སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་བཞི་པ། རྩིའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 

 

སྡེ་ཚན་བཞི་པ། རྩིའི་སྨན་སྡེ་བཤད་པ།

ད་ནི་བར་གྱི་བཞི་པ་རྩིའི་སྨན་གྱི་ནུས་པ་བཤད་པར་བྱ་བ་ལ། ཤིང་ལྡུམ་སྔོ་དང་སྲོག་ཆགས་རྡོ་ལྔ་ལས་བྱུང་ཉུང་མཚོན་ཙམ་ཞིག་བཤད་པ་ནི།

 

༡། ག་བུར།

ག་བུར་ཚ་བ་རྒྱས་པ་ཐོག་བབས་གསོད། །རྙིང་ཞིང་ཞེན་པའི་ཚ་བ་རྩད་ནད་འབྱིན། །ཞེས་པ་ལ། རྒྱུད་རིན་ཆེན་སྤུངས་པ་ལས། བསིལ་གྱི་རྒྱལ་པོ་ག་བུར་ཡིན་ཏེ་བསིལ་ལ་རྩུབ། །བློན་པོ་ཅུ་གང་མེད་ན་རྩུབ་པས་ཚ་བར་ལྡོག །ཅེས་དང༌། གདམས་པ་སུམ་ཅུ་པ་ལས། ག་བུར་བསིལ་ཡང་གྲང་ཞིང་སྐམ་ལ་རྩུབ། །རྒྱལ་བློན་རྐྱང་རྒྱུག་རྒྱས་པའི་ཚ་བ་སེལ། །སྨན་འཕྲོད་གཞན་གྱིས་གཞན་ཡང་ཡང་བར་བྱེད། །ཅེས་དང༌། རང་བྱུང་རྡོ་རྗེས། རྩི་སྨན་རྒྱལ་པོ་ག་བུར་ཏེ། །ཀཉྩ་ག་བུར་རྒྱས་ཚད་སེལ། །ཤེལ་ནི་རྩུབ་བསིལ་དེ་དང་འདྲ། སྟག་ཟིལ་སེར་མཉེན་ཁྲག་མཁྲིས་སེལ། །མང་ནི་རླུང་ལྡན་ཚད་པ་འཇོམས། ཞེས་དང༌། དྷརྨ་སྭ་མིས། སྨན་གྱི་རྒྱལ་པོ་ག་བུར་ཏེ། །ཅུ་གང་བློན་གྱིས་མ་བསྒྱུར་ན། །ནུས་པ་བསིལ་བས་ཚད་པར་ལྡོག།  ཁ་ཚ་བསྐ་རྩུབ་བསིལ་ཡང་གྱོང༌། །ཞེས་དང༌། ཕྲིན་ལས་རྒྱུད་ལས། དེ་རིགས་མང་དང་སྟག་ཟིལ་ཤེལ་དང་གསུམ། །མང་ནི་སེར་ལ་སྣ་རིང་མཉེན་ལ་འཇམ།།  ཡང་ན་དཀར་འཇམ་ཁ་བ་བསྒོངས་པ་འདྲ། །འཇམ་ལ་བསིལ་བས་རླུང་ལྡན་ཚ་བ་སེལ། །སྟག་ཟིལ་མདངས་སེར་སུལ་མང་ཕོ་ཅོང་འདྲ། །མང་བས་རྩུབ་བསིལ་ཚ་བ་ཀུན་ལ་རྒྱུགས། །ཤེལ་ནི་དཀར་ལ་ཀྲོན་ཏེ་འཁྱགས་པ་འདྲ། ཤིན་ཏུ་བསིལ་བས་རྒྱས་ཚད་རྐྱང་པ་འཇོམས། །ཞེས་པའི་མིང་ནི། ཀ་རཾ། ག་བུར། གྷ་ན་སཱ་ར། སྤྲིན་གྱི་སྙིང་པོ། ཧི་མ་བ་ལུ་ཀཱ། ཁ་བའི་ཕྱེ་མ། སི་ཏཱ། འོད་དཀར་ཅན། རེ་ཎུ་སཱ་ར། རྡུལ་གྱི་སྙིང་པོ། ཙནྡྲ་སཾ་ཛྙྵ། ཟླ་བའི་མིང་ཅན། ཙནྡྲ་བྷསྨ། ཟླ་བའི་ཐལ་བ། ཧི་མ་ཧ་ཡ། ཁ་བའི་མིང་ཅན། བེངྷ་ཀ་རྟོག་བྱེད། ཏ་རུ་སཱ་ར། ཤིང་གི་སྙིང་པོ། རས་ཀེ་ས། རོའི་གེ་སར། ཧི་མ་ག །བསིལ་བའི་སྙིང་པོ། ཞེས་དང༌། གབ་ཏུ། ཟླ་བ་སེང་གེའི་འོ་མ་ཟེར་རོ། །འདིའི་བྱུང་ཁུངས་འགྲེལ་བྱེད་དག་སྣ་ཚོགས་པར་སྨྲ་བ་ནི། ཤས་ཆེར་ཙན་དན་གྱི་ཐང་ཆུར་བཞེད་ལ། དེ་ཡང་ནུས་པའི་ཁྱད་པར་ནི། ས་མཆོག་ལ་མང༌། གོ་རྴིརྵ་ལ་སྟག་ཟིལ། སྦྲུལ་སྙིང་ལ་ཤེལ་འབྱུང་ཞེས་དང༌། ཁ་ཅིག་གོ་རྴིརྵ་ལ་དང་སྦྲུལ་སྙིང་མི་ཡུལ་དུ་མེད། ས་མཆོག་ལས་བྱུང་ཞེས་གསུངས། དེར་བཞེད་ནའང་ཚུལ་མང་བ་ནི། ཕྱོགས་ཀྱི་ཁྱད་པར་ལས་ཕྱེ་བ་དང༌། ས་སྟོད་སྨད་ཀྱི་ཁྱད་པར་ལས་ཕྱེ་བ་དང༌། ཉིན་སྲིབ་སོགས་དྲོ་གྲང་གི་ཁྱད་པར་ལས་ཕྱེ་བ་དང༌། ཤིང་རྒན་གཞོན་གྱིས་དང༌། བླངས་ནས་གསར་རྙིང་གིས་དང༌། དབྱར་དགུན་སོགས་དུས་ཀྱིས་དང༌། ཡང་ཁ་ཅིག་ཁནྜར་འདོད་པ་དང༌། ཁ་ཅིག་ས་འོག་ནས་བསྐོས་པ་དང༌། ཁ་ཅིག་གངས་རྙིང་ལས་བྱུང་ཞེས་མང་མོད། འོན་ཀྱང་ངེས་པར་འཕགས་ཡུལ་གྱི་མཁས་པའི་གདམས་པ་དང༌། ངོས་མཐོང་རྒྱུས་ཅན་གྱི་ཛོ་ཀི་རྣམས་ཀྱི་རྒྱུས་གཏམ་བཅས་ཞལ་འཆམས་པ་ནི། ཤིང་ཀཉྩ་ཞེས་པ་ལས་བྱུང་བ་སྟག་ཟིལ་ག་བུར་ཞེས་མདངས་སེར་ལ་སུལ་མང་བ་ཅན་དེ་ནུས་པ་བསིལ་བའི་འབྲིང་པོ་དང༌། ཤིང་ཚིངྒིང་ཞེས་བྱ་བ་ལས་བྱུང་བའི་ག་བུར་ནི། མང་ག་བུར་ཞེས་སེར་ལ་སྣ་རིང་མཉེན་པ་ཞིག་དང༌། ཡང་དཀར་ལ་འཇམ་པ་ཁ་བ་བསྒོངས་པ་འདྲ་བ་ཞིག་དང༌། རིགས་གཉིས་འབྱུང་བ་དེ་བསིལ་བའི་ནང་གི་བསིལ་ཤེད་ཆུང་བ་དང༌། ཤིང་བྷི་མ་ཞེས་པ་ལས་བྱུང་བ་ཤེལ་ག་བུར་ཞེས་ཤིན་ཏུ་དཀར་སྔོ་འཁྱག་པའི་དུམ་བུ་འདྲ་བ་བསིལ་བའི་བསིལ་བའོ། །འདྲ་ཡིག་དུང་གི་མིག་ལས། དང་པོ་བསིལ་གྱི་རྒྱལ་པོ་ག་བུར་ནི། །ཤེལ་ག་བུར་ནི་གངས་དཀར་ཚལ་པ་འདྲ། །སྟག་ཟིལ་ག་བུར་འབྲི་མར་གཤགས་པ་འདྲ། མང་ག་བུར་ནི་ཁ་བ་བསྒོངས་པ་འདྲ། །ཞེས་གསུངས་སོ།།

 

