སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་བཅུ་གསུམ་པ། གདུས་པའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.06.2015
དྲི་མེད་ཤེལ་ཕྲེང་། >>

 


སྡེ་ཚན་བཅུ་གསུམ་པ། གདུས་པའི་སྨན་སྡེ་བཤད་པ།

ད་ནི་བར་གྱི་བཅུ་གསུམ་པ་གདུས་པའི་སྨན་གྱི་ནུས་པ་བཤད་པ་ལ། ཚ་བ་མེས་གདུས་པ་དང༌། བསིལ་བ་ཆུས་གདུས་པ་གཉིས་སོ།།

 

དང་པོ། ཚ་བ་མེས་གདུས་པ།

དང་པོ་ནི། གསེར་གྱི་ཐལ་བས་རིན་ཆེན་དབྱིག་དུག་སེལ། དངུལ་ཐལ་ཤ་རོ་གཅོད་དང་ཆུ་སེར་སྐེམ། །ཟངས་ཐལ་རྣག་དང་ཆུ་སེར་སྐེམ་པའི་མཆོག ལྕགས་ཐལ་མཆིན་པའི་དུག་དང་དམུ་རྫིང་སེལ། །གསེར་དངུལ་ཟངས་ལྕགས་ཐལ་བས་མཛེ་ནད་དང༌། །དུག་འཇོམས་བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ། མཚལ་ཐལ་འབྲས་དང་ཤ་རོ་གཅོད་པར་བྱེད། །རྡོ་ཐལ་ཕོ་བའི་བད་ཀན་ལྷེན་སྐྲན་བཤིག དུང་དང་འགྲོན་བུའི་ཐལ་བས་སྐེམ་དང་འབིགས། །ཅོང་ཞིའི་འཕྲུལ་ཐལ་ཆུང་དུས་མ་ཞུ་དང༌། །བད་ཀན་ལྷེན་དང་ལྕགས་དྲེག་ཆགས་པ་དང༌། །རྡོ་དུག་དབྱིག་དུག་བད་མཁྲིས་སྨུག་པོའི་སྐྲན། །ཕོ་བའི་ནད་ཀུན་ཚ་གྲང་མེད་པར་འཇོམས། །འཕྲུལ་ཐལ་འབྲིང་པོས་གོང་བཤད་མ་ཞུ་སོགས། །སྟོབས་ཆེར་རྒྱས་དང་ལྡན་འདུས་ཚ་སྐྲན་འཇོམས། །འཕྲུལ་ཐལ་ཆེན་པོས་གྲང་སྐྲན་མཐའ་དག་འཇོམས། །རྒོད་བཏུལ་ཐལ་བས་གག་པ་ཤ་རོ་གཅོད། །ལྷེན་སྐྲན་དང་ནི་ལྕགས་དྲེག་གཅོད་པར་བྱེད། །དུར་(མིའི་)ཐོད་ཐལ་བས་རྣག་དང་ཆུ་སེར་སྐེམ། །ཚ་བསྲེགས་རིགས་(སྦྱོར་སྡེར་བསྡེབ་)ཀྱི་ཐལ་བ་རིམ་པ་ཡིས། །མ་ཞུ་ལྷེན་དང་ལྕགས་དྲེག་ཁྲག་གི་སྐྲན། །ཆེ་འབྲིང་ཆུང་སོགས་རིམ་པ་བཞིན་དུ་འཇོམས། །རྨ་བྱའི་མདོངས་ཐལ་དུག་དང་གློ་རྣག་ཕན། །འུག་སྒྲོའི་ཐལ་བས་དམུ་རྫིང་སྐེམ་པར་བྱེད། །ཟ་འོག་ཐལ་བས་ཁྲག་ཤོར་རྩ་ཁ་འཛིན། །ཕག་རིལ་ཐལ་བས་གྲང་མཁྲིས་སྣོད་སྐྲན་སེལ། །ག་བུར་ནག་པོའི་(བ་ཆུས་འདམ་བཏགས་ཀ་ར་སྦྱར་)ཐལ་བའི་སྦྱོར་བ་ཡིས། །གཟེར་ཐུང་གཉན་རིམས་མིག་སེར་སེལ་བར་བྱེད། །ཁྱད་པར་ཕོ་བར་རིམས་བབ་བདུད་རྩི་ཡིན། །སྒོག་སྐྱ་སྙ་ལོ་སྲད་དཀར་ཀྱི་ལྕེ་བཞིའི། །ཐལ་བས་རླུང་རིམས་འབོག་དང་འཐིབ་པ་སེལ།།  ཆང་སྦྱར་རི་ཐང་མཚམས་སུ་བདུད་རྩིར་མཚུངས། །མི་བྲུན་ཐལ་བས་སྣོད་ཀྱི་མཁྲིས་སྐྲན་བཤིག །བཙན་དུག་ཐལ་བས་ཚ་འབྲས་བཤིག་པར་བྱེད། །འཇམ་སྦྱོར་(འབྲས་བུ་གསུམ་སྒྲོན་ཤིང་དུར་བྱིད་དན་ད་པ་ཏྲ་ས་རྫི་ཀ་རྒྱ་ཚྭ་ཁ་རུ་ཚྭ་རྩབ་རུ་ཚྭ་ཡ་བ་ཀྵ་ར་པི་ལིང་མཱུ་ལ་ཤིང་ཚ་ཐལ་ཚ་ཙི་ཏྲ་ཀ་ཚ་བ་གསུམ་འོ་མ་ཞོ་མར་ཞག་རྐང་ཚིལ་གྱིས་སྦྲུས་ལ་བསྲེགས་པའོ།།)ཐལ་བས་རླུང་ཤས་ཆེ་ལ་ཕན། །བར་མའི་ཐལ་བས་(བར་མའི་ཐལ་བ་ནི་སྔ་མའི་སྟེང་དུ་ཧོང་ལེན་བཙོད་ཞུ་མཁན་ཀྱི་ལྕེ་བསྣན་པ་དང་རའི་ཞོས་སྦྲུས་ལ་བསྲེགས་པའོ་)མཁྲིས་པརལྡན་པ་འཇོམས། །རྣོན་པོའི་(རྣོན་པོ་ནི་འཇམ་པོའི་སྟེང་དུ་སྔོ་ཚ་བ་གསུམ་རྒོད་གཡག་རྭ་ཤུ་དག་ཤིང་ཀུན་བསྣན་ལ་གཅན་གཟན་ཤ་རུས་ཁུ་བ་དང་ཆང་གིས་སྦྲུས་ལ་བསྲེགས་པའོ་)ཐལ་བས་བད་ཀན་རྐྱང་པ་སེལ། །དེ་ཡང་རིམ་པས་བུ་རམ་ཀ་ར་དང༌། །སྦྲང་རྩིའི་རྟ་ལ་བསྐྱོན་ནས་བཏང་བ་ཡིན། །ཕུར་མོང་ཡོག་མོ་གྲེས་མའི་ཐལ་བ་ཡིས། །རྨ་དང་འབྲུམ་པའི་རྣག་ཆུ་སྐེམ་པར་བྱེད། །མི་སོག་ཐལ་བས་ཚད་རྙིང་རུས་ཞེན་འདོན།།  ཞེས་ཐལ་སྨན་སུམ་ཅུ་རྩ་གསུམ་ས་བཅད་ཙམ་དུ་བཤད་ཟིན་ཏོ།།

