སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

སྡེ་ཚན་བདུན་པ། སྔོའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 

 

སྡེ་ཚན་བདུན་པ།  སྔོའི་སྨན་སྡེ་བཤད་པ།

 

བདུན་པ་སྔོ་ཡི་སྡེ་ཚན་བཤད་པ་ལ། །རྩ་ལོ་མེ་འབྲས་བཞི་དང་ཡོངས་རྫོགས་ལྔར། །བཏུ་འོས་རིམ་པས་བཤད་ལ་རྩ་བ་ནི།

 

དང་པོ།  རྩ་བ་བརྐོ་བར་འོས་པའི་སྡེ་ཚན་བསྟན་པ།

བརྐོ་བར་འོས་པའི་སྡེ་ཚན་བསྟན་པ་ནི། །ཧོང་ལེན་ཁྲག་སྐེམ་འཁྲུགས་ཚད་དོན་ཚད་སེལ། །བོང་ང་དཀར་པོས་རིམས་དུག་མཁྲིས་ཚད་སེལ། །བོང་ང་དམར་སེར་ཤ་དུག་བཙན་དུག་སེལ། །བོང་ནག་དུག་ཡིན་ཟིལ་ཆེས་གཟེར་རྣམས་འཇོམས། །སྤྱང་དུག་པ་ཡིས་དུག་རིགས་ནུས་པ་གསོད། །ར་དུག་དམར་པོས་གདུག་པའི་གཉན་སྲིན་འདུལ། །དཔའ་བོ་དཀར་སེར་དཔའ་རྒོད་དུག་ཚད་སེལ། །དཔའ་བོ་ཆེན་པོས་དུག་དང་ཚད་པ་སེལ། །སུ་མི་དམར་སེར་སྨུག་གསུམ་དུག་ཀུན་འཇོམས། །སྲོ་ལོ་སུག་འདྲས་གློ་བའི་ཚད་པ་སེལ། །སྲོ་ལོ་དམར་པོས་གློ་གསོ་ཚད་པ་འཇོམས། །འབྲི་མོག་གློ་བའི་ནད་སེལ་ཁྲག་ལ་ཕན། །ག་དུར་རིམས་དང་གློ་ཚད་རྩ་ནད་སེལ། །གླ་སྒང་སྐད་འགགས་གློ་ནད་རྒྱུ་མར་ཕན། །ཚ་འཁྲུ་སྨིན་ཅིང་གཅོད་པར་བྱེད་པའི་མཆོག །དུར་བས་དུག་གཞོམ་ཚེ་སྲིང་ཆུ་འགགས་འབིགས། །པུ་ཤེལ་སྐྱུགས་གཅོད་བད་ཀན་ཚ་བ་སེལ། །གྲོ་མ་ནུས་བསིལ་མངར་ཡང་ཚ་འཁྲུ་གཅོད། །སུག་པ་དག་བྱེད་རྣ་བ་འོན་པར་ཕན།།

 

གཉིས་པ།  ལོ་མ་བཏུ་བར་འོས་པའི་སྡེ་ཚན་བསྟན་པ།

སྟོང་རི་ཟིལ་པས་རིམས་དང་ཚད་རིགས་འཇོམས། །གཡའ་ཀྱི་མ་ཡིས་མཁྲིས་པ་ཞི་སྦྱོང་སྐྱུགས། །སྟག་ཤས་རྨ་འདྲུབ་གཉན་གསོད་དུག་ནད་སེལ། །ཨ་ཝས་བྱང་ཁོག་རྨ་དང་མིག་ལ་ཕན། །པར་པ་ཏ་ཡིས་རིམས་དང་དུག་ཚད་སེལ། །འདམ་བུ་ཀ་རས་གློ་མཆིན་རྩ་ཚད་སེལ། །ཀོན་པ་གབ་སྐྱེས་རྩ་ཚད་ཁྲག་ཤོར་གཅོད། །དེ་བཞིན་ཁྲོག་ཆུང་པ་ཡང་ཁྲག་གཅོད་མཆོག །བཻ་ཌཱུརྱ་འདྲས་དམུ་འོར་ཆུ་འདྲེན་བྱེད། །གསོར་འདེམས་པ་ཡིས་མེས་ཚིག་རྨ་ལ་ཕན། །དེ་བཞིན་ཉ་ལྕིབ་མེས་ཚིག་ཆུ་སྐེམ་འཚོ། །སྦལ་པ་ལག་པས་དྲི་ཆུ་འགག་པ་སེལ། །གསེར་སྐུད་གློ་ཚད་རྩ་ཚད་དུག་ཚད་སེལ། །ཀུ་ཤས་ཚེ་སྲིང་ལུས་ཟུངས་རྒྱས་པར་བྱེད། །གཉན་འདུལ་པ་ཡིས་གཉན་གཟེར་ཚ་བ་འཇོམས། །གཉན་ཐུབ་པ་ཡིས་ལྤགས་ནད་མཛེར་པ་ཞི།།