༢། ཛཱ་ཏི།

ཛཱ་ཏིས་རླུང་འཇོམས་སྙིང་གི་ནད་རྣམས་སེལ། །ཞེས་པར། རྩིས་ཉི་ཟླའི་འཁོར་ལོ་ལས། ཛཱ་ཏི་ཕ་ལ་སྣུམ་ལ་ལྕི་བས་སྙིང་ནད་སྟོང་པ་སེལ། །ཞུས་རྗེས་བསིལ་དུ་འགྲོ་བས་མཁལ་ནད་ཅན་ལ་ངན། །གྲོགས་ཀྱི་སྟོབས་ཀྱིས་རིམས་ནད་སེལ་བར་བཤད། །ཅེས་དང༌། ཞང་གཟི་བརྗིད་འབར་གྱིས་བདུད་རྩི་ཐིགས་པ་ལས། ཛཱ་ཏིས་དྲོད་སྐྱེད་ཟས་འཇུ་སྙིང་རླུང་སེལ། །ཞེས་སོ། །ཛཱ་ཏི་ནི་སྐྱེ་སའི་ཤིང་དེའི་མིང་ཡིན་ལ། འདི་ལ་འགྲེལ་བྱེད་མང་བར་འཁྲུལ་ལུགས་དགག་པ་དང༌། ཡིན་ལུགས་བཞག་པ་མང་དུ་བྱ་རྒྱུ་འདུག་ཀྱང་བཞག་ལ། མདོ་དོན་ནི། ཛཱ་ཏི་ཞེས་པ་རྒྱ་སྐད་དེ། བོད་སྐད་དུ་སྣ་མ་ཞེས་པར་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་རོ། །འཆི་མེད་མཛོད་ཀྱི་རྒྱ་དཔེ་ལས། སུ་མ་ནཱ་མཱ་ལ་ཏིའ་ཛཱ་ཏི་སརྟ་ན་བ་མཱ་ལི་ཀ ཞེས་ཡོད་པ་བོད་སྐད་དུ། ཡིད་བཟང་སྣ་མའི་མེ་ཏོག་དང༌། །ཛཱ་ཏི་འདབ་བདུན་གཞོན་ནུའི་ཕྲེང༌།།  ཞེས་རྣམ་གྲངས་སུ་བསྒྱུར་ཞིང༌། དེའི་འགྲེལ་པ་འདོད་འཇོར། དེས་ན་སུ་མ་ནཱ་ལ་སོགས་པ་གསུམ་ནི་ཛཱ་ཏིའི་ཤིང་གི་མིང་སྟེ། སུ་མ་ནཱ་ནི་ཡིད་བཟང་མ་དང༌། མཱ་ལ་ཏི་ནི་ཕྲེང་བ་ཅན་དང༌། ཛཱ་ཏི་ནི་སྣ་མའོ། །ཞེས་ཛཱ་ཏིའི་ཤིང་ངོས་བཟུང་ནས། དེའི་འབྲས་བུ་བཤད་པ་ལ། རྒྱ་དཔེར། ཛཱ་ཏི་ཀོ་ཥ་ཛཱ་ཏི་ཕ་ལ། ཞེས་པ་ལ། ཛཱ་ཏི་སྦུབས་ཅན། ཛཱ་ཏིའི་འབྲས་བུ་ཞེས་བསྒྱུར་ལ། དེའི་འགྲེལ་པར། དེ་ནས་ཛཱ་ཏིའི་མིང་ལ། ཛཱ་ཏིའི་སྣ་མའམ། སྲི་ཤིང་སྣ་མ་དང༌། ཀོ་ཥ་སྦུབས་ཅན་དང༌། ཛཱ་ཏི་ཕ་ལ་ཛཱ་ཏིའི་འབྲས་བུ་སྟེ། སྤོས་ཀྱི་རྒྱལ་པོའི་ལིག་ཤི་བེར་ཞེས་པའོ། །ཞེས་དང༌། སྒྲ་སྦྱོར་ངེས་པར། ཛཱ་ཏི་ཕ་ཏྲི་དང༌། ཛཱ་ཏི་ཀོ་ཥ་དང༌། སུ་མ་ནཱ་དང༌། སལྨི་ཀ་དང༌། མཱ་ལ་ཏི་དང༌། ས་ཀྲི་ཀ་དང༌། སོ་མ་ན་དང༌། ནི་ཤ་མི་ནི་དང༌། དེ་དག་ནི་ཛཱ་ཏི་བརྟའི་མིང་ངོ༌། །ཞེས་སྣ་མའི་མེ་ཏོག་བསྟན་ནས་དེའི་འབྲས་བུ་སྟོན་པ་ལ། ཛཱ་ཏི་ཕ་ལ་དང༌། ཛཱ་ཏི་ཤ་ དང༌། ཤ་ལུ་ཀ་དང༌། མཱ་ལ་ཏི་ཕ་ལ་དང༌། ཛཱ་ཏི་མྲྀ་ཏཾ་དང༌། སུ་ཌཾ་སཽ་མ་དང༌། ས་ཕ་ལ་མ་དང༌། དེ་དག་ནི་ཛཱ་ཏི་ཕ་ལའི་མིང་ངོ༌། །ཞེས་བཤད་ཅིང༌། དབྱེ་བ་ནི། དཀའ་འགྲེལ་ལས། དབྱེ་བ་ཛཱ་ཏི་རིགས་གཉིས་ཏེ། །ཆེ་ཞིང་ཅུང་ཟད་སྣུམ་པ་དང༌། །ཆུང་ཞིང་རྡོག་ཏུ་འདྲིལ་བའོ། །གཉེར་མ་ཅན་ནི་མ་སྨིན་པ། ལང་ཀའི་གླིང་ནས་འོང་བ་དང༌། །གླིང་གཞན་དག་ནས་འོང་བ་ཡིན། ཞེས་གསུངས་པས། ལང་ཀ་པུ་རི་ཞེས་པའི་སྲིན་ཡུལ་ནས་འོང་བ་དང༌། གླིང་གཞན་སིངྒ་ལ་དང༌། མ་ལ་ཡ་དང༌། ཤང་ཤང་གི་གླིང་སོགས་ནས་འོང་བ་ཡིན་ཏེ། བྱུང་ཚུལ་ཡང༌། དེ་ཉིད་ལས། ཛཱ་ཏི་ལང་ཀ་མ་ཞེས་པ། །རྡོ་རྗེ་གདན་དུ་སྲིན་པོ་རྣམས།།  དུས་བཟང་མཆོད་པ་ཕུལ་དུས་གསོལ། །འབྱུང་པོ་གདུག་པས་དོན་དུ་བསྲེག །རང་གི་ཡུལ་ལ་ལོ་མ་དག །ཛམྦུ་གླིང་པ་རྣམས་ཀྱིས་བླང༌། །ཞེས་གསུངས་པ་བཞིན། ལང་ཀའི་སྲིན་པོས་རྡོ་རྗེ་གདན་དུ་མཆོད་པར་ཕུལ་བའི་ཕུང་པོ་ལ་འབྱུང་པོ་གདུག་པས་ཕྲག་དོག་གིས་མེ་བརྒྱབ་པས་མེས་ཚིག་པ་མང་བར་བཤད། དེ་དག་སོ་སོར་ཇི་ལྟར་བརྟག་ན། དེ་ཉིད་ལས། ཛཱ་ཏི་ཆེ་ཆུང་གོ་ཡུ་ཙམ། །བཅག་ན་དཀར་སྨུག་འདྲེས་པ་འོང༌། །བསྲེགས་དང་བསྣམས་ན་དྲི་མ་ཞིམ། །ཕྱི་སྐོགས་འདུག་ན་ཕྲལ་ནས་བརྟགས། །ལང་ཀ་མ་ནི་མེས་ཚིག་འདྲ། །ཡང་ན་སྣུམ་ཞིང་ལྕི་བ་ཡིན། །ཞེས་དང༌། གླིང་གཞན་ལས་འོངས་དེད་དཔོན་དང༌། །ཤང་ཤང་སོགས་ཀྱིས་ཁྱེར་ནས་འོང༌། །མ་ལ་ཡ་ནས་བྱུང་བའང་ཡོད། །ཅེས་སོ། །དེར་ཡང་སིཾ་ག་ལ་སོགས་དཀར་ཞིང་ཆུང༌། །ཞེས་གསུངས། ཡང་བཟང་ངན་དེ་ཉིད་ལས། ཛཱ་ཏི་སྲ་མཁྲེགས་རབ་ལྕི་ཞིང༌། །སྣུམ་ལ་དྲི་ཆེ་རོ་ཚ་བཟང༌། །དེ་ལས་ལྡོག་པ་ངན་པ་ཡིན། །ཞེས་དང༌། དེ་ཉིད་ལས། ཛཱ་ཏི་མཁལ་མ་གོ་ཡུ་འདྲ། །ཞེས་དང༌། འདྲ་དཔེར་ཡང༌། ཛཱ་ཏི་སྲེག་པའི་སྒོ་ང་འདྲ། །གསུངས། འདྲ་ཡིག་དུང་མིག་ལས། ཛཱ་ཏི་མི་མགོ་སྐམ་པོ་འདྲ། །ཞེས་གསུངས། ཛཱ་ཏིའི་མེ་ཏོག་ལ། བནྡྷུ་ཛི་བ་ཀ་ཡང་ཟེར། མེ་ཏོག་རབ་ཏུ་དམར་བ་ཞིག་གོ །འབུ་ཤག་ཟངས་ཀྱི་བུམ་པ་ལས། རྒྱ་གར་སྐད་དུ། ཤུག་དུ་ཧཾ། རྒྱ་ནག་གིས་ཞི་དེའུ་ཧ་ད་ལིག་ཤི་བེར། བོད་དུ་སྤོས་ཀྱི་རྒྱལ་པོ། སྟག་ཟིག་ཕྲོམ་དུ་སྲི་ཤིང༌། མི་ཉག་ཏུ་སྣ་མ་ཟེར་བར་བཤད།།

 

༣། ལི་ཤི།

ལི་ཤིས་སྲོག་རྩའི་ནད་དང་གྲང་རླུང་སེལ། །ཞེས་པར། རིན་སྤུངས་ལས། ལི་ཤི་ཚ་ལ་རྩུབ་པ་སྟེ། །གྲང་སེལ་འབྲུམ་བུའི་ནད་ལ་ཕན། །ཞེས་དང༌། གདམས་པ་སུམ་ཅུ་པ་ལས། ལི་ཤི་སྐམ་ཞིང་དྲོ་ལ་ཡི་ག་འབྱེད། །ཕོ་བ་མཆིན་པའི་དྲོད་སྐྱེད་ཁ་ཟས་འཇུ། །ཞེས་པ་ལ་མིང༌། ཝངྒ།  ལ་བཾ་ཀ ལ་པ་གྲ། ལི་ཤི། ཤྲིའ་སཾ་ཛྙཱ། དཔལ་གྱི་མིང་ཅན། དེ་བ་ཀུ་སུམ། ལྷའི་མེ་ཏོག་ཟེར། རྒྱ་ནག་པས་ག་རམ་བུ་ལ་ཟེར། རིགས་གཉིས་འབྱུང་སྟེ། དཀའ་འགྲེལ་ལས། ལི་ཤི་ལི་རྒོད་རྣམ་པ་གཉིས། །ཞེས་དང༌། ཁུངས་ཡང་ཛཱ་ཏི་དང་འདྲ་བར་བཤད་ལ། དབྱེ་བ་ཡང་དེ་ཉིད་ལས། ལི་ཤི་སིཾ་ག་ལི་རྒོད་ཅན། །འབྲུ་རྣམས་ཆེ་ཞིང་རགས་པོ་ཡིན། །གཞན་ནས་འོངས་པ་དེ་ལས་ཕྲ། །ཞེས་གསུངས། བརྟག་པ་ཡང༌། ལི་ཤི་སྨུག་ཅིང་སྲ་ལ་ལྕི། །དྲི་བཟང་རོ་ནི་ཚ་ལ་ཁ། །འབྲུ་རྣམས་ཉམས་པ་མེད་ན་བཟང༌། །ཞེས་དང༌། བརྡ་སྤྲོད་ལས། ལི་ཤི་ལ་ཤི་མེད་ན་བཟང༌། །ཞེས་པས། སྣུམ་དང་གང་བུ་མེད་ཅིང་སྐྱ་ལ་སྙི་བ་སད་པོ་འདྲ་བ་ནི་ལ་ཤིའོ། །གང་བུ་ཅན་ལ་བུམ་པ་ཅན་ཡང་ཟེར་རོ། །འདྲ་དཔེར། ལི་ཤི་ཟངས་ཀྱི་གཟེར་ཆུང་འདྲ། །ཞེས་སོ། །

 

༤། སུག་སྨེལ།

སུག་སྨེལ་མཁལ་ནད་གྲང་བ་མ་ལུས་སེལ། །ཞེས་པར། ལྕགས་ཀྱི་ཕྲེང་བ་ལས། སུག་སྨེལ་ནུས་པ་ཐམས་ཅད་ཡང་བ་ཡིན། །རང་གི་ནུས་པ་ཞུ་ནས་དྲོད་དུ་འགྲོ།། ཞེས་དང༌། བདུད་རྩི་ཐིགས་པར། སུག་སྨེལ་དྲོ་སྐམ་ཕོ་བའི་ནད་ལ་ཤིས། །ཞེས་པར། རིགས་གཉིས་ཀྱི་མཆོག་གི་མིང་ལ། སཱུཀྨེལ། སུཀྵ་མེ། ཨེ་ལ་ཕྲ་མོ། ཨེ་ལ་རྩི། ཏྲི་པི་ཏྲི། སེག་བརྡར་རིས་ཟེར། རྒྱ་གར་ནས་ཡོང་བ་ཤིང་གི་ཡལ་ག་ཁབ་ཙམ་རེ་ལ་གང་བུ་དཀར་པོ་ཟུར་གསུམ་པ་རྩེ་མོ་ལྕགས་ཀྱུ་ལྟར་གུག་པ་ལྔ་བཅུ་ཙམ་རེ་སྐྱེ་བ། ནང་འབྲས་ཟུར་གསུམ་ལེབ་མོར་སེག་བརྡར་རིས་དོད་པ་དྲི་བཟང་བའོ།། བྱུང་ཁུངས་དཀའ་འགྲེལ་ལས། སུག་སྨེལ་རྒྱ་མཚོའི་གླིང་ཕྲན་དང༌། །ལྷོ་ཕྱོགས་བྷཻ་ཏའི་ཡུལ་དང་ནི། །མ་ལ་ཡ་ནས་འབྱུང་བ་སྟེ། །ལྡུམ་བུ་ཞིག་གི་འབྲས་བུ་ཡིན།། ཞེས་དང༌། བརྟག་པ་ཡང༌། སུག་སྨེལ་ཅུང་ཟད་དཀར་བ་དང༌། །སེག་བརྡར་རི་མོ་གསལ་བ་དང༌། །བཅག་ན་དཀར་ཞིང་དྲི་མ་ཆེ། །དཀར་གོང་ཕྱེ་མ་མེད་ན་བཟང༌། །ཞེས་གསུངས། དེར་ཡང་གང་བུ་ཆེ་ཞིང་དྲི་ངད་ཆེ་ལ་ནང་འབྲས་རྩིངས་པ་རྒྱ་མཚོའི་ཕ་རོལ་ནས་ཡོང་བ་བཟང༌། དྲི་འཇམ་ལ་གང་བུ་སོགས་ཆུང་ལ་ཞིབ་པ་བྷཻ་ཏ་ནས་འོང་བ་ཞན། སྙོམས་པ་འབྲིང་བ་མ་ལ་ཡ་ནས་འོང་བ་འབྲིང༌། གོང་བུ་ཁ་བྱེ་ནས་འབྲས་བུ་སིལ་བུར་འགྲོ་བ་སྨིན་པས་བཟང༌། མཉེན་ལ་ཁ་འབྱེད་དཀའ་བ་མ་སྨིན་པས་དམན་པ་ཡིན། འདྲ་དཔེར། སུག་སྨེལ་བྲ་བོ་སྨིན་པ་འདྲ།། ཞེས་སོ། །ཡན་ལག་བརྒྱད་པར། ཨེ་ལ་ཕྲ་སྦོམ་གཉིས་བཤད་པའི། ཕྲ་བ་བཤད་མ་ཐག་པ་འདི་ཡིན་ལ། སྦོམ་པ་ནི་སྦོ་བོ་དང༌། མོན་དང་གློ་ཡུལ་ནས་འོངས་པའི་གང་བུ་ཆེ་ལ་རིང་བ་སྔ་མ་ལས་སུམ་འདབ་ཀྱིས་ཆེ་ཡང་ཟུར་གསུམ་མ་ཡིན་པར་འཇོང་མོ་འབྲུར་སེག་བརྡར་རི་མོ་མེད་པ་འདི་ལ། ཏྲི་པི་རི། ཨེ་ལ་སྦོམ་པ། གློ་སུག་གམ། མོན་སུག་ཟེར་བ་སྔ་མ་ལས་དམན་ཡང་ནུས་པ་ཕྱོགས་ཆེར་མཐུན། དཀའ་འགྲེལ་ལས། སུག་སྨེལ་ཕུག་བུ་ཀོ་ལ་འདྲ། དེ་ལས་ཆུང་བ་གྲུ་གསུམ་སོགས།། གོང་མ་ཆུང་ལ་འོག་མ་ཆེ། །ནང་དཀར་སྐམ་ཞིང་རོ་ཁ་ཚ། །དྲི་མ་བཟང་ན་ཀུན་ཀྱང་བཟང༌། །ཞེས་སོ། །འདྲ་ཡིག་ཏུ། སུག་སྨེལ་བྲ་བོ་གྲུས་མ་འདྲ། །ཞེས་གསུངས་སོ། །སྐབས་འགར། ཀ་ཀོ་ལར་ཨེ་ལ་སྦོམ་པ་ཟེར་བས་སྐབས་བརྟག་དགོས་སོ།།

 