 

གཉིས་པ་བསིལ་བ་ཆུས་གདུས་པ།

གཉིས་པ་ནི། སྔོ་སྨན་བསིལ་གྱུར་ཚོགས་ཚད་བྲག་ཞུན་བཅས། །གདུས་པའི་ཁནྜས་ཚད་རིགས་མཐའ་དག་འཇོམས། །སྟང་ཟིལ་འཛིན་པ་གུར་ཏིག་གང་ག་ཆུང༌།།  སྲོ་ལ་ཧོང་ལེན་ཁནྜས་ཚད་རིམས་འཇོམས། །གླང་ཆེན་ཆིག་ཐུབ་(སྨན་ནད་ཆེ་ན་པི་ལིང་ཐང་གིས་བཅག)ཁནྜས་(ཤུ་དག་བ་བླ་གླ་རྩི་གུ་གུལ་འདེབས་)གག་ལྷོག་དང༌། །ཐབ་ཉེས་སྲིན་དང་ཚ་སྐྲངས་འཇོམས་པའི་མཆོག །རྟ་ལྤགས་གཉིས་དང་རེ་སྐོན་བྲག་སྤོས་ཀྱི༌། །ཁནྜས་རྨ་ཀུན་གསོ་བའི་རྨ་རྩི་བྱེད། །ཕག་ལྡང་ཁནྜས་རྨ་གསོ་རྩ་ཁྲག་གཅོད། །མཁྲིས་སྣར་གུར་གུམ་བཏབ་པའི་ཁནྜ་ཡིས། །རྨ་ཁྲག་བུ་ག་ཀུན་གྱི་ཁྲག་ཟག་གཅོད། །ཕུར་ནག་ཁནྜས་སྣོད་སྲིན་ལ་སོགས་འཇོམས། །སྟག་མའི་ལོ་མའི་ཁནྜར་གླ་རྩི་དང༌། །ཤུ་དག་བཏབ་པ་བསྟེན་ལ་གཉིད་ལོག་པས། །སྲིན་དང་ཡ་མ་གཉན་ནད་ཀུན་འཇོམས་བྱེད། །གྲེས་མ་རིགས་གསུམ་ཁནྜས་སྲིན་ཀུན་དང༌། །བད་སྨུག་དུག་ཐབས་སྟོད་འཚང་ཕོ་ལྷོག་འཇོམས། །རེ་རལ་གསུམ་དང་ཆར་ཉུངས་ཁནྜ་ལ། །ཨ་རུ་ཀོ་བྱིལ་རྒྱ་ཚྭ་སྦྱར་བ་ཡིས། །མི་དང་ཕྱུགས་ཀྱི་དུག་རིགས་འཕྲལ་དུ་འཇོམས། །དྭ་བའི་ཁནྜར་སྲིན་སྨན་གང་ཚོགས་བཏབ། །འཐུང་བས་ནང་སྲིན་བྱུགས་པས་པགས་སྲིན་འཇོམས། །སྲད་དཀར་སྲད་སྨུག་ཁནྜས་དམུ་རྫིང་དང༌། །མཛེར་ནད་མ་ལུས་གཏེང་ནས་འདྲེན་པར་བྱེད། ཟྭ་ཚོད་ཁནྜར་སྦྲང་རྒོད་སྦྱར་བཏང་བས། །ཚ་བ་མེད་པའི་དྲེག་ནད་རྩད་ནས་འབྱིན། །ཉུངས་མའི་ཁནྜ་ཆུ་བསྐོལ་འཕུལ་བསྟེན་པས། །ཉིན་རེའི་དུག་སྲུང་མཆིན་པའི་དུག་ཐབས་སེལ། །ཀྱི་ལྕེ་རྩ་ལོའི་ཁནྜ་ཆུ་གྲང་འཕུལ། །ཚ་བ་ཀུན་སེལ་སྣོད་ལྷུང་མཁྲིས་ནད་འཁྲུ། །ཧོང་ལེན་ཁནྜ་བསྐོལ་གྲང་ཆུས་འཕུལ་བས། །ཁྲག་འཁྲུགས་སེལ་ཞིང་སྣོད་ནད་ཐུར་དུ་འཁྲུ། །དྭ་ལིས་ཁནྜར་ཅོང་ཞི་སྦྱར་བ་ནི། །མ་ནུ་འུ་སུ་སྟར་བུའི་ཐང་འཕུལ་སྟེ། །བད་སྨུག་ཕོ་ཁར་ལྷུང་དང་འགྱིངས་པ་སེལ། །བྲག་ཞུན་ཁནྜ་ཆུ་གྲང་གིས་འཕུལ་བསྟེན། །ཕོ་མཆིན་མཁལ་ཚད་མིག་ནད་ཀུན་ལ་ཕན། །སྨུག་པོ་དུག་ཐབས་སེལ་བའི་བདུད་རྩི་ཡིན། །ཤུག་འབྲུའི་ཁནྜ་བུ་རམ་དང་སྦྱར་བས། །རྐང་ལག་ཆུ་སེར་ཚ་བ་མ་ལུས་སེལ། །འབྲས་བུ་གསུམ་གྱིས་ལྕགས་ཕྱེ་བཞུས་པ་ཡི། །དྭངས་མའི་ཁནྜས་མཆིན་ཚད་བད་སྨུག་སེལ། །སྟར་བུའི་ཁནྜས་གློ་ནད་བད་ཀན་དང༌། །ཁྲག་ལས་གྱུར་པའི་སྐྲན་ཀུན་མ་ལུས་བཤིག །ར་མཉེ་ལྕེ་བའི་ཁནྜར་བུ་རམ་སྦྱར། །མཁལ་རྐེད་སྨད་ཀྱི་ཆུ་སེར་གྲང་བ་སེལ། །འོལ་མོ་རྩ་ལོ་འབྲས་གདུས་ཁནྜ་ལ། །རྒྱ་རུ་རྒྱ་ཚྭ་གཡེར་མ་མདེ་འབྱིན་པ། །སྦྱར་བ་མ་ཆག་ཟླ་བ་གཅིག་བསྟེན་ན། །བུད་མེད་ཚབ་ནད་མངལ་སྐྱོན་མཐའ་དག་འབྱིན། །དེ་རྗེས་རྩ་བ་ལྔ་ཡི་ཁནྜ་ལ། །བུ་འཛིན་ཚི་གུ་སྦྱར་བ་བསྟེན་བྱས་ན། །མོ་གཤམ་ལ་ཡང་བུ་མར་བུ་རྩི་བྱེད། །སེང་ལྡེང་ཁནྜས་མཛེ་ལ་མཆོག་ཏུ་ཕན། །ལྡུམ་བུ་ཟངས་རྩིའི་ཁནྜས་མཁྲིས་ནད་སེལ། །སྐྱེར་བའི་ཁནྜ་བྱུགས་པས་མིག་ནད་སེལ། །འབམ་པོའི་ཁནྜས་ཁོང་སྐྲན་བཤིག་པར་བྱེད། །དྭ་བ་རྟ་སྦངས་སྤྲུ་རྩིའི་ཁནྜ་ལ། །བྱི་ཏང་ག་དང་ཤིང་ཀུན་རྩི་ཏྲ་ཀ། དུག་སྣ་སྦྱར་བས་སྲིན་ཐོར་ཤ་བཀྲ་སེལ། །བ་གསར་དམར་སེར་ཆུ་ཡི་ཁནྜ་ཡིས། །སྐྱ་རྦབ་འོར་ནད་དམུ་ཆུ་མཛེ་ནད་དང༌། །དབྱིག་དུག་ཚད་རྙོག་ཆུ་སེར་མ་ལུས་སྦྱོང༌། །དུར་བྱིད་ཐར་ནུ་སྔོན་བུ་ཁྲོན་བུ་དང༌། །ལྕུམ་རྩ་དན་ད་དོང་ག་རྩི་སྟག་མོ། །ཨ་རུ་མཆུ་སྙུང་ཤྲིའ་ཁནྜ་དང༌། །དམར་སེར་བ་ཆུ་བཅས་པའི་ཁནྜ་ཡིས། །རྣོ་འཇམ་ནད་ཀུན་སྦྱངས་ཤིང་ཁྱད་པར་དུ། །དམུ་འོར་སྐྱ་རྦབ་ཆུ་སེར་མ་ལུས་སྦྱོང༌། །ཐར་ནུ་དུར་བྱིད་ཧོང་ལེན་ཆུ་རུག་པའི། །ཁནྜས་སྐྱུགས་འབྱིངས་འབྱམས་མེད་ཆུ་མི་གནོད། །ནམ་ཟླ་ཚ་གྲང་ན་སོ་རྒས་གཞོན་མེད། །ལམ་བགྲོད་མགྲོན་པོ་ལ་ཡང་གཏོང་བས་ཆོག ཁ་བསྒྱུར་གང་བྱས་ནད་ཀུན་འཇམ་པོར་སྦྱོང༌། །སྲོ་མ་སེང་གེས་དབང་སྟོབས་རོ་ཙ་སྐྱེད། ཅེས་པ་རྒྱ་གར་ཕལ་སྐད་དུ་མཱུ་ལ་སི་ཏ་ཞེས། །བོད་སྐད་དུ། རྩ་བ་དཀར་པོ་སྟེ། བོད་ཀྱི་མེ་ཏོག་གངས་ལ་དཀར་པོའི་ཁནྜ་འོ་མར་གདུས་པ་སྟེ། རྒྱ་གར་ནས་ཡོང་བ་ནག་སྨུག་དྲི་ངད་ཅན་དེའི་མིང་སྲོ་མ་སེང་གེ་སྟེ། །སྲན་མ་ཙམ་རེ་འོ་མ་གདུས་པའི་ཁནྜ་དར་བ་ཙམ་གྱིས་འཕུལ་ནས་ཞག་བདུན་ཟོས་ན་དབང་པོ་གསལ་ཞིང་ལུས་དང་སྙིང་གི་སྟོབས་སྐྱེད་ཅིང་རོ་ཙ་བར་བྱེད། ཐུན་ཆེ་ན་སྨན་ནད་ཝ་ཏ་དང་འདྲ་བ་ལྡང་ཡོང༌། འདྲི་རྒྱ་གར་གྱི་ཁ་ཤོག་པའི་རིགས་ཡིན་པས་སྨན་ནད་ཀྱང་འོ་མས་སེལ་བར་བྱེད་དོ། །ཞེས་ཁནྜ་སུམ་ཅུ་རྩ་གསུམ་ས་བཅད་ཙམ་དུ་བསྟན་ཟིན་ཏོ།།

