲ་ཤིས་དོན་ལྡན་འདུ་བའི་ནད་རྣམས་སེལ། །བདུད་རྩི་སྐྱུར་ཞིང་དྲོད་སྐྱེད་གསེར་མདོག་འབྱིན། །འཆི་མེད་མངར་ཁ་མཁྲིས་སེལ་རིང་དུ་གནས། །ཤ་ཆེན་མངར་སྐྱུར་ལུས་ལ་ཤ་ཚིལ་སྐྱེད། །འཇིགས་མེད་ཚ་ཁ་གདོན་དང་མིག་ནད་སེལ། །འཕེལ་བྱེད་མངར་བག་རྨ་རྣམས་འདྲུབ་ཅིང་བརྟས། །སྐེམ་པོ་ཁ་བསྐ་བྱིས་པའི་ནད་གདོན་འཇོམས། །མཆུ་རིང་མཆུ་ནི་མངར་ཁ་ནད་རྣམས་འཁྲུ། །རྩ་བ་བསྐ་ཚ་སྐྱུར་བས་འཁྲུ་བ་གཅོད། །དེ་ལྟ་ན་ཡང་སྤྱིར་ན་རེ་རེར་ཡང༌། །ཕྱི་ནང་དབྱེ་བ་ཞིབ་པའི་ནུས་པ་ནི། །རླུང་ནད་རྐྱང་པ་རྩེ་མོ་ཚ་བས་འཇོམས། །མཁྲིས་ལྡན་རླུང་ནད་མངར་བ་རུས་ཉེས་སེལ། །བད་ལྡན་རླུང་ནད་དབུས་ཤ་སྐྱུར་བས་འཇོམས། །མཁྲིས་ནད་རྐྱང་པ་རྩ་བ་ཁ་བས་སེལ། །མཁྲིས་པ་བད་ལྡན་ཕྱི་ཤུན་བསྐ་བས་འཇོམས། །བད་ཀན་རྐྱང་པ་རྩེ་མོ་ཚ་བས་སེལ། །བད་མཁྲིས་ལྡན་པ་ཕྱི་ལྤགས་བསྐ་བས་འཇོམས། །རྣམ་རྒྱལ་རྩ་བ་ལན་ཚྭས་བད་མཁྲིས་གཞིལ། །འདུས་པའི་ནད་ལ་ཕྱི་ནང་ཀུན་ཚང་གཏོང༌། །བ་རུ་ར་ཡིས་བད་མཁྲིས་ཆུ་སེར་སེལ། །སྐྱུ་རུ་ར་ཡིས་བད་མཁྲིས་ཁྲག་ནད་གཞོམ། །སྙིང་ཞོ་ཤ་ཡིས་སྙིང་གི་ཚད་པ་སེལ། །མཆིན་པ་ཞོ་ཤས་མཆིན་དུག་རྩ་དཀར་སེལ། །མཁལ་མ་ཞོ་ཤས་མཁལ་ནད་རྩ་འགྲམ་སེལ། །ཟླ་གོར་ཞོ་ཤས་མཆེར་ཚད་སེལ་བར་བྱེད། །ཨ་འབྲས་སྲ་འབྲས་འཇམ་འབྲས་མཁལ་ནད་སེལ། །ཀ་རཉྫ་ཡིས་ཕོ་བའི་མེ་དྲོད་སྐྱེད། །ན་ལེ་ཤམ་གྱིས་བད་ཀན་གྲང་བ་སེལ། །པི་པི་ལིང་གིས་གྲང་ནད་མ་ལུས་སེལ། །བྱི་ཏང་ག་ཡིས་སྲིན་སེལ་མེ་དྲོད་སྐྱེད། །མ་རུ་རྩེ་ཡིས་སྲིན་ནད་སེལ་བར་བྱེད། །གོ་བྱེས་སྲིན་གསོད་རུལ་གཅོད་ཕོ་རིམས་སེལ། །ད་ཏྲིག་ཚ་གྲང་འཁྲུ་བ་གཅོད་པར་བྱེད། །སྨག་གིས་ཚ་གྲང་འཁྲུ་བའི་རིགས་ཀུན་གཅོད། །སོ་ཆས་ནད་ཀུན་གྱེན་འདྲེན་སྐྱུགས་སྨན་མཆོག །དན་རོག་ཤྲི་ཁནྜས་དྲག་པོར་སྦྱོང༌། །དོང་གས་མཆིན་ནད་སེལ་ཞིང་འཇམ་པོར་འཁྲུ། །སོ་མ་རཱ་ཛས་ལྤགས་ནད་ཆུ་སེར་སེལ། །ཐལ་ཀ་རྡོ་རྗེ་དག་ཀྱང་དེ་བཞིན་ནོ། །སེ་ཡབ་བད་ཀན་ཚ་བ་སེལ་བར་བྱེད། །སེ་འབྲུས་ཕོ་བའི་ནད་རྣམས་མ་ལུས་སེལ། །མེ་དྲོད་སྐྱེད་ཅིང་བད་ཀན་གྲང་ནད་འཇོམས། །ཀུ་ཤུས་རྒྱུ་ལོང་འཁྲོག་འཁྲུགས་གཟེར་བ་འཇོམས། །སྟར་བུས་གློ་བརྐོ་ཁྲག་འཇུ་བད་ཀན་གཅོད། །རྒུན་འབྲུམ་གློ་ནད་སེལ་ཞིང་ཚད་པ་སྦྱོང༌། །སེ་རྒོད་འབྲས་བུས་དུག་ཚད་མཆིན་ཚད་སེལ། །སྲིན་ཤིང་སྣ་མའི་འབྲས་བུས་སྲིན་ནད་སེལ། །འཕང་མའི་འབྲས་བུས་སྙིང་ཚད་མོ་ནད་སེལ། །སྐྱི་བའི་འབྲས་བུས་མཁྲིས་པ་གྱེན་དུ་འདྲེན། །ཚར་འབྲུམ་ཡན་ལག་ཆུ་སེར་བྱེར་བ་སྡུད། །སྤ་འབྲུམ་མཁྲིས་པས་འགྲམ་དང་གཞང་འབྲུམ་སེལ། །རྒྱ་ཤུག་འབྲས་བུས་འགག་འབྱིན་ཚད་ནད་དང༌། །དྲེག་དང་གློ་མཆིན་མཁྲིས་པའི་ནད་ལ་ཕན། །གོ་ཡུས་མཁལ་མའི་ནད་སེལ་སོ་རྩི་མཆོག །གཡེར་མས་རྩ་འབྱེད་སྲིན་གསོད་ཁ་ནད་དང༌། །ཟ་ཕྲུག་ལ་ཕན་ཆང་ནད་འབྱངས་པར་བྱེད། །ཁམ་བུས་སྐྲ་སོགས་སྤུ་སྐྱེ་ཆུ་སེར་སྐེམ། །སྟར་ཁས་རླུང་སེལ་ཡན་ལག་འཁུམས་པ་བསྲང༌། །ལུང་ཏང་རྟ་ཡི་གཉན་དང་མགུལ་འགག་སེལ། །བསམ་སེའི་ནད་སེལ་ས་བོན་ལས་རུང་བྱེད། །རཀྵས་གདོན་འཇོམས་དུག་བརྟག་མགྲོན་འབྱེད་བྱེད། །བོ་དེའི་འབྲས་བུའི་ཚི་གུས་བུ་རྩི་བྱེད། །ཀ་བེད་འབྲས་བུས་ཚ་འཁྲུ་གཅོད་པར་བྱེད། །འབྲུག་ཤིང་འབྲས་བུས་ཆར་འབེབས་ཀླུ་ནད་སེལ། །དར་ཤིང་རུས་པའི་ཚད་པ་ཀུན་ལ་ཕན། །ཁྱི་ཤིང་གློ་མིག་ནད་སེལ་བད་ཀན་འདྲེན། །འོ་སེའི་འབྲས་བུས་གློ་ནད་ལུད་པ་འདྲེན། །ཇ་ཤིང་རྒྱ་ནད་ཚད་པ་ཀུན་ལ་ཕན། །ཙམ་པ་ཀ་ཡིས་ཚད་པ་འཇོམས་པར་བྱེད། །རས་འབྲས་སྣ་ནད་སེལ་ཞིང་བལ་མདེའུ་འཐུམས།།