༥། ཀ་ཀོ་ལ།

ཀ་ཀོ་ལ་ཡིས་ཕོ་མཆེར་གྲང་བ་སེལ། །ཞེས་པར། ལྕགས་ཕྲེང་ལས། ཀོ་ལ་ཅུང་ཟད་དྲོ་ལ་ཞུ་རྗེས་བསིལ་དུ་འགྲོ། །ཚ་ཞིང་རྩུབ་ལ་ཞུ་རྗེས་བསིལ་དུ་འཁྲུ། །ཞེས་དང༌། བདུད་རྩི་ཐིགས་པར། ཀ་ཀོ་ལ་ཡང་དྲོ་ཞིང་འཇུ་སྟོབས་ཆེ། ཞེས་དང༌། དཀའ་འགྲེལ་ལས། ཀོ་ལ་བཟང་པོ་མ་ལ་ཡ། གླིང་ཕྲན་རྣམས་ལས་སྐྱེ་བ་སྟེ། །ངན་པ་རྒྱ་གར་ཤར་ནུབ་དང༌། །ལི་ཡུལ་རོང་རྒྱུད་ཀུན་ཏུ་འབྱུང༌། །འདི་ཡང་རྩྭ་ལྡུམ་འབྲས་བུ་ཡིན། །གསུངས་སོ། །རིགས་དབྱེ་ཡང༌། དེ་ཉིད་ལས། ཀོ་ལ་དཀར་སྨུག་རྒོད་གཡུང་གཉིས། །དཀར་པོ་སྐྱ་ལ་གང་བུ་སྲབ། སྨུག་པོ་གང་བུ་འབྲུ་རྣམས་སྣུམ། ཀོ་ལ་ཆུང་བ་སུག་སྨེལ་ཙམ། རི་མོ་ནག་ཅིང་དཀར་བས་གཡོགས། །གང་བུའི་ནང་ནས་ཕན་ཚུན་འདྲེས། དྲི་རོ་ག་བུར་ཅུང་ཟད་འདྲ། །ཆེ་བ་རྒྱ་སྲན་འབྲས་བུ་ཙམ། །གང་བུ་སྐྱ་ལ་ནང་ཤོག་ཅན། །ཞེས་པ་དང༌། ལྷོ་མོན་ནས་ཀྱང་དཀར་སྨུག་གཉིས་ཡོང་བས། དཀར་པོ་ཆེ་ལ་པགས་པ་མཐུག སྨུག་པོ་ཆུང་ལ་སྲབ། འདི་གཉིས་སྨན་ལ་གཏོང་བར་སྨུག་པོ་དང་སྤོས་ལ་དཀར་པོ་བཟང་ཞེས་ཟེར་ཡང༌། དོན་ལ་དྲི་རོ་གང་བཟང་ལེགས། སྤོས་སྦྱོར་ལས། བཟང་པོ་དྲུག་ལས་ངད་པ་ཀ་ཀོ་ལ། ཆེ་ཕྱིར་སྤོས་ལ་ཐལ་བའི་ཉེས་པ་མེད། །ཅེས་སོ། །འདྲ་དཔེར། ཀ་ཀོ་ལ་མི་རྒན་ཐུལ་གྱོན་འདྲ། །ཞེས་དང༌། དུང་གི་མིག་ལས། ཀ་ཀོ་ལ་ནི་དྲེས་རྡོག་འདྲ།།  ཞེས་དང༌། འདྲ་བཤད་ལས། ཀོ་ལ་མི་རྒན་སེན་མོ་འདྲ། །ཞེས། སྨན་ཚོང་དག་གིས། ཀོ་ལ་བྱིང་བྱིང་ཐུ་ལུ་འདྲ། །ཞེས་སོ།།

 

༦། ཅུ་གང༌།

ཅུ་གང་གློ་ཚད་ཀུན་སེལ་རྨ་ཚད་གཅོག །ཅེས་པར། བདུད་རྩི་ཐིགས་པ་ལས། ཅུ་གང་བསིལ་རླན་མིག་སེར་ནད་ལ་ཕན། །ཞེས་གསུངས་པའི་མིང་ནི། བྷཾབ་ལོ་ཙཱ་ན། །ཏག་ཤིར། ཏཱ་མ་ཀྵི་རི། བཾ་ཤ་རོ་ཙ་ན། སྨྱིག་མ། རྩི་འཇམ་ཟེར། འདི་ལ་རིགས་གསུམ་སྟེ། མཆོག་ནི་རྩིའི་གཙོ་བོར་བཤད་བཞིན། ཡུལ་ཝཱ་རཱ་ཎ་སིའ་དང༌། མ་ག་དྷཱ་སོགས་སུ་ས་ལ་བཏབ་པའི་ཤིང་སྨྱུག་མ་ལྟ་བུའི་རྐང་ལས་འབྱུང་བ་ཡིན་ཏེ།། དཀའ་འགྲེལ་ལས། ཅུ་གང་ཝཱ་རཱ་ཎ་སིའ་ལ། སར་བཏབ་ཞེས་བྱ་འོད་མའི་རིགས།། དེ་ཡི་རྒྱུ་རུ་གྱུར་པ་ཞིག །སོ་ནམ་བྱས་པའི་སྦུབས་ནས་འབྱུང༌། །ཞེས་གསུངས་པ་བཞིན། ཡུལ་གྱི་མིང༌། རྒྱ་གར་སྐད་དུ་ཝཱ་རཱ་ཎ་སིའ། བོད་སྐད་དུ་འཁོར་མོ་འཇིག་ཅེས་པར། ཤིང་ཝཾ་ཤ་རོ་ཙཱ་ན་ཞེས་པ་སྨྱུག་མའི་རིགས་ཞིག་ས་ལ་བཏབ་ནས་སོན་མ་བྱས་པའི་རྐང་ལས་བྱུང་བ། ཁ་དོག་དཀར་ལ་སེར་ཁ་ཅུང་ཟད་ཡོད་པ་དབྱིབས་ཧ་ཤིག་བརྡར་ཕྱེ་འདྲ་བ། འཇམ་ཞིང་སྣུམ་ལ་འབོལ་བ། ལག་པ་སོགས་ལ་མི་འགོས་ཤིང༌། ཞིབ་ཀྱང་དར་རས་རྐང་སག་གེ་བའི་ནང་དུ་གཏུམས་ཀྱང་མི་འཐུལ་བ། ཁར་འཇུ་ཞིང་བྲོ་བའི་རི་མོ་གསལ་བ། ཡུན་དུ་མྱངས་ན་ཅུང་ཟད་མངར་ཉམས་ཡོད་པའོ། །འདྲ་ཡིག་དུང་གི་མིག་ལས། ཅུ་གང་དག་ལ་རིགས་གསུམ་ལས། །ཤིང་གི་ཅུ་གང་མཆོག་ཡིན་པ། །འབྲས་ཀྱི་ཕྱེ་མ་དཀར་ཞིབ་ནི། །མར་དཀར་དག་གིས་སྦྲུས་འཕུར་འདྲ། །ཞེས་དང༌། དཀའ་འགྲེལ་ལས། ཡང་ལ་རོ་རབ་མི་གསལ་བ།། ལྕེ་སྟེང་དངོས་མེད་འཇུ་བས་བཟང༌། །ཞེས་གསུངས། འབྲིང་པོ་ནི། དཀའ་འགྲེལ་ལས། མཚན་མ་པྲེ་ཏ་པུ་རིའི་ཡུལ། །རང་བྱུང་དྲི་ཆུའི་ནང་ནས་སྐྱེ། །ཕུང་པོ་ཤིན་ཏུ་ཆེ་བ་ལ། །ཚ་སྣ་འོང་བའི་ས་ལས་སྐྱེ། །ཞེས་གསུངས་པས། གསང་ཆེན་རྒྱུད་ལས་བཤད་པའི་ཡུལ་ཉེར་བཞི་འདི་ནི། རྒྱ་གར་ནག་སོགས་ཡུལ་ཆེན་དང༌། ཡུལ་དྲུག་གི་དུམ་རེར་ཡང་ཡུལ་ཕྲན་དང༌། ཡུལ་ཕྲན་གྱི་གནས་ཆེ་ཆུང་དང༌། ལུས་ཀྱི་གནས་སོགས་སྦྱར་བའི་ཆེ་ཕྲ་དུ་མ་འབྱུང་བའི་གནས་ཆེན་གངས་རི་ཏི་སེའི་ལོགས་སུ་མཚན་མའི་གནས་ཏེ། ཡུལ་ཉེར་བཞིའི་ཡབ་རྒྱ་གར་སྐད་དུ་པྲེ་ཏ་པུ་རི། བོད་སྐད་ཡི་དྭགས་ཀྱིས་གང་བ་མའམ། ཡི་དྭགས་ཀྱི་གྲོང་དུ་འཇུག་པ་དེར་ཡབ་དབང་ཕྱུག་ཆེན་པོའི་ལིངྒའི་དབྱིབས། བྲག་ལས་དེའི་ཁམས་ཀྱི་ཚུལ་དུ་ཆུ་དང་བསྡོངས་ནས་འབབ་པ་ཆུ་ཅུ་གང༌། ཡུམ་ཨུ་མའི་ཀཀྐོ་ལའི་དབྱིབས་ཀྱི་གྲོག་མོ་ལས་འཕོས་པའི་ཅུ་གང་ད་ལྟ་གངས་རི་བསྐོར་བ་རྣམས་ཀྱིས་འཁྱེར་ཡོང་བ་འདི་ནི་སྔ་མ་ཝཱ་རཱ་ཎ་སི་མ་དེ་ལས་ཅུང་དམན་ཡང་ནུས་པ་བཟང་སྟེ། དཀའ་འགྲེལ་གོང་འཕྲོས་སུ། པྲེ་ཏ་པུ་རིའི་ཅུ་གང་ཡང༌། །དེ་ལས་དམན་ཏེ་གོང་བཤད་པ། །ཧ་ཤིག་བརྡར་བའི་ཕྱེ་མ་འདྲ། །མང་དུ་སྤུངས་ན་ཅུང་ཟད་སེར། །འཇམ་ཞིང་དཀར་བ་ཤིས་པར་བྱ། །ཞེས་དང༌། དུང་མིག་ལས། ཆུ་ཅུ་གང་འབྲིང་སྟེ་བག་ཕྱེ་སིག་མེད་འདྲ། །ཞེས་སོ། །ཐ་མ་ནི་བོད་ཁམས་མ་ངེས་པའི་གནས་བཟང་གར་ཡང་འབྱུང་བ་ནི། བྲག་ཕུག་གཏིང་རིང་བ་ཕལ་ཆེར་ལས་འབྱུང་སྟེ་ཉི་ལྷགས་རླུང་གསུམ་གྱིས་མ་གདུངས་པའི་བྲག་ཆུ་རླན་དང་མ་བྲལ་བའི་བྲག་ངོས་ལ་ཆགས་པ། བཟང་ཤོས་ནི་རས་སག་ཏུ་གཏུམས་ལ་བཙིར་བས་ཆུ་སྔོ་སངས་ཀྱིས་དོན་ནས་འགྲོ་བ། ཡང་ལ་འཇམ་ཞིང་རོ་མེད་པ་ཡོང་བས། ཆུ་དེ་བཅིངས་པར་བསིལ་སྐམ་བྱེད་པར་གསུངས། དེ་རིགས་ཕལ་ཆེར་རྒས་ནས་རྡོར་གྱུར་པའི་སྲ་མཁྲེགས་ཅན་དང༌། ལན་ཚ་བྲོ་བ་སོགས་ནི་གཞན་རྐྱེན་གྱིས་བསྒྱུར་བ་ཡིན་པས་ངན་ལ་སྤང་བྱའོ། །དུང་མིག་ལས། ས་ཅུ་གང་ཐ་མ་རྟ་སོ་བཅག་པ་འདྲ་གསུངས་སོ། །བརྡ་སྤྲོད་ལས། ཅུ་གང་དཀར་ལ་རོ་མེད་བཟང༌། །འཇམ་ལ་སོ་མི་སེག་པ་དགོས། །ཞེས་དང༌། དཀའ་འགྲེལ་ལས། ཅུ་གང་དཀར་ཞིང་ཅུང་ཟད་དྭངས། །བཏེག་ན་ཡང་ཞིང་སོ་མི་སེག།  རོ་མི་གསལ་ཞིང་ལྕེ་སྟེང་དུ། བཞག་ན་བྲ་བོའི་ཡོས་ལྟར་འཇུ། །ཡུན་རིང་མྱངས་ན་ཅུང་ཟད་མངར། །དེ་འདྲའི་ཅུ་གང་བཟང་པོ་ཡིན། །ཞེས་གསུངས་པ་ལྟ་བུ་ལས། དམན་པ་ནི་ནམ་ཡང་བླང་བྱ་མ་ཡིན་ནོ། །བི་ཇི་སྨན་གཞོན་པས། ཐབས་ཀྱི་ཆུ་ལས་བྱུང་བ་ཡི། ཀུནྡ་ཅུ་གང་ཤེས་རབ་ཀྱི༌། མཚན་དབྱིབས་བྲག་ཕུག་ལ་ཆགས་པ། །འཁོར་ལོ་སྡོམ་དང་ཕག་མོའི་བཅུད། །ཡིན་ཞེས་རང་བྱུང་བཟང་པོས་བཤད། །བྱིན་རླབས་ཅན་གྱི་གནས་མ་གཏོགས། །དམན་ལས་འབྱུང་བ་མ་མཐོང་ངོ༌། །ཞེས་གསུངས་པ་བཞིན། འཕགས་པ་རང་བྱུང་བཟང་པོས་ཅུ་གང་བདེ་བྱེད་ཀྱི་སྦྱོར་ཆེན་འཁོར་ལོ་ཡིག་སྣ་དང་བཅས་པར་བཤད་ཅེས་སྨན་ནག་པས་གསུངས་པས། ཅུ་གང་མཆོག་འབྲིང་དམན་གསུམ་གནས་བྱིན་རླབས་ཅན་དུ་འབྱུང་བར་བཤད་པའོ།།

 

