སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་དྲུག་པ། ལྡུམ་བུའམ་ཐང་སྨན་གྱི་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 


སྡེ་ཚན་དྲུག་པ། ལྡུམ་བུའམ་ཐང་སྨན་གྱི་སྡེ་བཤད་པ།

ད་ནི་བར་གྱི་དྲུག་པ་ལྡུམ་བུའམ་ཐང་སྨན་གྱི་སྡེ་ཚན་བཤད་པ་ལ། རྩ་བ་ལོ་མ་མེ་ཏོག་འབྲས་བུ་སྟེ་ནང་ཚན་བཞིར་བསྡུས་ནས་བཤད་པ་འོས་སུ་བབ་ནའང་ཚན་ཁྱོན་འདྲེས་པར་བཤད་པ་ནི།

 

༡། ཏིག་ཏ།

ཏིག་ཏས་མཁྲིས་པའི་ཚ་བ་མ་ལུས་སེལ། །ཞེས་པ་ལ། རོ་སྐོར་ལས། ཏིག་ཏ་བསིལ་ལ་རྩུབ་པས་མཁྲིས་པ་སེལ། །ཞེས་དང༌། བདུད་རྩི་ཐིགས་པར། ཏིག་ཏ་སྐམ་ལ་སྙོམས་པས་ཁྲག་མཁྲིས་སེལ། །ཞེས་དང༌། དཔག་བསམ་ལྗོན་པར། ཏིག་ཏས་ཚ་མཁྲིས་ཚ་བ་སེལ། །ཞེས་དང༌། རང་བྱུང་པས། རྒྱ་ཏིག་ཚད་པ་ཀུན་ལ་ཕན། །ཞེས་གསུངས། མིང་ནི། རྒྱ་གར་དུ་ཏིགྟ། བོད་དུ་ཁ་བ། རྒྱ་ནག་ཏུ། ཏེ་ཟ་ར། ཕྲོམ་གྱིས་ཀླ་ཀླ། མི་ཉག་པས། ཀོ་སོ་ལོ། དོལ་པོས། ཇི་ར་ཟེར་རོ། །འཁྲུངས་དཔེར། ཏིགྟ་དག་ལ་རིགས་གསུམ་སྟེ། རྒྱ་ཏིག་བལ་ཏིག་བོད་ཏིག་གོ །རྒྱ་ཏིག་ལོ་མ་སྔོ་ནག་མཐུག །བལ་ཏིག་ལོ་མ་ཅུང་ཙམ་སེར། །ཞེས་གསུང་བཞིན་རིགས་གསུམ་མོ། །རྒྱ་ཏིག་ནི། རྒྱ་གར་ནས་འོང་བའི་ཤིང་ཕྲན་འདྲ་བའི་ཁོང་སྟོང་སྲབ་ལ་མཁྲེགས་པ་འོད་ཅན་ཚིགས་པའི་རྣམ་པ་ཡོད་པ་རོ་ཁའོ།།

 

༢། བལ་ཏིག

བལ་ཏིག་ནི། བལ་ཡུལ་ནས་འོང་ལ་སྔ་མ་ལས་ཁ་དོག་སྐྱ་ཞིང་སྙི་ལ་རོ་སོགས་སྔ་མ་འདྲ་བའོ།།

བོད་ཏིག་ནི། སུམ་ཅུ་ཏིག་སོགས་རིགས་མང་བའོ།།

 

༣། སུམ་ཅུ་ཏིག

སུམ་ཅུ་ཏིག་གིས་མཆིན་མཁྲིས་ཚ་བ་སེལ། །ཞེས་པར། ལྕགས་ཕྲེང་ལས། སུམ་ཅུ་ཏིག་ནི་བསིལ་ལ་རྣོ། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། སུམ་ཅུ་ཏིག་གིས་བད་མཁྲིས་སེལ། །རྨ་ཚད་གསོད་ལ་ཚད་ནད་འཇོམས། །ཞེས་པ་ལ། རིགས་ཆེ་ཆུང་གཉིས་འབྱུང༌། ཆེ་བ་མེ་ཏོག་སེར་ཤས་ཆེ་ལ་རོ་ཤིན་ཏུ་ཁ་བ་དང༌། ཆུང་བ་མེ་ཏོག་དམར་ཤས་ཆེ་ལ་རོ་མི་ཁ་བའོ། །རྗེ་རང་བྱུང་པས། སུམ་ཏིག་ཆེ་བས་རྣག་རྣམས་སྐེམ། །ཆུང་བས་རྒྱུ་ལོང་ཁྲག་ནད་སྐེམ། །ཞེས་གསུངས། འཁྲུངས་དཔེར། སུམ་ཅུ་ཏིག་ཅེས་བྱ་བ་ནི། གཡའ་སྤང་ནགས་དང་བྲག་ལས་སྐྱེ། །ལོ་མ་ལེབ་ཆུང་ཀོ་མ་མཆུ། །པདྨ་སྤུངས་བཞིན་གདན་དུ་སྐྱེ། །ངར་པ་དམར་པོ་བ་སྤུ་ཅན། །ཚི་ཅན་མེ་ཏོག་དམར་ལ་སེར། །རོ་ཁ་ནུས་པ་ཤིན་ཏུ་བསིལ། །ཞེས་གསུངས། རྟོག་པ་བརྗོད་པ་ལས། གངས་ཅན་བྲག་ལྗོངས་འཛིན་པའི་སུམ་ཅུ་ཏིག །པད་གདན་ཟངས་གོས་གསེར་གྱི་ཕྲེང་བས་བརྒྱན། །རིགས་ལྔའི་ནུ་མོར་བཅས་པའི་བདུད་རྩི་དང༌། །མཁྲིས་ཚད་རྩད་ནས་གཅོད་པའི་གཙོ་མོ་ལགས། །ཞེས་གསུངས་པས་གཙོ་བོ་དེ་ལ་རིགས་ལྔའི་ནུ་མོ་ཡང་ཡོད་པར་ཨོ་རྒྱན་རིན་པོ་ཆེ་དང་དྭགས་པོ་ཟླ་འོད་གཞོན་ནུ་དྷརྨ་སྭ་མིའ་རྣམས་ཀྱིས་བཤད་པའི་ནུ་མོ་ལྔ་ནི། གསེར་ཏིག དངུལ་ཏིག ཟངས་ཏིག ལྕགས་ཏིག གུར་ཏིག་དང་ལྔའོ། །གསེར་ཏིག་ནི། རང་བྱུང་པས། གསེར་ཏིག་བད་མཁྲིས་རིམས་ཚད་སེལ། །ལྕགས་ཏིག་ཟངས་ཏིག་དངུལ་ཏིག་གསུམ། །རུས་ཚད་སེལ་ཞིང་མགོ་ལ་ཕན། །ཞེས་སོ། །འཁྲུངས་དཔེར། གསེར་ཏིག་ཡུངས་དཀར་སྡོང་བུ་འདྲ། །ལོ་མ་སྡོང་བུ་གདེངས་པ་ལ། །མེ་ཏོག་དམར་སེར་ཤིན་ཏུ་གསལ། །རོ་ནི་ཁ་བའི་མཆོག་ཡིན་ནོ། །རང་གི་ནུས་པས་བད་ཀན་སེལ། །གཅིག་ཐང་ནུས་པས་རིམས་གསར་འཇོམས། ཞེས་པས་ཤས་གྲམ་ཁྲོད་ཞིང་མུ་སོགས་ལས་ཡུངས་ཀར་ལྟར་སྐྱེ་བ་འབྲས་བུ་སེར་ཞིབ་མེ་ཏོག་ཤིན་ཏུ་སེར་ལ་དམར་མདངས་ཆགས་པས་གལ་བ་དེའོ། དངུལ་ཏིག་ནི། འཁྲུངས་དཔེར། དངུལ་ཏིག་མེ་ཏོག་དཀར་པོ་སྟེ། །ལོ་མ་སྡོང་བུ་རབ་ཏུ་རིང༌། རོ་ནི་ཁ་ལ་ནུས་པ་རྩུབ། །སྐྲན་ནད་ཐམས་ཅད་སེལ་བར་བྱེད། །ཅེས་པས་གསལ་ལོ། །ཟངས་ཏིག་ནི། འཁྲུངས་དཔེར། ཟངས་ཏིག་རྫ་ཤག་སྤང་ཤར་སྐྱེ། །སྡོང་པོ་དམར་མང་ངར་པ་མེད། །ལོ་མ་མང་སྤུངས་སྤུ་ཆུང་ཅན། །མེ་ཏོག་དམར་སེར་མགོ་མང་འཁྲིགས།།  རོ་ནི་མངར་ཁ་ཅུང་ཟད་འཇམ། །རྒྱལ་པོ་གསེར་རྐེད་ཅན་ཡང་ཟེར། །རླུང་ཚད་ལྡན་པའི་མཁྲིས་ནད་སེལ། །ཞེས་པས་གསལ་ལོ། །ལྕགས་ཏིག་ནི། འཁྲུངས་དཔེར། ལྕགས་ཏིག་ཆུ་འགྲམ་སྤང་ལས་སྐྱེ། །སྡོང་པོ་ལྕགས་ཀྱི་ཐུར་མ་ལ། །ལོ་མ་སྔོ་ལྗང་རྟིང་པས་དྲིལ། །ངར་པ་ནག་ཅིང་ཕྲ་བ་ལ། །མེ་ཏོག་སྔོ་སྐྱ་རྡོ་རྗེའི་ར། །མང་བས་གར་སྐྱེ་ས་མདོག་སྔོ། །གང་བུ་ཟར་མའི་གང་བུ་འདྲ། །འབྲས་བུ་ལྕགས་ཀྱི་རིང་བསྲེལ་ཞིབ། །རོ་ཁ་རྨ་ཚད་རིམས་ཚད་སེལ། །ཞེས་པས་རྟོགས་སོ། །གུར་ཏིག་ནི། རང་བྱུང་པས། ལྡུམ་ཏིག་རྩ་ཚད་མ་ལུས་སེལ། །དང༌། ལྗོན་ཤིང་ལས། གསང་སྨན་བདུད་རྩི་གུར་ཏིག་ནི། །ཉིན་གྱི་ཤིང་གསེབ་བསིལ་གྲིབ་སྐྱེ། །ལོ་མ་སྒོར་མོ་མཐུག་པ་ལ། །བདུད་རྩི་དངུལ་གྱི་ཟིལ་པ་ཅན། །སྡོང་པོ་སྤུན་ཐུང་ཕག་སུག་འདྲ།།  མེ་ཏོག་སེར་སྐྱ་ཟུམ་པའི་ཚུལ། །རོ་ནི་མངར་ཁ་མཁྲིས་པ་དངོས། །ནུས་པ་སྙོམས་ལ་སྣུམ་བསིལ་འཇམ། །ནུས་པས་ཁྲག་མཁྲིས་རྨ་ཚད་འཇོམས། །མཁྲིས་ནད་སེལ་བའི་གསང་ལྡུམ་ཡིན། །རྨ་རིགས་སྦྱོར་བའི་བདུད་རྩི་ཡིན། །ཞེས་གསུངས་ལ། ཕག་སུག་པ་དང༌། གུར་ཏིག་དང༌། ལྡུམ་ཏིག་ཡང་ཟེར། ཏིག་ཏ་དྲུག་གི་འཁྲུངས་དཔེ་དེ་དྭགས་པོ་རིན་པོ་ཆེས་ཞང་སྨན་ནག་པ་ལ་གདམས་པའོ།།

 

