སྡེ་ཚན་བརྒྱད་པ། ལན་ཚྭའི་སྨན་སྡེ་བཤད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015 |
སྡེ་ཚན་བརྒྱད་པ། ལན་ཚྭའི་སྨན་སྡེ་བཤད་པ།
ད་ནི་བརྒྱད་པ་ལན་ཚྭའི་སྡེ་ཚན་བཤད་པ་ལ། སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས།
དང་པོ། སྤྱིར་བསྟན་པ།
དང་པོ་སྤྱིར་བཤད་པ་ནི། དེ་ཡང་རོ་དྲུག་གི་ནང་ཚན་ལན་ཚྭ་ནི། རྒྱུད་ལས། ལན་ཚྭ་རེག་ན་ཚ་ཞིང་མཆིལ་མ་འདུ། །ཞེས་པའི་རྩ་བ་ཆུ་དང་མེ་གཉིས་ཀྱིས་བསྐྱེད་པ་ཆུའི་རྒྱུ་ལ་མེའི་དྲོད་ཀྱིས་ཆགས་པ་སྟེ། འདིའི་ལོ་རྒྱུས་ཀྱང་སྔོན་གྱི་ཚེ་ན་ལྷ་ཆེན་མ་ཧཱ་དེ་བ་དང༌། ལྷ་མོ་ཨུ་མ་དེ་ཝཱི་གཉིས་རི་རབ་ཀྱི་ངོས་ལ་ཁྲི་བརྩེགས་ནས་ཁྲིའི་སྟེང་དུ་སྙོམས་པར་ཞུགས་པའི་ལྟོ་བ་ཡུན་ནས་ཡུན་དུ་མ་བྱེ་བར་བཞུགས་སོ། །དེའི་བར་ནས་མགོན་པོ་ལེགས་ལྡན་འཁྲུངས་པར་གྱུར་ཏེ། སླར་ཡང་ཡུན་དུ་ལྷ་ཡབ་ཡུམ་ལྟོ་བ་མ་བྱེ་བས། སྲས་ལེགས་ལྡན་གྱི་བསམ་པ་ལ་བདག་ཡོད་པའི་སྔོན་དང༌། དེ་རྗེས་ཀྱང་ཡུན་དུ་བདག་གི་ཕ་མ་ལྷ་ཡབ་ཡུམ་ལྟོ་བ་མ་ཕྱེ་བ་འདི་མ་ལེགས་སྙམ་ནས། དེ་ཕྱེ་བའི་ཕྱིར་ལེགས་ལྡན་མེར་སྦྲུལ་ནས་ཁྲི་རྐང་ལ་མེ་སྦར། རླུང་ལྷ་རླུང་དུ་བྱས་ནས་སྦུད་པས་ཁྲི་རྐང་ཚིག་ནས་ཁྲི་འགྱེལ་བས་ལྷ་ཡབ་ཡུམ་རི་རབ་ཀྱི་ངོས་ནས་གཡང་དུ་ལྷུང་བས་སྦྱོར་བ་བྱེའོ། །དེའི་ཚེ་ཡུམ་ཆགས་པ་ཆེན་པོའི་ཁུ་ཁྲག་འདྲེས་པ་སྦྱོར་མཚམས་ནས་གནམ་དུ་འཐོར་བར་ཆགས་པའི་དབང་གིས་གཟའ་ཆེན་བརྒྱད་བྱུང༌། ས་གཞིར་འཐོར་བས་ས་བདག་རྒྱལ་བློན་བཅུ་དྲུག་བྱུང༌། ཁུ་ཁྲག་གི་སྙིགས་དང་ལྷག་མ་སྦྲེ་བ་ཞེས་ལན་ཚྭ་བའི་རོ་དང་བཅས་པ་རྒྱ་མཚོར་ལྷུང་བ་ཆུ་དང་འདྲེས་པ་དེར་ཁྲི་རྐང་གི་མེ་ལྷུང་བས་ཁོལ། ཆུའི་ཟུར་དང་སའི་མཁར་ལན་ཚྭའི་ཚྭ་རིགས་ཆགས་པ་ཡིན་པས། ཚྭ་ལ་ཡང་ཁམས་གཉིས་ཀྱི་ཁ་དོག་དཀར་བ་དང་དམར་བ་བྱུང་བ་ཡིན། དེའི་ཕྱིར་ཚྭ་འཐུང་བའི་སེམས་ཅན་ཁམས་དཀར་དམར་རྒྱས་ནས་ཆགས་པ་འཕེལ་བའི་རྒྱུ་མཚན་ནོ། །ཞེས་གཏམ་རྒྱུད་དག་ལས་བྱུང་བ་ཡིན། དེ་ལྟའི་ལན་ཚྭ་འདི་ལ་ཆུའི་ཡོན་ཏན་སླ་བསིལ་ལྕི་རྟུལ་སྣུམ་འཇམ་མཉེན་བདུན་དང༌། མེའི་ཡོན་ཏན་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ་བདུན་དང་ལྡན་པ་ཡིན། བྱེད་པའི་ལས་ཀྱང༌། བདུད་རྩི་ཐིགས་པ་ལས། ལན་ཚྭ་ཕལ་ཆེར་བད་ཀན་མཁྲིས་པ་སྐྱེད། རླུང་འཇོམས་འཇུ་བྱེད་བཤང་གཅི་འབྱེད་ཅིང་རྣོ། །ཡི་ག་འབྱེད་ཅིང་ཁྲག་མཁྲིས་སྐྱེད་པར་བྱེད། །ཅེས་དང༌། བཤད་པའི་རྒྱུད་ལས། ལན་ཚྭས་སྲ་འཁྱིལ་འགགས་པ་འབྱིན་པ་དང༌། །དུགས་ཀྱིས་རྔུལ་དང་དྲོད་བསྐྱེད་ཡི་ག་འབྱེད། །བསྟེན་དྲག་སྐྲ་འབྱི་སྐྲ་དཀར་གཉེར་མ་མང༌། །སྟོབས་འབྲི་སྐོམ་མཛེ་མེ་དབལ་ཁྲག་མཁྲིས་སྐྱེད། །ཅེས་དང༌། ཟླ་ཟེར་ལས། ལན་ཚྭ་སྐྱུར་མངར་སྣུམ་པ་དང༌། །བཤང་གཅི་ཐུར་འབྱིན་སྦུབས་འབྱེད་བྱེད། །ཅེས་བཤང་གཅི་འབྱིན་ཐུར་དུ་ཁ་ཕྱིར་ལ་ལྟ་བའི་བུ་གའི་སྦུབས་འབྱེད་པར་བྱེད་པའོ། །ངོ་བོའི་བྱེད་ལས་ལ་ཡང་མི་འདྲ་བ་ནི། ལན་ཚྭས་བད་མཁྲིས་སྐྱེད་པར་བྱེད་ཀྱང་མི་སྐྱེད་པ་རྒྱམ་ཚྭ་དང་ལྕེ་མྱང་ཚྭ་ཡིན་པ་དང༌། ལན་ཚྭ་རླུང་ལ་ཕན་པར་འོས་ཀྱང་མི་ཕན་པ་རྒྱ་ཚྭ་དང་རྩབ་རུ་ཚྭ་ཡིན་པ་དང༌། རླུང་ལ་གནོད་པ་ཟེ་ཚྭ་ཡིན་པ་སོགས་བསྟན་བཅོས་རྣམས་ལས་བཤད་པ་དང༌། བོ་དོང་པ་ཕྱོགས་ལས་རྣམ་རྒྱལ་གྱི་བདུད་རྩི་བུམ་པ་ལས། རྒྱམ་ཚྭ་ལྕེ་མྱང་ཚྭ་མ་གཏོགས། ལན་ཚྭ་ཕལ་ཆེར་མིག་ལ་གནོད། །ཅེས་གསུངས། དེ་ལྟ་བུར་ཀུན་ལ་ཕྲ་ཞིབ་ཀྱི་བྱེ་བྲག་ཡོད་པ་ཡང་ཕྱེད་པར་བྱོས་ཤིག
གཉིས་པ། བྱེ་བྲག་རེ་རེའི་ངོ་བོ་བསྟན་པ།
གཉིས་པ་ལས་དང་པོ་ནི། བྱེ་བྲག་རེ་རེའི་ངོ་བོ་བཤད་པ། རང་བྱུང་དང་བཟོ་ཚྭ་གཉིས།
གཅིག རང་བྱུང་གི་ཚྭ།
༡། རྒྱ་ཚྭ།
རྒྱ་ཚྭས་དུག་དང་སྲིན་གསོད་རྩ་ནད་སྦྱོང༌། །གག་པ་ཤ་རོ་གཅོད་ཅིང་ཆུ་འགགས་འབིགས། །ཞེས་པར། རིན་ཆེན་སྤུངས་པ་ལས། རྒྱ་ཚྭ་མཆོག་སྟེ་ནུས་པ་བརྒྱད་དང་ལྡན། །ཞེས་པར། བདུད་རྩི་ཐིགས་པ་ལས། རྒྱ་ཚྭ་རྣོ་ཞིང་ལྕེ་ཐུང་ཆུ་འགགས་སེལ། །རྨ་ཡི་རུལ་གཅོད་ཆུ་སེར་འདྲེན་པར་བྱེད། །ཅེས་གསུངས། རང་བྱུང་པས། རྒྱ་ཚྭས་རྩ་སྦྱོང་བདུད་རྩི་ཡིན། ཞེས་དང༌། ཏོང་ཁུན་ཟབ་ཏིག་ལས། རྣོ་ངར་ལྡན་པ་ཆུ་ཡི་ད་བྱིད་ནི་རྒྱ་ཚྭའོ། །ཞེས་སོ། །མིང༌། ཛི་ཧ་བྷི། ལྕེ་འབིགས། སཾ་བི་རོ་ལོ་ཎ། རྡོའི་དྭངས་མའི་ཚྭ། པཎི་པཱ་ར། ཆུའི་སྙིང་པོ། མོ་ཤ་དོ། ཚྭ་རྒྱལ། ཆུ་ད་བྱིད། རེག་འབིགས། ཆུ་རྡོལ། རྒྱའི་དབོན་པོ་ཟེར། རྒྱ་ནག་པས་ཟངས་རྒྱ། ཕྲོམ་གྱི་ཟངས་ཁད་ཟེར། འདི་ཆུ་ལས་བྱུང་བ་དང༌། རྒྱ་མཚོའི་འགྲམ་གྱི་བྲག་ལས་བྱུང་བ་གཉིས་ཡོད། ཨ་མ་ནི་ཀོན་བྱ་བའི་རྒྱ་ཚྭ་ཞིག་ཡུལ་ཨ་མ་དྷ་དྷའི་ཚལ་ནས་འབྱུང་བ་དང༌། ཤ་ཏོར་ཞེས་པ་ཞིག་རྒྱ་ནག་ནས་བྱུང་བ་དང༌། གཞན་ཡང་རྒྱ་གར་ནག་དང་སྟོད་ཧོར་སོགས་ནས་བྱུང༌། དབྱིབས་ཤེལ་ལྟར་ལ་བཅག་ན་ག་བུར་ལྟར་ཚི་འཛིན་པ། བྲག་གི་དྲེག་རྩི་འདྲ་བ་དང༌། རྡོ་དམར་སོགས་འབྱར་བ་ལ། ཁ་ཞབས་དྭངས་སྙིགས་ཀྱི་རྣམ་པ་མེད་པ་རོ་ཤིན་ཏུ་ཚ་ངར་ཆེ་བ་དེ་རང་བྱུང་ཡིན་པས་མཆོག་ཏུ་བཟང༌། རྒྱ་གར་དང་སྟོད་ཧོར་གྱི་ཚྭ་ཞུན་མ་ཞེས་པ་སྔོ་ལ་དྭངས་པ་དཀར་ལ་འཚེར་བ། དེ་ཡང་སྣོད་དུ་བླུག་པའི་ཉམས་ཟོམ་ལས་འཁྱག་པ་བཀོག་པ་ལྟ་བུའི་གཟུགས་དང༌། ཁ་ཞབས་དྭངས་སྙིགས་ཀྱི་རིམ་པ་ཡོད་པ་བཅག་ནསྣ་སུལ་ཡོད་པ་རེག་བྱ་རབ་ཏུ་ཚ་བ་དེ་རབ་ཡིན། དེ་འདྲ་ལ་ཁད་ཀྱང་སྐྱ་ལ་སོབ་པ་སྙི་བ་ནི་སྟོད་ཧོར་གྱི་དོང་བཟོ་མ་འབྲིང་བའོ། །ཡང་སྐྱ་སོབ་ཡང་བ་མདངསམི་གསལ་ཞིང་བར་ཞབས་སྔོ་བ་དང་ནག་པ་ཁ་སྐྱ་ལ་སྣ་ཐུང་བ་ཁྲོ་ཟངས་སོགས་སུ་བླུག་ནས་ཆགས་པའི་ཉམས་ཏིང་ཕོར་ནས་འཁྱག་བཀོག་པའི་དབྱིབས་རོ་ཚ་ངར་མི་ཆེ་བ་ཐ་མའོ། །འདྲ་ཡིག་ལས། རྒྱ་ཚྭ་རྡོ་རྒྱུས་སྣ་རིང་འདྲ། །ཞེས་སོ།།