 

གསུམ་པ།  མེ་ཏོག་བཏུ་བར་འོས་པའི་སྡེ་ཚན་བསྟན་པ།

མེ་ཏོག་བཏུ་བར་འོས་པའི་སྡེ་ཚན་ནི། །ཨུཏྤལ་གློ་མཆིན་ཚད་པ་མ་ལུས་སེལ། །མེ་ཏོག་ལུག་མིག་དུག་དང་རིམས་ཚད་སེལ། །ལུག་ཆུང་རིམས་དུག་སྨུག་པོ་རྩ་ཚད་སེལ། །ཨ་བྱག་མགོ་ཆག་གསོ་ཞིང་ཆུ་སེར་སྐེམ། །ཚེར་སྔོན་རུས་ཆག་གསོ་ཞིང་ལྷ་བ་འདེགས། །ཨུག་ཆོས་རྣ་བའི་ནད་སེལ་སྦོས་པ་སྦྱོང༌། །གང་ག་ཆུང་གིས་དུག་དང་ཚ་འཁྲུ་གཅོད། །ཀྱི་ལྕེ་དཀར་པོས་སྣོད་ཚད་མཁྲིས་ཚད་སེལ། །ནག་པོས་སྐྲངས་འཇོམས་གག་པ་ཆུ་སེར་སྐེམ། །སྤང་རྒྱན་དཀར་པོས་དུག་དང་གྲེ་ནད་སེལ། །སྤང་རྒྱན་སྔོན་པོ་ཡང་ནི་དེ་དང་མཚུངས། །སྤང་རྒྱན་ནག་པོས་འབྲུམ་ནག་ཚ་དབལ་འཇོམས། །དེ་བས་རིམས་སེལ་རྩ་མཁྲིས་མཁྲིས་ནད་སེལ། །སྒ་ཚས་དྲོད་སྐྱེད་རུལ་གཅོད་ཆུ་སེར་འདྲེན། །གཡར་མོ་ཐང་བས་སྐྲངས་འཇོམས་རྨ་ལ་ཕན། །པད་རྩས་མདངས་འབྱིན་མེ་དབལ་གཉན་ལ་ཕན། །རྒྱ་མེན་ཁྲག་འཁྲུགས་རོ་སྟོད་གཟེར་བར་ཕན། །ལེ་བརྒན་རྩ་ཆད་མཐུད་བྱེད་རྨ་ལ་ཕན། །ལུག་རུ་སྨུག་པོས་དུག་སྡུད་ཤ་དུག་སེལ། །ལུག་རུ་སེར་པོས་རྒྱས་པའི་རླུང་ཚད་འབྱེད། །མཆིན་མཁྲིས་ཨུཏྤལལ་ཕན་ཐིག་ལེ་འཛག་གཅོད་སྲུང༌། །མེ་ཏོག་གླང་སྣས་རྨ་འདྲུབ་ཆུ་འབྱེད་བྱེད། །ཤང་དྲིལ་དམར་པོས་ཆུ་སེར་ཁྲག་ནད་སེལ། །རྩ་ནད་གདོན་ཚད་དམར་བཤལ་ཁྲག་འཁྲུ་གཅོད། །དཀར་པོས་རྨ་འཚོ་གློ་བའི་ནད་ལ་ཕན། །ཤང་ཤང་དྲིལ་བུ་སྔོན་པོས་གློ་རྣག་འདྲེན། །སེར་པོས་རིམས་སྨིན་ཚ་བ་ཀུན་ལ་ཕན། །སྒ་ཏིག་ནག་པོས་དམུ་རྫིང་ཆུ་སེར་འདྲེན། །མེ་ཏོག་སེར་ཆེན་རྨ་འདྲུབ་རྩ་རུལ་གཅོད།།

 