༤། བ་ཤ་ཀ

བ་ཤ་ཀ་ཡིས་ཁྲག་ཚད་རོལ་དུ་གསོད། །ཅེས་པར། རང་བྱུང་པས། བ་ཤ་ཀ་ཡིས་ཁྲག་ནད་སེལ། །ཞེས་གསུངས། མིང་ནི། བ་ཤ་ཀ ཆོས། བྲྀཥྱ། བྱི་བ། བྲྀ་ཥ། རོ་ཙ་བ། མ་ཏ་པྟྲི། པི་ཀ་ཤ་ཡ། པ་ཏ་བ་ཤ་ཟེར། གབ་ཏུ། ཁྲག་སྐེམ། ཁྲག་འཐུང་ཟེར། འཁྲུངས་དཔེར། བ་ཤ་ཀ་ཞེས་བྱ་བའི་ཤིང༌། སྡོང་པོ་ཆེ་ལ་ལོ་མ་མཐུག །མེ་ཏོག་དཀར་སེར་མདངས་དང་ལྡན། །རོ་ནི་ཁ་ལ་ནུས་པ་བསིལ། །རང་གི་ནུས་པས་གཟེར་རིགས་ཐུབ། །མདོར་ན་མཆིན་ཚད་ཁྲག་མཁྲིས་སེལ། །ཞེས་བཞིན་ལོ་སྡོང་ཆེ་བ་སྟར་གསར་འདྲ་བའི་རྐང་ཁོང་གསོབ་པ། གེལ་མཚམས་བྱའི་སུག་པ་ལྟར་ཚིགས་ཀྱི་རྣམ་པ་ཅན། མེ་ཏོག་དཀར་སེར་འཆར་བ་སྟེ། །རྩེ་མོས་ཚོད་མ་བྱེད་པ་ཡིན། དཀར་དམར་སྔོ་བ་རིགས་གསུམ་ཡོད་པ་མཆོག་གོ །དམན་པ་ནི་བོད་དུ་སྐྱེ་བ་ལོ་མ་རྐང་སོགས་བྱེ་རུག་སེར་པོ་འདྲ་ཞིང་མེ་ཏོག་སེར་པོ་དང་སྔོན་པོ་འཆར་བར་ཡང་མཆོག་དམན་གྱི་ཁྱད་པར་ཆེ་བ་ཡིན། དེ་དག་མི་སྐྱེ་སར་སྔོ་ལྡུམ་གཡུ་སྡོང་གསེར་མགོས་ཚབ་རུང་ཙམ་སྟེ། རང་བྱུང་རྡོ་རྗེས། གཡུ་སྡོང་གསེར་མགོས་གདོན་ཚད་སེལ། །ཞེས་པ་ནི་ལོ་མ་དང་མེ་ཏོག་གི་དབྱིབས་སྟོང་རི་ཟིལ་པ་འདྲ་རུང༌། མེ་ཏོག་སེར་པོ་སྡོང་བུ་གྲུ་བཞི་རིང་ལ་རོ་ཁ་བ། ལོ་སྡོང་བཅད་འཕྲོ་ཁྲག་དྲོན་ནང་དུ་བཅུག་པས་འཐུང་ལ་རྩེར་འདྲེན་ནུས་པའོ། །གཞན་འཁྲུངས་དཔེ་དང་རོ་ནུས་གང་ལའང་མི་དཔྱད་པར། ལྡུམ་དོམ་མཁྲིས་པ་དང༌། བྲག་སྐྱེས་ཡུ་མོ་ཟ་དང༌། ལྡུམ་བུ་འབྲས་སྙེ་མ་ཞེས་སྡོང་པོ་རིང་ལ་ལོ་མ་ར་མཉེ་འདྲ་བ་མགོ་ལ་སྙེ་མ་ཡོད་པ་ལ་བྱེད་པ་དང༌། བོད་སྣེ་ལ་བྱེད་པ་རྣམས་ནི་ལོག་ཆོས་འབའ་ཞིག་ཡིན་ཞེས་ནམ་མཁའི་མཚན་ཅན་གསུངས་སོ།།

 

༥། མ་ནུ་པ་ཏྲ།

མ་ནུ་པ་ཏྲས་རླུང་ཁྲག་ཚ་བ་སེལ། །ཞེས་པར། ལྕགས་ཕྲེང་ལས། མ་ནུ་དྲོ་ལ་ནུས་པ་ཆེ་བས་བད་ཀན་གྲང་བ་སེལ། །ཞེས་དང༌། །ཏེ་ཛོ་ཛྭ་ལས། མ་ནུ་དྲོ་སྐམ་རླུང་འཇོམས་ཕོ་དྲོད་སྐྱེད། །ཟས་འཇུ་ཡི་གར་འོང་དང་གཟེར་བ་འཇོམས།།  ཞེས་དང༌། རང་བྱུང་པས། པ་ཏྲས་བད་ཚད་འཇོམས་པར་བྱེད། །ཅེས་གསུངས། འདི་ལ་རིགས་མང་སྟེ། དྲི་ཚིག་དངུལ་དཀར་མེ་ལོང་ལས། མ་ནུ་ཞེས་པ་སྤྱི་མིང་ཡིན་ཅིང༌། སོ་སོར་རིགས་ཕྱེ་ན། མ་ནུ་པ་ཏྲ་དང༌། མ་ནུ་པུ>qར་དང༌། མ་ནུ་རུ་རྟ་དང༌། མ་ནུ་རྟ་སྐམ་དང༌། མ་ནུ་ཤུ་ཟུར་དང༌། མ་ནུ་ཁྲག་ཅན་དང༌། མ་ནུ་གསེར་ཤིང་དང༌། མ་ནུ་ལྕགས་ཐག་ཅེས་པ་རྣམས་གསོ་དཔྱད་ཀྱི་གཞུང་མང་པོ་དག་ལས་བཤད་ལ། རྒྱ་ནག་གི་ལུགས་ཀྱི་མ་ནུའི་སྦྱོར་སྡེའི་བསྟན་བཅོས་ལས་ནི་བྱ་འཕུར་སླེབ་ཀྱང་མ་ནུའི་རིགས་སུ་བཤད་པ་སྣང་ངོ༌། །ཞེས་གསུངས། འདི་ནི་མཁས་པའི་བཤད་རྒྱང་གིས་ཕ་རོལ་གཏིང་དཔོག་ཕྱིར་མ་ནུའི་མིང་ཐོགས་ཚད་དྲངས་ནས་དྲི་ཡུལ་མིང་ལ་འཁྲུལ་ལམ་མ་འཁྲུལ་བརྟག་པའི་ཆེད་དུ་གསུངས་པ་ཡིན། དོན་ལ་དེ་དག་རིགས་ཕལ་ཆེར་མི་གཅིག་གོ །རྒྱ་གར་སྐད་དུ་མ་ནུ་ཟེར་བ། བོད་ལ་ཡིད་འོང་དང༌། ཤེད་ཆེན་དང༌། ཤེད་ལས་སྐྱེས་དང༌། ཤེད་ཀྱི་བུ་དང༌། མི་རྣམས་ལ་འཇུག་པས། སྨན་གྱི་ཁྱད་ཆོས་ལ་བསྔགས་པའི་མིང་ཡིན་པས། ལོ་མ་མེ་ཏོག་དྲི་མ་སོགས་ཡིད་ལ་འོང་བ་དང༌། ནུས་པ་ཤེད་ཆེ་བ་དང༌། སྐྱེ་སྟོབས་ཤེད་ཆེ་བ་རྣམས་ལ་གདགས་སུ་འོས་པའི་མིང་ཡིན་པས་རིགས་ལ་མ་ངེས་སོ།། བཤད་བྱ་དངོས་ནི་མ་ནུ་པ་ཏྲ། ཞེས་པའི་པ་ཏྲི་ནི། ལོ་འདབ་དང་གོས་ལ་འཇུག་པས། སྐབས་འདིར་ཡིད་འོང་འདབ་མ་ཅན་ནོ། །ངོ་བོ་ནི། བདུད་རྩི་རྫིང་བུར། མ་ནུ་པ་ཏྲ་ཞེས་བྱ་བ། །ལྷོ་བལ་རིག་པའི་འབྱུང་གནས་དང༌། བསོད་ནམས་ལྡན་པའི་ལྡུམ་རར་སྐྱེ། །རྩ་བ་དུང་གི་ཆོ་ལོ་འདྲ། །ལོ་མ་གཡུ་ལོ་གྱེན་དུ་འབར། རྒྱབ་ལ་དངུལ་གྱི་བ་སྤུ་ཆགས། །མེ་ཏོག་སེར་འོད་མདངས་དང་ལྡན། །དྲི་ཞིམ་སྤོས་ངད་རྒྱུན་མི་འཆད། །རོ་ནི་མངར་ཁ་ཚ་བ་ལ། །ཞུ་རྗེས་མངར་སྐྱུར་ལྡན་པར་ཞུ།།  རང་གི་ནུས་པས་རླུང་ཁྲག་དང༌། །བད་ཀན་ཚ་བ་སེལ་བྱེད་ཅིང༌། །ཕོ་བའི་ལྷེན་དང་བད་མཁྲིས་འཇོམས། །ཞེས་དང༌། སྨན་གྱི་བྱིངས་ལས། མ་ནུ་པ་ཏྲ་ནི་མངར་བའི་ཁ་བ་ཚ་བའོ། །ཞེས་དང༌། གཏེར་མཛོད་ལས། མ་ནུ་པ་ཏྲ་མངར་ཞིང་ཁ། ཚ་བའི་རོ་དང་ལྡན་པ་ལས། ཞུ་རྗེས་མངར་ཞིང་སྐྱུར་བར་ཞུ། །རླུང་ཁྲག་ཚ་བ་བད་ཀན་སེལ། །སྣུམ་བསིལ་རྣོ་དྲོ་ལྡན་པ་ཡིས། །ནུས་པའི་ཁྱད་པར་ལྡན་པ་ཡིན།།  ཞེས་གསུངས་སོ། །ད་ལྟ་ཡུལ་ཕལ་མོ་ཆེའི་ལྡུམ་རར་རྩ་བ་འཛུགས་པའི་མ་ནུ་འདིའོ།།  ཕལ་ཆེར་པ་ཏྲ་ཞེས་པ་ལོ་མ་ཡིན་པས་ལོ་མ་གཏོང་དགོས་གསུངས་པ་སྒྲ་ཡིན་ཡང་དོན་མིན་པས་རྩ་བ་དགོས་སོ།།

 

༦། པུཥྐར་མཱུ་ལ།

པུཥྐར་མཱུ་ལ་བད་ཀན་ཚ་བ་སེལ། །ཞེས་པར། རང་བྱུང་པས། པུཥྐར་རྩིབ་ལོགས་གཟེར་བ་འཇོམས། །ཤུ་ཟུར་ནུས་པ་དེ་དང་མཚུངས། །ཞེས་གསུངས། པུཥྐ་ཞེས་པ། འགའ་ཞིག་པུཥྐ་མེ་ཏོག་ལ་འཇུག །ཀར་ཞེས་པ་ཁ་དོག་ལ་འཇུག་པས་མེ་ཏོག་དཀར་པོ་ཅན་གྱི་མ་ནུའོ། །ཞེས་འཆད་ཀྱང་ཁྱབ་ཆུང་སྟེ། དཀར་པོ་ནི་དེའི་འཕུལ་ཅན་གྱི་ཀ་ལས་དབྱངས་མཐའི་ཀ་སྲོག་མེད་དྲངས་པའི་ཀ་རྐྱང་མི་ཐོབ་པར་མ་ཟད་རྒྱ་བོད་སྐད་བསྲེས་པས་མི་འཐད། མེ་ཏོག་དཀར་པོར་འདོད་ན་སི་ཏ་པུཥྐ་ལྟ་བུའི་ཁ་དོག་སྔོན་དུ་འགྲོ་བའི་རྒྱ་སྐད་ཡོང་དགོས་སོ། །པུཥྐར། ཞེས་ར་སྲོག་ཅན་ཡིན་པ་ལས་ཀ་ལ་ཡར་སྦྱར་རྒྱུ་མིན། བོད་སྐད་དང་འདྲེས་པས་བསྡུ་བ་བྱས་ནས་དཀར་ཟེར་བ་ཟུར་ཆག་པའོ། །པུཥྐར་ནི་རྒྱས་བྱེད་ཡིན་ལ། མཱུ་ལ་རྩ་བ་སྟེ། རྒྱས་བྱེད་རྩ་བའོ། །དོན་ལ་འདིས་ཤ་ཚིལ་སྐྱེད་པས་སོ། །ལྗོན་ཤིང་ལས། པུཥྐར་མཱུ་ལས་སྐེམ་པོ་ཤ་རྒྱས་བྱེད། །ཅེས་སོ། །ལྡུམ་རར་འཛུགས་པའི་མ་ནུ་ལ་རིགས་ཀྱི་ཁྱད་པར་ལས་མ་ནུ་གཡུང་བ། ལོ་སྡོང་སྔ་མ་ལས་ཆུང་བ་རྩ་བ་རྐང་གཅིག་དཀར་པོ་ཤིན་ཏུ་མཁྲེགས་ལ་རོ་ཚ་ཤས་ཆེ་བ་དེ་ཡིན་གསུངས། འདྲ་ཡིག་ལས། པུཥྐར་མཱུ་ལ་ལུག་སུག་འདྲ། །ཞེས་གསུངས་པ་ནི། སུག་པ་ལར་སུག་ལྕག་སུག་གཉིས་ཡོད་པའི་ལུག་སུག་དཀར་མཁྲེགས་རྐང་གཅིག་དེ་འདྲ་གསུངས་སོ། །ཟུར་པས་ཁམས་ཀྱི་རུ་རྟ་ལ་མཛད་པ་ཡང་ནུས་པ་མཐུན་པས་རུང་བར་བཤད་དོ།།