༢། རྒྱམ་ཚྭ།
རྒྱམ་ཚྭས་མ་ཞུ་བད་རླུང་གྲང་བ་སེལ། །ཞེས་པར། སྒྲོན་མེ་གསལ་བ་ལས། རྒྱམ་ཚྭ་དེ་འདྲ་བསིལ་ཞིང་གྲང་ནད་སེལ། །འདི་གཉིས་ཕན་ཡོན་དྲོད་བསིལ་ནུས་དང་ལྡན། །ཞེས་གསུངས་པའི་དེ་འདྲ་ཞེས་པ་སྔོན་ལྕེ་མྱང་ཚྭ་སོགས་ནས་འདི་གསུངས་པས་ལྕེ་མྱང་ཚྭའི་ནུས་པ་དེ་འདྲ་བའི་ཁར་ཁྱད་པར་བཤད་པ་དང་ནུས་པ་དྲོ་བསིལ་ཞེས་ལྕེ་མྱང་ཚྭ་དྲོ་རྒྱམ་ཚྭ་བསིལ་གསུངས་པ་དང༌། རོ་སྐོར་ལས། རྒྱམ་ཚྭ་ལྕེ་མྱང་ཚྭ་ནི་སྔ་མ་བསིལ་ཕྱི་མ་དྲོ་བའི་ནུས་པ་གཉིས་དང་ལྡན། །གྲང་བ་སེལ་ལ་ཁྲག་མཁྲིས་དག་ལ་མི་གནོད་ཟེར། བད་ཀན་སྨུག་པོའི་ནད་ལ་འདི་ཡང་སྤང་བར་བྱ། ཞེས་དང༌། དཔའ་བོས། རྒྱ་མཚོའི་ལན་ཚྭ་ཞུ་རྗེས་མངར། །ལྕི་ཞིང་བད་ཀན་རྣམ་འཕེལ་བྱེད། །ཅེས་དང༌། རང་བྱུང་པས། རྒྱམ་ཚྭས་ཉེས་པ་གསུམ་ཀ་སེལ། །ཞེས་གསུངས། མིང༌། ས་བ། རྒྱ་མཚོ་ལས་བྱུང་བ། སི་ལོ་ཝར྄། རྒྱ་མཚོའི་ཚྭ། །སིནྡྷུ་ལོ་ཝœ་ཟེར། ཁ་ཆེའི་སྐད་དུ། སེ་བ། བོད་ཀྱི་རྒྱ་མཚོ་ལས་བྱུང་བ། ཕལ་སྐད་དུ། སོ་ནཱ་ལོ་ན་ཟེར། ཁ་ཆེའི་གྲོང་ཁྱེར་གཙུག་རྟེན་དང་ཉེ་བའི་བྲག་དང་མཚོ་ལས་བྱུང་བ་གཉིས་སོ། །མཆོག་ནི་བྲག་ལས་བྱུང་བ་སྔོ་དཀར་ཤེལ་ལྟར་དྭངས་ལ་ཇི་ལྟར་བཅག་ཀྱང་གྲུ་བཞིར་འགྲོ་བ་ལན་ཚྭ་ཞིང་མངར་བའོ། །མཚོ་འདྲ་ཡིག་ལས་རྒྱམ་ཚྭ་ཉ་སྣབས་པ་དང་འདྲ་ཞེས་སོ་ལས་བྱུང་བ་དཀར་པོ་རབ་ཏུ་དངས་པ་ཅོང་ཞིའམ་འཁར་གོང་ལྟ་བུ་འབྲིང་བའོ། །ཡུལ་གཞན་གྱི་མཚོ་ལས་བྱུང་བ་སྔོ་ནག་སྐར་མ་ཙིག་ཙིག་པ་དམན་པའོ། །མ་རྙེད་ན་བྱང་མཚོ་ལས་བྱུང་བ་སླད་མེད་དྭངས་ལ་མངར་བ་གསེར་མཚོའི་ཚྭ་དཀར་འཁར་གོང་འདྲ་བ་དང༌། བྱང་ཆེན་གྱི་སྔོན་པོ་གྲུ་བཞི་མ་ལྟ་བུས་ཚབ་རུང་སྟེ། རང་བྱུང་པས། བྱང་ཚྭ་སླད་མེད་རྒྱམ་ཚྭར་མཚུངས། །ཞེས་གསུངས་སོ།།
༣། ཁ་རུ་ཚྭ།
ཁ་རུ་ཚྭ་ཡིས་དྲོད་སྐྱེད་སྦོས་པ་དང༌། །སྒྲེགས་དང་འགྱིང་འཁྲོག་བད་རླུང་འཇོམས་པར་བྱེད། །ཅེས་པར། ལྕགས་ཕྲེང་ལས། ཁ་རུ་ཚྭ་ནི་དྲོ་ལ་ལྕི་བས་སྣུམ་པ་ཡིན། །ཞེས་དང༌། སྒྲོན་གསལ་ལས། ཁ་རུ་ཚྭ་ནི་སྣུམ་ཞིང་དྲོ་ལ་ཚ། །སྟོད་ཀྱི་བད་ཀན་སྨད་ཀྱི་རླུང་ནད་འཇོམས། །གཟེར་དང་ཟུག་དང་ལུས་ལྕི་རྟུག་སྐམ་དང༌། བཤང་འགགས་ལྟོ་སྦོས་སེལ་ཞིང་མེ་དྲོད་སྐྱེད། །ཅེས་དང༌། རང་བྱུང་པས། ཁ་རུ་ཚྭ་ནི་དྲོད་ཀྱི་གཙོ། །རྒྱུ་ལོང་ཚད་སེལ་ངོ་མཚར་ཆེ། །གསུངས་མིང་ནི་མ་ལོ་ཎ་ཡང་ཟེར། འདི་ལ་རང་བྱུང་དང་བཟོ་མ་གཉིས་ཡོད། རང་བྱུང་ལ་དམར་ནག་གཉིས་ཡོད། གང་ཡང་སྣ་ཅོང་ཞི་འདྲ་ལ་འོད་དང་ལྡན་ཞིང་རོ་ཚ་ལ་རྭ་གཞོབ་བྲོ་བ་ཡིན། དམར་པོ་ལ་འདྲ་ཡིག་ཏུ། ཁ་རུ་ཚྭ་ནི་མེ་རྡོ་བཅག་པ་འདྲ། །ནག་གམ་དམར་ལ་རྭ་གཞོབ་དྲི་མ་བྲོ། །ཞེས་དང༌། ནག་པོ་ལ། འདྲ་དཔེར། ཁ་རུ་ཚྭ་ནི་ཅོང་ཞི་ནག་པོ་འདྲ། །ཞེས་སོ། །བཟོ་མ་ནི་ཚྭ་བཟོ་ལས་བཤད་ལྟར་བཟོས་པ་སྟེ་ཚྭའི་རྒྱུ་དང་བཟོ་ཁྱད་ལ་དབྱིབས་མ་ངེས་རོ་སྔ་མ་འདྲ་ལ་རིགས་གཉིས་ཡོད་པའོ།།
