སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་བཅུ་པ། ཞིང་གི་ལོ་ཐོག་ལས་བྱུང་བའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.06.2015
དྲི་མེད་ཤེལ་ཕྲེང་། >>

 

 

སྡེ་ཚན་བཅུ་པ། ཞིང་གི་ལོ་ཐོག་ལས་བྱུང་བའི་སྨན་སྡེ་བཤད་པ།

ད་ནི་བར་གྱི་བཅུ་པ་ཞིང་གི་ལོ་ཐོག་ལས་བྱུང་བའི་སྨན་མདོར་བསྡུས་བཤད་པ་ནི།།

 

༡། འབྲས།

འབྲས་ཀྱི་ནུས་པ་སྣུམ་འཇམ་བསིལ་ལ་ཡང༌། །ཉེས་པ་གསུམ་སེལ་རོ་ཙ་མདངས་དཀར་གསལ། །ལུས་ཡང་ཡིད་གཞུངས་འཁྲུ་དང་སྐྱུགས་པ་གཅོད།།

 

༢། ཁྲེ།

ཁྲེ་ནི་ལྕི་བསིལ་ལྡན་པས་རྨ་བརྟས་བྱེད། །རུས་པ་ཆག་གྲུམ་གས་རྣམས་སྦྱོར་བར་བྱེད།།

 

༣། ཁྲེ་རྒོད།

ཁྲེ་རྒོད་འཁྲུ་གཅོད་དུག་སེལ་རེག་ན་བསིལ།།

 

༤། ཙི་ཙི།

ཙི་ཙི་(ཁྲེ་འདྲ་ལ་དེ་ལས་རྩིང་)བསིལ་ཡང་རླུང་སྐྱེད་ཁོང་པ་རྩུབ། །བད་ཀན་མཁྲིས་པ་སེལ་ཞིང་དང་ག་འབྱེད།།

 

༥། ཁྲ་མ།

ཁྲ་མ་(བཏབ་ནས་ཞག་དྲུག་ཅུས་སྨིན་པའི་ནས་ཞིག་གོ)བསིལ་ལ་ཡང་རྩུབ་ཡི་གར་འཕྲོད།།

 

༦། ནས་དཀར།

ནས་དཀར་རྩུབ་བསིལ་ལྕི་མངར་ཁོང་ཅུང་འཁྲོག །བཤང་བའི་རླུང་འཕེལ་རོ་ཙ་བརྟས་པར་བྱེད། །གཅིན་ཚིལ་མཁྲིས་པ་བད་ཀན་ཆམ་པ་དང༌། །ལུད་པ་དབུགས་མི་བདེ་བ་སེལ་བར་བྱེད།།

 

༧། ད་རྒན།

ད་རྒན་ལྐོག་མའི་ནད་དང་པགས་ནད་སེལ།།

 

༨། ནས་སྔོན།

ནས་སྔོན་བྱིས་གློ་ཚ་སུབ་རྒྱུ་གཟེར་སེལ།།

 

༩། ནས་སྔོན་བསྲེགས་པ།

ནས་སྔོན་བསྲེགས་པས་གློ་བའི་ནད་ལ་ཕན།།

 

༡༠། ནས་ནག

ནས་ནག་རྨ་དང་ཤུ་བ་གདོན་ལ་ཕན།།

 

༡༡། ནས་གཞན།

ནས་གཞན་ལྕི་བསིལ་སྣུམ་མངར་ཤ་སྟོབས་སྐྱེད།།

 

 ༡༢། སྨྱིག་མའི་ནས་འབྲས།

སྨྱིག་མའི་ནས་འབྲས་རྩུབ་ལ་ཚ་བ་ཡིན།།

 

༡༣། ནས་རྒོད།

ནས་རྒོད་གཞན་ལས་ཅུང་ཟད་དམན་པ་ཡིན།།

 