 

གཉིས་པ།  ཤིང་སྨན་མེ་ཏོག་གི་ནུས་པ་བསྟན་པ།

ཤིང་སྨན་མེ་ཏོག་ནུས་པ་བསྟན་པ་ནི། ནཱ་ག་པུཥྤེ་ནཱ་ག་གེ་སར་དང༌། །པདྨ་གེ་སར་གློ་མཆིན་སྙིང་ཚད་སེལ། །དྭ་ལིས་བད་ཀན་གྲང་སེལ་ཚེ་བཅུད་ལེན། །སྤེན་དཀར་སོ་རྩི་ནག་པོས་ནུ་ཚབས་སེལ། །སྟག་མའི་མེ་ཏོག་བྱང་ཁོག་རྣག་སྐེམ་མཆོག །སེ་བའི་མེ་ཏོག་མཁྲིས་སེལ་རླུང་ཁ་གནོན། །སྐྱེར་པའི་མེ་ཏོག་འབྲས་བུས་འཁྲུ་བ་གཅོད།།

 

གསུམ་པ།  ལོ་མའི་སྨན་གྱི་ནུས་པ་བསྟན་པ།

ལོ་མ་བཏུ་བར་འོས་པའི་ནུས་པ་ནི། །ཞུ་མཁན་ལོ་མས་གློ་མཁལ་འགྲམ་ཚད་སེལ། །ཤུག་པ་ཚེར་ཅན་མཁལ་ཚད་ལྷོག་པ་སེལ། །བལ་ལུས་བད་ཀན་ཚ་གྲང་ཐམས་ཅད་སེལ། །འོམ་བུས་དུག་ཚད་རྙིང་ཞེན་བྱེར་སྡུད་གསོད། །སྨག་ཤད་རྨ་གསོ་ཆུ་སེར་འདྲེན་པར་བྱེད།།

 

བཞི་པ།  ཤིང་སྨན་སྡོང་པོའི་ནུས་པ་བསྟན་པ།

ཤིང་སྨན་སྡོང་པོའི་ནུས་པ་བསྟན་པ་ནི། །ཙན་དན་དཀར་པོས་གློ་སྙིང་འཁྲུགས་ཚད་སེལ། །ཙན་དན་དམར་པོས་ཁྲག་གི་ཚད་པ་སེལ། །ཨ་ག་རུ་ཡིས་སྙིང་སྲོག་ཚ་བ་སེལ། །མཛོ་མོས་ཁྲག་འཁྱག་འཇུ་ཞིང་ཁྲག་ཚད་སེལ། །སེང་ལྡེང་ཁྲག་དང་ཆུ་སེར་སྐེམ་པར་བྱེད། །སྒྲོན་ཤིང་བད་རླུང་ཆུ་སེར་གྲང་བ་སེལ།།

