སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

སྡེ་ཚན་བཅུ་པ། ཞིང་གི་ལོ་ཐོག་ལས་བྱུང་བའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 

སྡེ་ཚན་བཅུ་པ།  ཞིང་གི་ལོ་ཐོག་ལས་བྱུང་བའི་སྨན་སྡེ་བཤད་པ།

 

བཅུ་པ་ཞིང་སྐྱེས་ལོ་ཏོག་སྨན་སྡེ་ནི། །འབྲས་ཀྱི་ནུས་པ་སྣུམ་འཇམ་བསིལ་ལ་ཡང༌། །ཉེས་པ་གསུམ་སེལ་རོ་ཙ་མདངས་གསལ་དཀར། །ལུས་ཡང་ཡིད་གཞུངས་འཁྲུ་དང་སྐྱུགས་པ་གཅོད། །ཁྲེ་ནི་ལྕི་བསིལ་ལྡན་པས་རྨ་བརྟས་བྱེད། །རུས་པ་ཆག་གྲུམ་གས་རྣམས་སྦྱོར་བར་བྱེད། །ཁྲེ་རྒོད་འཁྲུ་གཅོད་དུག་སེལ་རེག་ན་བསིལ། །ཙི་ཙི་བསིལ་ཡང་རླུང་སྐྱེད་ཁོང་པ་རྩུབ། །བད་ཀན་མཁྲིས་པ་སེལ་ཞིང་དང་ག་འབྱེད། །ཁྲ་མ་བསིལ་ལ་ཡང་རྩུབ་ཡི་གར་འཕྲོད། །ནས་དཀར་རྩུབ་བསིལ་ལྕི་མངར་ཁོང་ཅུང་འཁྲོག །བཤང་བའི་རླུང་འཕེལ་རོ་ཙ་བརྟས་པར་བྱེད། །གཅིན་ཚིལ་མཁྲིས་པ་བད་ཀན་ཆམ་པ་དང༌། །ལུད་པ་དབུགས་མི་བདེ་བ་སེལ་བར་བྱེད། །ད་རྒན་ལྐོག་མའི་ནད་དང་པགས་ནད་སེལ། །ནས་སྔོན་བྱིས་གློ་ཚ་སུབ་རྒྱུ་གཟེར་སེལ། །ནས་སྔོན་བསྲེགས་པས་གློ་བའི་ནད་ལ་ཕན། །ནས་ནག་རྨ་དང་ཤུ་བ་གདོན་ལ་ཕན། །ནས་གཞན་ལྕི་བསིལ་སྣུམ་མངར་ཤ་སྟོབས་སྐྱེད། །སྨྱིག་མའི་ནས་འབྲས་རྩུབ་ལ་ཚ་བ་ཡིན། །ནས་རྒོད་གཞན་ལས་ཅུང་ཟད་དམན་པ་ཡིན། །གྲོ་ནི་རོ་མངར་སྣུམ་བསིལ་ལྕི་བ་སྟེ། །རོ་ཙ་འཚོ་བྱེད་རླུང་དང་མཁྲིས་པར་ཕན། །དུག་ནད་ཚིགས་ལ་བྱེར་བ་སྡུད་པར་བྱེད། །ཤ་མཁྲེགས་ཆག་གྲུམ་སྦྱོར་ལ་ཅུང་ཟད་འཁྲུ། །སྲིན་དང་བད་ཀན་གྲང་བ་དག་ལ་གནོད། །གྲོ་ཆང་གློར་ཕན་གྲོ་སོག་ཚིགས་པ་ཡིས། །གྲེ་བ་ལ་ཕན་བག་ཕྱེས་སྐྲངས་པ་འདུལ། །སོ་བ་སྲེ་ད་བསིལ་ཡང་བད་མཁྲིས་སེལ། །བུ་དང་ཟུག་རྔུ་འབྱིན་པར་བྱེད་པ་ཡིན། །དེ་ལྟར་གྲ་མ་ཅན་འབྲུ་རོ་དང་ནི། །ཞུ་རྗེས་མངར་