 

༧། རུ་རྟ།

རུ་རྟས་རླུང་ཁྲག་ཕོ་བ་སྦོས་པ་སེལ། །གློ་ནད་གག་པ་ཤ་རོ་གཅོད་པར་བྱེད།།  ཅེས་པར། ལྕགས་ཕྲེང་ལས། རུ་རྟ་ནུས་པ་གཉིས་ལྡན་ཏེ། །མ་རུལ་སྨྱོ་ཡང་ནུས་པ་ཡིན། །ཞེས་དང༌། རུ་རྟ་རྣོ་དྲོ་སྐྲན་དང་བད་ཀན་བཤིག སེར་བླ་འཁྱིལ་བ་འབྱིན་པར་བྱེད། །ཅེས་དང༌། རང་བྱུང་པས། མ་ནུ་རུ་རྟ་འདུ་བ་སྙོམས། །ཞེས་དང༌། རུ་རྟ་དཀར་དང་ནག་པོ་གཉིས། །ཚད་འཁྲུགས་གཉན་ནད་སྲོག་རླུང་འཇོམས། ཞེས་གསུངས་སོ། །རུ་རྟ་ཞེས་པ་རུ་ཐུང་ངུ་ནི་རབ་ཏུ་ལ་འཇུག་པ། རུ་རྟ་ཞེས་པ་རུ་རིང་པོ་བྱེད་པ་ཁ་ལོ་ལ་འཇུག་རུ་ཐུང་བ་དང་ཏ་ལ་ར་མགོ་སྦྱར་བ་བོད་ལུགས་ལ་སོང་བས་ཟུར་ཉམས་པའོ། །མ་ནུ་རུ་རྟ། རབ་ཏུ་ཡིད་འོང༌། མ་ནུ་རཱུ་རྟ། ཁ་ལོ་ཡིད་འོང་སྟེ། སྐབས་འདིར་ཁ་ལོ་ཡིད་འོང་སྟེ། འདིའི་ཁ་ལོ་ལས་དྲི་མ་ཡིད་འོང་པའི་ས་ལས་འབྱུང་བས་སོ། །མིང་ནི་ཀུཥྛ། མཛེ་ཅན། ཀུཥྛ། སོ་བ་ལ་ཀུཥྛ། བྷཱ་དྷ། རོ་ག་རུཎྜ་རྣམས་ནད་ཅན་ཏེ། དོན་ཡང་རྩ་བར་ཚི་ཁུ་ཁྲག་དང་ཆུ་སེར་འདྲ་ཡོད་པས་མཛེ་ཅན་དང༌། རྩ་བར་གསར་པ་སྐྱེ་དུས་ནས་ཁོང་རུལ་བ་ལྟ་བུ་ཡོད་པས་ནད་ཅན་ཏེ་ཤ་རུ་ལྟར་ཁོང་སྟོང་པས་སོ། །འདི་ལ་དཀར་ནག་གཉིས་འབྱུང་པས། དཀར་པོ་ཁམས་ཀྱི་རུ་རྟས་ཚད་འཁྲུགས་གཉན་ཚད་སེལ། །ཞེས་དང༌། ནག་པོ་རྒྱ་གར་དང་ལ་སྟོད་ཏི་སེའི་ཕྱོགས་སོགས་ནས་རི་སྐྱེས་ཞིང་འཛུགས་ཅི་རིགས་འབྱུང་བ་དྲི་ཞིམ་པས་སྤོས་ཀྱི་གཙོ་བོར་བྱེད་པས་རླུང་ཤས་ཆེ་བ་ལ་ཕན་པ་ཡིན། །གཉིས་ཀར་འདྲ་ཡིག་ལས། རུ་རྟ་ཤ་རུ་གོག་པོ་འདྲ། །ཞེས་སོ། །ལྕགས་ཕྲེང་ལས་མ་རུལ་སྨྱོ་ཡང་ནུས་གསུངས་པའི་རྒྱུ་མཚན་བཅས་མ་ངེས་སོ། །ལུང་ཕྱི་མར་སེར་བླ་འཁྱིལ་པ་ནི། སེར་བུའི་བླ་ནི་རླུང་ནད་ཡོད་པའི་བླ་རྟགས་སུ་སྤོས་པས་ཁོང་རླུང་འཁྱིལ་བའོ།།

 

༨། འབྲ་གོ

འབྲ་གོས་བད་ཀན་སྨུག་སེར་ཕོ་ནད་སེལ། །ཞེས་པར། དོན་ལ་མ་ནུ་རྟ་སྐམ་ཞེས་པ་དེ་ཡིན་ལ་ངོ་བོ་ནི་ཨ་རུ་ཤ་ཆེན་འདྲ་བས་ཨ་འདྲ་ཡང་ཟེར་བ་དང༌། ཧ་རི་ཎུ་ཀ་ཡང་ཟེར། ཀྵིས་ཁར་ཡང་ཟེར་བ། འབྲས་བུ་རྟའི་ནུ་མ་དང་ཡང་འདྲ་ལ་ཁད་པ་འབྱུང༌། འདི་རྒྱ་གར་དང་ཁ་ཆེའི་ན་ཁར་སྐྱེ། མེ་ཏོག་དཀར་སེར་སོགས་མ་ངེས་པ་འབྱུང་ཟེར། འདི་ལ་འགའ་ཞིག་གིས་རོ་ཤིན་ཏུ་མངར་བ་ཞིག་དགོས་པར་སེམས་གསུངས་ཀྱང༌། རོ་མངར་བ་ས་ཆུའི་རང་བཞིན་ཡིན་པས་མངར་བས་བད་ཀན་སྐྱེད་གསུངས་བཞིན་གྱིས་ཕན་པའི་རྒྱུ་མཚན་མ་རྙེད་དོ།།

 

༩། མ་ནུ་ཤུ་ཟུར།

མ་ནུ་ཤུ་ཟུར་ནི། ངོས་འཛིན་ལུགས་མང་ཡང༌། གཡུ་ཐོག་པས་ཤུ་ཟུར་ནི་སྒ་རྒོད་དོ་གསུངས་པས། སྒ་རིགས་མེ་ཏོག་དཀར་པོ་འཆར་བའི་རྐང་སྡོང་སྐོགས་པ་སེར་པོ་ཅན་ཞིག་གོ།

 

༡༠། མ་ནུ་གསེར་ཤིང༌།

མ་ནུ་གསེར་ཤིང་ནི། སྨྱུག་མ་དང་ཐང་ཤིང་སོགས་ལ་འཁྲིལ་ནས་སྐྱེ་བའི་ལོ་མ་སྔོ་སྐྱ་ཅན་ཞིག་ཡོད་པར་གསུངས་པ་ལས་མ་ངེས་སོ།།

 