བཞི་པ།  འབྲས་བུ་བཏུ་བར་འོས་པའི་སྡེ་ཚན་བསྟན་པ།

འབྲས་བུ་བཏུ་བར་འོས་པའི་སྡེ་ཚན་ནི། །གསེར་གྱི་མེ་ཏོག་སྣོད་ཚད་མཁྲིས་ཚད་སེལ། །གསེར་གྱི་ཕུད་བུས་མཁྲིས་པ་གྱེན་དུ་འདྲེན། །གསེར་ལ་ཕུད་བུས་འཁྲུ་གཅོད་སྐྱུགས་གྱེན་འདྲེན། །དུག་མོ་ཉུང་གིས་མཁྲིས་སེལ་ཚ་འཁྲུ་གཅོད། །འུ་སུས་ཕོ་བའི་བད་ཀན་ཚ་བ་སེལ། །ནག་པོ་ཤུ་ཏི་དེ་འདྲ་སྐོམ་པ་སེལ། །ཟི་ར་དཀར་པོས་གློ་བའི་ཚད་པ་སེལ། །ཟི་ར་ནག་པོས་མཆིན་པའི་གྲང་བ་སེལ། །ལ་ལ་ཕུད་ཀྱིས་ཕོ་ནད་གྲང་བ་སེལ། །གོ་སྙོད་རླུང་ཚད་དུག་དང་མིག་ནད་སེལ། །ཤུ་མོ་ཟ་ཡིས་གློ་རྣག་འཁྲུ་བ་གཅོད། །སྒང་ཐོག་པ་ཡིས་ཤ་དུག་འཁྲུགས་ཚད་སེལ། །སྐེ་ཚེས་བགེགས་འདུལ་སྐྲངས་དང་ལྷོག་པ་སེལ། །ཤང་ཚེ་དེར་མཚུངས་ལྷོག་རིགས་འདུལ་བར་བྱེད། །བྲེ་གས་གློ་དང་མཁལ་མའི་ཚ་བ་སེལ། །སོག་ཁ་བ་ཡིས་སྐྱུགས་པ་གཅོད་པར་བྱེད། །སྲུབ་ཀས་རུལ་གཅོད་དྲོད་སྐྱེད་ཆུ་སེར་འདྲེན། །ཏིལ་གྱིས་རླུང་འཇོམས་ལུས་སྟོབས་འཕེལ་ཁམས་སྐྱེད། །མདའ་རྒྱུས་རྩ་འབྱེད་བུ་འབྱིན་མོ་ནད་འཇོམས། །སྣོད་ཀྱི་མཁྲིས་སྐྲན་བཤིག་པར་བྱེད་པ་ཡིན། །ཤ་མང་པ་ཡིས་རྨ་དང་དུག་ལ་ཕན། །གསེར་ཤ་མ་ཡིས་སྲིན་རྣམས་འབྱིན་པར་བྱེད། །སྨུག་ཤ་མ་ཡིས་རླུང་དང་མཁྲིས་ནད་སེལ། །ཤིང་ཤས་གྲེ་བ་འགགས་སེལ་རླུང་སྐྱེད་ནུས། །ཀླུང་གི་ཚ་ཤས་འཁྲུ་གཅོད་རླུང་ལ་ཕན། །ལུད་སྐྱེས་དུག་ཤས་སྐྲངས་འཇོམས་རྣག་འབྱམས་གཅོད། །འདྲེ་ཤ་སྒོ་ཏིས་ཁྲག་གཅོད་མེས་འཚིག་འཚོ། །ས་རྫི་ཀ་ཡིས་ཕོ་བའི་མེ་དྲོད་སྐྱེད།།

 