༧། གུར་ཀུམ།

གུར་ཀུམ་མཆིན་ནད་ཀུན་སེལ་རྩ་ཁ་སྡོམ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། གུར་ཀུམ་མཆིན་པའི་ཚ་བ་སེལ། །ཞེས་དང༌། ལྕགས་ཕྲེང་ལས། གུར་ཀུམ་བསིལ་ལ་ལྕི་བས་རང་གི་ནུས་པས་མཆིན་ནད་གསར་རྙིང་སེལ། །ཞེས་དང༌། བདུད་རྩི་ཐིགས་པར། གུར་ཀུམ་བསིལ་ཞིང་ལུས་ཟུངས་འཕེལ་བར་བྱེད། །ཅེས་གསུངས་པའི་མིང་ནི། ཀུང་ཀུ་མཾ། གུར་ཀུམ། ཀུ་སུ་མ། མེ་ཏོག དྷ་རཾ། དཔལ་བ། ཨགྣིཀཾ། མེ་ལྡན། ཧ་རི་ཙན་དྣནཾ། ཧི་རི་ཙནྡ་ཅན། བ་རཾ་སྐསྨི་ར། ཁ་ཆེར་མཆོག་སྐྱེས། སྐསྨིརཛྨནཐ། ཁ་ཆེར་སྐྱེས། ལོ་ཧི་ཏ་ཙནྡནཾ། ཙནྡན་དམར་ཅན། དིའ་པ་ནཾ། སྣང་བྱེད། སཱུརྱ། ཉི་མ། སཾ་ཀོ་ཙཾ། ཡང་དག་འཁུམ། རཀྟ་སཾ་གདྲབ་ཀཾ།།  དམར་མིང་ཅན། སཽ་བྷ་བྷྷཾ། དྲི་ཞིམ། སུ་གནྡྷ། དྲི་བཟང༌། རཀྟཱངྒ། ལུས་དམར། ཨགྣི་ཤྲིག མེའི་རྩེ་མོ། ཀུ་སུ་མཱརྠ་ཀཾ མེ་ཏོག་དོན་ཅན། སིད་མུ་ཐ། ཎི་ཙནྡྷུ། ཡུལ་སྐད་དུ། ཟི་ཚི་ཀུ་ས། ཀུ་ས་ནི། ཀེ་ས་ར། ཀུ་སུམྦྷ། གབ་ཏུ། མཆིན་སྨན་གཙོ་བོ། ལི་ཁྲིའི་མདངས་ཅན། ལེ་བརྒན་རྩི། ཉི་མ་གུང་རྙེད། འཇམ་དབྱངས་མདོག་ཅན་ཟེར། རྒྱ་ནག་པས། ཟ་ཕན་ཟེར་རོ། །འདིའི་ཁུངས་དང་ལོ་རྒྱུས་ནི། གུར་ཀུམ་འདི་ནི་སྨན་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཙ་ར་ཀ་ལས། ཚངས་པའི་སྨན་སྦྱོར་སྟོང་དང་རྩ་གཉིས་ཀྱང༌། །རྩ་བ་གུར་ཀུམ་སེ་འབྲུ་གཉིས་ལ་ཐུག །ཅེས་གསུངས་པས། གྲང་སེལ་ཐམས་ཅད་ཀྱི་རྩ་བ་སེ་འབྲུ་དང༌། ཚ་སེལ་ཐམས་ཅད་ཀྱི་རྩ་བ་གུར་ཀུམ་ལ་མཛད་པའི་དོན་ནི། སྔོན་རྒྱ་མཚོ་བསྲུབས་པའི་ཚེ། བདུད་རྩིའི་བུམ་པའི་ཁ་རྒྱན་དུ་ལྷའི་མེ་ཏོག་སུ་གནྡྷ་ཀུ་སུ་མ་བྱུང་བ་དང༌། བདུད་རྩིའི་ཟེགས་མ་ས་ལ་འཐོར་བ་ལས། ཀེ་ས་ར་པིངྒ་ལི་འཁྲུངས་པ་འདི་དག་རྒྱུ་འདྲ་བལས་ཆེས་སྔོན་དུ་བསྐལ་པ་རྫོགས་ལྡན་ཚེ་ལོ་བརྒྱད་ཁྲིའི་དུས། རྒྱལ་པོ་ལག་བརྐྱང་གིས་སངས་རྒྱས་འཁོར་བ་འཇིག་སྤྱན་དྲངས་པའི་ཚེ། ལྷ་རྣམས་ཀྱིས་མེ་ཏོག་གུར་ཀུམ་གྱི་ཆར་ཕབ་པས་སྟོན་པའི་སྐུ་ལ་མཚན་དཔེའི་ཆ་ཤས་ཆེས་གསལ་བར་གྱུར་པ་དང༌། དེ་རྗེས་བསྐལ་པ་ཉིས་ལྡན་ཚེ་ལོ་དྲུག་ཁྲིའི་དུས། རྒྱལ་པོ་ལྷས་བསྟན་གྱི་རིང་ལ་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་པ་སྐུ་འཁྲུངས་ཚེ་ལྷ་རྣམས་ཀྱིས་གུར་ཀུམ་གྱི་ཆུས་ཁྲུས་གསོལ་བ་དང་སྐྱེམས་སུ་ཕུལ་བས། སངས་རྒྱས་ཀྱིས་གུར་ཀུམ་གྱི་ཡོན་ཏན་ལ་བསྔགས་པའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་དང་བཅས་གསོ་དཔྱད་འབུམ་པའི་ཚ་སེལ་གྱི་རྩ་བར་བཞག་ནས། མི་མཇེད་ཀྱི་བདག་པོ་ཚངས་པ་ལ་གནང༌། དེ་ལ་བརྟེན་ནས་ཚངས་པས་སྨན་སྦྱོར་སྟོང་དང་རྩ་གཉིས་ཉམས་སུ་བཞེས་པ་དང༌། དེ་རྗེས་བསྐལ་པ་སུམ་ལྡན་ཚེ་ལོ་བཞི་ཁྲིའི་དུས། རྒྱལ་པོ་ཀྲྀ་ཀྲིའའི་རིང་ལ་སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱོན་པའི་ཚེ། སྐུ་འཁྲུངས་མ་ཐག་ལྷ་རྣམས་ཀྱིས་གུར་ཀུམ་གྱི་ཆུས་ཁྲུས་གསོལ་བ་དང༌། སྐྱེམས་སུ་ཕུལ་བས་སྐུ་མཚན་དཔེ་འབར་བ་དང༌། གསུང་དབྱངས་ཡན་ལག་དྲུག་ཅུ་རྫོགས་པའི་རྐྱེན་དུ་སྨིན་པས་སངས་རྒྱས་ཀྱིས་མེ་ཏོག་དེ་ལ་མངོན་པར་བསྟོད་པས། དེའི་ཚེ་དགྲ་བཅོམ་པ་པདྨོའི་དཔལ་ཞེས་བྱ་བ་སངས་རྒྱས་ཀྱི་མཐུས་རྫུ་འཕྲུལ་གྱིས་ལྷ་ཡུལ་དུ་ཕེབས་པས། ལྷ་རྣམས་ཀྱི་བསོད་ནམས་ཀྱི་མཐུས་ཆོས་བཟང་ལྷའི་འདུན་སར་གུར་ཀུམ་གྱི་སྐྱེད་ཚལ་ཡོད་པ་ནས་ས་བོན་བླངས་ཏེ་དྲག་ཤུལ་ཅན་གྱི་རི་ལ་བཏབ་བོ། །དེ་རྗེས་སྨན་གྱི་ལྷ་མོ་ཡིད་འཕྲོག་མས་སྨན་ཐམས་ཅད་ཀྱི་ས་བོན་འདེབས་པ་དང་ལྷན་ཅིག་ཏུ་ལྷའི་སྨན་པ་ཐ་སྐར་སྐྱེས་ཀྱི་བུ་ཐང་གྲོ་དང་དཔལ་གྲོ་གཉིས་སངས་རྒྱས་ཀྱི་བཀའ་དང༌། ཚངས་པའི་ལུང་གིས་བསྐུལ་ནས་རི་དྲག་ཤུལ་ཅན་ལས་ས་བོན་བླངས་ཏེ་རི་བོ་བྱ་རྐང་དུ་བཏབ་བོ། །དེ་ནས་ཁ་ཆེའི་ཡུལ་ཆུས་གང་སྟེ་རི་རྣམས་ཀྱི་སྟོད་ལས་ཆེར་མི་མངོན་པའི་དུས་དེའི་རི་ཕུག་ཏུ་དགྲ་བཅོམ་པ་ཉི་མ་གུང་པ་བྱ་བ་ཞིག་ཐུགས་དམ་ལ་བཞུགས་པར། ཀླུའི་དབང་པོ་རྣམས་མངོན་པར་དད་ཅིང་ཆོས་ཞུ་བའི་ཚེ། དགྲ་བཅོམ་པས་ཀླུ་རྣམས་ལ། དཀོན་མཆོག་མཆོད་པ་དང༌། འགྲོ་བའི་ནད་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་གུར་ཀུམ་འདེབས་པའི་ས་རྒྱ་ཞིག་བསླང་ན། དེ་ལ་ཀླུ་རྣམས་དགྱེས་པས་གནང་བ་དང༌། དེའི་ས་མངོན་པར་བྱ་བའི་ཕྱིར་མཚོ་ཕྲི་བ་དང་སྨིན་པའི་གྲོགས་གསོལ་ཏོ། །ཞེས་བཀའ་སྩལ་པས་གསོལ་བ། ཉིད་ཀྱི་ཆོས་གོས་ཀྱིས་གང་ཁེབས་པའི་ས་རྒྱ་འབུལ་བ་དང་བཅས་ཕྲིན་ལས་བསྒྲུབ་བོ།།  དགྲ་བཅོམ་པས་ངའི་ཆོས་གོས་སངས་རྒྱས་ཀྱིས་མ་གནང་བས་ས་ཆུ་ལ་འགེབས་པར་མི་བཏུབ་བོ། །གསུངས་སོ། །འོ་ན་མཁའ་ལ་བཏེག་པའི་གྲིབ་མ་ལ་ཚོད་གྱིས་ཤིག དགྲ་བཅོམ་པ་ནང་པར་ནམ་མཁའ་ལ་རྫུ་འཕྲུལ་གྱིས་འཕུར་ཏེ་ཉི་མ་འཆར་བའི་རིའི་གསང་ཧེ་ལ་ཆོས་གོས་འཕྱར་བས་དེའི་ཡུལ་ལྗོངས་ཕལ་ཆེར་གྲིབ་མས་ནོན་ཏོ། །དེར་ཀླུས་ས་ཕུལ་བཞིན་མཚོ་ཕྲིས་པས། དགྲ་བཅོམ་པས་རི་བྱ་རྐང་ཅན་ནས་ས་བོན་བླངས་ཏེ་བཏབ་ནས། སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་སྐྱེ་བར་སྨོན་ལམ་བཏབ་པ་དང༌། ཀླུས་གྲོགས་བགྱིས་པས་སྐྱེས་པ་དང༌། ཡུལ་དེར་མི་ཡང་རིམ་པས་ཆགས་པར་གྱུར་ཏོ། །དེ་བཞིན་དུ་པཎ་ཆེན་ནཱ་རོ་པས་རི་བོ་བྱ་རྐང་ནས་ས་བོན་བླངས་ཏེ་པུཥྤེ་ཧ་རིར་བཏབ་པ་དང༌། དེ་ལས་འཕྲོས་པ་མ་ལ་ཡ་སོགས་སུ་ཡང་སྐྱེས་པ་དང༌། དེ་མ་ཡིན་པའི་དེ་དང་ནུས་པ་ཕྱོགས་མཐུནཔ་ཙམ་ལྡུམ་རར་བཏབ་པ་ལ་ལེ་བརྒན་མ་ནི་རྒྱ་གར་གྱི་ཡུལ་ཕལ་ཆེར་དུ་སྐྱེ་བ་དང༌། དེའི་རྒྱུན་བལ་ཡུལ་དུའང་དེ་ལས་དམན་ཙམ་རྟག་པར་སྐྱེས་པ་དང༌། དེ་ལས་དམན་པ་ཙམ་བོད་ཀྱི་ལྡུམ་རར་ཡང་སྐྱེ་བ་ན་དེ་རྣམས་ནི་ཁུངས་བྱུང་གི་ལོ་རྒྱུས་སོ། །དེས་ན་གུར་ཀུམ་གྱི་མཆོག་ནི་བྱ་རྐང་མ་དང༌། རབ་ནི་རྒྱ་གར་སྐད་དུ་ཀསྨིར། བོད་སྐད་དུ་ཁ་ཆེ་སྟེ། ཡུལ་གྱི་མིང་མེ་ཏོག་ལ་ཐོགས་པ་ཁ་ཆེ་མ་དང༌། དེ་དང་འདྲ་བ་པུཥྤེ་ཧ་རི་དང་མ་ལ་ཡར་སྐྱེས་པའོ། །འབྲིང་པོ་ནི་རྒྱ་གར་ཕལ་དུ་སྐྱེ་བ་ལེ་བརྒན་མ་དང༌། དེ་ལས་ཅུང་དམན་པ་བལ་པོ་གུར་ཀུམ་དང༌། ཐ་མ་བོད་ཀྱི་ལྡུམ་རར་སྐྱེ་བ་སྟེ་མཆོག་རབ་འབྲིང་ཐའི་དབྱེ་བས་རིགས་ལྔའོ། །མ་ལ་ཡ་འགྲེལ་ལས། གུར་ཀུམ་བྱ་རྐང་ཁ་ཆེ་མ། །ལེ་བརྒན་བལ་བོད་རྣམ་པ་ལྔ། །ཞེས་བྱ། ཁུངས་ཡང་དེ་ཉིད་ལས། གུར་ཀུམ་དྲག་ཤུལ་ཅན་རི་ནས། དྲང་སྲོང་རྣམས་ཀྱིས་བྱ་རྐང་དུ། །ས་བོན་ཁྱེར་ནས་བཏབ་ལས་བྱུང༌། དགྲ་བཅོམ་ཉི་མ་གུང་པ་ཡིས། །བྱ་རྐང་རི་ནས་ས་བོན་བླངས། །ཁ་ཆེའི་ཡུལ་ལྗོངས་ཆགས་མ་ཐག །སྨོན་ལམ་ས་བོན་ལྷན་ཅིག་བཏབ། །བདེ་ལེགས་ཟེའུ་འབྲུས་བསྡུས་པ་ཡིས། །དེང་སང་སོ་ནམ་དགོས་ཞེས་ཟེར། །པུཥྤེ་ཧ་རིའི་དགོན་པ་ན། །གུར་ཀུམ་སྐྱེ་བ་ཡིན་ཕྱིར་བརྟག །མ་ལ་ཡ་ནས་འབྱུང་བ་མཆོག །ལེ་བརྒན་རྒྱ་གར་ཡུལ་ཀུན་སྐྱེ། །བལ་པོ་གུར་ཀུམ་ཞེས་གྲགས་ཡོད། །མེ་ཏོག་འདབ་མས་བསྡུས་པ་ཡིན། །བོད་ཀྱི་གུར་ཀུམ་གོ་བ་སླ། །ལྡུམ་རའི་ནང་དུ་སྐྱེ་བ་ཡོད། །ཅེས་སོ། །དེ་དག་སོ་སོར་ངོས་འཛིན་པ་ཡང་དེ་ཉིད་ལས། །གུར་ཀུམ་དམར་སེར་སིལ་བུ་ལ། །དྲི་ཞིམ་རོ་མངར་ཁུ་བ་ཆེ། །ཞེས་སྤྱིའི་བཤད་པ་དང༌། བྱ་རྐང་བ་ནི་ལོ་མ་དང༌། །མེ་ཏོག་སྔོན་པོ་ཅུང་ཟད་འདྲེས། །རྩ་བ་དོ་བའི་སྡོང་པོ་འདྲ། །དྲི་རོ་ལྷག་པར་བཟང་བ་ཡིན། །ཞེས་བྱ་རྐང་མ་སྟེ་འདི་ཤིན་ཏུ་དཀོན་པའོ། །ཁ་ཆེ་མ་ནི་རབ་ཏུ་སེར། །གེ་སར་ཁམ་ན་གཞན་མ་འདྲེས། །ཞེས་པ་འདི་ཁ་ཆེ་མ་སྟེ། རྒྱ་གར་ནས་ཛོ་ཀི་རྣམས་ཀྱིས་འཁྱེར་ཡོང་བ་དང་འདི་རྣམས་འདྲ་བ་ལས་རྫོ་ཀིས་འཁྱེར་བའི་མ་ལ་ཡ་ནས་འོང་བ་དང༌། པུཥྤེ་ཧ་རི་ནས་འོང་བ་སིལ་བུ་ཡིན་ལ། ཁ་ཆེ་ནས་འོང་བ་ཕལ་ཆེར་བཀྵ་ཞེས་དམ་བཀྲས་བསྡམས་པ་མང༌། འདི་ལ་རིང་ཐུང་ཁྲུ་གང་རེ་ཙམ་ཡོང་བར་གསུངས། དེ་ཉིད་ལས། ལེ་བརྒན་དྲི་རོ་མི་གསལ་ཡང༌། །ཁ་དོག་དམར་སེར་གསལ་ན་བཟང༌། །ཞེས་རྒྱ་གར་གྱི་གུར་ཀུམ་སྟེ། དྲི་རོ་ཆེར་མེད་ཀྱང་ཁ་དོག་ཤིན་ཏུ་གསལ་ལ་ཁུ་བ་སེར་པོ་འབབ་པ་དང༌། བལ་པོའི་གུར་ཀུམ་ནག་ལ་ཉོབ་པ་ཁུ་བ་མེད་པ་འབྱུང༌། འདི་གཉིས་ལོ་མ་ཆེ་ལ་རྐང་རིང་བ་མི་ཚད་ཙམ་འབྱུང་ཟེར། བོད་ཀྱི་ལྡུམ་རའི་གུར་ཀུམ་ཡང༌། དེ་ཉིད་ལས། བོད་ལ་ལྡུམ་རའི་ནང་དུ་སྐྱེ། །དྲི་ཞིམ་ལི་ཁྲིའི་མདོག་ཅན་མཆོག །གེ་སར་སྨུག་པོ་འདུག་པ་འབྲིང༌། །སྐྱ་ལ་དྲི་མ་ཆུང་ན་ངན། །ཞེས་སོ། །བཟང་ངན་བརྟག་པ་ནི། དེ་ཉིད་ལས། གུར་ཀུམ་ཤིན་ཏུ་མི་དམར་ཞིང༌། །ཤིན་ཏུ་སྨུག་པ་མ་ཡིན་པ། །དམར་སེར་སྣུམ་ཞིང་ལྕི་བ་དང༌། །རོ་མངར་དྲི་མ་ཆེ་ལ་ཞིམ། །ཁུ་བ་དམར་སེར་གར་ན་བཟང༌། །དེ་ལས་ཇི་ལྟར་ལྡོག་བཞིན་ནོ། །ཞེས་གསུངས་བཞིན་ཁ་ཆེ་མ་ཡང་ཁུ་བ་བཏོན་པ་ཡོང་བས། དྲི་རོ་དང་ཁུ་བ་གསུམ་གཙོ་ཆེ། དྲི་རོ་ལས་ཀྱང་ཁུ་བ་རྟགས་ཆེ་བ་ཡིན། སེར་ལ་འཇམ་པ་དང༌། ནག་ལ་ཟན་སྐམ་འདྲ་བ་ཁུ་བ་སོང་བ་ཡིན། སྨུག་ལ་སྣུམ་ཞིང་གྱོང་བ་བཟང༌། དེས་ན། འདྲ་དཔེར་ཡང༌། གུར་ཀུམ་གཡག་ཤ་ཕྱེ་མ་འདྲ། །ཞེས་སོ།།