ལྔ་པ།  ཡལ་ཕྲན་ལྕུག་མའི་ཕན་ཡོན་བསྟན་པ།

ཡལ་ཕྲན་ལྕུག་མའི་ཕན་ཡོན་བསྟན་པ་ནི། །ལྕེ་མྱོང་ཚྭ་ཡིས་བད་རླུང་གྲང་བ་དང༌། །མ་ཞུ་འཇུ་ཞིང་མིག་ལ་ཕན་པ་ཡིན། །ཙི་ཏྲ་ཀ་སྟོབས་མེ་འདྲ་མེ་དྲོད་སྐྱེད། །འོར་ནད་གཞང་འབྲུམ་སྲིན་ནད་མཛེ་ནད་སེལ། །བ་ལེ་ཀ་ཡིས་གློ་མཆིན་སྣོད་ཚད་སེལ། །ནིམ་པས་ཚད་པ་གསོད་དང་སྐོམ་དད་དང༌། །ཡི་ག་འཆུས་དང་ལྤགས་ནད་མེ་དབལ་སེལ། །སླེ་ཏྲེས་ཀཎྜ་ཀ་རིས་རླུང་ཚད་སེལ། །ག་བྲ་དག་ཀྱང་དེ་བཞིན་རིམས་ལ་ཕན། །བྱིས་ཚེར་རིམས་དུག་མཁལ་མའི་ཚ་བ་སེལ། །དབྱི་མོང་དྲོད་སྐྱེད་སྐྲན་བཤིག་གཅོད་འབིགས་འདྲེན། །བྲ་མའི་རྩ་བས་ཤ་ཚད་རྩ་ཚད་སེལ། །ནད་རྣམས་བྱེར་བ་བསྡུ་ཞིང་བསོགས་པ་སྐྱུགས།    །བཙོད་ཀྱིས་ཁྲག་གི་ནད་དང་འགྲམ་ཚད་སེལ།།

 

དྲུག་པ།  ཤིང་གི་པགས་པའི་ནུས་པ་བསྟན་པ།

ཤིང་གི་པགས་པའི་ནུས་པ་བསྟན་པ་ནི། །ཤིང་ཚས་ཕོ་བའི་གྲང་རླུང་སེལ་བར་བྱེད། །སྟབས་སེང་རུས་ཆག་སྦྱོར་ཞིང་རུས་ཚད་སེལ། །སྐྱེར་པ་སེ་རྒོད་དུག་སྡུད་ཆུ་སེར་སེལ། །ཡོ་འབོག་ཚད་པ་ཀུན་སེལ་རྨ་ལ་ཕན། །མ་གལ་གློ་བའི་ནད་དང་འབྲུམ་པ་སེལ། །ལྕང་མས་དུག་དང་དམུ་ཆུའི་ནད་ལ་ཕན། །ཚ་གྲང་སྐྲངས་པ་མ་ལུས་འཇོམས་པར་བྱེད། །དབྱར་པས་ནད་རྣམས་བྱེར་བ་སྡུད་པར་བྱེད། །གླང་མས་མོ་ནད་དང་ནི་ཚད་པ་སེལ།།

 

བདུན་པ།  ཚི་བ་ཐང་ཆུའི་ནུས་པ་བསྟན་པ།

ཚི་བ་ཐང་ཆུའི་ནུས་པ་བསྟན་པ་ནི། །ཤིང་ཀུན་སྲིན་འཇོམས་གྲང་ནད་སྙིང་རླུང་སེལ། །སྨྱུག་སྔོན་ཚི་བས་བྱང་ཁོག་རྨ་ཚད་དང༌། །མོ་ནད་ཚ་བ་རྙིང་པ་སེལ་བར་བྱེད། །སྤོས་དཀར་ཆུ་སེར་སེལ་ཞིང་སྐེམ་པར་བྱེད། །གུ་གུལ་ས་གདོན་ལྷོག་པ་གཉན་གཟེར་འཇོམས། །ཤེལ་ཏས་ལྷ་རུས་ཆུ་སེར་བཙོན་དུ་འཛིན། །ནགས་མའི་ཐང་ཆུས་རྣག་འབིགས་ཆུ་སེར་འཛིན། །རྒྱ་སྐྱེགས་འགྲམ་འཁྲུགས་ཁྲག་ནད་ཚད་པ་སེལ། །ལ་ཆས་གློ་མཁལ་འགྲམ་ཚད་སེལ་བ་ཡིན། །མོན་ཆ་ར་ཡིས་ཚ་གྲང་འཁྲུ་བ་གཅོད། །ཐང་ཁྲག་ས་དུག་འཁྲུ་ནད་སེལ་བར་བྱེད།། །།

 

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 10:12 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།