༡༡། སྨན་སྒ།

སྨན་སྒས་དྲོད་སྐྱེད་ཟས་ལེན་བད་རླུང་འཇོམས། །ཞེས་པར། བདུད་རྩི་ཐིགས་པར། སྒ་ནི་རྩུབ་ཅིང་བད་ཀན་སེལ་བར་བྱེད། །ཅེས་དང༌། ལྕགས་ཕྲེང་ལས། སྒེ་གཤེར་རྩུབ་ལ་ཚ་སྟེ་ཞུ་རྗེས་བསིལ། །སྨན་སྒ་ཚ་མངར་ཞུ་རྗེས་མངར་ཡང་དྲོ་བ་ཡིན། །ཞེས་དང༌། སྨན་གྱི་བྱིངས་ལས། སྨན་སྒ་ནི་ཚ་བའི་ཚ་བ་མངར་བའོ། ། དང༌། གཏེར་མཛོད་ལས། སྨན་སྒ་ཚ་མངར་ཞུ་རྗེས་མངར། ཟས་ལེན་དྲོད་སྐྱེད་བད་རླུང་སེལ། །དང༌། བདུད་རྩི་བུམ་པར། སྨན་སྒ་དང་ནི་སྒ་སྐྱ་གཉིས། །ཚ་མངར་ཚ་བ་ཞུ་རྗེས་ནི། །མངར་དང་ཁ་སྟེ་བད་རླུང་སེལ། །དང༌། བདུད་རྩི་ཕྲེང་བར། སྨན་སྒ་ལྤགས་མངར་ཤ་ནི་ཚ། །ཞུ་རྗེས་མངར་བར་ཞུ་བ་ཡིན། །ནུས་པས་བད་རླུང་སེལ་བྱེད་དོ། །དང༌། སྙིང་པོ་བསྡུས་པར། དོང་གྲས་གློ་རྣག་འདྲེན་པར་བྱེད། དང༌། བརྒྱད་པར། དོང་གྲ་དྲོ་སྐྱེད་རོ་ཙ་དང༌། །འཁྲུ་གཅོད་ཡིད་འོང་སྒྲེགས་པ་སེལ། །ཡི་ག་འབྱེད་ཅིང་ཞུ་རྗེས་མངར། །ཁོང་སྣུམ་དྲོད་སྐྱེད་བད་རླུང་སེལ། །སྒེ་གཤེར་དེ་དང་འདྲ་བ་ཡིན། །ཞེས་དང༌། རང་བྱུང་པས། དོང་གྲས་གློ་རྣག་གྱེན་དུ་འདྲེན། ཞེས་གསུངས། མིང་ནི། པཎྛྀ། ཤྲིངྒ་བཻ་ཏ། བཅའ་སྒ། ཨུ་རྟྲ། ཤུ་|པཎྜི་ཤྲིངྒ། ནཱ་ག་ར། དོང་གྲ། ལི་དོང་གྲ། ཀེ་ལ་ཀ སྒ་སྨུག ཤི་ཤྭ་བེ་ལ། སྒ་སྒེའུ། སྒ་བོ་ཆེ། སྒ་དམར། སྒ་རྒོད། སྤོད་སྒ་རྣམས་ཟེར། འདི་ལ་སྒེ་གཤེར་ཟེར་བ་སྒ་རློན་པར་འཇུག་པར་བཤད། ཕལ་ཆེར་གྱིས། སྒེ་གཤེར་ཞེས་པའང་སྒ་སྐྱ་འདི་ཉིད་དུ་ངོས་བཟུང་དགོས་པ་ལ། དེང་སང་ཕལ་ཆེར་གཤེར་ཞེས་པའི་ཚིག་ལ་འཁྲུལ་ནས་རློན་པ་ཡིན་ཞེས་ཀྱང༌། དེས་ན་སྨན་མཐའ་དག་ལ་སྐམ་རློན་མི་འདྲ་བའི་ནུས་བཤད་དགོས་པར་སེམས་ཤིང༌། ཡང་འགའ་ཞིག་ནས་གཤེར་སྒ་སྐྱ་སྨན་སྒ་ཞེས་སོ་སོར་བཤད་པ་ལྟར་ན་སྒ་རིགས་མི་འདྲ་ཞིག་ཏུ་དོགས་ནའང༌། མན་ངག་རྒྱུད་ཀྱི་སྦྱོར་སྡེ་རྣམས་སུ་སྒེ་གཤེར་གྱིས་ཁྲག་འཇུ་བར་ཤས་ཆེར་གསུངས་པས་འདི་ཉིད་འཐད། ཅེས་གསུངས་འདུག་པ་འདི་ནི་གོ་བཟོ་བྱས་པ་ཁྱབ་ཆུང་སྟེ། སྒེ་གཤེར་ནི་ངེས་པར་རླན་པ་ཡིན་ཏེ། འདི་ལ་བཅའ་སྒ་དང་སྨན་སྒ་ཟེར་བའི་རྒྱུ་མཚན་ཀྱང༌། བཟའ་བ་དང་བཅའ་བ་ཞེས་ཁ་ཟས་སུ་བཟའ་བའི་མིང་ཡིན་ལ། རྒྱ་གར་ནག་གིས་བཟའ་བའི་སྤོད་ཡིན་ལ། ཡུལ་སོ་སོའི་ཞིང་ལ་འཛུགས་པས། ཡུལ་སྡེ་རྣམས་ལ་སྒ་འདི་དང་སྒོག་པ་ལ་ཕུག་གསུམ་དབྱར་དགུན་སྟོན་དཔྱིད་དུས་ནམ་ཡང་རློན་པ་མ་གཏོགས་སྐམ་པོ་མི་སྲིད་པས་དེའི་ནུས་པ་དང༌། སྨན་སྒ་ཞེས་པ། སྒ་དེ་ངོ་བོ་གཅིག་ཀྱང་སྨན་པ་རྣམས་སྐམ་པོ་སྨན་ལ་གཏོང་རྒྱུ་བྱས་པ་ལས་རློན་པ་མེད་པས་སྐམ་པོ་སྨན་པའི་སྒའོ། རློན་པ་བཅའ་བའི་སྒའོ། །ཕལ་ཆེར་དུ་ཡང༌། དེ་དག་ཀྱང་དབྱེ་ན་བཅག་པའི་ཁ་དོག་དཀར་ལ་སྣུམ་བག་ཆུང་བ་སྨན་སྒ་དང༌། བཅག་ཁ་དམར་ཁམ་སྣུམ་བག་ཅན་དེ་དོང་གྲ་དང༌། གསུངས་འདུག་པ་ཡང་འོལ་ཚོད་དེ། འོ་ན་སྨན་སྒ་དང༌། དོང་གྲ་སྒ་སྐྱ་སྒ་སེར་ཞེས་རིགས་བཞི་ཡོད་དགོས་པར་ཐལ། སྒ་རིགས་གསུམ་ལས་རྒྱུད་མན་ངག་གང་དུའང་མ་བཤད་ལ། གསུམ་ནི་ཁ་དོག་དབྱེ་བས་སྒ་དམར་དོང་གྲ་ལ་ཟེར་བ་དང༌། སྒ་སྐྱ་སྒ་གཡུང་ལ་ཟེར་བ་དང༌། སྒ་སེར་ཡུང་བ་ལ་ཟེར་བ་སྟེ་གསུམ་མོ། །བཅག་འཕྲོ་དཀར་ལ་སྣུམ་བག་ཆུང་བ་དེ་ཤེད་མ་རྫོགས་ཤིང་མ་སྨིན་པ་དང༌། བཅག་ཁ་དམར་མ་སྣུམ་བག་ཅན་དེ་ཤེད་རྫོགས་པར་སྨིན་པ་ཡིན་པ་ལག་ཏུ་ལོན་པར་ཀུན་གྱིས་ཤེས་པའོ། །དེས་ན་སྨན་མཐའ་དག་ལ་སྐམ་རློན་མི་འདྲ་བའི་ནུས་པ་བཤད་དགོས་པར་སེམས་གསུངས་པའང་མ་བརྟགས་པའི་གསུང་སྟེ། སྨན་མཐའ་དག་ནི་ཉེ་རིང་མ་ངེས་སྣ་ཚོགས་ནས་སྐམ་པོ་མ་གཏོགས་རློན་པ་མི་འབྱུང༌། བྱུང་ཡང་གཏོང་སྲོལ་མེད་པ་ལ་རློན་ནུས་བཤད་པ་མེད། སྤོད་རིགས་ལ་སྐམ་སྤོད་རློན་སྤོད་ཡོད་པར། ནུས་པ་ཡང་སོ་སོར་བཤད་ཡོད་མོད། གང་ཞེ་ན། སློན་དཔོན་དཔའ་བོས། པི་པི་ལིང་རློན་བད་སྐྱེད་མངར། །བསིལ་ཞིང་ལྕི་ལ་སྣུམ་པ་ཡིན། །སྐམ་པོ་དེ་ལས་ལྡོག་པ་སྟེ། །སྣུམ་ཞིང་རོ་ཙ་རོ་ཚ་ལ། །ཞུ་རྗེས་མངར་ཞིང་བད་རླུང་དང༌། ལུད་པ་དབུགས་མི་བདེ་སེལ་འཁྲུ། །ཞེས་སྤོད་ནར་ལ་སྐམ་རློན་སོ་སོར་ནུས་པ་བཤད་པ་དང༌། དེ་བཞིན་སྒ་ལའང་སྐམ་རློན་ནུས་པ་བཤད་པ། ལྕགས་ཀྱི་ཕྲེང་བའི་ལུང་གོང་དུ་སྨོས་པ་དང༌། སྒོག་པ་ལ། ལྗོན་ཤིང་ལས། སྒོག་རློན་ཞིམ་སྣུམ་དྲོད་སྐྱེད་ཡི་ག་འབྱེད། །སྐམ་པོ་ཚ་རྣོ་མཁྲིས་སྐྱེད་ཡི་ག་ལྡོག ཅེས་སོ་སོར་དང༌། ལ་ཕུག་ལ་གདམས་པ་སུམ་ཅུའི་སྒྲོན་གསལ་ལས། བཙོས་པས་རླུང་སེལ་རྗེན་པས་ཉེས་ཀུན་སྐྱེད། །སྐམ་པོས་བད་རླུང་སེལ་ལ་རློན་པ་ཚ། །རྣོ་རྩུབ་བད་སེལ་རླུང་ནད་སྐྱེད་པར་བྱེད། ཅེས་བཤད་མོད། མན་ངག་རྒྱུད་དང༌། སྒེ་གཤེར་ཁྲག་འཇུ་བར་བཤད་པས་སྒ་སྐྱ་ཡིན་དུ་འོས་ན་སྟར་བུ་དང་མཛོ་ཚེར་ཡང་ཁྲག་འཇུ་བས་སྒ་སྐྱ་ཡིན་དགོས་སོ། །ལར་ཁྲག་འཇུ་ཞེས་པའི་རྒྱུ་མཚན་ཀྱང་མ་གོ་བས་ལན། གྲང་བས་ཟས་སོགས་མ་ཞུ་བ་དྲོད་སྨན་གྱིས་བཞུ་བ་ནི་ཆུ་ལ་འཁྱག་ཆགས་པ་ཉི་མས་བཞུ་བ་ལྟ་བུ་ཡིན་ལ། དེ་དང་ཁྲག་འཆག་མི་འདྲ་སྟེ། ཁྲག་འཆག་ཅེས་ཁྲག་དྲོད་ཀྱི་རང་བཞིན་ཡིན་པ་དེ་ཟས་སྤྱོད་སོགས་དྲོད་དང་འཕྲད་པས་སྟོབས་ཆེར་སྐྱེད་པས་བསྡུས་ཏེ་འཐག་ནས་སྐེམ་པའི་དབང་གིས་ཁྲག་གར་མ་རྩ་མིག་ཏུ་མཁར་ནས་ཁྲག་ཤ་ལྟར་ཆགས་པ་སྟེ། གཉེན་པོ་བསིལ་བས་དྲོད་སྟོབས་སྨད་ནས་བཞུ་ཞེས་ཁྲག་འཆག་དེ་དཀྲུགས་པས་ཞིག་ནས་སླ་བ་ཆུ་ལྟར་གཏང་བ་ལ་ཟེར་སྟེ། དཔེར་ན་ཞོ་སྐ་མོར་ཆགས་པ་ཞིག་ནས་དར་བ་སླ་མོར་འགྱུར་རམ། སྤྱིན་ཆུ་སྐ་མོར་ཆགས་པ་ཆུ་མང་དུ་བསྣན་པས་སླ་ནས་ཆགས་མི་ནུས་པ་ལྟ་བུའོ། །དེས་ན་གྲང་ཤས་ཅན་ཟས་མ་ཞུ་ན་དྲོད་སྨན་བསྟེན་ནས་འཇུ་ལ། ཁྲག་ཤེད་ཅན་ཟས་མ་ཞུ་བ་ལ་བསིལ་སྨན་གྱིས་འཇུ་ལ་དེ་གཉིས་གོ་ལྡོག་ན་གནོད་ཚབས་ཆེ་བས་ཤེས་སོ། །དེ་ཕྱིར་གོང་གི་ལྕགས་ཕྲེང་ལུང་ལས། སྨན་སྒ་ཞུ་རྗེས་དྲོ་བར་བཤད་པས་ཁྲག་ལ་གནོད་ནའང་སྒེ་གཤེར་ཞུ་རྗེས་བསིལ་བས་ཁྲག་འཆག་འཇུ་བས་ན་སྒ་སྐྱ་ལ་ལྟོས་མ་དགོས་སོ། །ལག་ལེན་རིན་ཆེན་གཏེར་སྤུངས་ལས་ཀྱང་སྒེ་གཤེར་དང་བཅའ་སྒ་གཅིག་པ་ཡིན་གསུངས་སོ། །འདྲ་ཡིག་ལས། དོང་གྲང་སྦལ་པ་རྐང་མེད་འདྲ། །ཞེས་སོ། །འདི་རྒྱ་ཡུལ་སོགས་སུ་ཞིང་ལ་སྒོག་པ་ལྟར་བཙུགས་པ་ཡིན་འདུག་གོ །སྨིན་མ་སྨིན་ལས་བཟང་ངན་དང་རིགས་དབྱེ་མེད་དོ།།

 

༡༢། སྒ་སྐྱ།

སྒ་སྐྱས་བད་རླུང་སེལ་ཞིང་ཁྲག་འཆག་འཇུ། །ཞེས་པར། བྱིངས་ལས། སྒ་སྐྱ་ནི་ཚ་བའི་ཚ་བ་ཁ་བ་བསྐ་བའོ། །ཞེས་དང༌། གཏེར་མཛོད་ལས། སྒ་སྐྱ་ཅུང་ཟད་བསྐ་དང་བཅས། །ཞུ་རྗེས་ཁ་ནི་བསྐ་བ་ཡིན། །དྲོད་སྐྱེད་ཁྲག་འཆག་འཇུ་བད་ཀན། །སེལ་ཞིང་བསྟེན་དྲག་ལུས་ཟུངས་སྐེམ། །ཞེས་དང༌། བདུད་རྩི་བུམ་པར། སྒ་སྐྱ་ལྤགས་ཁ་ཤ་ནི་ཚ། ཁྲག་འཇུ་དྲོད་སྐྱེད་བད་སྣབས་འཇོམས། དང༌། བདུད་རྩི་ཕྲེང་བར། སྒ་སྐྱ་ཞུ་རྗེས་ཁ་བར་འཇུ། །ནུས་པས་ཁྲག་འཆག་འཇུ་བ་ཡིན།།  ཞེས་དང༌། བསྡུས་པར། བད་རླུང་སེལ་བ་སྒ་སྐྱ་མཆོག །ཅེས་གསུངས། རང་བྱུང་པས་ཀྱང་དེ་ལྟར་གསུངས། མིང་ནི། ཤུ་ཨརྟ་ཟེར། འདི་སྒ་སྔ་མ་དང་ཕྱོགས་འདྲ་ཡང་པགས་པ་དམར་བའམ་སྐྱ་བ་ཅུང་མཐུག་ལ་སྔ་མ་ལས་གསོབ་ཅིང་དཀར་ལ་ཁོང་སྤུ་ཡོད་པ་ཡིན། འཁྲུངས་དཔེ་མི་སྣང་ཡང༌། རྒྱ་ནག་ཡུལ་དུ་སྡོང་པོ་ནས་ཀྱི་སོག་མ་ལྟ་བུ་བུང་མཐུག་པའི་རྩ་བ་རེ་རལ་ལྟར་གཅིག་ལ་གཅིག་འབྲེལ་འདོམ་ལྔ་དྲུག་ཙམ་ཁྱབ་པ་དབྱིབས་སྒ་དམར་རམ་ར་མཉེ་ལྟར་ལ་དྲི་ཞིམ་པ་ཁོང་སྤུ་ཡོད་པ་སྐམ་ནས་མཁྲེགས་པ་ཤིན་ཏུ་བཟང་བར་མཐོང་ངོ༌།།