༡༤། གྲོ།

གྲོ་ནི་རོ་མངར་སྣུམ་བསིལ་ལྕི་བ་སྟེ། །རོ་ཙ་འཚོ་བྱེད་རླུང་དང་མཁྲིས་པར་ཕན། །དུག་ནད་ཚིགས་ལ་བྱེར་བ་སྡུད་པར་བྱེད།།

ཤ་མཁྲེགས་ཆག་གྲུམ་སྦྱོར་ལ་ཅུང་ཟད་འཁྲུ། །སྲིན་དང་བད་ཀན་གྲང་བ་དག་ལ་གནོད།།

 

༡༥། གྲོ་ཆང༌།

གྲོ་ཆང་གློ་དང་གྲོ་སོག་ཚིགས་པ་ཡིས། །གྲེ་བ་ལ་ཕན་བག་ཕྱེས་སྐྲངས་པ་འདུལ།།

 

༡༦། སོ་བ།

སོ་བ་སྲེ་ད་བསིལ་ཡང་བད་མཁྲིས་སེལ། །བུ་དང་ཟུག་རྔུ་འབྱིན་པར་བྱེད་པ་ཡིན།།

 

༡༧། གྲ་མ་ཅན་འབྲུ།

དེ་དག་སྤྱིའི་ཡོན་ཏན་ནི། རྒྱུད་ལས། གྲ་མ་ཅན་འབྲུ་རོ་དང་ཞུ་རྗེས་མངར།།  རོ་ཙ་རླུང་འཇོམས་ལུས་སྟོབས་བད་ཀན་སྐྱེད། །ཅེས་སོ།།

 

༡༨། སྲན་མ་སྲན་ཆེན་དཀར་པོ།

སྲན་མ་སྲན་ཆེན་དཀར་པོས་རླུང་འཇོམས་ལ།།

 

༡༩། སྲན་མ་གཞན་རྣམས།

དེ་ལས་སྲན་མ་གཞན་རྣམས་རླུང་སྐྱེད་བྱེད།།

 

༢༠། སྲན་མ་རིལ་མོ།

སྲན་མ་རིལ་མོ་མཆོག་ཏུ་བསིལ་ལ་ཡང༌། །རླུང་སྐྱེད་དུག་ནད་སྣོད་ལ་བྱེར་བ་སྡུད། །མཁྲིས་པའི་ཞག་ལེན་རྨ་དང་འབྲུམ་ནག་ཕན།།

 

༢༡། སྲན་མའི་མེ་ཏོག

སྲན་མའི་མེ་ཏོག་མཁལ་ནད་ལ་ཕན་ཁྲག་ཤོར་སྐེམ།།

 

༢༢། སྲན་ཆུང་ལེབ་མོ།

སྲན་ཆུང་ལེབ་མོ་བསྐ་མངར་ཉེས་གསུམ་སྐྱེད། །གཞང་འབྲུམ་ལ་ཕན་སྐྱོ་མ་བྱུགས་པ་ན། །མེ་དབལ་དྲེག་ནད་དང་ནི་ཁྲག་ནད་འཇོམས།།

 

༢༣། མོན་སྲན་ལེབ་མོ་དཀར་པོ།

མོན་སྲན་ལེབ་མོ་དཀར་པོས་རླུང་སྐྱེད་ལ། །རྩུབ་ཅིང་ལྕི་ལ་བཤང་བ་འཕེལ་བར་བྱེད། །འདི་དང་སྲན་(གོང་གི་)རིལ་བསྐ་མངར་བསིལ་ཡང་སྐྱ། །རྩ་འགགས་བད་ཀན་ཚད་(པ)སེལ་འཁྲུ་བ་གཅོད། །སྣུམ་སེལ་ཁྲག་མཁྲིས་ཚི་ཆེར་བྱུགས་ན་ཕན། །འབྲུམ་ནག་མེ་དབལ་ལུད་པ་དག་ལ་ཕན།།

 

༢༤། མོན་སྲན་གྲེའུ།

མོན་སྲན་གྲེའུ་ཞེས་བྱ་མ་ཤ་ནི། །སྣུམ་པས་རླུང་སེལ་ཁུ་སྟོབས་བད་མཁྲིས་སྐྱེད།།

 