༤། རྩབ་རུ་ཚྭ།
རྩབ་རུ་ཚྭ་ནུས་ཁ་རུ་ཚ་དང་མཚུངས། །ཞེས་པས། ལྕགས་ཕྲེང་ལས། རྩབ་རུ་ཚྭ་ནི་ནུས་པ་ཚ་ལ་རྣོ་བས་བད་ཀན་ཀུན་ལ་ཕན། །རླུང་ནད་ཅིག་ཚུག་དག་ལ་གནོད་པར་བཤད། །ཅེས་དང༌། བདུད་རྩི་ཐིགས་པར། རྩབ་རུ་ཚྭ་ཡིས་དྲོད་སྐྱེད་སྒྲེགས་པ་སྦྱོང༌། །ཡིད་འོང་དྲི་ཞིམ་བཤང་གཅི་སྲི་བ་སེལ། །བད་ཀན་ཡི་ག་འགགས་ལ་མཆོག་ཏུ་ཕན། །ཞེས་དང༌། རང་བྱུང་པས། རྩབ་རུ་ཚྭ་ཡང་དེ་དང་འདྲ། །ཞེས་ཁ་རུ་ཚྭར་མཚུངས་ཞེས་སོ། །འདི་འགྲེལ་པ་ཟླ་ཟེར་ལས་རང་གྲུབ་ཡོད་པར་བཤད་པ་དང༌། བཟོ་ཐབས་ཡོད་པས་བཟོས་པ་གཉིས་སོ། །རང་གྲུབ་ནི་ཆུ་དང་བྲག་ལས་བྱུང་བ་ཁ་དོག་དཀར་པོ་མདུང་རྩེ་འདྲ་བའོ། །བཟོ་མ་ནི་བཟོ་ལ་རག་ཀྱང༌། འདྲ་ཡིག་ལས། རྩབ་རུ་ཚྭ་ནི་དམར་སྨུག་གོ་རུལ་འདྲ། །ཞེས་སོ། །གཟའ་རྒྱུད་ལས། རྩབ་རུ་ཚྭ་ནི་རྣོ་ལ་ཚ། །བད་སེལ་རླུང་ཤས་ཆེ་ལ་གནོད། །ཁྲག་དང་མཁྲིས་པ་ལ་མི་གནོད། །སྨུག་པོའི་ནད་ལ་སྤང་བར་བྱ། །ཞེས་དང༌། སློབ་དཔོན་དཔའ་བོས། རྩབ་རུ་ཚྭ་ཡང་ཡིད་འོང་ཞིང༌། །སྒྲེགས་པ་སྦྱོང་ཞིང་དྲི་ཞིམ་ལ། །ཞུ་རྗེས་ཚ་ཞིང་བཤང་སྲི་སེལ། །དྲོད་སྐྱེད་ཡི་ག་འབྱེད་བྱེད་ཡིན། །ཞེས་བཤད་དོ།།
༥། ལྕེ་མྱང་ཚྭ།
ལྕེ་མྱང་ཚྭ་ཡང་དེ་བཞིན་མིག་ལ་ཕན། །ཞེས་པར། སྒྲོན་མེ་གསལ་བ་ལས། ལྕེ་མྱང་ཚྭ་ནི་དྲོ་མངར་མིག་ལ་ཕན། །ཡིད་འོང་རོ་ཙ་ཉེས་གསུམ་སེལ་བར་བྱེད།། ཚ་བ་མི་སྐྱེ་ཕོ་བའི་མེ་དྲོད་སྤོར། །ཞེས་དང༌། རང་བྱུང་པས། ལྕེ་མྱང་ཚྭ་ཡིས་གྲང་སྐྲན་སེལ། །ཞེས་སོ། །འདི་ཤིང་ལ་ངོས་འཛིན་པ་དང༌། ཚྭ་ལ་ངོས་འཛིན་པ་གཉིས་ཡོད་པའི་སྔ་མ་གོང་དུ་སོང༌། ཕྱི་མ་ནི། ཟླ་ཟེར་ལས། ཚྭ་མཆོག་ནི་རྒྱམ་ཚྭ་དང་ལྕེ་མྱང་ཚྭའོ། །ཞེས་པ་འདི་ཡང་ཆུ་ལས་རང་བྱུང་སྟེ། ཚྭ་དཀར་ལ་དམར་མདངས་ཆགས་པ་འཁར་གོང་དམར་པོ་འདྲ་བའོ། འདྲ་ཡིག་ལས། ལྕེ་མྱང་ཚྭ་ནི་ལན་ཚྭ་འདྲ་སྟེ་དམར། །ཞེས་གསུངས། འདི་ལ་ལུང་དང་བཅས་པས་ཤིང་ཡལ་ག་དང༌། ཚྭ་གཉིས་ཡོད་པ་མི་ཕྱེད་ནས། ལ་ལས་ཤིང་ཡིན་ཚྭའི་ལུང་དེ་མི་དག་ཅེས་དང༌། ལ་ལས་ཚྭ་ཡིན་ཡལ་གའི་ལུང་དེ་མི་དག་ཅེས་མཐའ་གཉིས་ལ་རྟག་ཚད་བྱེད་པ་གཡག་ཞར་བའི་འགྲོས་སོ།།
༦། མཚོ་ཚྭ།
མཚོ་ཚྭ་རྒྱམ་ཚྭ་འདྲ་བས་བད་རླུང་སེལ། །ཞེས་པ་གོང་དུ་རྒྱམ་ཚྭའི་ཚབ་ཏུ་བཤད་པའི་དཔེར་བཞག་གཉིས་དང་དེ་འདྲའི་རིགས་མཚོ་ལས་བྱུང་བའོ།།
༧། ལྦ་ཚྭ།
ལྦ་ཚྭས་ལྦ་བ་འཇོམས་ཤིང་ཤ་ལྷག་བཞུ། །ཞེས་པར། རང་བྱུང་པས། ལྦ་ཚྭས་ལྦ་བ་རྨེན་བུར་ཕན། །འཇང་གི་ཚྭ་ནག་དེ་དང་འདྲ། །ཞེས་གསུངས། འདི་ལ་སྟོད་ནས་འོང་བ་བྱེ་མ་ཀ་ར་གོང་བུར་འདྲིལ་བ་འདྲ་ལ་ཚྭའི་རོ་ཤིན་ཏུ་དུགས་པ་ཞིག་གོ །དེ་བཞིན་འཇང་ཡུལ་གྱི་ཚྭ་དམར་ལ་ནག་ཅིང་ཞིབ་པ་སྣུམ་འབོལ་འོད་ཅན་ཁ་རུ་ཚྭ་ཁྲོབ་བརྡུངས་བྱས་ནས་བསྲེས་པ་འདྲ་བ་དང་ཡུལ་གང་རིགས་ཀྱི་བྲག་ལ་ཆགས་པ་དཀར་ལ་རོ་སྔ་མ་ལྟ་བུ་བྱུང་བའོ།།