 

༡༣། ཡུང་བ།

ཡུང་བས་དུག་སེལ་རུལ་གཅོད་གཉན་ནད་འཇོམས། །ཞེས་པར། རང་བྱུང་པས། ཡུང་བས་གཞང་འབྲུམ་སེལ་བའི་མཆོག །ཅེས་གསུས། མིང༌། ཡུང་བ། སྒ་སེར། འཇམ་དཔལ་མདོག་ཟེར། རྒྱ་ནག་པས། ཟེར་ཅིག ཕྲོམ་དུ། ཧིང་ལི་ཟེར། འཁྲུངས་དཔེར། ཡུང་བ་ཁྲག་ཅན་ཞེས་བྱ་བ། །ལྷོ་རོང་བཟང་པོའི་ཡུལ་ནས་སྐྱེ། །ལོ་མ་སྒོག་སྐྱའི་ལོ་མ་འདྲ། །རྩ་བའི་ཕྱི་ཤུན་སྒ་དམར་འདྲ། །ནང་ནི་དམར་སེར་མདངས་དང་ལྡན། །རོ་ནི་ཡིད་ཙམ་ཁ་ལ་ཚ། །རང་གི་ནུས་པས་དུག་ནད་སེལ། །ཞེས་པ་རོ་ཚ་ལ་སྣུམ་པ་བུལ་ཏོག་དང་རྡོ་ཞོ་རྣམས་ཕྲད་ན་ཁྲག་མདོག་འབྱུང་བའོ།།

 

༡༤། ཤུ་དག

ཤུ་དག་མ་ཞུ་དྲོད་སྐྱེད་གག་ལྷོག་སེལ། །ཞེས་པར། ལྕགས་ཕྲེང་ལས། ཤུ་དག་ཚ་ལ་རྣོ་བས་སྙིང་གི་དྲན་པ་སྐྱེད། །རུལ་གཅོད་འཁྲུ་དང་ཆུ་སེར་འདྲེན་པར་བྱེད།།  ཅེས་དང༌། གདམས་པ་སུམ་ཅུར། ཤུ་དག་དྲོ་ཞིང་སྐམ་ལ་སྙོམས་པར་བྱེད། །ཁ་ཟས་འཇུ་ཞིང་རླུང་འཇོམས་ཕོ་དྲོད་སྐྱེད། །དང༌། རང་བྱུང་པས། ནག་པོས་གཉན་ཚད་གྱེན་དུ་འདྲེན། །ཞེས་སོ། །སྤྱི་མིང༌། བ་ཙི། ཤུ་དག །ཨ་གྲ་གནྡྷ་རིའི་རྩེ་མོ།། ཥཌྒྲནྛ། །མདུད་པ་དྲུག་པ། ག་མོ་ལི། ས་ཡི་སྤུ། ཤ་ཏ་སརྦ་ཀ ཚིགས་བརྒྱ་པ། ཞེས་པ་ལ་རིགས་བཞི། ནག་པོ་དང༌། དཀར་པོ། དམན་པ་གཉིས་སོ། །ནག་པོ་ལ་མིང༌། སཾ་གྲནྛ། ཡོངས་སུ་མདུད་པ། ཧེ་མ་ཝ་ཏི། གངས་ལྡན། ཡུལ་སྐད་དུ། བཙྪ་ཟེར། གབ་ཏུ། ནག་པོ་ཁྲོ་གཉེར། དྲི་ངར་ལྡན་པ། ཚིགས་པ་ཅན། ཧེ་རུ་ཀ་ཟེར། འཁྲུངས་དཔེར། ཤུ་དག་ཆུ་ཡི་ནང་དུ་སྐྱེ། །ལོ་མ་འབྲས་ཀྱི་ལྗང་པ་འདྲ། །རྩ་བ་ཤུ་དག་གཉེར་མ་ཅན། རོ་ནི་ཚ་ལ་རྩུབ་པ་ཡིན། །ཞེས་སོ། །ཤུ་དག་ཚོན་གང་ལ་གཉེར་མ་དགུ་ཡོད་པ་ལ་ཤུ་དག་ཀུ་བེར་ཞེས་མཆོག་སྟེ་སྲུང་བ་ལ་བཟང་བར་བཤད། ཤུ་དག་དཀར་པོ་ནི། མིང༌། ཤུ་ཀླཱ། དཀར་པོ། ཛ་ཡ། རྒྱལ་བ། ཨ་པ་ར་ཛི་ཏ་ཟེར།  རང་བྱུང་པས། ཤུ་དག་དཀར་པོས་ཤ་ཆེར་སྐྱེད་གསུངས། འདི་ལ་མཆོག་དམན་ཉིས། མཆོག་ནི་སྟོད་ནས་འབྱུང་བའི་བཅད་མཚམས་དཀར་ལ་དྲི་ཞིམ་པ། རོ་མངར་ཁ་དབྱིབས་གཉེར་མ་སོགས་སྔ་མ་འདྲ་བ་ལས་མཁྲེགས་ཤིང་དྭངས་པ་ཚིགས་མཚམས་ལ་སྔོ་མདངས་ཅུང་ཟད་ཡོད་པ། བཅག་འཕྲོ་དཀར་ལ་བཞུན་པ་འདི་བཅུད་ལེན་དང་བློ་འཕེལ་རྫས་བུམ་རྫས་ལ་དགོས། ནག་པོ་དུག་ཅན་ཡིན་པས་སྐབས་འདིར་མི་རུང་ངོ༌། །འདིས་གྱུར་དུག་ལ་ཕན་ནོ། །དམན་པ་གཉིས་ནི། རྒྱ་ནག་སོགས་སྐམ་པའི་རི་ཐང་ལས་སྐྱེ་བ་ལོ་མ་རུག་པ་འདྲ་བ་རྩ་བ་དཀར་ལ་གཉེར་མ་སོགས་གོང་ལྟར་དང༌། ཡང་གཅིག་ལྡུམ་རར་འཛུགས་པའི་སཱ་ལུ་ལྗང་པར་གྲགས་པ་ལོ་མ་སོགས་སྔ་མ་འདྲ་བའོ། དེ་དག་མ་རྙེད་ན་ཤོ་ཟུར་དཀར་པོས་ཚབ་རུང་ལ་ནུས་པ་མཐུན་ཡང་ཟེར།།

 

༡༥། ཐང་ཕྲོམ། ལང་ཐང་རྩེ།

ཐང་ཕྲོམ་ལང་ཐང་རྩེ་ཡིས་སྲིན་ནད་སེལ། །ཞེས་པའི། ཐང་ཕྲོམ་ལ་རིགས་གསུམ་སྟེ། དཔག་བསམ་ལྗོན་པ་ལས། རྒྱ་ཐང་ཕྲོམ་ཞེས་བྱ་བ་ཡིས། ཕོ་ནད་སྲིན་དང་ཆུ་སེར་འཇོམས། །མཁལ་མ་ལོང་གི་སྲིན་སེལ་བྱེད། །ལང་ཐང་རྩེ་ནི་རྣོན་པོའི་མཆོག །དཀར་པོ་མང་ན་སྨྱོ་བར་བྱེད། །དམར་སེར་འདྲ་སྟེ་གཉན་སྲིན་སེལ།།  ཐང་ཕྲོམ་སྤུན་གསུམ་ཆེ་ཆུང་གསུམ། །སྲིན་ནད་ཐམས་ཅད་སེལ་བ་ཡིན། །ཞེས་དང༌། རང་བྱུང་རྡོ་རྗེས། དྷ་དུ་ར་ཡིས་སྲིན་ཀུན་སེལ། ཁ་ཤོག་ལོང་གི་སྲིན་ཀུན་སེལ། །ཝ་ཏ་ད་བྱིད་གཡེང་བར་བྱེད། ཅེས་སོ། །སྤྱི་མིང་ནི། ཐང་ཕྲོམ་པ། དྷ་དུ་ར། སྣང་བ་དགུ་འགྱུར་འཁུན་པ་གྲོས་འདེབས་ཟེར། འདི་ཚངས་པས་དུག་གཟིར་དུས་མི་རྒྱུ་བར་གྱུར་པའི་དུག་རིགས་ཡིན། དཀར་པོ་གངས་ཐང་ཕྲོམ་དང༌། ཁྲ་བོ་རྒྱ་ཐང་ཕྲོམ་མམ། གཡའ་ཐང་ཕྲོམ་དང༌། ནག་པོ་རྫ་ཐང་ཕྲོམ་མམ་དུག་ཐང་ཕྲོམ་སྟེ་གསུམ་མོ། དང་པོ་དཀར་པོ་ལ་རྒོད་གཡུང་གཉིས་ཡོད་པའི་རྒོད་པ་ནི། མིང་ཝ་ཏ། དཀར་པོ་ཆིག་ཐུབ། གླང་ཆེན་སྨྱོན་པ། འདོད་སྣང་དགུ་འགྱུར་ཟེར། འཁྲུངས་དཔེར། གངས་ཀྱི་ཐང་ཕྲོམ་བྱ་བ་ནི། །གཡའ་རི་སྤང་མཚམས་ལ་ཁར་སྐྱེ། རྩ་བ་སྦོམ་ལ་སྡོང་པོ་མེད། ལོ་མ་གཉེར་མཐུག་ས་གཞི་མནན། །མེ་ཏོག་དཀར་ལ་སེར་ཁ་ཅན། །གོང་བུ་རས་དཀར་ཁུག་མ་འདྲ། །འབྲས་བུ་ནག་ཞིབ་མཁལ་མའི་དབྱིབས། །སྣུམ་པའི་རང་བཞིན་སྨིན་པ་ཡིན། །ནུས་པས་གཉན་ནད་གག་ལྷོག་འཇོམས། །ཞེས་པས་གསལ་ལོ། །

 

༡༦། ཐང་ཕྲོམ་གཡུང་བ།

གཡུང་བ་ལ། ཁ་ཤོག་པ། རོ་ཙ། སྣང་བ་དགུ་འཁྲུལ་ཟེར། འདི་ནི་སྐྱེ་ཚུལ་ཡང༌། དཔྱིད་དཀར་པོ་ཁ་ཤོག་པ། །སྤང་ལྗོངས་ཕྱུགས་ལྷས་རྙིང་པར་སྐྱེ། །རྩ་བ་ཕྲ་ལ་ལོ་མ་སྲབ། །ལོ་མས་ས་མནན་མཉེན་ལ་ཆུང༌། །མེ་ཏོག་དཀར་སེར་སྲབ་ལ་སྙོམས། །གོང་བུ་དཀར་འཇམ་སྔོ་མདངས་ཅན། །འབྲས་བུ་དཀར་ཞིབ་རིང་བསྲེལ་འདྲ། །འབྱར་བག་ཁུ་བའི་དབང་པོས་གང༌། །ཞེས་འདབ་མ་མཐོ་ཀོར་ཙམ་ལས་ཆེ་བ་མི་སྐྱེ་ལ། གང་བུ་བོ་དེ་རྩེ་འབྲས་ལས་ཆེ་བ་ཙམ་རེ་ཡོད་པའོ། །དེ་གཉིས་དཀར་པོའོ།།

 