 

༨། གི་ཝང༌།

གི་ཝང་རིམས་དུག་མཆིན་ནད་སྣོད་ཚད་སེལ། །ཞེས་པར་མིང༌། གོ་རོ་ཙ་ན། སིང་ཀ་ལ། གླང་ཆེན་མཁྲིས་པ། གླང་ཆེན་རྩི། དུད་འགྲོའི་མི། ས་གས་ཞེས་ཟེར། ངོ་བོ་ནི། གླང་པོ་ཆེའི་མཆིན་མཁྲིས་ལས་བྱུང་བ་སྟེ། འདི་ལ་མཆོག་དམན་གཉིས་ཡོང་བའི་མཆོག་ནི། གླང་ཆེན་ཤི་བའི་མཆིན་མཁྲིས་ལས་བླངས་པ་དམར་སེར་སྨུག་ལ་སྣུམ་མདངས་ཆགས་པ། མཁྲེགས་པ་བཅག་འཕྲོར་དམར་སེར་རིམ་པ་དོད་པ། ཕྱི་ལ་ལྕགས་རྩི་ཆགས་པ་དྲི་རོ་བཟང་ལ་མཁྲིས་རོ་ཅུང་ཟད་ཡོད་པ། སྨན་གཞན་དང་སྦྱར་ཚེ་ཉུང་དུས་ཀྱང་ཡུན་དུ་འདུལ་བས་ཁ་དོག་སེར་པོར་བསྒྱུར་བ། ཇི་ལྟར་འདུལ་བཞིན་ཇེ་ཇེར་སེར་བ། ཟོས་ཚེ་སོ་མི་སེག་པ་དེ་ནི་སླད་མེད་པས་བཟང་ངོ༌། །ཅུང་ཟད་དེ་ལས་དམན་པ་ནི་སྔ་མ་ལས་སེར་ལ་འབོལ་བའོ། །ལར་གླང་པོ་ཆེར་ཆང་གར་མ་མང་དུ་བླུད་པས་མཆིན་མཁྲིས་རྒྱས་ནས། ཁ་རླངས་དང་ཁ་ཆུ་དྲི་ཆུ་སོགས་ལ་གི་ཝང་གི་རྒྱུན་འབབ་པས་ཞག་རེའི་ཁ་རླངས་ཡང་ས་སྟེང་དུ་ཕུང་པོར་ཆགས་འདུག་པར་བཤད་པས་དེ་ལས་མ་འདྲེས་པ་སྔ་མ་དང་འདྲ་བའི་ནུས་པ་ཡོད་ལ། རྗེ་པུ|u་རི་ཀས། མྱོས་བྱེད་ཀྱིས་རྦད་མགྲིན་པ་ནས་ཟག་པའི། གི་ཝང་དྲི་བཟང་བུང་བའི་གཏེར་འཛིན་པ། །ཞེས་པས། དྲི་རོ་མཆོག་ཏུ་བཟང་ལ་སེར་ཤས་ཆེ་བའོ། །དེ་ལས་འདྲེས་པ་དང༌། བསྲེས་པ། གཞན་བཟོ་མ་རིལ་བུར་དྲིལ་ནས་ཕྱི་ནད་མང་པོ་བཀོན་བུ་བྱས་པ་སྟེ། སླད་ཅན་རྣམས་ནི་མིག་དང་ཁས་བརྟགས་པས་ཤེས་པར་འགྱུར་རོ། །གཞན་མི་དང་སེམས་ཅན་ལ་ཡང་ཡོང་བའི་མི་ལས་བྱུང་བ་བཟང༌། སེམས་ཅན་རྔ་ཕྲན་དང་རི་དྭགས་ལས་བྱུང་བ་འབྲིང༌། རྔ་སྤུན་དང་ར་ལུག་གཅན་གཟན་ལས་བྱུང་བ་དམན་ནོ། །སེམས་ཅན་མཚན་མོ་ལ་འཁུན་སྒྲ་འབྱིན་པ་དང༌། ཁྱད་པར་བ་གླང་མཛོ་ཏོལ་སོགས་མིག་དམར་སེར་མཚན་མོ་འཁུན་པ་ལས་ཡོང་གསུངས་པ་བཞིན་ངེས་པར་འབྱུང་བ་མཐོང་ངོ༌།།

 

༩། གླ་རྩི།

གླ་རྩིས་དུག་སྲིན་མཁལ་ནད་གཉན་ཚད་སེལ། །ཞེས་པར། རིན་སྤུངས་ལས། གླ་རྩི་ཤིན་ཏུ་བསིལ་བའི་མཆོག །ཅེས་པར་མིང༌། ཀ་རི། མྲྀ་ག་མ། རི་དྭགས་ཀྱི་ཆ། ཟུར་ཆག་པར། ཀ་དུ་རི། གབ་ཏུ། རི་དྭགས་ལྟེ་བ། ལྟེ་བའི་དྲི། དྲི་ཅན་ལྟེ་བ། འདོམས་ཀྱི་ངར་རྩི། སྦྲུལ་དུག དྲིའི་རྩི། རི་དྭགས་རྩི་རྣམས་ཟེར། རིགས་ལ་བརྟག་པ་ནི། གླ་ནག་དང༌། གླ་སྐྱ་གཉིས་ཏེ། གླ་ནག་ནི་ནགས་ནང་དུ་གནས་པའི་གླ་བ་སྔོ་ནག་གཟུགས་ཆུང་ལ། ཐང་ཤིང་གི་རྩེ་སྟོད་ལ་ཉེ་བར་འཛེགས་ཐར་བ། དེ་ལ་རྩི་ཤིན་ཏུ་ཆེ་ལ་དྲི་མ་ངར་ཞིང་ཁྱབ་ཆེ་བ། རྩི་ཁའི་སྤུ་དམར་སེར་སྤུ་ཤིན་ཏུ་ཕྲ་བ། ཤི་བའི་ཤ་ཡང་རྩིའི་དྲི་མས་ཁྱབ་པས་ཟ་མི་བཏུབ་པ་འབྱུང་བར་བཤད་པ་དེ་ཤིན་ཏུ་བཟང༌། གླ་སྐྱ་ནི་དཀྱུས་མ་ཡིན། ཡུལ་ལ་བརྟག་པ་ནི། སྐམ་ཤས་ཆེ་ལ་ཤིང་ཕུར་མང་མང་བ། རྩྭ་ངན་པ་སྐྱེས་སའི་གླ་རྩི་བཟང༌། དེ་ལས་ལྡོག་པའི་ཡུལ་ནི་ངན་པ་ཡིན། དབྱིབས་ལ་བརྟག་པ་ནི། རྩི་རིལ་གཅིག་རྡོག་ཏུ་དྲིལ་བ་བཟང་མཆོག་ཡིན། རྩི་འབྲུམ་རིལ་བུ་མང་བ་འབྲིང༌། རྩི་འབྲུམ་ཡང་སྲ་མཁྲེགས་ཅན་ཕྱི་ལ་ནག་རྩི་སྣུམ་འོད་ཆགས་པ་བཟང༌། རྩི་ཉོབ་ཕྱེ་མ་ངན་པའོ། །ཁ་དོག་ལ་བརྟག་པ་ནི། སེར་པོ་རབ། དམར་ཁམ་འབྲིང༌། ནག་པོ་ཐ་མའོ། །འདི་ཡང་དྲིའི་ལས་བྱེད་པ་ཡིན་པས་དྲི་མ་ཡལ་བར་པར་བུར་བཅུག་ལ་ཁ་སྤྲ་ཚིལ་གྱིས་བཀག་ནས་ཉར་ཚག་དགོས་པར་བཤད། འདི་དང་ཤིང་ཀུན་ག་བུར་ཙན་དན་དཀར་པོ་རྣམས་ཚག་དམ་པར་བྱ། ལུགས་གཅིག་ཉར་ཚག་བྱས་པའི་ཕྱི་ནས་སྣོམ་ཚེ་དྲི་མི་བྲོ་བ་དགོས། བྲོ་ན་རང་ཉམས་པ་དང་སྨན་གཞན་ལ་གནོད་པར་བཤད། ཁྱད་པར་བྱུ་རུ་ལ་དྲིས་གོས་ན་ཆག་གས་བྱེད་པ་དང༌། བུམ་རྫས་ཀླུ་སྨན་སོགས་ལ་རེག་མི་རུང་ངོ༌། །བཅུད་ལེན་དུ་གླ་རྩི་གཏོང་ན་དུག་གསོད་དགོས་པར། རྡོ་རྗེ་མཁའ་འགྲོའི་འགྲེལ་པར་བཤད། འདི་ལ་མ་གི་ཡང་ཟེར་ཏེ། མ་གི་ཏ་འཇུག་པ་མང་ལ། དཔག་བསམ་ལྗོན་ཤིང་ལས། དབང་པོ་མེ་ཏོག་མ་གི་ཏ། གསུམ་པ་འབྲུ་ཡི་མ་གི་ཏ། རེ་རལ་ཤིང་གི་མ་གི་ཏ། སྒོག་སྐྱ་སྤོད་ཀྱི་མ་གི་ཏ། མ་གི་ཏ་ལ་མང་བཤད་དོ། །ཞེས་པས་སྐབས་འཇུག་ཤེས་དགོས་སོ།།