༢༥། བལ་སྲན།

བལ་སྲན་དུག་འབྱིན་ཆུ་འབེབས་འཇིག་པར་བྱེད།།

 

༢༦། རྒྱ་སྲན་དཀར་ནག

རྒྱ་སྲན་དཀར་ནག་རོ་ཚ་ཞུ་རྗེས་སྐྱུར། །བད་རླུང་ལུད་པ་དབུགས་མི་བདེ་བ་དང༌། །ཁུ་བ་ལས་བྱུང་རྡེའུ་འཇོམས་གཞང་འབྲུམ་སེལ། །ཁྲག་མཁྲིས་སྐྱེད་ལ་སོ་དང་སེའུ་སྐྱེ།།

 

༢༧། ཏིལ།

ཏིལ་གཉིས་(མེ་ཏོག་དཀར་སྔོའི་དབྱེ་བས་དཀར་ནག་གཉིས་སྟོད་ནས་ཡོང་)གྲོ་ཞིང་རླུང་འཇོམས་པགས་པ་འཇམ། །བསིལ་ཞིང་སྲིན་སེལ་སྐྲ་དང་སྨར་སྨིན་སྐྱེ།། ལྕི་ཞིང་རོ་ཙ་ཁུ་འཕེལ་མངལ་སྐྲན་བཤིག །ཞུ་རྗེས་ཚ་ལ་ཡིད་གཞུངས་དྲོད་སྐྱེད་ལ། །བད་ཀན་མཁྲིས་པ་སྐྱེད་པར་བྱེད་པ་ཡིན།།

 

༢༨། ཡུངས་དཀར།

ཡུངས་(འདི་སྔོན་ཕྱག་ན་རྡོ་རྗེས་སངས་རྒྱས་ལ་ཕུལ་བས་བཀྲ་ཤིས་ཀྱི་རྫས་མཐུ་སྟོབས་ལྡན་པའི་ཐུན་རྫས་ཡིན། རིགས་ཡུངས་དཀར་རྒྱལ་པོ་ཞེས་རྩིང་བ་དཀར་སེར་དང་དཀྱུས་མ་ལྗང་སེར་ཆུང་བ་གཉིས་ཡོད་སྔ་མ་བཟང་)ཀར་ལྕི་ལ་ཚད་པ་བད་ཀན་སྐྱེད། །ཚ་ཞིང་བཤང་དང་གཅིན་འགགས་ཉེས་ཀུན་སྐྱེད། །རོ་ཙ་ཆུ་སེར་གདོན་དུག་གཉན་ལ་ཕན།།

 

༢༩། མར་ནག

མར་ནག་གྲང་སེལ་རླུང་འཇོམས་ཁྲག་མཁྲིས་འཕེལ།།

 

༣༠། ཟར་མ་སྣུམ།

ཟར་མ་སྣུམ་མངར་ལྕི་ལ་ཁ་ཞིང་དྲོ། །ལྕི་བས་རླུང་སེལ་འཇམ་པས་བད་མཁྲིས་སྐྱེད། །ཞུ་རྗེས་ཚ་བས་མིག་གནོད་ཁུ་བ་སྐེམ། །སྐྱོ་མས་འབྱར་བྱས་སྐྲངས་པ་རྣག་ཏུ་འགུགས།།

 