༡༧། ཐང་ཕྲོམ་ནག་པོ།

ནག་པོ་ལ། མིང་ནི། ཐང་ཕྲོམ་ནག་པོ། དུག་ཐང་ཕྲོམ། དུག་ཀོ་ལོ། ཤོ་ཁྲི། ཐང་རྫོགས་པ། རྩ་གཅིག་སྡོང་དགུ། ལོ་མ་ལ་ཁྲ་གཤོག་པ་ཡང་ཟེར། ཚུལ་ནི། ནག་པོ་དྷ་དུ་ར་ཞེས་པ། །རྩ་བ་ཤིན་ཏུ་ཆེ་བ་ལ། །སྡོང་པོ་ངར་པ་དགུ་རེ་གྱེས། །ལོ་མ་ནག་མཐུག་ཁྲ་གཤོག་འདྲ། །མེ་ཏོག་སྨུག་ནག་དུག་དྲི་བྲོ། །ལོ་མ་མེ་ཏོག་ས་འོག་ནས། །རྫོགས་པར་མཐོང་བས་ཐང་རྫོགས་ཟེར། གང་བུ་མཐུག་གྱོང་ཐང་ཁུག་ནང༌། །འབྲས་ནག་ལེབ་ཞིབ་མཁལ་འདྲས་ཁེངས། །རང་གི་ནུས་པས་སྲིན་ལྷོག་འཇོམས། །ཞེས་པས་གསལ་ལོ། །འདི་ལ་དམར་པོ་ཡང་ཟེར་རོ།།

ལང་ཐང་རྩེ་ནི། མིང་རྒྱ་ཐང་ཕྲོམ། སེར་པོ་དྷ་དུ་ར། ལང་ཐང་རྩེ་ཟེར། ཚུལ་ནི། ལང་ཐང་རྩེ་ནི་ལྡུམ་རར་སྐྱེ། །སྡོང་པོ་ཕྲ་ལ་རིང་བ་ཡིན། །གང་བུ་རིལ་བ་སྤྱི་བླུགས་འདྲ། །རྩ་བརྒྱད་མགོ་ལྟར་སྦྲེལ་ནས་ཡོད། །འབྲས་བུ་ཏིལ་ཙམ་སེར་བརྡར་རིས། །ཞེས་བཏབ་ན་སྐྱེ་ལ་རྩ་བ་གཏན་དུ་འཛུགས་པའོ། འདི་ལ་སེར་པོར་བྱེད་པ་ཡིན།

 

༡༨། དབང་པོ་ལག་པ།

དབང་པོ་ལག་པས་ལུས་སྟོབས་ཁུ་བ་སྐྱེད། །ཅེས་པར། རང་བྱུང་པས། དབང་པོ་ལག་པས་དྭངས་མ་སྐྱེད། །ཅེས་པར་མིང༌། ཨིནྡྲ་ནིཔཱ་ཎི། ཨིནྡྲ་ནིཀ་ར། ཨིནྡྲ་ནིཧ་སྟ། དབང་པོ་ལག་པ། བ་ལ་ཝདྷ། སྟོབས་སྐྱེད། ཨི|u། བརྒྱ་བྱིན། ཧབ་ཤང་ཚེའུ་ཟེར། འདི་ལ་རིགས་ཆེན་གཉིས་ཏེ། དབང་པོ་ལག་པ་དང་བྱེ་ལྕེ་ལག་པའོ། །ལོ་རྒྱུས་མདོར་བསྡུས་ནི། སྔོན་ཚེ་བརྒྱ་བྱིན་གྱི་བུ་དབང་པོ་སྟོབས་ལྡན་གྱི་ལག་པར་གནོད་སྦྱིན་སྦྲུལ་མགོ་ཅན་གྱི་བུ་བྱེ་ལྕེ་བྱ་བས་མདའ་བརྒྱབ་ནས་བཅད་པ་དང༌། དབང་པོས་གྲིས་བྱེ་ལྕེའི་ལག་པར་བརྒྱབ་ནས་བཅད་པའི་ཚེ། དབང་པོའི་ལག་པར་རལ་གྲི་འཆང་བཞིན་སར་ཆད་པར་སྨོན་ལམ་བཏབ་པས་བཅུད་ལྡན་དབང་ལག་ཅེས་ལག་པས་འོག་རྩ་བར་སྐྱེས་ལ་རལ་གྲི་ས་སྟེང་དུ་ལོ་མར་ཕྱུར་བ་དང༌། བྱེ་ལྕེའི་ལག་ཏུ་མདའ་འཆང་བ་སྔ་མ་བཞིན་ལག་པ་སོར་མོ་རྣམས་གྲིས་བྲེགས་ཤུལ་སྐྱེས་ལ་མདའ་ས་སྟེང་དུ་ལོ་སྡོང་དབྱིབས་བཅས་སྐྱེས་པར་བཤད། འདི་དག་གི་ཁུངས་དང་དབྱེ་བ་ངོས་འཛིན་སྦྱོར་བ་སོགས་རྒྱས་པ་དབང་པོ་ལག་པའི་རྒྱུད་དང་མན་ངག་གི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ་ཁོ་བོས་ལོགས་སུ་བྱས་པར་གསལ། མདོ་ཙམ་སྔོ་འབུམ་དུ། དབང་ལག་ཉིན་སྲིབ་སྐམ་གཤེར་སྐྱེ། །ལྡུམ་བུ་མི་རྒོད་ལག་པ་འདྲ། །ལོ་མ་རལ་གྲིའི་འཁོར་ལོ་ཅན། །སྡོང་པོ་ལྷ་ཡི་མཆོད་སྡོང་ལ། །མེ་ཏོག་དངུལ་གྱི་པ་ཏྲ་ཅན། །སྐམ་སྐྱེས་དཀར་ལ་རླན་སྐྱེས་དམར། །རྩ་བ་མི་ཡི་ལག་པ་དེ། གསར་རྙིང་ཐལ་མོ་སྦྱར་ནས་སྐྱེ། །རོ་ནི་མངར་སྣུམ་བཅུད་དང་ལྡན། །ནུས་པས་ཁུ་བ་དབང་སྟོབས་སྐྱེད། །ཅེས་བཞིན་ལས། རྩ་བ་མཛུབ་མོ་ལྔ་པ་རང་བཟང་ཞིང༌།། དེ་ལས་ཉུང་རིམ་གྱིས་དམན་པ། །རྩ་ལོ་འདྲ་ལ་མེ་ཏོག་སྤང་ལས་སྐྱེས་པ་དཀར།།  ན་ལས་སྐྱེས་པ་དམར། དྲི་མ་ཙན་དན་དམར་པོའི་དྲི་དང་ལྡན་པ་ཡིན། །འདི་དུག་ཕྱུང་བ་དྲོད་དུ་དབབ་པ། བཅུད་དུ་དགུག་པ་རྣམས་བཅུད་ལེན་དུ་གཏོང་ན་དགོས། གཞན་གཏོང་ཡུལ་དང་བསྟུན་པར་བྱ། བྱེ་ལྕེ་ལག་པ་ནི། ལོ་སྡོང་ཆུང་ལ་སྡོང་པོ་མདའི་དབྱིབས་ཅན་རྩ་བ་སོར་མོ་མེད་པའི་ལག་པའམ་སོར་མོ་གཅིག་གཉིས་ཡོད་པའང་འབྱུང༌། ནུས་པ་སྔ་མ་ལས་དམན་པ་ཡིན།།

 

༡༩། ལྕ་བ།

ལྕ་བས་ཆུ་སེར་མཁལ་རྐེད་གྲང་བ་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། ལྕ་བའི་རྩ་བ་བརྐོས་གདུས་པས། །མཁལ་རྐེད་གྲང་རླུང་སེལ་བ་ཡིན། །ཞེས་དང༌། ལྕགས་ཕྲེང་ལས། ལྕ་བ་དྲོ་ལ་ལྕི་བས་བད་ཀན་སྨུག་པོའི་ནད་ལ་གནོད།།  ཅེས་དང༌། རང་བྱུང་པས། ལྕ་བ་གཟེ་མ་ཉེ་འུ་ཤིང༌། ར་མཉེ་རྩ་བ་འདི་རྣམས་ཀྱི་ས། །བཅུད་བྱེད་མཁལ་མའི་གྲང་ནད་སེལ། །ཞེས་གསུངས་སོ། །མིང༌། གདྷི། གསྲ། ཙནྜ་ཟེར། འདི་ལ་རིགས་གསུམ་ཡོད་པ་ནི། ལྕ་རྒོད། ལྕ་གཡུང༌། བ་ལང་ལྕ་བའོ། །འཁྲུངས་དཔེར། ལྕ་བ་དག་ལ་རིགས་གསུམ་ཡོད། །ལྕ་རྒོད་སྲིབ་ཀྱི་རི་ལས་སྐྱེ། །ལོ་མ་གཡུ་ཡི་མཎྜལ་འདྲ། །མེ་ཏོག་དམར་པོ་གདུགས་ཕུབ་འདྲ། །གདུག་རྩུབ་ཚེར་མས་ཐམས་ཅད་བརྒྱན། །རང་གི་ནུས་པ་སྦྲུལ་དུག་འདྲ། །རྩ་བ་ལྔ་ཡི་གཙོ་བོ་ཡིན། ཞེས་དང༌། ལྕ་གཡུང་ཞིང་གི་མུ་ལས་སྐྱེ། །ལོ་སྡོང་གོ་སྙོད་འདྲ་བ་སྟེ། །སྡོང་བུ་སྨུག་ལ་མེ་ཏོག་དཀར། །འབྲས་བུ་གོ་སྙོད་འདྲ་བ་སྟེ། །རོ་ནི་ཚ་ལ་ཁ་མངར་བཅས། །ནུས་པས་བད་ཀན་གྲང་བ་དང༌། །ཕོ་བའི་ནད་རྣམས་ཐམས་ཅད་དང༌། །གྲང་བའི་ནད་ལ་མཆོག་ཏུ་བསྔགས། །ཆུ་སེར་ནད་རྣམས་ཐམས་ཅད་སེལ། །ཞེས་དང༌། ཡང༌། བ་ལང་ལྕ་བ་ཞེས་བྱ་བ། །ཤིང་དང་རྫ་མོ་ནང་དུ་སྐྱེ།། ལྕ་གཡུང་འདྲར་སྐྱེ་ནད་མི་སེལ། །སྐྲངས་པ་དག་ལ་དུགས་བྱས་ཕན། འདི་ལ་སྦྱོར་སྡེ་མང་པོ་མེད། །ཅེས་བཤད་པའི་དགོས་པ་ནི་གོང་མ་གཉིས་སོ།།

 

༢༠། ཉེ་ཤིང༌།

ཉེ་ཤིང་ར་མཉེས་ཚེ་བསྲིང་ཆུ་སེར་སེལ། །ཞེས་པའི། ཉེ་ཤིང་ནི། ལྕགས་ཕྲེང་ལས། ཉེ་ཤིང་ཚ་ལ་དྲོ་བས་རླུང་དང་ཆུ་སེར་འཇོམས། ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། ཉེ་ཤིང་ཆུ་སེར་གྲང་བ་སེལ། །གབ་ཚད་རྙིང་པ་སེལ་བ་ཡིན། །ཞེས་གསུངས། འདི་གཉིས་ནི་སྔར་གོང་དུ་བཤད་པའི་རྩིའི་ལྷ་མོར་ཁམས་དཀར་པོ་བབས་པ་ཆུ་ཀླུང་དང་བྱེ་མར་ལྷུང་བ་ལས་འཁྲུངས་པར་བདུད་རྩི་བམ་པོ་བརྒྱད་པའི་འགྲེལ་པར་བཤད། ཉེ་ཤིང་གི་མིང་ནི། ཤ་ཏ་མཱུ་ལ། རྩ་བ་བརྒྱ་པ། མ་ཧཱ་མཱུ་ལ། རྩ་བ་ཆེན་པོ། བ་ཧུ་མཱུ་ལ། རྩ་བ་མང་པོ། ཤཱུཀྲ་གརྦྷ། ཁུ་བའི་སྙིང་པོ། ག་ཏ་ལ། པརྤ་ཏ། ཝནྟ་ཝ་རི། ཨ་བྷིརུ། ནེལ་པ། རཱ་མ་དཱུ་ཏི། ཤབྷ་ཝ་རི། ན་ག་རནྟི། ཀྵ་ར་ཀ་ཀོ་ལི། ཉེ་ཤིང་འོ་མ་ཅན། ཧ་རི་མ་ག་ཏ། ཉེ་ཤིང་ཚེར་མ་ཅན། ནེལ་མ་ལྕགས་ཀྱུ། དག་བྱེད། སུག་པ། ཉེའུ་རྣམས་ཟེར་རོ། །འཁྲུངས་དཔེར། བདུད་རྩི་ཉེ་ཤིང་ཞེས་བྱ་བ། །ཉིན་དང་སྲིབ་ཀྱི་མཚམས་སུ་སྐྱེ། །ལོ་མ་ལྕགས་ཕྱེ་གཏོར་བ་འདྲ།། སྡོང་པོ་ཕྲ་རིང་ཚེར་མས་ཁྱབ། །འབྲས་བུ་ལྕགས་ཀྱི་སྲན་ཆུང་འདྲ། །རོ་ནི་ཁ་བསྐ་མངར་བ་དེས། །ལྷེན་གྱི་ནད་རྣམས་སེལ་བར་བྱེད། །ཅེས་པའི་ཚེར་མ་ཡོད་པ་ཕོ་རིགས་ནུས་པ་ཆེ་བ་དང༌། མེད་པ་མོ་རིགས་ནུས་པ་ཆུང་བ་ཡིན། ཁ་ལུང་དུ་སྐྱེ་བའི་རྩ་བ་ཕྲ་བ་བྲིས་སྨྱུག་ཙམ་པ་ངན། ཀླུང་འགྲམ་འབའ་ཆུ་རྒྱུད་སོགས་སུ་རྩ་བ་རེར་མཐོ་རེ་ཙམ་ལ་ཕྲ་སྦོམ་ཆངས་པར་ཚུད་ཙམ་སྐྱེ་བ་དེ་འདྲ་བཟང་བ་ཡིན།།

