སྡེ་ཚན་བརྒྱད་པ། ལན་ཚྭའི་སྨན་སྡེ་བཤད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015 |
སྡེ་ཚན་བརྒྱད་པ། ལན་ཚྭའི་སྨན་སྡེ་བཤད་པ།
བརྒྱད་པ་ལན་ཚྭའི་སྡེ་ཚན་བསྟན་པ་ནི། །ལན་ཚྭ་སྤྱི་ཡིས་རླུང་འཇོམས་བཤང་གཅི་འབྱིན། །ཟས་འཇུ་ཡི་ག་འབྱེད་ཅིང་ཁྲག་མཁྲིས་སྐྱེད། །རྒྱ་ཚྭས་དུག་དང་སྲིན་གསོད་རྩ་ནད་སྦྱོང༌། །གག་པ་ཤ་རོ་གཅོད་ཅིང་ཆུ་འགགས་འབིགས། །རྒྱམ་ཚས་མ་ཞུ་བད་རླུང་གྲང་བ་སེལ། །ཁ་རུ་ཚྭ་ཡིས་དྲོད་སྐྱེད་སྦོས་པ་དང༌། །སྒྲེགས་དང་འགྱིངས་འཁྲོག་བད་རླུང་འཇོམས་པར་བྱེད། །རྩབ་རུ་ཚྭ་ནུས་ཁ་རུ་ཚྭ་དང་མཚུངས། །ལྕེ་མྱང་ཚྭ་ཡང་དེ་བཞིན་མིག་ལ་ཕན། །མཚོ་ཚྭ་རྒྱམ་ཚྭ་འདྲ་བས་བད་རླུང་སེལ། །ལྦ་ཚྭས་ལྦ་བ་འཇོམས་ཤིང་ཤ་ལྷག་བཞུ། །ཚྭ་ལས་རྨ་འདྲུབ་ཁྲག་འཇུ་སྦྱོང་བར་བྱེད། །ཚོད་ཚྭས་ཟས་འཇུ་སྐྲན་བཤིག་འགགས་པ་འབྱིན། །མཛེ་ཚྭས་ཁྲག་འཇུ་རྨ་ཡི་ཆུ་སེར་འདྲེན། །ཡ་བཀྵ་རས་དྲོད་སྐྱེད་སྐྲན་ནད་སྦྱོང༌། །བུལ་ཏོག་རུལ་གཅོད་རྩམ་པ་མྱགས་པར་བྱེད། །ད་ཚུར་ཁ་ཡི་དྲི་སྦྱོང་རུས་ནད་སེལ། །ནག་ཚུར་སེར་ཚུར་རུལ་གཅོད་སྐྲན་ལ་བརྐོ། །བིག་པན་འབྲས་གཅོད་སྐྲན་བཤིག་ལིང་ཐོག་ལེན། །སྐམ་ཚྭས་བད་ཀན་སྐྱེད་ལ་འཇུ་དཀའ་ལྕི། །བྲག་གི་སྐམ་ཚྭས་འཇུ་བར་བྱེད་པ་ཡིན། །བ་ཚྭས་ཆུ་འབྱེད་ཐུར་དུ་སྦྱོང་བར་ནུས། །ཚྭ་དམར་བྲག་ཚྭས་དྲག་པོར་སྦྱོང་བ་ཡིན། །ཐང་ཚྭས་འབྲས་འདུལ་ཉེས་པ་གསུམ་ཀ་སྐྱེད། །ཆུ་ཚྭས་ཟས་འཇུ་ལྷེན་སྐྲན་བཤིག་པར་བྱེད། །ཟེ་ཚྭས་རྡོ་འཇུ་རྡེ་འུ་རྡོ་སྐྲན་བཤིག། །རྭ་ཚྭས་ཕོ་ལོང་སྣོད་ཀྱི་གྲང་བ་སེལ། །ཐལ་ཚྭས་གྲང་སེལ་ཕོ་བ་སྦོས་པ་འཇོམས། །མཚལ་ཚྭས་རྩ་ནད་ཁྲག་སྐྲན་བཤིག་པར་བྱེད།། །།
མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 9:59 AM
<< སྔ་མ།