 

གསུམ་པ། སྤྱི་ལ་གཅེས་པ་སྨན་རྟ་གསུམ་བཤད་པ།

ད་ནི་སྤྱི་ལ་གཅེས་པ་སྨན་རྟ་གསུམ་བཤད་པ་ལ། རླུང་དང་མཁྲིས་པ་བད་ཀན་གསུམ་སོ་སོའི་རྟ་བསིལ་དྲོད་སྙོམས་པའི་དབང་ལས་སོ་སོ་སྟེ།

 

༡། བུ་རམ།

སྨན་རྟ་བུ་རམ་གྲང་རླུང་སེལ་བའི་རྟ། །ཞེས་པ་ལ། ཡན་ལག་བརྒྱད་པར། བུ་རམ་ཤིང་ཁུ་འཁྲུ་ཞིང་སྣུམ། །ཤ་སྐྱེ་རོ་ཙ་དྲོད་གཅིན་འཕེལ། །ཞེས་དང༌། རང་བྱུང་པས། བུ་རམ་རླུང་གི་ནད་ལ་བཟང༌། །ཞེས་སྤྱིར་དགོངས་པ་སྟེ། རྒྱུ་བུར་ཤིང་ཞེས་པའི་ཤིང་རིར་སྐྱེས་དང་ལྡུམ་རར་བཙུགས་པའི་ཤིང་སྨྱིག་མའི་ཚལ་ཡོད་པའི་ཤིང་ཁུ་ཡིན་ལ། ཏ་ལ་ཞེས་བྱ་བ་ནག་ལ་སྦོམ་ཞིང་རིང་བ་དང༌། སརྦ་ཀ་ཞེས་པ་ཚིགས་པ་མང་པོ་ཡོད་པ་དང༌། ཀ}oར་ཞེས་ཕྲའུ་ཐུང་ངུ་ཞིག་དང༌། ཝང་མ་ཞེས་པ་ཕལ་པ་དང༌། བལ་ཡུལ་གྱི་བུར་ཤིང་སོགས་ཡུལ་སོ་སོར་བུ་རམ་དང་ཀ་རའི་ཤིང་མ་ངེས་པར་འབྱུང་ངོ༌། །ཤིང་དེ་དག་གི་རྒྱུ་ཆེད་ལས་ཁ་དོག་དང་དྲི་རོ་འདྲ་མིན་ཅུང་ཞིག་འབྱུང་ཡང་ཤིང་རང་རང་གང་ལའང་དྭངས་སྙིགས་ཀྱི་ཁྱད་པར་ལས་བུ་རམ་རིགས་གསུམ་རེ་བྱུང་བ་ནི། ཤིང་དེ་བཙོས་ལ་ཁུ་བ་གདུས་པའི་ཚེ། ཁ་ནས་ལྦུ་བ་དང་དྲི་མ་ངན་པ་རྣམས་བཞམས་པའི་འོག་ཏུ་ཁ་སྤྲིས་སླ་མོ་ཡོད་ལ་ལོགས་སུ་བཞམས་ལ་གདུས་པ་ནི་བུར་སྨུག་སྟེ། སྨུག་ལ་མི་ཆགས་པ་སྣུམ་པའི་རང་བཞིན་འབོ་བར་བྱེད་པ་ཅན་ནོ། །དེ་ནི་འཇུ་དཀའ་ལ་ལྕི་བས། མཆིན་པའི་ནད་སྐྱེད་བཤང་གཅི་ཉམས་པར་འགྱུར། །ཞེས་སོ། །ཡང་བསྐོལ་བས་དེ་འོག་ནས་སྤྲིས་མ་བཅད་པ་ནི་བུརསེར་ཏེ་སྔ་མ་ལས་གར་ལ་དྭངས་ཤིང་སེར་སྐྱ་སྙི་ཡང་མི་འབོ་བའོ། །དེའི་ཞབས་ནས་སྔ་མ་ལྟར་བསྐོལ་བའི་བུ་རམ་ནི་བུར་དཀར་ཏེ། འདི་ལ་སྐབས་འགར་རྒྱལ་མོ་ཀ་ར་ཡང་ཟེར། ཟོས་ན་རོ་བུ་རམ་དང་འདྲ་བ་ལས་དབྱིབས་ཀ་ར་ལྟར་འགྱུར་བས་དཀར་ལ་མཁྲེགས་པ་གོང་བུར་ཆགས་པའོ། །དེ་ལ་རང་འགྲེལ་དུ། བུ་རམ་གྱི་ཁུ་བ་གདུས་པའི་ཞབས་ནས་བྱུང་བ་ནི་ལི་ཁ་རར་འགྱུར་རོ་གསུངས་པ་འདི་ལ་འཁྲུལ་ནས། འགྲེལ་པ་འགའ་རེར་བུ་རམ་ཀ་ར་རིགས་གཅིག་ཕྱི་མ་རིམ་པས་དྭངས་པའི་དབང་གིས་ཡིན་པར་བཟུང་ཡང་འཁྲུལ་བ་སྟེ། ལི་ཁ་ར་ནི་ཀ་ར་ཡིན་པས། ལི་ཁ་རར་འགྱུར་ཞེས་པ་དེ། དཀར་ཞིང་དྭངས་ལ་མཁྲེགས་པས་ལི་ཁ་ར་ལྟ་བུར་འགྱུར་གསུངས་པ་ཡིན་ལ་དངོས་སུ་འགྱུར་གསུངས་པ་མིན་ཏེ། དཔེར་ན་བཟང་བ་ལ་གསེར་དུ་འགྱུར་ཟེར་བ་དང༌། དྭངས་པ་ལ་ཤེལ་དུ་འགྱུར་དང༌། སྲ་བ་ལ་ལྕགས་སུ་འགྱུར་ཟེར་བ་རྣམས་དཔེར་བྱས་ནས་དེ་འདྲར་འགྱུར་བ་ལས་དངོས་སུ་འགྱུར་ཟེར་བ་མིན་པ་ལྟ་བུའོ། །འདྲ་བའི་ཕྱིར་ན་དངོས་མ་ཡིན། །དཔེ་དང་དོན་གཉིས་མ་ནོར་གཅེས། །ཞེས་པ་ལྟར་རོ། །བུ་རམ་དམར་པོ་ཁ་བ་ཞིག་འབྱུང་བ་ནི་སྐྱོན་ཅན་ཏེ། །བརྒྱད་པ་ལས། རྩ་བ་རྩེ་མོ་འབུས་ཟོས་ངན། །ཞེས་གསུངས་པའི་བུར་ཤིང་འབུས་ཟོས་པས་ཤིང་སྐེམ་ལ་ཉེ་བར་གྱུར་པས་སྐྱུར་ལངས་པ་དང༌། ལས་སུ་མ་རུངས་པས་དམར་ལ་སྒོག་པ་དེ་རྣམས་ལོགས་སུ་བསལ་ནས་གདུས་པའི་བུ་རམ་ཡིན་པས། དེས་ཤ་ཚིལ་ཁྲག་དང་བད་ཀན་སྐྱེད་པར་བྱེད་པས་མི་བཟང་ངན། སྤྱིར་སྤང་བྱ་སྟེ་དུག་བར་ཡང་ཟེར་རོ། །ནུས་པ་ཡང་སྤྱིར་བུ་རམ་གང་ཡང་གསར་པ་བསིལ་བ་ཡིན་ཏེ། བརྒྱད་པ་ལས། བསིལ་ཞིང་ཁྲག་མཁྲིས་སེལ་བར་བྱེད། །ཅེས་དང༌། ལྕགས་ཕྲེང་ལས། ལྷོ་བུར་བསིལ་དྲོད་སྙོམས་ལ་ཞུ་རྗེས་བསིལ། །ཞེས་དང༌། བདུད་རྩི་ཐིགས་པ་ལས། དང་པོ་བུ་རམ་ལྕི་ཞིང་བཅུད་རྒྱས་པ། བད་ཀན་ཐུར་ལ་འདྲེན་པར་བྱེད་པ་ཡིན། །ཞེས་གསུངས་སོ། །བུ་རམ་རྙིང་ནས་དྲོ་བ་ཡིན་ལ། བརྒྱད་པ་ལས། ལོ་ལོན་གྱུར་ན་གྲོ་ཞིང་བཅུད། །ཅེས་དང༌། ལྕགས་ཕྲེང་ལས། བུ་རམ་དྲོ་ལ་ལྕི་བ་ཡིན། ཞེས་དང༌། བདུད་རྩི་ཐིགས་པར། རྙིང་བའི་བུ་རམ་གྲང་དྲོའི་ནད་རྣམས་སེལ། །ཞེས་སོ། །སྨུག་སེར་དཀར་གསུམ་ཡང་རིམ་པས་སྔ་མ་བསིལ་ལ་ཕྱི་མ་དྲོ་བ་ཡིན། མིང་གུ་ཌ་ཟེར། གང་ཡང་སླད་མེད་གཙང་ལ་དྭངས་པ་བཟང་ངོ༌།།