 

༢༡། ར་མཉེ། ལུག་མཉེ།

ར་མཉེ་ནི། རོ་སྐོར་ལས། ར་མཉེ་བསིལ་ལ་ནུས་པ་དྲོ། །ཞེས་དང༌། དཔག་བསམ་ལྗོན་པར། ར་མཉེས་ཕོ་བའི་མེ་དྲོད་སྐྱེད། །རྣག་སྐེམ་ལུས་པོ་ཡང་རྩལ་ཆེ།།  ཡི་ག་འབྱེད་ཅིང་བད་མཁྲིས་སེལ། །བཅུད་ལེན་པ་ཡི་མཆོག་ཏུ་འགྱུར། །ཞེས་གསུངས། ར་མཉེ་དང༌། ལུག་མཉེ་གཉིས་ཡོད་ལ། སྤྱི་མིང་ནི། རོ་ཙ། རྒན་པོ་གཞོན་ནུར་བྱེད་པ། དིང་ཁྲིས་བར་མ་ཟེར། འཁྲུངས་དཔེར། ཡོན་ཏན་བརྒྱད་ལྡན་དིང་ཁྲིས་པར་མ་ནི། །ཉམས་དགའི་ནགས་ཚལ་དག་ལས་སྐྱེ། །རྩ་བ་དཀར་པོས་ས་གཞི་ཁྱབ། །ལོ་མ་སྔོན་པོ་རལ་གྲི་འདྲ། །མེ་ཏོག་དཀར་པོས་ལོ་སྟེང་ཁེབས།།  འབྲས་བུ་ནང་དཀར་རིང་བསྲེལ་འདྲ། །རོ་ནི་མངར་ཁ་བསྐ་བ་ལྡན། །ཚེ་རིང་རྒས་སྲ་བཅུད་ལེན་འགྱུར། །ད་བྱིད་དཀར་པོ་བྱ་བ་ཡིན། །རྩ་བ་ལྔ་ཡི་མཆོག་ཏུ་བཤད། །ཅེས་གསུངས་སོ། ལོ་མ་དཀར་ལ་སྲབ་ཅིང་མེ་ཏོག་དཀར་ལ་རྩ་བ་དཀར་ཞིང་མཁྲེགས་པ་ལུག་མཉེ་ཡིན། དེ་ལ་མིང༌། ལུག་མོ་ཤག ཀྵི་ར་ཀ་ཀོ་ལི། འོ་མ་ཅན་ཟེར་རོ། །ལོ་མ་ནག་མཐུག་སྡོང་པོ་སྨུག་པོ་མེ་ཏོག་དམར་བ་རྩ་བ་ནག་ལ་གསོམ་པ་ར་མཉེ་ཡིན། དེ་ལ་མིང༌། ཤ་ཏྲཾ་པ། ར་མོ་ཤག ཀ་ཀོ་ལི། འོ་མ་མེད་པ། དིང་ཁྲི་པར་མ། བི་ར། རོ་ཙ་ནི། ར་མ་ཤ་ཟེར་རོ། །འདི་དག་བསིལ་བས་ཚད་རིགས་ལ་མ་བཅོས་པར་གཏོང༌། གྲང་བར་གཏོང་ན་དྲོད་དུ་བཀུག་ནས་གཏོང་དགོས། བཅུད་ལེན་བྱེད་ན་བཅུད་དུ་འབེབས་དགོས་ཏེ་འོག་གི་བ་སྤྲུ་གཟེ་མ་ལའང་འགྲོའོ། གང་ཞེ་ན། བ་སྤྲུ་ར་མཉེ་གཟེ་མས་མངལ་ཚད་སེལ། །ཞེས་ཚ་བར་གཏོང་བ་དང༌། རྩ་བ་ལྔ་ཡིས་སྨད་གྲང་བསྲོ། །ཞེས་གྲང་བར་འགྲོ་བའི་སྐབས་ཀྱི་ནུས་པ་བསྒྱུར་དགོས་པའོ།།

 

༢༢། ཨ་ཤྭ་གནྡྷ།

ཨ་ཤྭ་གནྡྷས་སྨད་གྲང་ཆུ་སེར་སེལ། །ཞེས་པར། ལྕགས་ཕྲེང་ལས། ཨ་ཤྭ་གནྡྷ་དྲོ་ལ་སྙོམས་པས་ནུས་པ་སྐྱེད། །དང༌། རང་བྱུང་པས། ཨ་ཤྭ་གནྡྷས་ཤ་སྐྱེད་ལ།། ཞེས་སོ། །དཔག་བསམ་ལྗོན་ཤིང་ལས། ཨ་ཤྭ་གནྡྷས་ཆུ་སེར་འདྲེན། རོ་ཙ་སྨད་ཀྱི་དྲོད་སྐྱེད་ནུས། །ཞེས་གསུངས། མིང༌། བྲི་ཤི་ཀ ཤ་རི་བ། ཀ་ཤྭ་ཀམྦྷ། བ་སྤྲུ་ཟེར། བརྡ་རྙིང་དུ། ཐལ་འབྲས་ཟེར། འདི་ཨ་ཤྭ་གནྡྷ། ཞེས་རྟའི་དྲི་མར་བསྒྱུར་བ་དང༌། ཨ་ཤྭ་ཀ}u་ཞེས་རྟ་ཚེར་དུ་བསྒྱུར་བ་དང༌། དེ་དག་ལ་སྐབས་དབྱེ་སྒྲ་དོན་སོགས་མང་དུ་བཤད་དགོས་པར་སྣང་ཡང་བཞག་གོ །འཁྲུངས་དཔེར། ཨ་ཤྭ་བནྡྷ་རྒྱ་ཤོད་སྐྱེ། །རྩ་བ་ཐང་ཕྲོམ་རྩ་བ་འདྲ། །ལོ་མ་སྔོ་སྐྱ་འབྱར་རྩི་ཅན། །སྡོང་བུ་ཚེགས་མ་མང་པོས་བརྒྱན། །མེ་ཏོག་དམར་པོ་མཛེས་པའི་ཚུལ། །རོ་ནི་མངར་ལ་ཚ་བ་ཡིན། །ནུས་པས་སྨད་ཀྱི་དྲོད་སྐྱེད་ཅིང༌། །རྩ་བ་ལྔ་ཡི་མཆོག་ཏུ་བཤད། །ཞེས་སོ།།  འདི་ཐང་ཕྲོམ་པའི་ཚ་བོར་བཤད་ལ་ལོ་སྡོང་སོགས་ཕྱོགས་དབྱིབས་ཐང་ཤོ་འདྲ་བས། རབ་འབྲིང་ཐ་མ་གསུམ་དུ་ཕྱེ་བའི་རབ་མེ་ཏོག་དཀར་པོ་ཅན་ཡིན། འབྲིང་དམར་པོ། ཐ་མ་མེ་ཏོག་དམར་ནག་ཅན་ཐང་ཤོར་ཉེ་ཆེ་བས་གཏོང་མི་ཉན་གསུངས་སོ།།།

 

༢༣། གཟེ་མ།

གཟེ་མས་གཅིན་སྲི་གྲུམ་བུ་མཁལ་ནད་སེལ། །ཞེས་པར། རོ་སྐོར་ལས། གཟེ་མ་དྲོ་ལ་ཡང་བས་མཁལ་མའི་ནུས་པ་གསོ། །དང༌། ལྗོན་ཤིང་ལས། གཟེ་མ་ར་མགོས་མཁལ་རྐེད་ཀྱི༌། །གྲང་བ་ཀུན་སེལ་རླུང་སྤྱི་འཇོམས། །ཞེས་སོ། །མིང༌། གྷོ་ཀྵུ་རི། གྷོ་ཁུ་ར། བྷཱུཀཎྜ། སའི་ཚེར་མ། ཨ་ཛི་ཤི་ར། ར་མགོ སི་གྷ། རྒྱ་ནག་ཏུ། ས་ཧ་ག མི་ཉག་པས། ག་ད་ར། ཟེར་རོ། །འཁྲུངས་དཔེར། གཟེ་མ་རྒྱ་ཤོད་བྱེ་མར་སྐྱེ། །ལོ་མས་ས་གཞི་ཁྱབ་པར་གནན། །མེ་ཏོག་ཆུང་ངུ་མཐོང་བ་དཀའ། །འབྲས་བུ་གཟེ་ཚེར་ར་མགོའི་དབྱིབས། །ཞེས་པ་ལྟར་ལས་ལོ་མ་སྲན་མའི་ལོ་མ་འདྲ་ལ་མེ་ཏོག་དཀར་སེར་ཅན་ནོ། །འདི་ལ་ཚེར་མ་མེད་པ་ཞིག་ཡོང་བ་ལུག་གཟེ་དང༌། ཚེར་མ་ཅན་ལ་ར་གཟེ་འབོད་པ་ཡང་ཡོད།

 

༢༤། ལྕམ་པ། ཕོ་ལྕམ། མོ་ལྕམ། བོད་ལྕམ།

ལྕམ་པས་ཆུ་འགགས་སྐོམ་དང་འཁྲུ་བ་སེལ། །ཞེས་པར། རོ་སྐོར་ལས། ལྕམ་པའི་འབྲས་བུ་བསིལ་ལ་རྣོ། །ལྗོན་ཤིང་ལས། ལྕམ་པས་མཁལ་མའི་ནུས་པ་སྐྱེད།།  ཆུ་སྲི་འགགས་སེལ་རྨ་རྣམས་སྐེམ། །དང༌། རང་བྱུང་རྡོ་རྗེས། ཉི་དགའ་དོད་ལྡན་ཆུ་འགགས་སེལ། །ཞེས་པ་ལ་རིགས་གསུམ་སྟེ། ཕོ་མོ་མ་ནིང་ངོ༌།།

 

ཕོ་ལྕམ་ནི། མིང་མདོག་ལྡན་ཟེར་ལ། འཁྲུངས་དཔེར། མེ་ཏོག་ཧ་ལོ་ཞེས་བྱ་བ། །དཀར་སྨུག་ལོ་མ་ཉི་དགའ་འདྲ། །ཞེས་མེ་ཏོག་ལྡུམ་རར་སྐྱེ་བ་རྐང་རིང་ལ་ལོ་མ་མེ་ཏོག་ཆེ་བ་ལ་མེ་ཏོག་དཀར་པོ་འཆར་བ་དང༌། རྒྱ་དམར་སྨུག་ཁ་འཆར་བ་གཉིས་སོ། །མེ་ཏོག་གིས་ས་བོན་འཛག་པ་གཅོད། རྩ་བས་ཟད་བྱེད་དང་ཡི་ག་འཆུས་པར་ཕན་ནོ།།