༨། ཚ་ལ།
ཚ་ལས་རྨ་འདྲུབ་ཁྲག་འཇུ་སྦྱོང་བར་བྱེད། །ཅེས་པར། རང་བྱུང་པས། ཚ་ལ་དཀར་པོ་དྲག་པོར་སྦྱོང༌། །གསུངས། མིང༌། ཏིཀ྄ཎ་ཁ་ཏྲ། ཧིངྒུ། དར་ཚུར། ཟངས་རྩི། རྨ་སྦྱོར། ཤེལ་རྩི། རྒྱུག་བྱེད། འཇུ་བྱེད། བཞུ་རྩི་ཟེར། འདི་རྒྱ་གར་ཁ་ཆེ་མངའ་རིས་མཚམས་སོགས་ནས་བྱུང༌། ཆུ་ལས་བྱུང་བ་སྟེ་རིགས་གསུམ། ས་འོག་སོགས་སུ་འཁྱག་ལྟར་ཆགས་པ་སྔོ་དཀར་དྭངས་ལ་འོད་ཟེར་ཆགས་པ་བཟང༌། སྐྱ་ཧྲུག་བྱི་བྲུན་མ་འབྲིང༌། བུལ་ཏོག་འདར་བའི་དཀར་ཉོབ་ནི་རྒྱུ་ངན་པ་དང༌། བཟང་ཡང་རྙིང་ནས་ཡལ་སོང་བ་ཡིན་པས་ངན། གང་ཡང་རོ་མངར་པ་ཡིན། བསྲེགས་ཚེ་འཇུ་ཞིང་ཁོལ་ལ་ལྦུ་བ་དཀར་པོར་བྲ་བོའི་ཡོས་ལྟར་འཕེལ་བ་བཟང༌། འཇུ་ཡང་མི་འཕེལ་བ་འབྲིང༌།མི་འཇུ་བ་ངན་པའོ།།
༩། ལན་ཚྭ།
ལན་ཚྭས་ཟས་འཇུ་སྐྲན་བཤིག་འགགས་པ་འབྱིན། །ཞེས་པ་མིང་ཡུལ་ཚྭ་དང་ཚོང་ཚྭ་ཞེས་པ་སྟེ། ཡུལ་གར་ཡང་མ་ངེས་ཕལ་ཆེར་ལ་མང་དུ་འབྱུང་ལ། ཁྱད་པར་ས་དམར་ཤས་ཆེ་བ་ལས་འབྱུང་བས། ས་འོག་ནས་ཚྭ་ཆུའི་ཆུ་མིག་རྡོལ་བ་ཟུར་དུ་ཕྱུང་ལ་ཆགས་སུ་བཅུག་པ་ཡུལ་སོ་སོའི་འདེབས་ཚྭ་སྟེ། དེ་ཡང་ཡུལ་སའི་ཁ་དོག་གིས་མ་གོས་པ་དགོས། ས་མདོག་བྱུང་ན་བགྲུངས་ནས་འཐག་པར་བྱ། སྟོད་དཔྱིད་བཟང༌། དབྱར་འབྲིང༌། དགུན་ངན་པའོ།།
༡༠། མཛེ་ཚྭ།
མཛེ་ཚྭས་ཁྲག་འཇུ་རྨ་ཡི་ཆུ་སེར་འདྲེན། །ཞེས་པར་མཆོག་དམན་གཉིས་ལས། མཆོག་ནི་བྲག་ལས། ཚུར་གྱི་ལྦུ་བ་ལྟར་ཆགས་པ་བྱང་ཚྭ་ལྟར་དཀར་ཞིང་དྭངས་ལ་ཚྭ་བྲོ་བའོ། །དམན་པ་ནི། ཡ་བཀྵ་རའི་འོག་ཏུ་ཚྭ་ཞུན་ཆགས་པ་སྐྱ་ལ་སོབ་པ་སླད་མེད་པ་སྟེ་ཡ་བཀྵ་ར་རྒས་པའོ།།
༡༡། ཡ་བ་ཀྵ་ར།
ཡ་བ་ཀྵ་རས་དྲོད་སྐྱེད་སྐྲན་ནད་སྦྱོང༌། །ཞེས་པ། མིང༌། རྒྱ་ནག་པས་ཀེའུ་ལ་ཀ་ཟེར། འདི་ལ་ཟླ་ཟེར་དུ། ནས་ཚིག་འཁུས་པའི་ཐལ་བ་ཞེས་བསྒྱུར་བས། །ནས་སྔོན་པོ་དེ་མེ་ལ་བསྲེགས་ནས་ཞག་ཏུ་ལོན་པའི་ཐལ་བ་དེའི་ཁར་ཆས་པའི་བ་ཚྭ་འདྲ་བ་དེ་ཡིན་ཞེས་འགྲེལ་པ་འདོད་འཇོར་བཤད་དོ། འདུལ་བ་ནས་ཀྱང༌། ནས་ཚིག་ཐལ་བར་འགྱུར་བྱེད་ཡིན་པར་གསུངས། ཟླ་ཟེར་ལས། ནས་ཚིག་འཁུས་པའི་ལན་ཚྭ་ནི། །སྐྲན་དང་སྙིང་ནད་སྐྱ་རྦབ་དང༌། སོགས་གསུངས། བསྒྱུར་ཚུལ་ཡང༌། ཡ་བ་ན། ནས་ཡིན་ལ། ཀྵར་འགྱུར་བ་ཡིན་པས། ཇི་ལྟ་བ་ཡིན་ན། ཡ་བ་ན་ཀྵར་ཡང་དགོས་རྒྱུ་ལ་བར་ནས་ན་མེད་པ་དང༌། འགྱུར་རང་ཡང༌། ནས་འགྱུར་བ། ཟེར་བ་ལས་ཚིག་པ་དང་ཐལ་བ་ཟེར་བའི་སྐད་དོད་མེད་ལ། ཚིག་པ་དོན་དུ་འགྱུར་བ་ལོས་ཡིན་ཡང༌། ཚིག་པ་ཁ་རྐྱང་དུ་མ་ཟད་འགྱུར་ལུགས་མང་དུ་ཡོད་པ་དང༌། ནས་འགྱར་བ་མ་ཡིན་པའི་སྒྲ་གཞན་ལའང་མི་འཇུག་པའི་ངེས་པ་མེད་པས་ཐེ་ཚོམ་པའི་གནས་སོ། །འོན་ཀྱང་དེང་སང་ལག་ཏུ་ལེན་བྱ་དངོས་ནི། རྒྱུད་རིན་ཆེན་སྤུངས་པ་ལས། ཡ་བཀྵ་ར་བག་ཕྱེ་སིག་མེད་འདྲ། །བཅངས་ན་ཁྲིག་སྒྲ་འབྱིན་པས་ཁ་བ་འདྲ། །ཞེས་གསུངས་བཞིན། ཕུག་པ་གྲོག་པོ་སོགས་ལས་ཆགས་པའི་བ་ཚྭ་དཀར་པོ་ཡང་ལ་མངར་བག་ལྡན་པ་བཅངས་ན་ཁྲིག་སྒྲ་འབྱིན་པ་དེའོ།།