ལྔ་པ།  ལོ་སྡོང་མེ་འབྲས་ལྷན་ཅིག་བཏུ་འོས་པའི་སྡེ་ཚན་བསྟན་པ།

ལོ་སྡོང་མེ་འབྲས་ལྷན་ཅིག་བཏུ་འོས་སྡེ། །པྲི་ཡང་ཀུ་ཡིས་ཕོ་མཆིན་ཚ་བ་སེལ། །འཇིབ་རྩི་ཆེན་པོས་ཁ་ཡི་ནད་དང་ནི། །སོ་དང་མཆིན་པའི་ཚད་པ་སེལ་བར་བྱེད། །བྱ་རྒོད་སྤོས་ཀྱིས་གདོན་དུག་རིམས་ཚད་སེལ། །འབུ་སུ་ཧང་གིས་རྨ་འདྲུབ་གློ་ཚད་སེལ། །ཞིམ་ཐིག་ལེ་ཡིས་མིག་གི་ལིང་ཏོག་ལེན། །སྙི་བས་གློ་བུར་བྲང་ཚ་ཆམ་པ་སེལ། །སྲོ་མ་ནག་པོས་བཅུད་ལྡན་ལུས་སྟོབས་སྐྱེད། །ཆུ་རུག་རྒྱུས་པའི་ཚད་པ་སེལ་བར་བྱེད། །རྟ་རྨིག་རྨ་གསོ་རུས་སྦྱོར་རྩ་སྒོ་འགེགས། །ལུག་ངལ་དུག་སེལ་ཡན་ལག་སྐྲངས་པ་འཇོམས། །ཟངས་རྩི་བ་ཡིས་མཁྲིས་ནད་མིག་སེར་སེལ། །ཐ་རམ་ན་རམ་ལ་སོགས་འཁྲུ་བ་གཅོད། །ཏི་མུ་ས་ཡིས་འཁྲུ་བ་གཅོད་པར་བྱེད། །ཁུ་བྱུག་པ་ཡིས་རྩ་འབྱེད་ཆུ་འགགས་འབྱིན། །བྱི་ཤང་དཀར་མོས་གློ་ཚད་ཕྱི་སྐྲན་སེལ། །ནད་མས་ཆག་སྦྱོར་རྨ་འདྲུབ་སྐྲངས་པ་གཞིལ། །བྱ་རོག་ཉུང་མས་རྨ་གསོ་འབྲས་ནད་འདུལ། །སྣེ་འུ་རིགས་གཉིས་རྔུལ་འདྲེན་ནད་ཀུན་སེལ། །ག་བུར་ཏིས་ལོས་གློ་རིམས་ཚད་པ་སེལ། །སེང་གེ་འཇིགས་མེད་མགོ་ཆག་རུས་རྨ་གསོ། །རོག་པོ་འཇོམས་སྐྱེས་གློ་ནད་མགོ་རུས་གསོ། །ཟིན་ཏིག་གཉན་ལྷོག་གཟའ་ནད་སྲིན་ལ་ཕན། །ཀླུ་བདུད་རྡོ་རྗེས་གཟའ་ཀླུ་འབམ་གདོན་འཇོམས། །གཟའ་དུག་ནག་པོས་སྟེང་གདོན་གཟའ་ནད་འཇོམས། །ལྡུམ་ནག་དོམ་མཁྲིས་རྨ་གསོ་རྩ་ཁ་འཛིན། །བྱི་རུག་རྨ་ཡི་འབུ་སྲུང་སྲིན་ཕོལ་སེལ། །སྤྲ་ཐོག་རིམས་དང་རྡོ་དུག་སེལ་བར་བྱེད། །སྤྲ་བ་ཆེ་ཆུང་རྒྱབ་སྐྲངས་ཁྲག་གཅོད་སྙོམས།སྤྲ་རྒོད་པ་ཡིས་རྨེན་རྣམས་འདུལ་བར་བྱེད། །གནྡྷ་བྷ་དྲས་སྐྲན་དང་བད་ཀན་སེལ། །འོད་ལྡན་ཁྲག་མཁྲིས་མི་གནོད་བཅུད་ལེན་མཆོག །དར་ཡ་ཀན་གྱིས་བྱང་ཁོག་ཆུ་སེར་སྐེམ། །མགོ་བོའི་རུས་ཆག་སྦྱོར་ཞིང་ལྷ་བ་འཛིན།།

 