༣༡། བྲ་བོ་དཀར་ནག

བྲ་བོ་དཀར་ནག་བསིལ་ཡང་ཉེས་གསུམ་སྐྱེད། །རྨ་འཇིབ་ཁྲག་བཤིག་འབྲས་ལ་ཅུང་ཟད་ཕན། །རང་རང་ངར་སོགས་ཚིགས་པའི་གདུས་ཐང་གིས། །རང་རང་ལས་བཅོས་ཆང་མ་ཞུ་བ་འཇུ། །རྗེན་ལས་བརྔོས་ཡང་བརྔོས་པས་བཙོས་པ་ཡང༌།། ཙོས་ལས་ཆང་དང་ཆང་ལས་ལརག་རིམ་པས་དྲོ། །སློབ་དཔོན་དཔའ་བོས། གང་བུ་ཅན་འབྲུས་རྩ་སྒོ་འགགས། །རོ་བསྐ་མངར་ཞིང་འཁྲུ་བ་གཅོད། །ཞུ་རྗེས་ཚ་ལ་བསིལ་ཞིང་ཡང༌། །ཚིལ་དང་ཁྲག་དང་མཁྲིས་པ་ལ། །བསྐུས་ཤིང་བྱུགས་ན་ཕན་པ་ཡིན། །ཞེས་གསུངས། གྲ་མ་ཅན་དང་གང་བུ་ཅན། །ཐམས་ཅད་སྤྱི་ལ་དེ་ཉིད་ཀྱི་ས། །གྲ་མ་ཅན་ལས་ནས་རྒོད་དང༌། །མ་ཤ་གང་བུ་ཅན་ཐ་ཆད། །འབྲུ་ནི་གསར་ཐོག་བད་ཀན་སྐྱེད། །ལོ་ལོན་འབྲུ་ནི་ཡང་བ་ཡིན། །མྱུར་སྐྱེ་དེ་བཞིན་སྲན་མ་ནི། །སྦུན་མེད་ལེགས་བརྔོས་ཚོད་མ་ཡང༌། །ཞེས་དང༌། རྒྱུད་ལས། འབྲུ་ཀུན་གསར་ཐོག་རློན་པ་ལྕི་བ་སྟེ། །སྨིན་གྱུར་སྐམ་དང་རྙིང་པ་ཡང་བ་ཡིན། །རྗེན་པ་བཙོས་དང་གཡོས་སུ་བྱས་པ་ཀུན། །རིམ་བཞིན་ཡང་ཞིང་འཇུ་སླ་འཕྲོད་པར་འགྱུར། །ཞེས་གསུངས་སོ། །གཏོང་ཚུལ་ཡང་རང་བྱུང་རྡོ་རྗེས། །གང་དུ་དཀོན་པ་སྨན་དུ་འགྱུར། །མོད་པ་ཟས་བཅོས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་བྱའོ།།

 

༣༢། ཉུངས་མ།

ཡང་རྩ་བ་ཅན་ལས། ཉུངས་མ་ནི། རྒྱུད་ལས། ཉུངས་མ་དེ་བཞིན་དུག་ནད་མ་ལུས་སྲུང༌། །ཞེས་དང༌། དཔའ་བོས། ཉུངས་མ་ཚ་ཞིང་དྲོ་བ་དང༌། །བད་ཀན་རླུང་སེལ་མཁྲིས་པ་སྐྱེད། །ཅེས་དང༌། བདུད་རྩི་ཐིགས་པར། ཉུངས་མས་རླུང་སེལ་བད་ཀན་མཁྲིས་པ་སྐྱེད། །ཅེས་དང༌། རང་བྱུང་པས། ལོ་ཉུངས་ལོ་ལྡན་བཅུད་དུ་བྱེད། །ཅེས་སོ། །ཉུངས་མ་ཆར་ཉུངས་ཁ་བྱང་ལྟར་སྐྱེས་པ་ཁ་དོག་དམར་པོ་རྙིང་པ་ལོ་དགུ་ལོན་པའི་ཁ་དང༌།

 

༣༣། ཉུངས་སོན།

དེ་བཞིན་གྱི་ཉུངས་སོན་ནི་སྦྱར་དུག་རིགས་ཀུན་བསྲུང་བ་དང་བསྡུ་གསོད་བྱེད་པའི་བདུད་རྩི་ཡིན་ནོ། །ཁ་ལ་བདུད་རྩི་ཞུན་གྱི་ཁུ་བ་ཡང་ཟེར།

 