 

༡༠། དོམ་མཁྲིས།

དོམ་མཁྲིས་རྩ་སྡོམ་རུལ་གཅོད་ཤ་འུ་སྐྱེད། །ཅེས་པའི་མིང༌། བྷ་ལུ་སིབྟ། ཏྲི་ཛི་ཏ་རི། ཨཱ་ཡུ་པུ>a8། སྲོག་གི་མེ་ཏོག ཐུགས་ཀར་མེ་མཉམ། ནག་པོ་བཅད་འབྱོར། གཡའ་ཀྱི་བཅད་འབྱོར། རྩ་སྡོམ་ཤུགས་ཆེན་རྣམས་ཟེར། རིགས་གསེར་མཁྲིས་སེར་པོ། གཡུ་མཁྲིས་སྔོན་པོ་གཉིས། ནམ་ཟླའི་དབང་གིས། དབྱར་གཡུ་མཁྲིས། དགུན་གསེར་མཁྲིས་ཟེར་ཡང་མ་ངེས་པར་སེམས། དོམ་མཁྲིས་བཟང་ངན་ཆུ་ལ་དྲིས། འཇའ་ཡི་ཀ་བ་ཚུགས་ན་བཟང༌། ཟེར་བའང་འདུག ཡིན་མིན་ཐེ་ཚོམ་ན། མཁྲིས་པའི་ཁ་ལྤགས་མཉེས་ས་མི་འཆག་པར་སྐྱ་སོབ་ཏུ་སོང་ན་དོམ་ཡིན། པགས་པ་ཡར་ཞིང་ཆག་ན་དྲེད་སོགས་གཞན་ཡིན་ཟེར་བ་བདེན་པ་ཤས་ཆེ་བར་སེམས།

 

༡༡། དབང་པོ་རིལ་བུ།

དབང་པོ་རིལ་བུས་དུག་འཇོམས་ནོར་བུ་ཡིན། །ཞེས་པའི་ཁུངས་ནི། རིན་སྤུངས་མཛེས་རྒྱན་ལས། སྔོན་གྱི་ཚེ་ན་ལྷ་རྣམས་དང༌། །ལྷ་མིན་བདུད་རྩི་འདོད་པ་མཐུན། །རྒྱ་མཚོ་བསྲུབས་ཚེ་བདུད་རྩི་སྔོན། །དུག་བྱུང་ཚངས་པས་རབ་གཟིར་བས། །ཕུང་བྱེད་དུག་དངོས་ཞི་གྱུར་ཡང༌། །ནུས་པ་རྒྱུ་དང་མི་རྒྱུ་བའི། དུག་རིགས་ལས་གྱུར་འཇིག་རྟེན་ཁྱབ། །དེ་ཚེ་ལྷ་དབང་བརྒྱ་བྱིན་གྱིས། །གཉེན་པོ་འབྱུང་བར་སྨོན་ལམ་བཏབ། །སླར་ཡང་མཚོ་བསྲུབས་བདུད་རྩི་བྱུང༌། །རླངས་པའི་ཟིལ་ཕྲོམ་དངུལ་ཆུ་ཡི། །ཐིགས་པ་ས་ལ་འཐོར་བ་ལྟར། ས་སྟེང་ཁྱབ་པས་འབྱུང་བཞི་ལས།།  གྲུབ་པའི་སྨན་རིགས་ཐམས་ཅད་ལ། བདུད་རྩིའི་ཟེགས་མ་སྐྲ་རྩེ་ཙམ། །རིལ་བུར་འཐོར་བས་མ་ཁྱབ་མེད། །དེ་ཕྱིར་ས་སྟེང་སྨན་མིན་པའི། །ས་རྡོ་རྩི་ཤིང་གང་ཡང་མེད། །སྨན་ལ་བདུད་རྩིའི་མཐུས་ཁྱབ་པའི། །ནུས་ལྡན་སྨན་ཀུན་འཇོམས་བྱེད་དེ། །སེམས་ཅན་ཀུན་གྱིས་ཟོས་པའི་བཅུད། །བརྒྱ་བྱིན་སྨོན་ལམ་མཐུ་བརྟས་པས།།  སེམས་ཅན་མ་ངེས་འགའ་ཞིག་ལ། །དྭངས་མ་བདུད་རྩིའི་དབང་པོའི་གང༌། །རིལ་བུར་འདྲིལ་བ་ལུས་ལ་ཆགས། །དེ་སྙེད་དུག་རིགས་མ་ལུས་པ། །འཇོམས་བྱེད་རིན་པོ་ཆེ་རུ་གྲུབ། །དེ་ནི་ལྷ་དབང་མཐུས་གྲུབ་པས། །དབང་པོ་རིལ་བུ་མིང་དུ་གྲགས། །ཞེས་དང༌། དྲང་སྲོང་གྲུབ་པའི་བསྟན་བཅོས་ལས། སྔོན་དུས་གངས་རིའི་བདག་པོ་མགྲིན་སྔོན་གྱིས། །སངས་རྒྱས་བསྟན་ལ་གནོད་པར་བྱ་བའི་ཕྱིར། འཛམ་གླིང་དུག་རིགས་ཀུན་གྱི་བཅུད་བསྡུས་ནས། །སྦྱོར་བ་མི་འདྲ་སུམ་བརྒྱ་དྲུག་ཅུ་བརྩམས། །དེ་ཡི་གཉེན་པོ་ལྷ་དབང་བརྒྱ་བྱིན་གྱིས། །སྨན་རིགས་སུམ་བརྒྱ་དྲུག་ཅུའི་བཅུད་བསྡུས་ནས། །སྨོན་ལམ་བཏབ་སྟེ་ནམ་མཁའི་དབྱིངས་སུ་གཏོར།།  ཧ་ལའི་དུག་རིགས་གང་དུ་དར་བའི་སར། འདི་ཉིད་དེ་ཡི་གཉེན་པོར་སྨིན་པར་ཤོག །དེ་སྐད་བརྗོད་མཐུས་དབང་རིལ་ཞེས་བྱ་བྱུང༌། །དེ་ཡང་སེམས་ཅན་སྤྱི་མཐུན་བསོད་ནམས་ཀྱི་ས། །སྔོན་གྱི་སྨན་བཅུད་དེང་འདིར་རྡོ་རྩི་སྔོ། །ཆུ་ལ་སོགས་པར་བྱུང་བ་སུས་ཟོས་པའི། ཁོང་དུ་སྨིན་ནས་རིལ་བུ་གཅིག་ཏུ་འགྲིལ། །ཕལ་ཆེར་གླང་ཆེན་རྨ་བྱ་གླ་བ་དང༌། །ར་རྒོད་སོགས་ལས་འབྱུང་ལ་མཐའ་འཁོབ་ཀྱི༌། །ཡུལ་རིགས་རྣམས་སུ་འབྱུང་བས་མང་བ་ཡིན། །ཞེས་དང༌། ཡང་མན་ངག་ཁ་ཅིག་ཏུ། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གྱིས། །རིན་ཆེན་སྣ་ལྔའི་བཅུད་བསྡུས་ནས། །རིལ་བུར་དྲིལ་ཏེ་རྒྱ་མཚོར་འཕངས། །གླང་པོས་རྒྱ་མཚོའི་ཆུ་འཐུངས་པས། །དབང་རིལ་གླང་པོ་ཆེ་ལས་བྱུང༌། །མཚོ་རྟ་ལ་ཡང་ཡོད་པར་བཤད། །ཉ་ཆེན་ཡོལ་མོ་ལས་བྱུང་རབ། །གླ་བ་ལས་ཀྱང་འབྱུང་བར་བཤད། །ཅེས་དང༌། གཡུང་དྲུང་འཁྱིལ་པ་ལས། སྔོན་དུས་སྟོན་མཆོག་དབང་པོ་གཤེན་རབ་ཀྱིས༌།སྐྱབས་གནས་སྲུང་མར་བཅས་ལ་རིན་ཆེན་དང༌། །འབྲུ་སོགས་མཆོད་པ་ཕུལ་ནས་དམོད་འདི་བོར།། སྙིགས་དུས་མ་རུངས་བདུད་ཀྱི་སྤྲུལ་པ་འགས། །ཟས་ངན་དུག་སྦྱོར་ཉེས་པ་ཡོད་མིན་གྱི། །མི་ཆེན་སྲོག་ལ་ཧུར་ཐུམ་བྱེད་དུས་སུ། །དེ་ཉིད་འཇོམས་བྱེད་སྨན་མཆོག་རིན་པོ་ཆེའི། །མཐུ་ལྡན་རང་བྱུང་དངོས་གྲུབ་སྩལ་དུ་གསོལ། །གསུངས་པས་ལྷུང་བཟེད་ནང་དུ་དངོས་གྲུབ་ཀྱི༌། །རིལ་བུ་རིགས་ལྔ་བྱུང་བ་ཕྱོགས་བཅུར་བོར།། ཕྱོགས་ཀུན་ཁྱབ་ནས་འགྲོ་ལ་ཕན་པར་ཤོག །ཅེས་གསུངས། དབང་གི་གནས་ལ་མ་ངེས་པར། །སྲོག་ཆགས་ཀུན་དང་ཁྱད་པར་རྨ་བྱ་སོགས། །སྲོག་རྩ་རྭ་རྩེ་མཁྲིས་པ་ཀླད་པ་དང༌། །ཕོ་ལོང་རྒྱུ་མ་མཆིན་པ་སོགས་ལས་འབྱུང༌། །རྒྱ་གར་སྨན་གྱི་ནགས་སུ་སྐྱེས་པའང་ཡོད། །ཡུལ་དེའི་གླ་བ་དཀར་པོ་སྨན་ཟ་བའི། །རྩི་ཤའི་ཁ་ལྟེམ་དག་ལས་ངེས་པར་འབྱུང༌། །ཞེས་འབྱུང་ངོ༌། །དེའི་རིགས་དང་ཡོན་ཏན་བཤད་པ་ནི། །གྲུབ་པའི་གཞུང་ལས། །རིགས་ནི་དཀར་སེར་དམར་ལྗང་སྔོ་དང་ལྔ། །རིན་ཆེན་རྣམ་པ་ལྔ་ཡི་རྒྱུ་དང་མཐུན། །འོན་ཀྱང་འབྱུང་བའི་ཤས་ཀྱི་ཆེ་ཆུང་ལས། དཀར་པོ་ཆུ་ལ་སེར་པོ་ས་ཤས་ཆེ། །དམར་པོ་མེ་ལ་ལྗང་ཁུ་རླུང་ཤས་ཆེ། །སྔོན་པོ་ནམ་མཁའ་ལས་བྱུང་ནུས་པ་ཡང༌། །འབྱུང་བཞིའི་སྨན་དང་ནུས་པ་མཐུན་པར་བཤད། །ཅེས་དང༌། གླང་ཆེན་དབང་རིལ་གོ་རོ་ཙ་ན་སྟེ། །སྦྲུལ་དང་རྨ་བྱ་གླ་བ་གསུམ་པོ་ལས། །བྱུང་བ་ལ་ནི་དབང་པོ་རིལ་བུ་ཟེར། །ཆུ་མིག་ནང་ནས་བྱུང་བའི་རིལ་བུ་ལ། །སྨན་ཆུ་དབང་རིལ་ཞེས་སུ་འབྱུང་བ་ཡིན། སྦལ་པ་ལས་བྱུང་དབང་ལྡན་རིལ་བུར་འབོད། སྦྲུལ་དང་སྦལ་པའི་ལྟོ་བ་ནས་བྱུང་བར། །ཀླུ་རྒྱལ་ནོར་བུ་ཞེས་བྱ་ཤིན་ཏུ་བཟང༌། །ཅེས་གསུངས། ཡང་ཁ་ཅིག་ཏུ། དཀར་པོ་ལྷ་ཡི་རིལ་བུའི་རིགས་ཡིན་རབ། །དམར་པོ་བཙན་གྱི་དབང་རིལ་ཡིན་པ་འབྲིང༌། །སྔོན་པོ་ཀླུ་ཡི་དབང་རིལ་ཐ་མའོ། །ཞེས་དང༌། དྷརྨ་སྭ་མིས། དཀར་པོ་རྒྱལ་པོའི་རིལ་བུ་བཟང་ཤོས་ཀྱིས་མི་རྟ་བདུན་འཚོ་ཐུབ། སྔོན་པོ་རྗེའུ་རིལ་བུ་འབྲིང་བས་ལྔ་ཐུབ།།  དམར་པོ་བློན་གྱི་རིལ་བུ་ཐ་མས་གསུམ་ཐུབ། །སྔོན་པོ་རྗེའུ་རིལ་བུ་འབྲིང་བས་ལྔ་ཐུབ། །དམར་པོ་བློན་གྱི་རིལ་བུ་ཐ་མས་གསུམ་ཐུབ། ཅེས་གསུངས། མཛེས་རྒྱན་ལས། དཀར་པོ་རྒྱལ་རིགས་དམར་སེར་རྗེའུ་རིགས། །ལྗང་སྔོན་འབངས་རིགས་རིམ་པས་དང་པོ་མཆོག །ཕྱི་མ་ཕྱི་མ་རིམ་གྱིས་དམན་པར་བཤད། །ཅེས་གསུངས། དྭགས་པོ་རིན་པོ་ཆེས། སེར་པོ་གསེར་མདོག་གིས་མི་རྟ་བཞི་སོས། ནག་པོ་མཆོང་མདོག་གིས་མི་རྟ་དགུ་སོས། དེ་མིན་སྔོན་པོ་དམར་པོ་དཀར་པོ་གསུམ་གྱིས་མི་རྟ་གསུམ་རེ་སོས་གསུངས། གཡུང་དྲུང་འཁྱིལ་བ་ལས། དཀར་པོ་ཆེ་བ་ལྕོ་གའི་སྒོ་ང་ཙམ། །རྒྱལ་པོ་རིལ་བུས་མི་རྟ་བཅུ་གསུམ་སོས། །དམར་སེར་འབྲིང་བ་ཤ་བའི་རིལ་མ་ཙམ། །བློན་པོ་རིལ་བུས་མི་རྟ་དགུ་འཚོ་ཐུབ། ཆུང་བ་ལུག་གི་རིལ་མ་ཙམ། །བཙུན་མོ་རིལ་བུས་མི་རྟ་བདུན་ལ་ཕན། །སྔོ་དང་དཀར་པོ་ཡང་ཆུང་སྲན་མ་ཙམ། །འབངས་ཀྱི་དབང་རིལ་ཡིན་པས་སྔ་མ་ཡིས། །མི་རྟ་ལྔ་འཚོ་ཕྱི་མས་གསུམ་ལ་ཕན། །ཁ་དོག་དབང་དང་ཁྱད་པར་ཆེ་ཆུང་ལས། །ཆེ་དང་སྲ་མཁྲེགས་ལྡན་པ་བཟང་བའི་རིགས། །ཆུང་དང་གསོབ་ལ་བཀྲག་འཚེར་མེད་ངན་རིགས། །ཞེས་བཤད་དོ། །བཟང་ངན་ཡང་བཤད་པ་དེས་གསལ་ཡང༌། གྲུབ་པའི་བསྟན་བཅོས་ལས། ཡོར་ཆེན་ཉ་དང་གླང་ཆེན་སྦྲུལ། །སྦལ་པ་རྨ་བྱ་ལས་འོངས་མཆོག །ཆུ་གནས་གཞན་ལས་བྱུང་བའང་བཟང༌། །ཕྱུགས་རིགས་ལས་བྱུང་ངན་པ་སྟེ། །མི་དང་རི་དྭགས་ལས་བྱུང་འབྲིང༌། །གླ་བ་ལས་བྱུང་རྩི་རིལ་ངན། ཞེས་དང༌། མཛེས་རྒྱན་ལས། ལྕི་མཁྲེགས་སྔོ་བསིལ་ངར་ལྡན་པ། །མཆོག་གམ་གསར་པ་ཡིན་པས་བཟང༌། དེར་ལྡོག་ཡང་སྙི་སེར་ཁྲ་དང༌། །སྐྱ་སོབ་རྒྱུ་ངན་རིགས་ཡིན་ནམ། །ཡང་ན་སྔོན་ཆད་ནད་པ་ལ། །བཏང་བའི་སྙིགས་མ་ངར་ཡལ་ངན། །ཞེས་སོ། །དྷརྨ་སྭ་མིས། བཏེག་ན་ལྕི་ལ་དངོས་པོ་ཆེ་བ། སྲ་ལ་མཁྲེགས་པས་ངར་ཆེ་བ། ཁར་མི་འཇུ་བ། མྱངས་ན་སྦྲེ་མེད་པ། དར་ཁ་དོག་སྣ་ཚོགས་ཀྱི་སྟེང་དུ་བཞག་ཚེ་མདངས་ཆགས་པ་དེ་ནི་དབང་རིལ་ཟོལ་མེད་པ་ཡིན་པས་མཆོག་ཏུ་བཟང༌། དེ་ལས་ལྡོག་པ་ཟོལ་ཅན་ཡིན་པས་ངན་ནོ། །ཞེས་གསུངས། །ལེགས་ཉེས་བརྟག་པ་མང་ཡང༌། ཟིན་ཏིག་ལས། བཙན་དུག་རྩིབཞིན་བཏགས་པའི་ཕྱེ། །ཆུར་སྦྱངས་གར་སླ་འོ་མ་ཙམ། །དཀར་ཡོལ་ནང་བླུགས་དེ་ནང་དུ། དབང་རིལ་བསྐྱུར་ལ་ནུབ་པར་བྱ། །ཞག་གཅིག་བཞག་ནས་ནང་པར་བལྟ། དཔའ་བོ་གོས་སུ་གྱོན་པ་ན།། དབང་པོ་རིལ་བུ་རབ་ཏུ་བཟང༌། །དཔའ་བོ་གདན་བཏིང་དབང་རིལ་འབྲིང༌།། དཔའ་བོ་མཐའ་བསྡུས་དབང་རིལ་ཤ། དྭངས་པའི་ཆུ་མཐར་དུག་མེད་གཅེས།། ཞེས་གསུངས་པ། འདི་རང་གསལ་ཡང་བརྟགས་ནས་དེ་མ་ཐག་ངལ་བསོ་བའི་མན་ངག་བྱ་དགོས་སོ། །གོང་སྨན་པས། བླུན་པོས་རྡོ་སྐྲན་སྨིན་དང་རྣག་སྐྲན་སྐམ། །དབང་རིལ་འདོད་པ་མཁས་པས་སྤང་བའི་གནས། །ཞེས་གསུངས་པ་ལྟར་ཞིབ་ཏུ་བརྟག་པར་བྱ། འདིའི་ལག་ལེན་སྐོར་གསུམ་སོགས་ཞིབ་པ་ཟབ་གསལ་སྙིང་ཐིག་ཅེས་པ་ཁོ་བོས་ལོགས་སུ་བྱས་པར་གསལ་ལོ།།