 

༢། ཀ་ར།

ཀ་ར་ཁྲག་མཁྲིས་ཚ་བ་སེལ་བའི་རྟ། །ཞེས་པར། རིན་ཆེན་སྤུངས་པར། ཁ་ར་བསིལ་ལ་རྣོ་བ་ཡིན། །ཞེས་དང༌། བདུད་རྩི་ཐིགས་པར། ཁ་ར་དཀར་པོས་ལུས་ཚ་སྐོམ་དད་ཆེ། །སྐྱུགས་བྲོ་བརྒྱལ་དང་མཁྲིས་པ་རྒྱས་རྣམས་སེལ། །ཞེས་དང༌། རང་བྱུང་པས། ཀ་ར་དཀར་པོས་ཚད་པ་སེལ། །ཤ་ཁ་ར་ནི་བཅུད་ཆེན་ཏེ། །ཞེས་གསུངས། མིང་སྤྱིར། ཁནྜ། ཤ་ཀ་ར། ས་ཁ་ར། ཧྭགས། ན་བོ་ས་ཏ། བསིལ་རྟ། མགྱོགས་བྱེད། རྒྱུག་བྱེད། རྩར་འཁྲིད་ཟེར། འདི་ལ་རིགས་གསུམ་ཡོད་པ་ལས། བརྒྱད་པ་ལས། དེ་ལ་ཁ་ར་དཀར་པོའི་ཤིང༌། །མངར་དང་བསིལ་བའི་མཆོག་ཡིན་ཏེ། །ཁྲག་མཁྲིས་ཚ་བ་སེལ་བར་བྱེད། གསུངས། འདི་ཤིང་ལི་ཁ་རའི་ཁུ་བ་ཡིན་ཏེ། ཀ་ར་ཟེར་བ་དང་ཁ་ར་ཟེར་བ་བརྡ་གསར་རྙིང་གི་སྐད་ཡིན་པས་དོན་འདྲ། རང་འགྲེལ་ལས། དེ་ལ་ལི་ཁ་ར་དཀར་པོའི་ཤིང་ནི་ཀ་ར་སྟེ། ཁུ་བ་ནི་མངར་ལ་བསིལ་བས་མིག་རྣོ་རྣ་བ་གསང༌། སེམས་བདེ་བར་འགྱུར། ཞེས་དང༌། གཞུང་ལས། ཧགས་དང་ཁནྜ་ཀ་ར་དཀར། །རིམ་གྱིས་ཡོན་ཏན་ཆེ་བ་སྟེ།། ཞེས་གསུངས་པ་ཡང་བསྐོལ་ལུགས་བུ་རམ་དང་འདྲ། རང་འགྲེལ་ལས། བུ་རམ་དང་བསྐོལ་ལུགས་འདྲ་བའི་ལི་ཁ་ར་དཀར་པོ་བསྐོལ་ཞིང་གདུས་པ་ལས་ཀ་རའི་བྱེ་བྲག་རྣམ་པ་གསུམ་བྱུང་སྟེ། །ཞེས་གསུངས་པའི་རིམ་པ་ནི། དང་པོ་ལྦུ་སྙིགས་ཕར་བཅད་པའི་རྗེས་ལ། ཁའི་སྤྲིས་མ་དང་འདྲེས་པ་ལ། ཤ་ཁ་རའམ། ཧྭགས་སམ། གལ་མ་ཟེར། ཁ་དོག་དཀར་ཞིང་སྐྱ་ལ་རླན་སྣུམ་ཅུང་ཟད་ཡོད་པ་འདྲ་ལ་རབ་ཏུ་མངར་བ་ཡིན། དེ་ལ་འདྲ་བའི་སྒོ་ནས་ཤ་ཁ་ར་དང་རྒྱལ་མོ་ཀ་ར་ཟེར། དེའི་ཞབས་ལས་བྱུང་བ་ལ། ཁནྜ་དང༌། དུམ་བུ་དང༌། གོང་བུ་དང༌། ཀར་ཆུང་ཡང་ཟེར། ཁ་དོག་སྔ་མ་ལས་དཀར་ལ་སྐམ་ཞིང་ཞིབ་པ་ཅོང་ཞིའི་ཕྱེ་མ་འདྲ་ལ་ཤིན་ཏུ་མངར་བའི་རང་བཞིན་ཏིལ་འབྲུ་ཙམ་ལ་ཡང་རབ་ཏུ་མངར་བྲོ་བ་ལ་འདྲ་བའི་སྒོ་ནས་བྱེ་མ་ཀ་ར་ཟེར། དེ་འོག་ཞབས་སུ་ཆགས་པ་ལ་ཀ་ར་དཀར་པོ་ཟེར་བ་ཤིན་ཏུ་དྭངས་ལ་ཕོ་ཅོང་བཟང་པོ་འདྲ་བ་མཁྲེགས་ཤིང་འོད་འབྱུང༌། རོ་སྔ་མ་ཙམ་མངར་ཤས་མེད་པའོ། །འདི་ལ་འདྲ་བའི་སྒོ་ནས་བཏགས་པ་ཤེལ་ཀ་ར་ཟེར། འགའ་ཞིག་རྒྱལ་མོ་ཀ་ར་ཡང་ཟེར་རོ། །སྟོད་ནས་འབྱུང་བ་འདི་ལྟར་ཡིན་ལ། འདི་རྒྱ་ནག་ནས་དྭངས་ལ་སྔོ་ཞིང་མཁྲེགས་པ་ཚ་ལའམ་ཤེལ་ལྟ་བུ་ཞིག་འབྱུང་བའོ།།

 