༡༢། བུལ་ཏོག
བུལ་ཏོག་རུལ་གཅོད་རྩམ་པ་མྱགས་པར་བྱེད། །ཅེས་པར། དཔག་བསམ་ལྗོན་པར། བུལ་ཏོག་འཇུ་བར་བྱེད་པ་ཡིན། །བད་ཀན་ཕོ་བར་རྫིངས་པ་སེལ། །སྲིན་དང་དུག་ཐབས་མཐའ་དག་འཇོམས། །ཞེས་དང༌། རང་བྱུང་པས། བུལ་ཏོག་ནད་རྣམས་ཐུར་དུ་འཁྲུ། །ཞེས་གསུངས། མིང་ཛི་བུ་ཀ་བོད་ཚྭ། བྱང་ཐོག ལེ་བུལ་ཟེར། ལྷོ་བྱང་སོགས་མ་ངེས་གར་ནས་ཀྱང་འབྱུང་རུང༌། དཀར་པོ་ཅུ་གང་འདྲ་ལ་ལྕི་ཞིང་ཁ་མངར་ལན་ཚྭ་བ་དེ་སྨན་བུལ་བཟང༌། རོ་ཚ་ལ་སྐྱུར་བ་ཚྭ་བུལ་ཡིན་པས་ངན། གང་ཡང་ཡུལ་སའི་ཁ་དོག་བྱུང་ན་མ་གྲུངས་པ་ཡིན་བཞུ་བགྲུངས་བྱེད་དགོས་སོ།།
༡༣། ད་ཚུར།
ད་ཚུར་ཁ་ཡི་དྲི་སྦྱོང་རུས་ནད་སེལ། །ཞེས་པ་ད་ཚུར་ནི། ཚུར་རིགས་བཞི་ཡོད་པའི་ཚུར་དཀར་པོ་ཡིན་ལ། འདི་ལ་ཡི་གེ་མ་དག་པས་ད་ཚུར་དང་དར་ཚུར་སོ་སོར་ཡོད་པའི་ཕྱི་མའི་མཐའ་རྟེན་གྱི་ར་དོར་བས་ནོར་བ་མང་དུ་འདུག འདི་ནི་དཀར་ཚུར། སེར་ཚུར། ནག་ཚུར་ཟེར་བའི་མིང་ཐོག་འཕུལ་བྱེད་ཀྱི་ད་དེ་ལ་ཚུར་མིང་སྦྱར་བ་ཡིན། དར་ཚུར་ཞེས་པའི་ད་ལ་མཐའ་རྟེན་ར་སྦྱར་བ་ནི་ཚ་ལའི་མིང་ཡིན་པས་མ་ནོར་དགོས། ངོ་བོ་ནི་ཚ་ལ་དཀར་པོ་བཟང་བ་འདྲ་ལ་དེ་ལས་ཅུང་དཀར་བ། རོ་བསྐ་སྐྱུར་ལན་ཚྭ་ཚུར་གཞན་མ་ལྟ་བུའོ།།
༡༤། ནག་ཚུར། སེར་ཚུར།
ནག་ཚུར་སེར་ཚུར་རུལ་གཅོད་སྐྲན་ལ་བརྐོ། །ཞེས་པ་འདི་གཉིས་ས་དང་བྲག་ལས་ཕྱུར་བ་སྟེ། ཁ་དོག་མ་ངེས་ཀྱང་ཚུར་ནག་ཤས་ཆེ་ས་དང་བྲག་ལས་ཀྱང་འབྱུང་བ་དང༌། དེ་ཡང་ས་བྲག་སྔོ་བ་དང་ནག་པ་ལས་འབྱུང་བ་ཤས་ཆེ། སེར་ཚུར་བྲག་ལས་འབྱུང་བ་དང༌། བྲག་དཀར་བ་སྐྱ་བ་ལས་འབྱུང་བ་ཤས་ཆེ། བྲག་ལ་ཡང་རང་མདོག་གི་བྲག་དྲེག་འབྱུང༌། ཕྱི་དབྱིབས་ཚུར་ནག་ཁ་དོག་དཀར་ལ་སེར་ཁ་ཆགས། སེར་ཚུར་དཀར་མ་སྐྱ། རོ་འདྲ་བ་ལས་ནག་པོ་ངད་ཆེ། ངེས་པ་ནི། སྙ་ལོ། བྲ་བོ། ཨ་རུ་ར། སེ་འབྲུའི་གང་བུ་རྣམས་གང་རིགས་དང་མཉམ་དུ་ཆུར་སྦྱར་བས་ཁུ་བ་ནག་སེར་རང་མདོག་སྟོན། འདྲེས་པས་སེར་ལྗང་ཡོང་བ་ཡང་ཡོད། ཁུ་བ་དེ་བཞིན་ལ་བ་དང་བལ་ལ་ཚོས་བྱས་ཀྱང་འཇུ་བའོ།།
༡༥། བིག་བན།
བིག་བན་འབྲས་གཅོད་སྐྲན་བཤིག་ལིང་ཐོག་ལེན། །ཞེས་པ་འདི་ཚུར་སྔོན་ཡིན་ཏེ། རང་བྱུང་པས། ཚུར་ནག་རིགས་གསུམ་གང་གིས་ཀྱང༌། །དབྱིག་དུག་སེལ་ཞིང་ཁ་ནད་འཇོམས། །གསུངས་བ་ནི་ཚུར་ཕྱི་མ་འདི་གསུམ་ཡིན། དབྱིག་དུག་སོགས་སེར་ནག་གཉིས་ཁོང་གཏོང་དང་སྔོན་པོ་བྱུགས་པ་ཡིན། ཁ་ནད་ལ་གསུམ། ཁས་མཁུར་བཀང་བྱེད་པའོ། །མིང་ནི། ནིའ་ལ་ཐོ་ཐ། ས་ག་རྩི། ས་ག་རམ་རྩི། བིག་པན། ཚུར་སྔོན་རྣམས་སོ། །འདི་རང་བྱུང་བྲག་ལས་ཆགས་པ་རྒྱ་གར་ནས་ཡོང༌། ཁ་དོག་མཐིང་ག་དང་གཡུ་ཁ་གཉིས་དབྱིབས་དང་དྭངས་ཆ་ཚུར་དཀར་འདྲ། རོ་ཚུར་སྤྱི་དང་འདྲ་ལ་ཟངས་གཡའ་ཅུང་བྲོ་བ་ཡོད། བཟོས་པ་རྒྱ་བོད་གང་ནས་ཀྱང་འབྱུང༌། རང་བྱུང་བཟང༌། བཟོས་པ་དམན། རང་བྱུང་རྟགས་སུ་ཕྱི་ལ་རྡོ་རྩེ་ཅུང་ཟད་ཡོད། བཟོས་པ་གཡུ་ཁ་ཤས་ཆེ་ཕྱེ་མ་དང་རྡར་བྱས་པ་སོགས་ཡོང་ཡང་ཤེལ་ལྟར་དྭངས་བ་མི་ཡོང༌། བཟོས་པ་ཡང་རྒྱ་ཚྭས་བཟོས་པ་རྩུབ། ཞོ་ཟངས་གཉིས་དང་ཚུར་དཀར་གྱིས་བཟོས་པ་འཇམ་མོ། །བིག་བན་ཞེས་པ་ལའང༌། ཁ་ནད་ཤུ་ཐོར་མིག་སོགས་ལ་ཚུར་སྔོན་འདི་ཡིན། གང་ཡང་རླན་ཕབ་ནས་ལྕགས་ལ་དྲུང་ན་ཟངས་མདོག་འབྱིན། ཚད་རླུང་སྐབས་སོགས་ནི་སྒོག་ཐལ་ཡིན། བིག་བན་ཞེས་པར་བྱང་པ་སོགས་སྟོད་སྨན་འགའ་རེས་ཚ་ལ་བསྲེགས་པ་ལ་བྱེད། གསེར་བྲེ་དངུལ་བྲེ་སོགས་ལ་བུལ་ཏོག་ལ་བྱེད་པ་རྣམས་མ་དག་ནོར་བ་ཡིན་གསུངས། རླུང་གི་སྐབས་སྒོག་བསྲེགས་ཐལ་བར་བིག་བན་ཟེར།།
༡༦། སྐམ་ཚྭ།
སྐམ་ཚྭས་བད་ཀན་སྐྱེད་ལ་འཇུ་དཀའ་ལྕི། །ཞེས་པ་གད་ཚྭ་སྟེ། གད་རལ་དང་ས་ཕུག་སྐམ་པོ་ལས་བྱུང་བ་སྟེ་བ་ཚྭ་བཞིན་ཆགས་ཀྱང་རྔུལ་གྱི་རང་བཞིན་ཅན་ཁ་དོག་ཡུལ་སའི་རྗེས་སུ་འབྲང་བ་ཡིན། རོ་ཚོད་ཚྭ་རང་དང་འདྲ་བ་ཡིན།།
༡༧། བྲག་གི་སྐམ་ཚྭ།
བྲག་གི་སྐམ་ཚྭས་འཇུ་བར་བྱེད་པ་ཡིན། །ཞེས་པར། རང་བྱུང་པས། བྲག་ཚྭས་སྐྲན་དང་མ་ཞུ་སེལ། །གསུངས། འདི་བྲག་སྐམ་པོ་ཉི་ཆར་མི་ཕོག་ཅིང་རླུང་ཕོག་པ་ལ་རོ་སྔ་མ་ལྟ་བུ་ལས་ཅུང་ཟད་སྒྱུར་བ་དབྱིབས་དང་སྲབ་མཐུག་ཅི་རིགས་འབྱུང་བ་ཡིན།།
༡༨། བ་ཚྭ།
བ་ཚྭས་ཆུ་འབྱེད་ཐུར་དུ་སྦྱོང་བར་ནུས། །ཞེས་པ་གད་གྲོག་ལས་ཆགས་པ་སྣུམ་འབོལ་རླན་ཅན་ཟེ་ཚྭའི་རྒྱུ་འདྲ་བ་ལ་ཚྭ་བྲོ་ངད་ཆེ་ཡང་མེར་བསྲེགས་ན་ཟེ་ཚྭ་ལྟར་མི་ཁོལ་བ་ཡིན།།
༡༩། ཚྭ་དམར་བྲག་ཚྭ།
ཚྭ་དམར་བྲག་ཚྭས་དྲག་པོར་སྦྱོང་བ་ཡིན། །ཞེས་པ་ས་བྲག་ཁང་ཤོད་སོགས་ཉི་རླུང་གང་ཡང་མི་ཕོག་པའི་རླན་དང་ས་རླངས་ལས་ཆགས་པའི་ཚྭའོ།།
༢༠། ཐང་ཚྭ།
ཐང་ཚྭས་འབྲས་འདུལ་ཉེས་པ་གསུམ་ཀ་སྐྱེད། །ཅེས་པར། རང་བྱུང་པས། ཐང་རྒན་ཚྭ་ཡིས་རྨ་འབྲས་གཅོད། །ཅེས་གསུངས་པ་ནི། ཐང་ཤིང་གི་རྩ་བའམ་སྡོང་དུམ་རུལ་པ་ལས་ཆགས་པ་ཤིང་གི་ཚྭ་ཡིན་ཏེ། འདི་ཉི་མ་མི་ཕོག་པའི་རླན་ཅན་ཕྱུགས་ཀྱིས་ཟོས་ན་དུག་པར་འགྱུར་བས་དེ་ལ་ཐང་ཁྲག་དང་ཧ་བོ་ཆ་མཉམ་བསྐོལ་ཐང་དྲོན་མོ་བཏང་བས་ཕན་པའོ།།
༢༡། ཆུ་ཚྭ།
ཆུ་ཚྭས་ཟས་འཇུ་ལྷན་སྐྲན་བཤིག་པར་བྱེད། །ཅེས་པར། རང་བྱུང་པས། ཚྭ་ཆུས་ཚྭ་ཡི་མ་ཞུ་སེལ། །གསུངས་པ་ནི་ཆུ་མིག་གང་ཡང་རུང་བར་རྡོལ་བ་ཚྭ་ཆུའི་རང་བཞིན་ཇ་སོགས་ལ་བླུགས་པས་ཚྭ་གོ་ཆོད་ལ། ཟུར་དུ་དྲངས་པའི་ཚྭ་ཞིང་སོགས་བྱས་ཀྱང་སས་འཐུང་ཤུལ་དུ་ཚྭ་ཅུང་ཟད་རེ་ལས་ཚྭ་མི་ཆགས་ལ་སྣོད་དུ་བསྐོལ་ན་ཅུང་ཟད་རེ་ཆགས་པ་དེའོ།།
གཉིས། བཟོ་ཚྭ།
གཉིས་པ་བཟོ་ཚྭ་བཤད་པ་ནི།
༡། ཟེ་ཚྭ།