 

༡༢། བྲག་ཞུན།

བྲག་ཞུན་ཚད་པའི་ནད་རྣམས་ཀུན་ལ་ཕན། །ཁྱད་པར་ཕོ་མཆིན་མཁལ་ཚད་སེལ་བའི་མཆོག །ཅེས་པར། རིན་སྤུངས་ལས། བྲག་ཞུན་བསིལ་ལ་རྣོ་བས་མཆིན་ནད་རྙིང་པ་སེལ། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། ཤི་ལ་ཛ་དུར་ཆུ་སྲི་སེལ། །མཆིན་པའི་ཚ་བ་སེལ་བའི་མཆོག །ཅེས་གསུངས་པའི་མིང་ནི། ཨ་ག་ཡ། ཨ་བ། ཤི་ལ་ཛཱ་ཏུ་ར། ཤི་ལ་ཛ་དུར། ཨ་གྷི་རི། གབ་མིང་དུ། སྲིད་པའི་བྱང་སེམས་དམར་པོ། ཨུ་མའི་མངལ་ཁྲག་བྲག་དར་ཡ་ཀན། ཁྲག་དར་ཡ་ཀན། བྲག་གི་ཁྲག བྲག་གི་རུ་དྷི་ར། ཁྲག་འདྲ། བྲག་གི་རཀྟ། ས་སྟེང་ནད་འཇོམས། བྲག་གི་བདུད་རྩི། འབྱུང་བའི་ཁྲག རིན་ཆེན་བཅུད། སྲིད་པའི་ཁམས་དམར། ཁམས་ལྔའི་བཅུད་སྨན། མཆིན་མཁྲིས་ནད་སེལ། མཆིན་པའི་རྩི་རྣམས་ཟེར། བྱུང་ཁུངས་ནི། གོང་དུ་ཅོང་ཞིའི་སྐབས་བདུད་རྩི་བུམ་པ་ལས་བྱུང་བའི་ལུང་གི་འཕྲོས་སུ། དམར་པོ་ངོ་ཚ་བྲག་ལ་བྲོས། །བྲག་ལས་དྲོད་སྐྱེས་བྲག་ཞུན་བྱུང༌། །ཞེས་ཅོང་ཞི་བྲག་ཞུན་མཚལ་དངུལ་ཆུ་ཁུངས་གཅིག་པར་རང་སྐབས་ཐོར་མ་བཤད་པ་གོ་བསྒྲིག་པས་གསལ། དེ་ཡང༌། ཡན་ལག་བརྒྱད་པར། སོས་ཀ་ཚད་པས་གདུངས་བྲག་ལས། །གསེར་སོགས་འབྱུང་ཁུངས་དྲུག་གི་བཅུད། །རྒྱ་སྐྱེགས་ཁུ་བ་ལྟར་འཛག་གང༌། །དེ་ནི་བྲག་ཞུན་ཞེས་སུ་བཤད། །ཅེས་གསུངས་པས། ལུང་པ་ཁ་བྱང་དུ་བསྟན་པའི་བྲག་གི་གས་གསེང་སྲུབ་སོགས་ནས་བུར་ཞུན་ལྟར་བྲག་གི་བཅུད་ཞུ་བ་གཅིག་ཏུ་འགྲིལ་ནས་འབབ་པ་ཡིན་ཏེ། དེ་ལའང་རིགས་དྲུག་དང༌། བཞི་དང༌། ལྔ་ལ་སོགས་པར་བཤད་པ་ནི། དེ་ཉིད་ལས། གསེར་དང་དངུལ་དང་ཟངས་ལྕགས་ཚོན་མོ་སྟ། །ཞ་ཉེ་དང་ནི་རྣམ་པ་དྲུག་རྣམས་ཀྱི༌། ཁམས་རྣམས་ལས་ནི་རང་རང་ཁུ་བ་འཛག །ཅེས་པས། གསེར་ཞུན། དངུལ་ཞུན། ཟངས་ཞུན། ལྕགས་ཞུན། ཚོན་མོ་སྟ་ཞུན། ཞ་ཉེའི་ཞུན་དང་དྲུག་གོ དེ་དང་མཐུན་པར་ཁར་ལྟའི་གཞུང་ལས། །བྲག་ལ་སོས་ཀའི་ཉི་མས་རབ་གདུངས་ནས། གསེར་དང་དངུལ་དང་ཟངས་ལྕགས་ཚོན་མོ་སྟ། །ཞ་ཉེ་དང་ནི་རྣམ་པ་དྲུག་རྣམས་ཀྱི༌། །ཁམས་རྣམས་ལས་ནི་རང་རང་ཁུ་བ་འཛག །ཅེས་འབྱུང་ངོ༌། རིགས་བཞིར་གསུངས་པ་ནི། བདུད་རྩི་བམ་བརྒྱད་ལས། ཤར་ལྷོ་ནུབ་བྱང་གར་ཡང་འབྱུང༌། །བྲག་ཕུག་སྟོང་པ་ཡོད་པ་ལས། །བདུད་རྩི་ཞུ་བ་འཛག་པ་ནི། །རིན་ཆེན་སྣ་ཚོགས་འབྱུང་བ་སྟེ། །ཞེས་པས། འདིར་ཡང་རིགས་ཀྱི་ཡུམ་བཞིའི་རཀྟ་ཟག་པར་བཤད་པས། ཕྱོགས་བཞིའི་ཡུམ་བཞིའི་རང་བཞིན་རིན་པོ་ཆེ་སྣ་བཞིའི་ཁུ་བ་འཛག་པ། གསེར་དངུལ་ཟངས་ལྕགས་བཞིའི་མདོག་འབྱུང་བར་བཤད་པ་དང༌། རིགས་ལྔར་བཤད་པ་ནི་དཔལ་ལྡན་རྒྱུད་བཞིའི་དགོངས་པ་སྟེ། ཚོན་མོ་སྟ་ཞེས་ཞ་ཉེ་དཀར་པོའམ་གཤའ་ནག་ལ་ཟེར་བས་དཀར་ནག་གི་ཁྱད་ཙམ་མ་གཏོགས་གཅིག་པས་ན་འདིར་ཡང་གཅིག་ཏུ་བསྡུས་པས་ལྔ་སྟེ། འགྲེལ་པར། གསེར་ཞུན་དམར་སེར་མངར་ཁ་ཚེ་རིང་གསོས།། དངུལ་ཞུན་མདོག་དཀར་ཁ་མངར་མཛེ་ནད་འཇོམས། །ཟངས་ཞུན་དམར་ལྗང་ལན་ཚྭ་རྣག་ཁྲག་སྐེམ། །ལྕགས་ཞུན་མདོག་ནག་བ་གཅིན་མཆིན་ནད་སེལ། །ཞ་ཉེ་ཁ་དོག་དྲི་རོ་དེ་ལས་དམན། །ཞེས་དང༌། ཡང་གསེར་ལས་བྱུང་བའི་བྲག་ཞུན་ཁ་དོག་དམར་སེར། རོ་མངར་ཁ། ནུས་པ་བསིལ་སྣུམ། ནད་རླུང་མཁྲིས་སེལ། དངུལ་ལས་བྱུང་བ་ཁདོག་དཀར་པོ། རོ་ཁ་མངར། ནུས་པ་བསིལ་སྐམ། ནད་ཆུ་སེར་སེལ། ཟངས་ལས་བྱུང་བ་ཁ་དོག་རྨ་བྱའི་མགྲིན་པ་འདྲ་བ། རོ་ཁ་ཚ། ནུས་པ་བསིལ་ཡང༌། ནད་བད་མཁྲིས་སེལ། ལྕགས་ལས་བྱུང་བ་ནི་ཁ་དོག་ནག་པོ། རོ་ཁ་ཞིང་ཅུང་ཟད་ལན་ཚྭ་བ། ནུས་པ་ཚ་ལ་རྣོ། ནད་བད་ཀན་སེལ། ཞ་ཉེ་དཀར་ནག་རང་རང་གི་མདོག་དང་མཚུངས་ལ། རོ་ནུས་བྱེད་ལས་ལྕགས་ལས་ཅུང་ཟད་དམན་པའོ། །ཞེས་བཤད་དོ། །དེ་ལྟར་རྩ་བའི་རིགས་ལྔ་མ་འཁྲུལ་བར་ངོས་བཟུང་ནས། དེ་ལྔ་ཙམ་ལ་བློ་ཕྱོགས་གཅིག་ཏུ་གཏད་ནས་བསྡད་པས་ངོས་མ་ཟིན་ཏེ། སྔར་ཅོང་ཞིའི་སྐབས་སུ་བཤད་པ་བཞིན། རིགས་གཉིས་རེ་འདྲེས་པ་དང༌། གསུམ་རེ་འདྲེས་པ་དང༌། བཞི་རེ་འདྲེས་པ་དང༌། ལྔ་ཀ་འདྲེས་པའི་དབྱེ་བ་དང༌། དེ་དག་ཀྱང་མཆོག་དང༌། རབ་དང༌། འབྲིང་དང༌། ཐ་མ་སྟེ་བཞིས་བསྒྱུར་བའི་དབྱེ་བ་བརྒྱ་དང་བཅོ་ལྔ་ནི་ངེས་པར་ཤེས་དགོས་སོ། །དེའི་ཤུགས་ཀྱི་ཆ་ཤས་ཆེ་ཆུང་གི་དབྱེ་བ་དཔག་ཏུ་མེད་པའང་ལེགས་པར་བརྟགས་པས་རང་ཤུགས་ཀྱིས་ཤེས་པར་འགྱུར་ཏེ། རྒྱུད་ལས། ལེགས་པར་དཔྱད་ན་མངོན་ཤེས་ཕྲ་མོ་འཆར། །ཞེས་སོ། །དེ་ཡང༌། མ་ལ་ཡ་འགྲེལ་ལས། དེ་ལས་ཕན་ཚུན་གཉིས་འདྲེས་དང༌། །གསུམ་དང་བཞི་དང་ལྔ་འདྲེས་དང༌། །མཆོག་རབ་འབྲིང་དང་ཐ་མ་ལས། །དབྱེ་བ་བརྒྱ་དང་བཅོ་ལྔ་དང༌། །ཆ་ཤས་ཆེ་ཆུང་གིས་དབྱེ་ལས། །བྱེ་བྲག་རྣམ་པ་དུ་མར་འགྱུར། །རྐྱང་པ་ལྔ་ལས་གཉིས་འདྲེས་བཅུ། གསེར་ཞུན་བཞི་སྟེ་དངུལ་ཞུན་བཅུ། །ཟངས་དང་ཞ་ཉེ་འདྲེས་པ་གཉིས། གསུམ་གསུམ་འདྲེས་པས་བཅུ་ཡིན་ཏེ། །གསེར་འདྲེས་ལྔ་དང་ལྕགས་འདྲེས་གཅིག །གཅིག་ལྡན་ལྔ་དང་རེ་རེ་ནས། །མ་གཏོགས་བཞི་བཞི་འདྲེས་པ་གསུམ། རིགས་ལྔ་ཐམས་ཅད་འདྲེས་པ་གཅིག །ཅེས་འཕྲུལ་ལུགས་གསུངས་པ་འདི་ལ་རྡེའུ་བཀྲམ་པས་རྟོགས་སླ་བ་ཡིན། སླར་ཡང་རྩ་བའི་རིགས་ལྔ་གསལ་བར་གསུངས་པ་ནི། དཀའ་འགྲེལ་དེ་ཉིད་ལས། གསེར་ལས་བྱུང་བ་དོམ་མཁྲིས་འདྲ། །ཁུ་བ་གུར་ཀུམ་ཆུ་དང་འདྲ། །རོ་ནི་མངར་ཞིང་ཅུང་ཟད་ཁ། །གསེར་གྱི་གཡའ་དྲི་བྲོ་བ་ཡིན། །དངུལ་ལས་བྱུང་བའི་བྲག་ཞུན་ནི། ཁ་དོག་དྭངས་སྐྱ་ཞོ་སྤྲིས་འདྲ། །རློན་དུས་འོ་མའི་སྤྲིས་མ་འདྲ། །རོ་ཁ་ཅུང་ཟད་དངུལ་དྲི་བྲོ། །ཟངས་ཞུན་དམར་ཞིང་ཅུང་ཟད་ལྗང༌། །རློན་དུས་ཁ་དོག་དམར་སྐྱ་འབྱུང༌། །རོ་ཁ་ལན་ཚྭ་ཅུང་ཟད་བྲོ། །ཟངས་ཀྱི་དྲི་རོ་ཅུང་ཟད་ཡོད། །ལྕགས་ལས་བྱུང་བའི་བྲག་ཞུན་ནི། །ཁ་དོག་སྔོ་ནག་རློན་པའི་དུས། །རམ་ཁུ་འདྲ་ཞིང་རོ་དང་དྲི། །ལན་ཚྭ་བྲོ་ཞིང་ཅུང་ཟད་ཁ། །ལྕགས་ཀྱི་དྲི་མ་ཅུང་ཟད་མནམ། །ཞ་ཉེ་དངུལ་གྱི་མདོག་མཚུངས་ཤིང༌། །རློན་དུས་ཞོ་ཡི་ཁ་ཆུ་འདྲ། ལྕགས་མཚུངས་ཅུང་ཟད་ནུས་དམན་ནོ། །ཞེས་རྩ་བ་ལྔ་དང༌། དེ་ལས་མཆོག་རབ་སོགས་དབྱེ་བ་ཡང༌། དེ་ཉིད་ལས། གསེར་བྱུང་མཆོག་ནི་སྤོས་ཤེལ་འདྲ། རབ་ནི་དོམ་མཁྲིས་མདོག་ཅན་ནོ། །འབྲིང་ནི་བུ་རམ་མདོག་ཅན་དམར། །ཐ་མ་ཆང་གི་ཉིང་ཁུ་འདྲ། །རོ་ནི་གོང་ལས་རིམ་པས་དམན། །རློན་དུས་རིམ་པས་འོག་མ་ལས། །གོང་མ་གོང་མ་ཁ་དོག་དྭངས།།  དངུལ་ཞུན་མཆོག་ནི་ཅུ་གང་གི །ཕྱེ་མ་ཆུ་ཡིས་གང་བ་འདྲ། །རབ་ནི་སྦྲང་རྒོད་དཀར་པོ་འདྲ། འབྲིང་ནི་འབྲས་ཕྱེའི་ཟན་སྐམ་འདྲ། །ཐ་མ་བག་ཟན་སྐམ་པོ་འདྲ།།  རློན་དུས་རོ་གསལ་དྲི་མ་གནམ། །ཁ་དོག་དཀར་དམར་རིམ་པ་བཞིན། །གོང་ལས་འོག་མ་དྭངས་པའོ། །རོ་ནི་གོང་ལས་འོག་མ་དམན། །ཟངས་ཞུན་མཆོག་ནི་མན་ཤེལ་འདྲ། །རབ་ནི་ཙན་དན་དམར་པོ་འདྲ། །འབྲིང་ནི་ཡུགས་རྡོ་དམར་པོ་འདྲ། །ཐ་མ་ཁྲག་སྐམ་དྲོས་པ་འདྲ། །ཁ་དོག་རོ་རྣམས་རློན་པའི་དུས། །མངར་དང་ལན་ཚྭ་ཅུང་ཟད་ཁ། །ཁ་དོག་རིམ་བཞིན་གོང་མ་དྭངས། རོ་ནི་དེ་ལས་ལྡོག་པའོ། །ལྕགས་ཞུན་མཆོག་ནི་རྐྱགས་རམས་སམ། །རྒྱ་རྣག་འདྲེས་པའི་རམས་དང་མཚུངས། །རབ་ནི་ཁྲག་སྐམ་རྡོག་པོ་འདྲ། །འབྲིང་ནི་ཁང་པའི་དུད་ཁྲག་འདྲ། །ཐ་མ་འདམ་ནག་གོང་བུ་འདྲ། །རློན་དུས་ཁ་དོག་རིམ་བཞིན་དྭངས། །རོ་ཁ་ཅུང་ཟད་ལན་ཚྭ་བྲོ། །རོ་ནི་རིམ་པས་འོག་མ་དམན། །ཞ་ཉེ་མཆོག་ནི་རྡོ་ལོ་འདྲ། །རབ་ནི་རྡོ་སྔོན་དུམ་བུ་འདྲ། །འབྲིང་ནི་ཆུ་བ་སྐམ་པོ་འདྲ། །ཐ་མ་ལྕགས་ནག་དུམ་བུ་འདྲ། །རློན་དུས་ཁ་དོག་རིམ་པས་དྭངས། །རིམ་བཞིན་ཆུ་དང་རྦ་རླབས་དང༌།། ཁ་ཆུ་བ་ཆུ་སྣག་ཚ་འདྲ། མཆོག་དམན་རིམ་བཞིན་རང་རང་གི། །གཡའ་དྲི་ཆེ་ཆུང་བྲོ་བ་ཡིན། །ཞེས་དང༌། འདུས་པ་ལ་ཡང༌། །རིགས་ལྔ་འདུས་པ་མཆོག་གི་མདོག། སྣ་ཚོགས་ཟེར་འཕྲོ་དྲི་དང་རོ། །དབྱར་དུས་བ་ཆུ་འདྲ་ལ་མངར། །ཆར་དུས་ཚོས་སྣ་འདྲེས་པ་འདྲ། །རབ་ནི་རྒྱ་ཚོས་ཁནྜ་འམ། །ལྕགས་ཀྱི་སོལ་རྡོག་འདྲ་བའོ། །རློན་དུས་ན་ཆུང་ཆུ་དང་འདྲ། །འབྲིང་ནི་ཚིགས་མ་སྐམ་པོ་འདྲ། །རློན་པའི་མདོག་ནི་དེ་དང་མཚུངས། །ཐ་མ་བུར་སྣག་འདྲེས་པ་འདྲ། །རིམ་བཞིན་དྲི་རོ་དམན་པ་ཡིན། །འདུས་རིགས་དྲི་རོ་མྱོང་བ་ནི། །སྲེད་འཕེལ་འགྱུར་གཉིས་འདྲེས་པ་ཡིན།། ཁ་དོག་དྲི་རོ་གཉིས་གཉིས་གསལ། །ཁ་ཅིག་འདྲེས་པ་དེ་དང་མཚུངས། ། ཤས་ནི་ཆེ་ཆུང་དབང་གིས་ནི། །ཁ་དོག་དྲི་རོ་ཆེ་ཆུང་འབྱུང༌། །ཞེས་གསུངས་ལ། ། ཡང་སྤྱིར་བཟང་ངན་ཀྱང༌། དེ་ཉིད་ལས། སྤྱིར་ནི་ཁ་དོག་དྲི་རོ་གསལ། །ཆུ་ལ་སྦྱར་ན་སྙིགས་མ་མེད། །བཏེག་ན་ལྕི་ཞིང་མཁྲེགས་པ་བཟང༌། དྲེག་མཁྲེགས་འཇམ་ཞིང་དྲོ་ན་བཟང༌། །གཡང་ས་ཆེ་བའི་ངོས་བྱུང་བཟང༌། ས་རྡོ་སེམས་ཅན་བྲུན་མ་འདྲེས། །བྱིན་རླབས་ཅན་གྱི་གནས་བྱུང་བཟང༌། དེ་ལས་ལྡོག་པ་ངན་པའོ།།

ཞེས་གསུངས་པ་འདི་དག་ནི་ཟབ་གསལ་རྒྱས་ཞིབ་གོ་བདེ་དོན་གསལ་དུ་འདུག་ཕྱིར་ལུང་ཚིག་འདི་བཅད་པ་ལྷུགས་སུ་གཏོང་བའི་ལྷན་པོ་གདབ་མ་དགོས་སོ།།

ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བར་གྱི་བཞི་པ་རྩི་སྨན་རྩ་བ་བཅུ་གཉིས་ནང་རིགས་བཅས་བརྒྱ་དང་ལྔ་བཅུ་རྒྱས་པར་བཤད་པའི་སྐབས་ཏེ་ལྔ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 12:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།