སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

སྡེ་ཚན་བཅུ་གཅིག་པ། ཆུའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 

སྡེ་ཚན་བཅུ་གཅིག་པ།  ཆུའི་སྨན་སྡེ་བཤད་པ།

 

བཅུ་གཅིག་སྨན་ཆུའི་ནུས་པ་བསྟན་པ་ནི། །དབྱེ་བ་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ། །ཆུ་མིག་ཁྲོན་པ་བ་ཚྭ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །ཆར་ཆུ་མཁའ་ལས་བབ་པ་གང་གཱའི་ཆུ། །འཚོ་བྱེད་ངོམས་བྱེད་ཡི་གར་འོང་ཚིམ་ཞིང༌། །སེམས་ནི་གསལ་བྱེད་སླ་ཞིང་རོ་མི་གསལ། །ཞིམ་བསིལ་ཡང་བས་བདུད་རྩིར་མཚུངས་པ་སྟེ། །རང་བྱུང་ཡན་ལག་བརྒྱད་ལྡན་ཆུ་ཡི་མཆོག། །གངས་ཅན་ལས་བྱུང་ཤུགས་དྲག་བརྡབས་པའི་ཆུ། །ཤིན་ཏུ་བཟང་བསིལ་མེ་ཡིས་ཐུབ་པ་དཀའ། །གྲང་བའི་ནད་སྐྱེད་ཚད་པ་སེལ་བའི་མཆོག། །བརྟན་གཡུང་སྲིན་བུ་རྐང་འབམ་སྙིང་ནད་སྐྱེད། །ས་གཙང་ཉི་འོད་རླུང་གིས་ཕོག་པ་བཟང༌། །འདམ་རྫབ་ཉ་ལྕིབས་རྩ་ལོ་ཤིང་གྲིབ་ཕོག། །བ་ཚྭ་སྲོག་ཆགས་ཁུ་བས་ཉེས་ཀུན་སྐྱེད། །རྀ་ཥིའི་འཆར་ཞག་བདུན་རིང་དུས་ཀྱི་ཆུ། །ཡན་ལག་བརྒྱད་དུ་འགྱུར་དང་གཅེས་པ་ནི། །རླན་ཆེན་ཡུལ་དང་དཔྱིད་དུས་རང་བཞིན་གྱིས། །ལྕི་ཕྱིར་བཞི་གསུམ་བསྡུས་དང་སྐམ་གཤེར་སྙོམས། །དབྱར་དགུན་ཆུ་ནི་ལྕི་ཡང་བར་མ་སྟེ། །སུམ་གཉིས་གདུ་བྱ་སྐམ་ཤས་ཆེ་ཡུལ་དང༌། །སྟོན་གྱི་ཆུ་ནི་རང་བཞིན་གྱིས་ཡང་བས། །ཕྱེད་གདུས་དེ་དག་བཅོས་པའི་ཡན་ལག་བརྒྱད། །ཆུ་བསྐོལ་ཟས་འཇུ་དྲོད་སྐྱེད་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང༌། །ཆམ་པ་རིམས་གསར་འཕྲལ་དུ་ལྡོག་པར་བྱེད། །བསྐོལ་གྲང་བད་ཀན་མི་སྐྱེད་མཁྲིས་པ་སེལ། །ངན་པ་དུག་ཆུ་གོང་བཤད་སྐྱོན་ལྡན་པ། །རང་བྱུང་དུག་ཡིན་བཞག་ཞག་བདུན་རིང་ཆུ། །དུས་ཀྱི་དུག་མཚུངས་བསྐོལ་ནས་ཞག་གཅིག་བཞག། །ནང་པར་འཐུངས་པ་བཅོས་པའི་དུག་ཆུ་སྟེ། །ཉེས་པ་གསུམ་སྐྱེད་སྤང་བར་བྱ་བ་ཡིན། །བསྐོལ་ཡང་ཁོལ་ཙམ་དྲོས་ཙམ་ཆུ་ཁྲེབ་དུག། །ནན་བསྐོལ་ལྦུ་བ་ཡང་ཡང་བཅད་པ་གཅེས། །ཤིང་ལྡུམ་མང་བའི་ལྟེང་ཆུས་བད་ཀན་སྐྱེད། །ཅོང་ཞིའི་ཁྲོད་ནས་འབབ་ཆུས་སྨུག་པོ་སེལ། །ཁྲོན་པ་རྫིང་ཆུས་མཁྲིས་པ་སྐྱེད་པར་བྱེད། །ཆུ་བྲག་སྔོ་ལ་ནག་པ་ཆུ་ཕྱོགས་འབབ། །མངར་ཞིང་བཏེག་ན་ལྕི་བས་རླུང་གཉིད་སེལ། །ས་བྲག་སེར་ལ་བྱང་བལྟས་ཁ་ཞིང་ལྕི། །བཏུང་ན་འཁྲུ་བས་མཁྲིས་ནད་སེལ་བར་བྱེད། །ལྷོར་འབབ་དཀར་སྐྱུར་ཡང་སྐྱུགས་བད་ཀན་སེལ། །ཤར་བལྟས་མཚམས་འབབ་ཁ་དོག་གཉིས་འདྲེས་པ། །ནུས་པ་གཉིས་ལྡན་ལྡན་ནད་སེལ་བར་བྱེད། །དེ་བཞིན་འདུས་པས་འདུས་ནད་སེལ་བར་བྱེད།།