དྲུག་པ།  རྩ་ལོ་མེ་འབྲས་ཡོངས་རྫོགས་བཏུ་འོས་པའི་སྡེ་ཚན་བསྟན་པ།

རྩ་ལོ་མེ་འབྲས་ཡོངས་རྫོགས་བཏུ་འོས་ནི། །རེ་སྐོན་ཁྲག་སྐེམ་སྨུག་པོ་རྩ་ཚད་སེལ། །སྲོལ་གོང་པ་ཡིས་མགོ་ཆག་དུག་ཚད་སེལ། །ཡུ་མོ་མདེ་འབྱིན་བུ་རོ་ཟུག་རྔུ་འབྱིན། །སྤང་རྩི་དོ་བོས་རིམས་དུག་སྙིང་ཚད་སེལ། །རྟ་ལྤགས་ལྷ་བ་འཛིན་ཞིང་ཆུ་སེར་འདྲེན། །ཨ་བྷི་ཥ་ཡིས་མགོ་ཆག་དུག་ནད་སེལ། །སྤ་ཡག་རྩ་བས་གློ་གསོ་གློ་རྣག་འདྲེན། །ལོ་མས་རྨ་གསོ་འབྲས་བུས་སྙིང་ནད་སེལ། །སྨུག་ཆུང་འདེན་ཡོན་རུས་གསོ་ལྷ་བ་འདེགས། །འབྲི་རྟ་ས་འཛིན་རྣག་ཁྲག་གློ་ལུད་འདྲེན། །སྤང་སྤོས་ཚད་རྙིང་དུག་ཚད་སེལ་སྐྲངས་འདུལ། །རྒྱ་སྤོས་དེར་མཚུངས་ཡན་ལག་རྣག་རྣམས་སྐེམ། །འོལ་མོ་སེ་ཡིས་རྩ་ནད་མངལ་སྐྱོན་སེལ། །རྒུ་གྲུས་རྨ་འདྲུབ་རྩ་མཐུད་རྒྱུ་གཟེར་འཇོམས། །བྱི་འུ་ལ་ཕུག་ཟས་འཇུ་ཤ་དུག་སེལ། །སྒོག་སྐྱས་རླུང་སྲིན་དུག་མཛེ་གདོན་སེལ་དྲོ། །བཙོང་སྒོག་གཉིད་འཕེལ་ཟས་ལེན་བད་རླུང་སེལ། །རི་སྒོག་ཐམས་ཅད་འཇུ་དཀའ་ཟས་ལེན་ལྕི། །བྲག་སྒོག་པ་ཡི་རྩ་བས་གྲང་སྲིན་འཇོམས། །ར་འཛིམ་སྒོག་པས་དྲོད་སྐྱེད་མགོ་སྲིན་འཇོམས། །རྒྱ་བས་ཕོ་མཆིན་མཁལ་མའི་གྲང་ནད་དང༌། །སྲིན་འཇོམས་ཁོང་པའི་ཆུ་རྣག་འབྱིན་པར་བྱེད། །རླུང་སྒོག་ཀེ་འཛིས་རྨ་གསོ་སྐྲངས་ཆུ་སྐེམ། །ལྷོག་པ་འབྲས་དང་གག་པ་སེལ་བར་བྱེད། །བྱིའུ་སྒོག་སྲིན་སེལ་ཟས་འཇུ་ཡི་ག་འབྱེད། །རུག་སྒོག་གྲང་མཁྲིས་སེལ་ལ་གྲང་འཁྲུ་གཅོད། །མྱང་རྩི་སྤྲས་ཀྱིས་ཆུ་འཐུང་རིམས་ཚད་སེལ། །ལྕགས་ཀྱུས་གཉན་འདུལ་དུག་ཚད་གསོད་པར་བྱེད། །བྱ་རྒོད་སུག་པས་མགོ་རྨ་ལྷོག་རྒོད་འདུལ། །བདུད་རྩི་གངས་ཤམ་གློ་གསོ་ཚད་པ་སེལ། །ཁུར་མང་བད་སྨུག་ཚད་པ་དག་ལ་ཕན། །པ་ཏོ་ལ་ནི་རོ་ཞིམ་སྲིན་ནད་སེལ། །ཞུ་རྗེས་མངར་བས་ཡི་ག་འབྱེད་པར་བྱེད། །སྲད་མས་འོར་དང་སྐྱ་རྦབ་དམུ་ཆུ་འདྲེན། །སྲད་སྨུག་རྨ་ཚད་སེལ་ཞིང་འཐིབས་པ་སངས། །སྲད་དཀར་མཆེར་ཚད་དམུ་ཆུ་སྐེམ་ཆུ་འབྱེད། །སྲད་ནག་དུག་འདྲེན་དམུ་རྫིང་རྒྱ་མཚོ་འདྲེན། །སྲད་སྔོན་རྨ་གསོ་ཆུ་རིགས་འདྲེན་པར་ནུས། །སྲད་དམར་བད་ཀན་སྨུག་པོའི་གཟེར་ཟུག་འཇོམས། །སྲད་སེར་རྨ་གསོ་རྩ་མཐུད་ཆུ་ལམ་འབྱེད། །གླ་བ་སྲད་མས་སྲིན་སེལ་ལྷོག་སྐྲངས་འདུལ། །བྱིའུ་སྲད་རྨ་འཚོ་ཆུ་འབྱེད་ཁྱི་སྨྱོན་གསོ། །དུག་སྲད་དྲི་ཅན་སྐྲངས་འདུལ་གདོན་ནད་སེལ།། །།

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 10:04 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།