༣༤། ལ་ཕུག

ལ་ཕུག་ནི། རྒྱུད་ལས། ལ་ཕུག་གཞོན་ནུ་ཡང་དྲོ་མེ་དྲོད་སྐྱེད། །ནར་སོན་ལྕི་བསིལ་བད་ཀན་སྐྱེད་པར་བྱེད། །ཅེས་དང༌། དཔའ་བོས། ལ་ཕུག་གཞོན་ནུ་རོ་མི་གསལ། །ཅུང་ཟད་ཚ་དྲོ་ཁ་དང་བཅས། །གང་ཡིན་དེ་ནི་ཉེས་ཀུན་སེལ། །ཡང་ཞིང་ཅུང་ཟད་ཚ་བ་དང༌། །སྐྲན་དང་ལུད་གཅོང་དབུགས་མི་བདེ། །རྨ་དང་མིག་ནད་ལྐོག་ནད་སེལ། །སྐད་འགགས་དྲོད་ཆུང་རྟུག་སྐམ་དང༌། །ཆམ་པའི་ནད་ནི་འཇོམས་པར་བྱེད། །ནར་སོན་རོ་དང་ཞུ་རྗེས་ཚ། །དྲོད་སྐྱེད་བྱེད་ཅིང་ཉེས་གསུམ་སྐྱེད། །བད་ཀན་སྐྱེད་ཅིང་བཙོས་པ་ཡིས། །སྣུམ་ཞིང་དེ་ཡང་རླུང་སེལ་ཡིན། །སྐམ་པ་རླུང་ནད་བད་ཀན་སེལ། །རྗེན་པ་ཐམས་ཅད་ཉེས་སྐྱེད་ཡིན། །ཞེས་དང༌། བདུད་རྩི་ཐིགས་པར། ལ་ཕུག་གཞོན་ནུར་ཚ་དྲོ་ཁ་དང་བཅས། །གང་ཡིན་དེ་ཡིས་ཉེས་ཀུན་སེལ་བར་བྱེད། །སྐྲན་དང་ལུད་གཅོང་རྨ་དང་དབུགས་མི་བདེ། །སྐད་འགགས་དྲོད་ཆུང་མིག་ནད་སྐོམ་ནད་དང༌། །རྟུག་སྐམ་ཆམ་པའི་ནད་རྣམས་མ་ལུས་འཇོམས། །ནར་སོན་དྲོད་སྐྱེད་རོ་དང་ཞུ་རྗེས་ཚ། །བཙོས་པས་རླུང་སེལ་རྗེན་པས་ཉེས་ཀུན་སྐྱེད། །སྐམ་པོས་རླུང་དང་བད་ཀན་སེལ་བར་བྱེད། །ཅེས་དང༌། རང་བྱུང་པས། ལ་ཕུག་གིས་ཀྱང་སྲིན་ལ་ཕན། །གསུངས་སོ།།

 

༣༥། ལ་ཕུག་འབྲུ་གུ།

འདིའི་ས་བོན་གྱིས་དམུ་རྫིང་འདྲེན་པ་ལ་མཆོག་ཏུ་བཟང་བ་སྟེ། དཔག་བསམ་ལྗོན་ཤིང་ལས། ལ་ཕུག་འབྲུ་གུས་ཕོ་བ་ཡིས། །དམུ་རྫིང་སེལ་དང་ཟས་འཇུ་བྱེད།།  ཅེས་གསུངས། རྒྱུ་མཚན་ནི། འདུལ་བ་ལུང་གཞི་ལས། སྔོན་འཚོ་བྱེད་གཞོན་ནུའི་གསོས་ཀྱིས་སྐྱེད་མོས་ཚལ་རྙིང་པ་ཞིག་ཏུ། དམུ་རྫིང་གིས་ཐེབས་པ་ཞིག་འདུག་པ་དང་ལྷན་ཅིག་ཏུ་བསྡད་པས། རེ་ཞིག་ན་དམུ་རྫིང་གི་འདྲེ་དེ་དང་སྐྱེད་ཚལ་གྱི་འདྲེ་དེ་གཉིས་ནད་པ་དེ་ངས་ཐོབ་ཁྱོད་མི་ཐོབ་ཅེས་རྩོད་ནས་མི་འཆམ་ལ། དམུ་རྫིང་གི་འདྲེ་དེ་ན་རེ། མི་བས་སྡུག་པ་སུ་ཡོད། སྐྱེད་ཚལ་འདིར་ར་སྤུའི་དུད་པ་ཞིག་བཏང་ན་ཁྱོད་རྒྱ་མཚོར་མཐར་འབྲོས་དགོས་པ་ལ་དེ་ཙམ་མི་ཤེས་པ་ཟེར་རོ།།  སྐྱེད་ཚལ་གྱི་འདྲེ་དེ་ན་རེ། མི་བས་བླུན་པ་སུ་ཡོད་ཁྱོད་ལ་དར་བ་རས་པ་ཞིག་ལ་ལ་ཕུག་གི་ས་བོན་བཏབ་ནས་བཏང་ན་ཁྱོད་ཀྱི་ལུས་ཚལ་བར་སོང་ནས་ཡུལ་དོན་འགྲོ་དགོས་པ་ལ་དེ་ཙམ་ཡང་མི་ཤེས་པ་ཟེར། འཚོ་བྱེད་པི་ཤ་རྩིའི་སྐད་ལ་མཁས་པས་དེ་ཐོས་ནས། ཐབས་དེ་གཉིས་ཀ་བྱས་པས་སྐྱེད་མོས་ཚལ་དུ་འདྲེ་མེད་པས། དམུ་རྫིང་རྡོལ་ནང་ནས་གྲོལ་བར་བཤད་དོ། །ལ་ཕུག་ཁུ་བས་རྣ་བའི་ནད་ལ་ཕན།།  ཐལ་བས་དྲི་མ་འགགས་པ་འབྱིན། །ལབ་སོན་གྱིས་ཕོ་མཁལ་གྲང་བ་དང་ལོང་ཆེར་འགྲམ་པ་དང་མགོ་ནད་འཇོམས་པར་བྱེད་དོ།།

 

༣༦། ཆང་རྩི།

ཆང་རྩིའི་དྲོད་སྐྱེད་འཇུ་བྱེད་ནད་མང་སེལ། །ཞེས་པའི་ཆང་རྩི་ནི། ཆན་ལ་བཏབ་ནས་བསྙལ་བས་ཆང་ལངས་བྱེད་ཀྱི་རྩི་སྟེ། དོན་ལ་ཕབས་ཞེས་པ་དེས་མ་ཞུ་བ་འཇུ་བ་དང༌། ཆུ་རྒྱུས་འགྲམ་པ་བྱིས་པའི་ལྟེ་འཁོར། མངལ་ནད་གྲང་ཚབ་རྟ་བོང་གི་གྲང་ནད་སོགས་དང་ཕན་པ་མང་བའོ།།

བྱུང་ཁུངས་ནི། སྔོན་རྒྱ་མཚོ་བསྲུབས་པ་ནས་ལྷ་མོ་མཛེས་སྡུག་མཐོང་ཚད་ཆགས་པས་མྱོས་ནས་བརྒྱལ་འགྲོ་བ་ཞིག་བྱུང་བ་ཚངས་པས་དུག་གཟེར་དུས་ཆང་གི་ལྷ་མོ་དེ་མེ་ཏོག་དཀར་པོ་འདབ་མ་ལྔ་པར་གྱུར་པ་ནི་ཆང་གི་མེ་ཏོག་ཅེས་ཆན་ལ་བཏབ་ན་ཆང་དུ་ལངས་པར་བྱེད་པ་འདི་ཡིན། དེ་ལས་མ་མ་བྱས་ནས་ཆང་རྩི་ཕབས་འདི་འཆོས་པ་ཡིན་པས་ང་འཐུང་ན་ཉེས་པ་ཡོད་པའི་རྒྱུ་མཚན་ཀྱང་འདི་ལ་བརྟེན་ནས་ཆགས་པའི་ལྷ་མོས་ངན་སོང་དུ་འཁྲིད་པ་ཡིན་ནོ།།

 

༣༧། འབའ་ཆ།

འབའ་ཆའི་དུགས་ཀྱིས་སྟོང་ཚད་ཚིགས་འགྲམ་ཕན། །ཞེས་པའི་འབའ་ཆ་ནི། ཡུངས་ཀར་ནག་དང་ཏིལ་སོགས་ལས་མར་ཁུ་བཏོན་རྗེས་ཀྱི་སྙིགས་མ་དེ་ཡིན་པས་བསྲོས་པའི་དུགས་ཀྱིས་སྟོང་པ་རླུང་གིས་བུས་པའི་ཚད་གཟེར་དང༌། ཚིགས་འགྲམ་པ་དང༌། རུས་འབྲས། ཆུ་འགགས། སྨན་མ་ཞུ་བ། རྩ་གཤེར་ཁྲུས་གཤེར་མ་ཞུ་ནས་འགྱིངས་པ། རྨ་རེབ་རྩ་སྦྱོང་ལྟོ་འགྱིངས་པ་སོགས་ལ་ཕན་ནོ།།

 

༣༨། ཆང༌།

ཆང་ནི། རྒྱུད་ལས། ཆང་ནི་མངར་སྐྱུར་ཁ་ལ་ཞུ་རྗེས་སྐྱུར། །རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ། །དྲོད་འབར་སྤོབས་སྐྱེད་གཉིད་འཕེལ་བད་རླུང་སེལ། །ཐལ་དྲགས་སེམས་སྒྱུར་བག་མེད་ངོ་ཚ་འཇིག ར་རོ་དང་པོ་བག་མེད་གནས་ལ་གནས། རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། །ཁ་ན་མ་ཐོ་ཚུལ་ཁྲིམས་འཁྱལ་པའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་འགྱུར། །གསར་པ་ལྕི་ཞིང་རྙིང་པ་ཡང་བ་ཡིན། །གསར་འཇམ་ཕོ་བའི་དྲོད་སྐྱེད་འཇུ་བ་སླ། །གྲོ་ཆང་འབྲས་ཆང་ནས་ཆང་གོང་མ་ལྕི། །སོ་བ་སྲེ་ད་ཡོས་ཆང་ཡང་བ་ཡིན། །ཞེས་དང༌། དཔའ་བོས། ཆང་ནི་དྲོད་འབར་ཡི་ག་འབྱེད། །རྣོ་ཞིང་དྲོད་སྐྱེད་ཁོང་བརྟ་དགའ། །མངར་བཅས་ཁ་ཞིང་ཚ་བ་དང༌། ཞུ་རྗེས་སྐྱུར་ཞིང་ཅུང་ཟད་འཁྲུ། །ཞེས་སོ། །ཁུངས་ནི། སྔོན་རྒྱ་མཚོ་བསྲུབས་དུས་མྱོས་བྱེད་ལྷ་མོ་བྱུང་བ་ལས་གྱུར་ཚུལ་མདོ་ཙམ་གོང་དུ་སོང་ལ། རྒྱས་པ་ངོ་བོ་རིགས་དབྱེ་ངེས་ཚིག་སྐྱོན་ཡོན་སོགས་མང་ཡང་ཟུར་དུ་བྱས་པ་ཡོད་འདིར་ས་བཅད་ཙམ་མོ།།

ཞེས་ཞིང་གི་ལོ་ཐོག་ལས་བྱུང་བའི་སྨན་མདོར་བསྡུས་བཤད་ཟིན་ཏོ། །ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བར་གྱི་བཅུ་པ་ཞིང་བྱུང་ལོ་ཐོག་གི་སྨན་རིགས་བསྡུས་པ་བཞི་བཅུ་བཤད་པའི་སྐབས་ཏེ་བཅུ་གཅིག་པའོ།། །།

 

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 9:57 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།