 

རེག་བྱའི་ཞུགས་ཆུར་སྤྱི་དང་བྱེ་བྲག་གཉིས།།

སྤྱིར་ནི་ཆུ་ཚན་རྡོ་སོལ་གྱིས་བསྐོལ་ཡང༌། །སྨྱུག་སོགས་རྩི་ཤིང་ཉུང་ལ་དུག་རིགས་མེད། །ཆུ་གཞན་མ་འདྲེས་ངོ་བོ་གསལ་བ་དང༌། །བྱིན་རླབས་གནས་དང་སྐམ་གཤེར་སྙོམས་པ་བཟང༌། །ཆུ་ངན་དུས་དང་དགུན་སྨད་དཔྱིད་མར་ངོ༌། །གནམ་ཞོད་གྲང་ལྷགས་ཆུང་བའི་དུས་སུ་བཟང༌། །ཆུ་བསྐོལ་ལྟར་དུ་རླངས་པ་མི་འཁྱིལ་ཞིང༌། །གྱེན་དུ་སོང་སོང་འགྲོ་བཟང་དེ་ལྡོག་ངན།།

 

བྱེ་བྲག་དབྱེ་བ་མུ་ཟི་སེར་ལྗང་དང༌། །རྡོ་ཞོ་རྡོ་ཆུ་ཅོང་ཞིའི་ཆུ་ཚན་ལྔ། །རེ་རེར་རིགས་ལྔ་དབྱེ་བས་ཉི་ཤུ་ལྔ། །དེར་ཡང་མཆོག་རབ་བར་ཐ་བཞི་རེ་སྟེ། །བརྒྱ་ཕྲག་གཅིག་ཡིན་རྡོ་སྐྱུར་ཚུར་ལྡོང་རོས། །བྲག་ཞུན་ལ་སོགས་འདྲེས་པ་དཔག་ཏུ་མེད། །མདོར་བསྡུས་ཕན་ཡོན་མུ་ཟི་སེར་པོའི་ཆུས། །འབྲས་ལྷོག་ཤ་བཀྲ་སེ་དུག་སེལ་བར་བྱེད། །གདོན་ལ་ཕན་གསུངས་དཀར་པོས་བས་ལྡག་དང༌། །གླང་ཤུ་འབྲུམ་ཐོར་ཁྱེ་མ་སེལ་བར་བྱེད། །དམར་པོས་རྒས་སྟོབས་ཟུངས་སྐྱེད་དབྱིག་དུག་སེལ། །ལྗང་གུས་རྐང་པ་ཤུ་ཐོར་མཛེ་པགས་གྲམ། །ལ་ཕན་སྔོན་པོས་ལྷག་པར་མཛེ་དུག་འཇོམས། །དེ་དག་མཆོག་གི་དོན་དང་དང་པོ་དང༌། །ཁུ་ཁྲག་ལ་ཞུགས་མཛེ་ནད་གདོན་ཆུ་སེལ། །ཞི་བྱེད་རབ་ཀྱིས་སྣོད་ཚིལ་རབ་ཞུགས་སེལ། །འབྲིང་གིས་དྭངས་མ་ཤ་ཁྲག་ཐ་མ་ཡིས། །རུས་པ་ཡན་ལག་ལ་ཞུགས་སེལ་བར་བྱེད