ཟེ་ཚྭས་རྡོ་འཇུ་རྡེ་འུ་རྡོ་སྐྲན་བཤིག །ཅེས་པ་ལ། རང་བྱུང་རྡོ་རྗེས། ཟེ་ཚྭས་སྲིན་གསོད་རྡོ་སྐྲན་བཤིག །ཅེས་གསུངས། མིང་ནི། སའི་ཤེལ། ཚ་ཧྲག་ཅན། མེ་འབར་ཚྭ་ཟེར། འདི་རང་བྱུང་ཡིན་པ་འདྲ་ཡང་ལས་ཀྱི་ཆོ་གས་གཙང་བར་བགྲུངས་དགོས་ལ། དེར་ཡང་རྒྱུའི་ཁྱད་པར་ལས་རིགས་གསུམ་སྟེ། བྲག་སྲུབ་སོགས་ལས་འཁྱག་པ་ལྟར་ཆགས་པ་ལས་བགྲུངས་པ་ཤེལ་ཁབ་ལྟ་བུ་རབ། ས་བྲག་གང་ལ་ཡང་བྱ་སྤུ་ལྟར་ཆགས་པ་ལས་བགྲུངས་པ་ཆུར་ཕྱེ་ལྟ་བུ་འབྲིང༌། གྱང་རྨང་གད་པ་སོགས་ལས་སྣུམ་འབོལ་དུ་ཆགས་པ་ལས་བགྲུངས་པ་ཙམ་པའམ་ཡོས་ཚིག་གི་ཕྱེ་མ་འདྲ་བ་ཐ་མའོ། །གང་ཡང་དང་པོའི་རྒྱུ་དང་རྗེས་གཙང་བར་བྱས་པ་གང་ཡང་རོ་ཚ་ལ་རེག་བྱ་བསིལ་བ། མེ་ལ་བཏབ་ན་ཁོལ་ཞིང་ཚ་ཚ་འཕྲོ་བའོ།།
༢། རྭ་ཚྭ།
རྭ་ཚྭས་ཕོ་ལོང་སྣོད་ཀྱི་གྲང་བ་སེལ། །ཞེས་པར། ལྕགས་ཕྲེང་ལས། རྭ་ཚྭ་ཚ་ཞིང་རྩུབ་པས་གྲང་བ་སེལ། །རྩུབ་པས་སྙིང་རླུང་དག་ལ་གནོད་ལགས་སོ། །ཞེས་དང༌། རང་བྱུང་པས། རྭ་ཚྭས་རྒྱུ་ལོང་གྲང་བ་སེལ། །ཞེས་པ་རྭ་སྣ་དང་སྦྱར་བསྲེགས་བྱས་པའི་ཚྭ་རོ་ཚྭ་ངད་ཆེ་བ་སྟེ། འདྲ་ཡིག་ལས། རྭ་ཚྭ་རྭ་རུ་འདྲ་ལ་རྭ་ཞོབ་བྲོ། །གསུངས་པའོ།།
༣། ཐལ་ཚྭ།
ཐལ་ཚྭས་གྲང་སེལ་ཕོ་བ་སྦོས་པ་འཇོམས། །ཞེས་པར། རང་བྱུང་པས། ཐལ་ཚྭ་ལྕེ་མྱང་ཚྭ་དང་མཐུན། །ཞེས་དང༌། ལྕགས་ཕྲེང་ལས། ཐལ་ཚྭ་ཡ་བཀྵ་ར་འདྲ་སྟེ་སྦོས་པ་འཇོམས། །ཞེས་པ་ལ་རིགས་གསུམ་སྟེ། ཤིང་སྣའི་ཐལ་ཚྭ་དང༌། སྡོང་ཚྭ་དང༌། ལྡུམ་ཚྭ་གསུམ་མོ། །ཚྭ་ངར་ཕྱི་མ་རིམ་པས་ཆེ་ལ་རོ་རྒྱ་ཚྭ་འདྲ། ཕྱི་མ་འདི་ལ། འདྲ་དཔེར། ཐལ་ཚྭ་ཞུན་བུར་འདྲ་ལ་རྒྱ་ཚྭ་བྲོ། །ཞེས་དང༌། སྔ་མ་གཉིས་ལས། འདྲ་ཡིག་ཏུ། ཐལ་ཚྭ་ཐལ་བའི་རིལ་བུ་འདྲ། ཡང་ན་ནག་སོབ་ཐལ་བསྒོངས་འདྲ། །ཞེས་སོ།།
༤། མཚལ་ཚྭ།
མཚལ་ཚྭས་རྩ་ནད་ཁྲག་སྐྲན་བཤིག་པར་བྱེད། །ཅེས་བཟོས་པ་སྟེ། འཚོ་མཛད་གྲུབ་པས། །རིན་ཆེན་ད་ཆུ་མཚལ་ཡིན་ལ། །བདུད་རྩི་ད་ཆུ་མཚལ་ཚ་སྟེ། །འདི་གཉིས་མིང་གིས་མ་ནོར་བའི། །ཐོས་པའི་ནོར་གྱིས་ཕྱུག་པ་གཅེས། །ཞེས་གསུངས་པས། འདི་ལ་ད་ཆུ་ཚྭ་ཡང་ཟེར། མདོག་མཚལ་འདྲ་བ་བྱུང་བའོ། །གཞན་ཡང་བཟོ་ཚྭ་ནི། སྔ་མ་དེ་བཞི་དང༌། རྒྱ་ཚྭ། ཁ་རུ་ཚྭ། རྩབ་རུ་ཚྭ། ན་གུ་ཚྭ། ཟེ་ཚྭ། བིག་བན་ཚྭ་རིགས་གཉིས། ཚྭ་བསྲེགས་རིགས་བདུན་ཏེ། བཟོས་པའི་ཚྭ་སྣ་བཅོ་བརྒྱད་ནི། བཟོ་བའི་རྒྱུའི་ལེགས་ཉེས་དང༌། བཟོ་ཆེན་ལག་ལེན་བཟང་ངན་ལས་དབྱིབས་དང་ཁ་དོག་ངེས་པ་མི་འབྱུང་ལ། འདི་དག་བཟོ་བའི་ལག་ལེན་གབ་སྦས་མེད་པ་ཁོ་བོས་ལག་ལེན་གཅེས་བཏུས་སུ་རྒྱས་པར་བཤད་ཡོད་པས་དེ་ནས་ལོངས་ཤིག །དེ་ལྟར་ཚྭ་རིགས་རྒྱས་པར་བཤད་ཟིན་ཏོ།།
ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བརྒྱད་པ་རང་བྱུང་དང་བཟོས་པ་གཉིས་ལ་གཏོགས་པའི་ལན་ཚྭའི་རིགས་རྩ་བ་སོ་དགུ་ནང་ཚན་དབྱེ་བཅས་ཚ་རིགས་ལྔ་བཅུ་རྩ་དགུ་རྒྱས་པར་བཤད་པའི་སྐབས་ཏེ་དགུ་པའོ།། །།
མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 11:31 AM
<< སྔ་མ།