བས་རོ་ཙ་ནུས་རླུང་འཇོམས། །ལུས་ཀྱི་སྟོབས་དང་བད་ཀན་སྐྱེད་པར་བྱེད། །སྲན་མ་སྲན་ཆེན་དཀར་པོས་རླུང་འཇོམས་ལ། །དེ་ལས་སྲན་མ་གཞན་སྐྱ་རླུང་སྐྱེད་བྱེད། །སྲན་མ་རིལ་མོ་མཆོག་ཏུ་བསིལ་ལ་ཡང༌། །རླུང་སྐྱེད་དུག་ནད་སྣོད་ལ་བྱེར་བ་སྡུད། །མཁྲིས་པའི་ཞག་ལེན་རྨ་དང་འབྲུམ་ནག་སེལ། །སྲན་མའི་མེ་ཏོག་མཁལ་ནད་ཁྲག་ཤོར་སྐེམ། །སྲན་ཆུང་ལེབ་མོ་བསྐ་མངར་ཉེས་གསུམ་སྐྱེད། །གཞང་འབྲུམ་ལ་ཕན་སྐྱོ་མ་བྱུགས་པ་ན། །མེ་དབལ་དྲེག་ནད་དང་ནི་ཁྲག་ནད་འཇོམས། །མོན་སྲན་ལེབ་མོ་དཀར་པོས་རླུང་སྐྱེད་ལ། །རྩུབ་ཅིང་ལྕི་ལ་བཤང་བ་འཕེལ་བར་བྱེད། །འདི་དང་སྲན་རིལ་བསྐ་མངར་བསིལ་ཡང་སྐྱ། །རྩ་འགགས་བད་ཀན་ཚད་སེལ་འཁྲུ་བ་གཅོད། །སྣུམ་སེལ་ཁྲག་མཁྲིས་ཚི་ཆེར་བྱུགས་ན་ཕན། །འབྲུམ་ནག་མེ་དབལ་ལུད་པ་དག་ལ་ཕན། །མོན་སྲན་གྲེའུ་ཞེས་བྱ་མ་ཤ་ནི། །སྣུམ་པས་རླུང་སེལ་ཁུ་སྟོབས་བད་མཁྲིས་སྐྱེད། །བལ་སྲན་དུག་འབྱིན་ཆུ་འབེབས་འཇིག་པར་བྱེད། །རྒྱ་སྲན་དཀར་ནག་རོ་ཚ་ཞུ་རྗེས་སྐྱུར། །བད་རླུང་ལུད་པ་དབུགས་མི་བདེ་བ་དང༌། །ཁུ་བ་ལས་བྱུང་རྡེའུ་འཇོམས་གཞང་འབྲུམ་སེལ། །ཁྲག་མཁྲིས་སྐྱེད་ལ་སོ་དང་སེ་འུ་སྐྱེ། །ཏིལ་གཉིས་གྲོ་ཞིང་རླུང་འཇོམས་པགས་པ་འཇམ། །བསིལ་ཞིང་སྲིན་སེལ་སྐྲ་དང་སྨར་སྨིན་སྐྱེ། །ལྕི་ཞིང་རོ་ཙ་ཁུ་འཕེལ་མངལ་སྐྲན་བཤིག །ཞུ་རྗེས་ཚ་ལ་ཡིད་གཞུངས་དྲོད་སྐྱེད་ལ། །བད་ཀན་མཁྲིས་པ་སྐྱེད་པར་བྱེད་པ་ཡིན། །ཡུངས་ཀར་ལྕི་ལ་ཚད་པ་བད་ཀན་སྐྱེད། །ཚ་ཞིང་བཤང་བ་གཅིན་འགགས་ཉེས་ཀུན་སྐྱེད། །རོ་ཙ་ཆུ་སེར་གདོན་དུག་གཉན་ལ་ཕན། །མར་ནག་གྲང་སེལ་རླུང་འཇོམས་ཁྲག་མཁྲིས་འཕེལ། །ཟར་མ་སྣུམ་མངར་ལྕི་ལ་ཁ་ཞིང་དྲོ། །ལྕི་བས་རླུང་སེལ་འཇམ་པས་བད་མཁྲིས་སྐྱེད། །ཞུ་རྗེས་ཚ་བས་མིག་གནོད་ཁུ་བ་སྐེམ། །སྐྱོ་མས་འབྱར་བྱས་སྐྲངས་པ་རྣག་ཏུ་འགུགས། །བྲ་བོ་དཀར་ནག་བསིལ་ཡང་ཉེས་གསུམ་སྐྱེད། །རྨ་འཇིབས་ཁྲག་བཤིག་འབྲས་ལ་ཅུང་ཟད་ཕན། །རང་རང་ངར་སོགས་ཚིགས་པའི་གདུས་ཐང་གིས། །རང་རང་ལ་བཙོས་ཆང་མ་ཞུ་བ་འཇུ། །རྗེན་ལས་བརྔོས་ཡང་བརྔོས་ལས་བཙོས་པ་ཡང༌། །བཙོས་ལས་ཆང་ཡང་ཆང་ལས་རག་རིམ་དྲོ། །དེ་ལྟའི་གང་བུ་ཅན་སྤྱིས་རྩ་སྒོ་འགག །རོ་བསྐ་མངར་ཞིང་འཁྲུ་གཅོད་ཞུ་རྗེས་ཚ། །བསིལ་ཡང་ཚིལ་ཁྲག་མཁྲིས་པར་བསྐུ་བྱུག་ཕན། །གྲ་གོང་ཅན་འབྲུ་ཀུན་ཀྱང་གསར་རློན་ལྕི། །བད་སྐྱེད་སྨིན་གྱུར་སྐམ་དང་རྙིང་པ་ཡང༌། །གང་དུ་དཀོན་པ་སྨན་འགྱུར་མོད་པ་ཟས། །རྩ་བ་ཅན་སྡེར་ཉུང་མས་དུག་ནད་སྲུང༌། །ཚ་དྲོ་བད་རླུང་སེལ་ཞིང་མཁྲིས་པ་སྐྱེད། །ལ་ཕུག་གཞོན་ནུ་ཡང་དྲོ་མེ་དྲོད་སྐྱེད། །ཡང་ཞིང་ཅུང་ཚ་སྐྲན་དང་ལུད་གཅོང་དང༌། །དབུགས་མི་བདེ་དང་རྨ་དང་མིག་ནད་དང༌། །ལྐོག་ནད་སྐད་འགགས་དྲོད་ཆུང་རྟུག་སྐམ་དང༌། །ཆམ་པའི་ནད་ཀྱང་འཇོམས་པར་བྱེད་པ་ཡིན། །ནར་སོན་ལྕི་བསིལ་རོ་དང་ཞུ་རྗེས་ཚ། །བད་སྐྱེད་དྲོད་འཕེལ་བཙོས་ན་སྣུམ་ཞིང་ཡང༌། །རླུང་སེལ་སྐམ་པོས་རླུང་དང་བད་ཀན་འཇོམས། །ལ་ཕུག་འབྲུ་གུས་ཕོ་བའི་དམུ་རྫིང་སེལ། །དྲོད་སྐྱེད་ཁ་ཟས་འཇུ་བར་བྱེད་པ་ཡིན། །ཁུ་བས་རྣ་བའི་ནད་སེལ་ཐལ་བ་ཡིས། །དྲི་མ་འགགས་པ་སེལ་བར་བྱེད་པ་ཡིན། །ཆང་རྩིས་དྲོད་སྐྱེད་འཇུ་བྱེད་ནད་མང་སེལ། །འབའ་ཆའི་དུགས་ཀྱིས་སྟོང་ཚད་ཚིགས་འགྲམ་འཇོམས། །ཆང་ནི་མངར་སྐྱུར་ཁ་ལ་ཞུ་རྗེས་སྐྱུར། །རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ། །དྲོད་འབར་སྤོབས་སྐྱེད་གཉིད་འཕེལ་བད་རླུང་སེལ། །ཐལ་དྲག་སེམས་སྒྱུར་བག་མེད་ངོ་ཚ་འཇིག། །།

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 9:47 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།