༣། སྦྲང་རྩི།

སྦྲང་རྩི་བད་ཀན་ཆུ་སེར་སེལ་བའི་རྟ། །ཞེས་པ་ལ། ལྕགས་ཀྱི་ཕྲེང་བ་ལས། སྦྲང་རྒོད་དྲོ་ལ་ནུས་པ་ཆེ། །ཞེས་དང༌། སྒྲོན་མེ་གསལ་བ་ལས། སྦྲང་གཡུང་གཅོད་བརྐོ་རྨ་འབྱུང་ཆག་གྲུམ་སྦྱོར། །ཞེས་དང༌། རྗེ་རང་བྱུང་རྡོ་རྗེས། སྦྲང་རྩིས་རྩ་དང་དབང་པོ་གསོ། །སྦྲང་རྒོད་གྲང་བ་འཇོམས་པ་ཡིན། །ཏིག་ཏའི་སྦྲང་གིས་ཚད་པ་འཇོམས། །མེ་ཏོག་སྣ་ཚོགས་གདུས་པ་ཡིས། །དབང་པོའི་ནད་རྣམས་སེལ་བ་སྟེ། །ཞེས་དང༌། ཉུངས་བུར་དུག་གི་ནད་ལ་ཕན། །ཤུག་བུར་རྩ་བ་བཅུད་ཀྱི་རིགས། སྨན་རྟར་སྦྱོར་བ་སོ་སོར་བྱ། །ཞེས་ཏིག་ཏ་དང་མེ་ཏོག་སྣ་ཚོགས་གདུས་པའི་སྦྲང་དང༌། ཤུག་འབྲུ་དང་ཉུངས་ཁཎ་གྱིས་བུ་རམ་སོགས་ཀྱང་སྐབས་ཐོབ་ཀྱི་རྟར་བཤད་མོད། སྦྲང་ལ་མིང༌། མ་དྷུ་ར། མ་ཧཱུ། སྦྲང༌། མཀྵི་ཀ སྦྲང་དཀར། ཀྵཽ་ཏྲ། ཕྲ་མོ་ལས་བྱུང་བ། གྲོག་སྦྲང༌། བརྒྱ་ཤིང་སྦྲང༌། སྦྲ་མ་རའི་སྦྲང༌། ཞེས་སྤྱི་མིང་ངོ༌། །སྤྱིར་དབྱེ་བ་བརྒྱད་ཡོད་དེ། སྦྲང་དཀར་དང་སྦྲང་སྨུག་ཅེས་ཁ་དོག་གི་དབྱེ་བ་གཉིས་དང༌། ཤིང་སྦྲང་དང་བྲག་སྦྲང་ཞེས་བསགས་གནས་ཀྱི་དབྱེ་བ་གཉིས་དང༌། ཤིང་སྦྲང་དང་བྲག་སྦྲང་ཞེས་བསགས་གནས་ཀྱི་དབྱེ་བ། སྨན་སྦྲང་དང་དུག་སྦྲང་ཞེས་རྒྱུའི་དབྱེ་བ། བུང་བའི་སྦྲང་དང་གྲོག་མའི་སྦྲང་ཞེས་གསོག་མཁན་གྱི་དབྱེ་བ་གཉིས་སོ། །རྒྱུ་ནི་འབུས་བསགས་པའི་མེ་ཏོག་གི་རྩི་ཡིན་ལ། དུག་སྦྲང་ནི་སྦྲང་སྨྱོན་ཡང་ཟེར་ལ་རྩི་སྨྱོན་དང་དུག་སྦྲང་ཟེར་ལ་འདི་མེ་ཏོག་དུག་ཅན་གྱི་རྩི་འབུས་བསྡུས་ལ་བསགས་པ་ཡིན་པས། མྱངས་ན་འཕྲལ་དུ་བཟི་ཞིང་མྱོས་པ་དང༌། འཐོམ་པ་དང༌། ཁ་ལྕེ་སྦྲིད་པ། མིག་བཟི་བ། སྣང་བ་འཁྲུལ་བ། མཆུ་སྐྲངས་པ་སོགས་འབྱུང༌། ཕུགས་མིག་སོགས་དབང་པོ་འབྲི་བས་མན་ངག་གི་སྐབས་འགར་རྫས་ལ་དགོས་གལ་ཆེ་བ་མ་གཏོགས་སྤང་བྱའོ། །སྨན་སྦྲང་བླང་བྱ་སྟེ། གསོག་མཁན་བུང་བས་བསགས་པ་དང༌། གྲོག་མས་བསགས་པ་སོ་སོར་ཡོད་ལ་མྱངས་པས་དུག་མེད་པའོ། །དཀར་སྨུག་ནི་ཁ་དོག་ལས་གསལ། དཀར་པོ་བཟང་བ་ཡིན། དཀར་པོ་ཡང་རྒྱ་ནག་ནས་དགུན་ཁའི་མར་དཀར་ལྟ་བུ་ཤིན་ཏུ་མངར་ལ་དཀར་བ་ཡོང་བ་མཆོག་དང༌། བོད་རོང་ནས་ཡོང་བ་དྭངས་ལ་སྔོ་ཏིང་ངེ་བ་ལུག་རྫུད་ཀྱི་མིག་འདྲ་བ་བསྒོར་བཤད་བྱས་ཚེ་དུང་འདྲ་བ་རབ་ཏུ་བཟང་ངོ༌།། དབྱར་ཁའི་དར་མར་འདྲ་བ་དཀར་ལ་སེར་མདངས་ཡོད་པ་འབྲིང་བའོ། །བུང་བས་བསགས་པ་ནི་རབ་ཏུ་མངར། གྲོག་མས་བསགས་པ་ཅུང་ཟད་སྐྱུར་བའོ། །གྲོག་མས་བསགས་པ་ལ་ཕྲ་མོ་ལས་བྱུང་བ་སྟེ། ཀྵཽ་ཏྲ་ཟེར། ལྷའི་དབང་པོ་བརྒྱ་བྱིན་ལ་མིག་སྟོང་ཡོད་པས་དེ་འདྲ་བ་གྲོག་མའི་མཁར་ལ་ཡང་འཛུལ་མིག་མང༌། འདྲ་བའི་མིང་ཐོགས་པས་གྲོག་མ་ལ་བརྒྱ་བྱིན་ཟེར་བ་དང༌། དེ་ལ་བརྟེན་ས་གྲོག་མ་ཡིན་པས་གནས་ཀྱི་མིང་གང་ཟག་ལའམ་རྟེན་གྱི་མིང་བརྟེན་པ་ལ་ཐོགས་པས་གྲོག་མར་བརྒྱ་བྱིན་ཟེར་ལ། དེས་བསགས་པའི་སྦྲང་ལ་བདག་པོའི་མིང་ཟོག་ལ་ཐོགས་པས་བརྒྱ་བྱིན་སྦྲང་ཞེས་པ་འདི་བཅུད་ལེན་གྱི་མཆོག་དང༌། དུག་རིགས་ཐམས་ཅད་ཀྱི་གཉེན་པོ་བླ་ན་མེད་པ་ཡིན། འདི་བལ་ཡུལ་དུ་མོད་ལ་ཀློ་མོན་ནས་ཀྱང་འབྱུང་ངོ༌། །གཞན་བད་ཀན་སོགས་ལ་སྦྲང་བུས་བསགས་པ་བཟང༌། འདི་རྣམས་ལ་ཡང་རྩི་ཆེན་རྩི་ཆུང་རྩི་མེད་གསུམ་འབྱུང་བས། དེ་ནི་ཁར་ཟོས་ཚེ་སོ་འབྱར་བ་ལ་སྤྲ་ཚིལ་ཆགས་པ་རྩི་ཆེན། སྤྲ་ཚིལ་ཆུང་བ་རྩི་ཆུང༌། སྤྲ་ཚིལ་མེད་པ་རྩི་མེད་ཡིན། རིམ་པས་ཕྱེ་མ་བཟང༌། རྩི་མེད་རང་བཞིན་གཏོང་བས་ཆོག རྩི་ཆེ་ཆུང་སྣུམ་བསྒོར་མི་བྱ་བར་སྤྲ་ཚིལ་འདོན་ལ་ཆུ་བཅད་ནས་བཤད་ལ་གཏོང་དགོས། གང་ཡང་སླད་དང་སྙིགས་མ་མེད་པ་རིམ་གྱིས་ཞམ་པའི་སྣ་ནས་བླངས་པ་བཟང༌། སྦྲང་བསྒོར་བའི་ཕྱེ་མས་བྱང་ཁོག་གི་རྨ་ལ་ཕན་པའོ། །སྤྲ་ཚིལ་བྱུགས་པས་རྨེན་བུ་དང༌། ལྤགས་ནད་སེལ་བར་བྱེད་པའོ། །དེ་ནས་ཡང་ཡོངས་གྲགས་ཀྱི་རྟ་དེ་གསུམ་མ་ཡིན་རྩ་ལ་འཁྲིད་པར་བྱེད་པའི་རྟ་ཡང་ཡོད་པ་ནི།