། །གཉིས་པ་མུ་ལྗང་གནད་མེད་ཆུ་སེར་དང༌། །དྲེག་གྲུམ་ནད་སེལ་མུ་ལྗང་དཀར་པོའི་ཆུས། །ལྷག་པར་རྙིང་པའི་ཚད་པ་གཏིང་ནས་འདོན། །སེར་པོས་མ་ཞུ་ཚ་ཆུའི་ཟགས་ཆུ་བསྡམ། །མུ་ལྗང་དམར་པོས་ཁོང་ཚད་འབྲས་འདུལ་བཤིག། །སྔོན་པོ་དང་ནི་བ་བླས་སྦྱར་དུག་སེལ། །ལྗང་གུས་གྲང་མཁྲིས་མིག་སེར་ཚ་གདོན་འཇོམས། །ནག་པོས་འདྲེ་ནད་རྙིང་པ་སྐྱ་རྦབ་འཇོམས། །མཆོག་གིས་དོན་དབང་རྐང་དང་ཁམས་ནད་སེལ། །རབ་ཀྱིས་དོན་དང་ཤ་ཚིལ་ནད་ལ་ཕན། །འབྲིང་གིས་དྭངས་མ་ཁྲག་དང་ཤར་ཞུགས་སེལ། །ཐ་མས་རུས་པགས་ཡན་ལག་ལ་ཞུགས་འདོན། །རྡོ་ཞོ་རིགས་ལྔའི་ཆུ་ཚན་བད་གྲང་དང༌། །ལྷེན་སྐྲན་མ་ཞུ་མེ་ཉམས་དག་ལ་བསྔགས། །རྡོ་ཆུ་མཆོག་གིས་ཆག་གྲུམ་རེངས་འཁུམས་དང༌། །ཚེགས་ཆེའི་ནད་སེལ་རབ་ནི་དམན་དེར་མཚུངས། །འབྲིང་གིས་རྩ་ཕྲན་ཆད་པ་འཕྲལ་ལ་མཐུད། །ཐ་མས་ཕྱོགས་མཚུངས་ནུས་པ་སྔ་མར་འགྲེ། །ཅོང་ཞིའི་ཆུ་ཚན་དུག་རིགས་སྨུག་པོ་དང༌། །རྙིང་ཚད་ཁོང་ནད་ཀུན་ལ་ཕན་པ་ཡིན། །མཆོག་གིས་དུག་སྨུག་འཁྲུགས་ཞེན་རྙིང་ཚད་འདོན། །རབ་ཀྱིས་སྨུག་པོ་འགྱིང་རྡོལ་དུག་རྙོག་སེལ། །འབྲིང་གིས་གྲང་མཁྲིས་སྐྲན་དང་ཆུ་ནད་སེལ། །ཐ་མས་དུག་སྨུག་རྙིང་ཚད་མ་ལུས་སེལ།། །།

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 9:43 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།