 

བདུད་རྩི་ཆོས་སྨན་གདོན་འཇོམས་སྨན་བརྟས་བྱེད། །ཞེས་པ་རྙིང་མའི་བདུད་རྩི་སྨན་སྒྲུབ་ཀྱིས་བསྒྲུབས་པ་དང༌། གསར་མའི་བདུད་རྩི་རིལ་བུ་བཟོ་མ་མ་ཡིན་པར་ཀྱི་རྡོ་རྗེ་སོགས་ཀྱི་སྒོ་ནས་ཚུལ་བཞིན་བསྒྲུབས་པས་གདོན་བསྲུང་བ་དང་བྱིན་རླབས་ནུས་པའི་རྟ་ཞེས་པས་རྩ་ལ་འཁྲིད་ཅིང་སྨན་གྱི་ནུས་པ་བརྟས་པར་བྱེད་པའོ།།

 

སྦྱིན་གྱིས་འབྱར་བག་འགོག་པས་རྩི་སྲུང་བརྟས། །ཞེས་པའི་སྤྱིན་ནི་རིགས་གསུམ། མཆོག་ནི་ཉ་དང་ཆུ་སྲིན་གྱི་ཁོག་ནས་རང་བྱུང་འབྱུང་བ་སེར་ལ་དྭངས་པ་དང༌། འབྲིང་ནི་ཤ་བ་དང་ཁ་ཤའི་རྭ་གདུས་པའི་སྤྱིན་དང༌། ཐ་མ་ཀོ་བ་གསར་པ་བཙོས་པའི་སྤྱིན་ནོ། །ཕྱི་མ་གཉིས་ཀྱང་དྲི་མ་ཁྲག་ཁུ་སོགས་དོར་བའི་ལག་བྱད་བཟང་བས་འབྲིང་པོ་དཀར་སེར། ཐ་མར་སེར་སྨུག་དྭངས་པས་ཉི་མདངས་མི་བསྒྲིབ་པ་དགོས། རུལ་སུངས་ནག་ཚིག་སོགས་མི་རུང་ལ་འདིས་བད་ཀན་འབྱར་བག་གིས་རྩ་སྦུབས་འགགས་པ་འགོག་ཅིང་འབྱེད་སྨན་རྩར་འཁྲིད་པ་དང༌། མིག་གི་ལིང་ཐོག་བད་ཀན་ལས་གྱུར་པ་ལ་བྱུགས་པས་ལེན་པ་དང༌། ཤ་རོ་དང་རྒྱུ་རྒན་གྱི་རྩི་སྲུང་ཞིང་སྦྱོར་བ་དང༌། དེ་བཞིན་རྨའི་རུལ་འབྱར་འགོག་ཅིང་རྩ་སྲུང་བ་དང༌། འབྱར་གྱི་དམ་རྩིར་བྱེད་ན་ཁྲག་ཆུ་བཙིར་བ་སོགས་བྱེད་པས་མན་ངག་ཐབས་ཀྱི་རྟ་ཞེས་ཟེར་རོ། །དེ་ལྟར་མེ་ཆུ་གཉིས་ཀྱིས་གདུས་པ་སྨན་རྟ་དང་བཅས་པ་བཤད་ཟིན་ཏོ།།

 

ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བར་གྱི་བཅུ་གསུམ་པ་གདུས་པ་སྨན་རྟ་དང་བཅས་པར་དབྱེ་བ་བརྒྱད་ཅུ་གྱ་གཉིས་བཤད་པའི་སྐབས་ཏེ་བཅུ་བཞི་པའོ།།

 

དེ་ལྟར་ཀླད་ཀྱི་དོན་རྩ་བ་སྤྱིའི་རྣམ་པར་དབྱེ་བའི་སྐབས་དང༌། དངོས་གཞི་གཞུང་གི་དོན་སྨན་རིགས་སྡེ་ཚན་བཅུ་གསུམ་དུ་ཕྱེ་བའི་སྐབས་བཅུ་གསུམ་ལ་ནང་དབྱེ་བྱེ་བྲག་སྨན་རིགས་རྩ་བ་ཆིག་སྟོང་ཆིག་བརྒྱ་དོན་དྲུག་དང་ནང་ཚན་རིགས་དབྱེ་བཅས་སྨན་སྣ་ཉིས་སྟོང་ཉིས་བརྒྱ་གོ་བཞིའི་ངོ་བོ་ནུས་པ་དང་མངོན་བརྗོད་མིང་གི་གྲངས་བཅས་རྒྱས་པར་བཤད་པ་གྲུབ་ཟིན་ནས།།

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 9:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།