མོ་ལྕམ་ནི། རྒྱ་ལྕམ་པ་སྟེ། འདི་ལྡུམ་རར་སྐྱེ་ལ་དབྱིབས་སྔ་མ་ལྟར་ལས་ལོ་སྡོང་སོགས་ཆུང་བ་ཡིན། འདིར་ཡང་མེ་ཏོག་རྒྱ་དཀར་ཅན་དང༌། རྒྱ་སྨུག་སྐམ་ནས་སྔོན་པོར་འགྲོ་བ་གཉིས།

མ་ནིང་ནི། བོད་ལྕམ་པ་སྟེ། མིང་སཱུརྱནཎྜ། ཉི་དགའ། ཨརྫྷ་ཀ སཱུརྱབགྷི། ཉི་མར་གུས་པ། ཨརྐ། །སཽ་ཝ་རྞ་བྷ་ཧ་མི། བྲ་སེ། ས་རང་ཡོ། ལྷབ་མའི་འབྲས་བུ། ལྡུམ་བུ་ཨ་ཕྱག །སྤུ་སྡང་པདྨ། སྔོན་ཕོ་ཆུ་ཁྲིད། ལྕམ་མོ། ལྷ་མོ་རྣམས་ཟེར། འཁྲུངས་དཔེར། ཨརྫྷཀ་ཞེས་བྱ་བ་ནི། ས་ཁད་དམའ་བའི་ཡུལ་དུ་སྐྱེ། །ལོ་མ་ལྕམ་པ་ཀུན་དང་འདྲ། །མེ་ཏོག་ཉི་དགའ་རྒྱ་ཚོས་ཁ། །ཉི་མ་གར་གནས་དེར་དགའ་བལྟ། །འབྲས་བུ་ཨརྫྷཀ་ཞེས་བྱ། །རྩ་བ་སྡོང་པོར་བཅས་པ་ལ། །ལྕམ་པ་ཞེས་བྱ་རོ་མངར་བསྐ།།  རང་གི་ནུས་པས་ཆུ་འགགས་འབྱིན། །རྨ་རྣག་སྐེམ་ལ་ཁ་མི་སྐོམ། །ཞེས་ཞིང་མུ་ས་ཉོབ་ལུད་ཤུལ་དག་ཏུ་སྐྱེ་ཞིང་སྔ་མ་རྣམས་ལས་ལོ་སྡོང་ཆུང་ལ་ཐུང་བ་མེ་ཏོག་རྒྱ་དཀར་ཅན་ནོ། །ལྕམ་པ་ཐམས་ཅད་མྱངས་ན་མངར་ལ་ཁ་འདམ་པའི་འབྱར་བག་ཅན་ཏེ། འབྲས་བུ་ཐམས་ཅད་འདྲ་བར་འབྲས་ཞིབ་སྟ་རེ་ཁ་ཕྲེང་སྐོར་དུ་མཐེབ་སྐོར་ལྟར་འགྲིགས་པའོ།།

 

༢༥། བྲག་ལྕམ་པ།

བྲག་ལྕམ་པ་ཡིས་རྨ་རྣམས་འདྲུབ་པར་བྱེད། །ཅེས་པར། མཛེར་ལྡུམ་ཡང་ཟེར། འཁྲུངས་དཔེར། བྲག་ལྕམ་བྲག་གི་ལོགས་ལས་སྐྱེ། །ལོ་མ་མཐུག་ཅིང་སྣུམ་པ་ཡིན། །ཟིལ་པ་དང་བཅས་སྔོ་ལ་ཟླུམ། མེ་ཏོག་དཀར་དམར་གཉིས་སུ་ཡོད། །རྨ་ནི་ཇི་ལྟར་ཚབས་ཆུང་ཡང༌། །བྲག་ལྕམ་མེད་ན་སོས་དཀའ་ཟེར། །ཞེས་པ་ལྟར། ལོ་མ་མཐུག་སྣུམ་བསིལ་ལྗང་ཟླུམ་པ་མེ་ཏོག་དཀར་དམར་འཆར་བའོ།།

 

༢༦། ལྡུམ་བུ་རེ་རལ།

ལྡུམ་བུ་རེ་རལ་ཤ་དུག་སྦྱར་དུག་སེལ། །ཞེས་པར། ལྕགས་ཕྲེང་ལས། ལྡུམ་བུ་རེ་རལ་ནུས་པས་ཐམས་ཅད་ཡང་བ་ཡིན། །རང་གི་ནུས་པས་དུག་ལ་ཕན་པར་བྱེད། །ཅེས་དང༌། རང་བྱུང་པས། སྤྲེའུ་མཇུག་དུག་ཚད་ཀུན་ལ་ཕན། །ཞེས་པ་ལ་རིགས་གསུམ་སྟེ། རྒྱལ་པོ། བློན་པོ། བཙུན་མོའོ། རྒྱལ་པོ་རེ་རལ་ལ་མིང༌། སྤྲེའུ་མཇུག་པ། ལྡུམ་བུ། ངུར་མོ་འབྲི་ལྕེ། ཧང་འབག་པ། རྩ་ལག་པ། རྩངས་པ་རལ་གྲི། གཡུ་འབྲུག་འཁྱིལ་པ་ཟེར། འདི་ལ་སྐྱེ་སའི་དབང་གིས་རིགས་གསུམ་སྟེ། འཁྲུངས་དཔེར། རྒྱལ་པོ་རེ་རལ་ཉིན་གྱི་བྲག་ལས་སྐྱེ། །ལོ་མ་མེ་ལྕེ་མཆེད་པ་འདྲ། །རྩ་བ་སྤྲེའུའི་མཇུག་མ་འདྲ། །རོ་ནི་ཅུང་ཟད་མངར་བ་ཡིན། །ཞེས་འབྲིང་པོ་དང༌། བེ་ལྗང་རེ་རལ་བེ་ཤིང་གི།ལོགས་ལས་སྐྱེ་བའི་རྩ་བ་ནི། །སྤུ་བཅས་སྲེ་མོང་ཉལ་འདྲ་མཆོག །ཅེས་པ་མཆོག་ཏུ་གྱུར་ལ་སྐྱེ་ས་མ་གཏོགས་སྔ་མ་ལྟར་རོ།། འདི་ལ་སྒེར་མིང༌། བདུད་རྩི་བེ་ལྗང༌། ངུར་མོ་འབྲི་ལྕེ་ཟེར། ཐ་མ་ནི། གཡུ་འབྲུག་འཁྱིལ་བ་སྲིབ་མོ་ཡི། །ཤིང་བྲག་ལོགས་ཀྱི་སྤང་ལས་སྐྱེ། །ལོ་མ་སྔ་མ་འདྲ་ལ་འཇམ།།  རྩ་བ་གཡུ་འབྲུག་འཁྱིལ་བ་འདྲ། །ཞེས་པས་ལོ་མ་སྔ་མ་དང་འདྲ་ཡང་འཇམ་ལ་མཉེན་པ་དང༌། རྩ་བ་སྦོམ་ལ་ཐུང་ཞིང་བ་སྤུ་སེར་པོ་མེད་པ་སྔོ་བའོ།།

 

༢༧། བྲག་སྤོས།

བྲག་སྤོས་རྨ་འདྲུབ་རྣག་སྐེམ་ལྷ་བ་འཛིན། །ཞེས་པར། ལྗོན་ཤིང་ལས། བྲག་སྤོས་ཤ་མདོག་འགྱུར་བར་ནུས། །ཞེས་སོ། །མིང་བྲེ་གུ་གསེར་ཐིག བློན་པོ་རེ་རལ། ར་ས་ཡ་ན། བྱ་རྒོད་རྒྱུས་འབྱོར། ཐང་དཀར་བཅད་འབྱོར། མགོ་ཆག་གསང་ལྡུམ། ཀ་བ་རྒྱུད་གཅོད། ཐིག་ཁྲབ་ཅན། བྲ་བ་རྒྱུ་ལུག གཟིག་མཇུག་པ། བྱེ་སྦྲུལ་ཁྲ་བོ། རུ་མཐུན་པ་རྣམས་ཟེར། འཁྲུངས་དཔེར། བློན་པོ་རེ་རལ་བྲག་གི་སེར་ཁར་སྐྱེ། །ལོ་མ་ལྗང་སྔོན་གྱོང་ལ་རྩུབ། །འོག་ཏུ་གསེར་ཐིག་གཟིག་མཇུག་འདྲ། །དྲི་མནམ་རོ་ཁ་ནུས་པ་བསིལ། །རྨ་གསོ་རྣག་སྐེམ་མེས་ཚིག་འཇོམས། །དུག་ཚད་སེལ་ཞིང་མགོ་ཆག་སྦྱོར། །ཞེས་དང༌། ལྗོན་ཤིང་འཁྲུངས་དཔེར། བྲེ་གུ་གསེར་ཐིག་བྲག་ལ་ཡོད། །གསེར་ཐིག་ཡོད་ལ་དྲི་ཡང་ཞིམ། །བྱང་ཁོག་སྟོད་སྨད་སྨན་དུ་བཟང༌། །རྨ་ལ་བཏབ་ན་འདྲུབ་པར་བྱེད། །དུག་སོགས་མཁལ་རྐེད་ཚད་པ་སེལ། །ཞེས་སོ།།

 

༢༨། བྲག་སྐྱ་ཧ་བོ།

བྲག་སྐྱ་ཧ་བོས་དུག་སེལ་ཚ་འཁྲུ་གཅོད། །ཅེས་པར། རང་བྱུང་པས། བྲག་སྐྱས་སྦྱར་དུག་སྡུད་ཅིང་གསོད། །ཅེས་སོ། མིང༌། ཧ་བོ། བྲག་ཇ། བྲག་རྒྱན་ཀོ་ལོ། བྲག་ལ་ཡ་ཁོད། མིང་བདུན་སྲིང་གཅིག །ལྷ་ལྕམ་མ། བཙུན་མོ་རེ་རལ། གོང་བ་འཛིན་པ་རྣམས་ཟེར། འཁྲུངས་དཔེར། བཙུན་མོ་རེ་རལ་བྲག་ལོགས་སྐྱེ།།  ལོ་མ་ལེབ་མོ་མེ་ཏོག་ནི། སྔོ་ལ་རྒས་དུས་དཀར་བ་ཡོད། །རོ་ནི་ཁ་ལ་མངར་བ་ཡིན།།  ནུས་པས་བསམ་སེའུ་མཁལ་ནད་སེལ། །རྨ་རྣམས་འདྲུབ་ཅིང་དུག་ནད་སེལ། །ཞེས་དང༌། རྡོ་རྗེ་སྤྱི་འཇོམས་ལས། གོང་འཛིན་རྡོ་རྗེའི་བྲག་ལས་སྐྱེ། །ལོ་མ་སྔོ་སྣུམ་རྒྱབ་སྤུ་སེར། །དབྱར་དུས་ལོ་མ་བྲག་ལ་འབྱར། །དགུན་དུས་རྡོ་རྗེས་སྡེར་མོ་བསྐུམ།།  མེ་ཏོག་སྔོ་དང་དཀར་བ་ཡོད། །སྨན་ཆེན་དུག་རིགས་བདུན་པོ་ལ། །སྲིང་གཅིག་ཁྱོད་ལས་ངོ་ཆེ་མེད། །ལྷ་ལྕམ་གཡུ་ཡི་ཟུར་ཕུད་ཅན། །མིང་པོ་བདུན་གྱི་སྲིང་གཅིག་མ། །དལ་བརྒྱད་འབྱོར་པའི་གྲོང་ཁྱེར་དུ། །མིང་པོ་བདུན་གྱི་དམག་ཚོགས་གཡོས།།  སྲོག་གི་ནོར་བུ་བཅོམ་ཉེ་ཚེ། །སྲིང་གཅིག་ཧ་བོས་ར་མདའ་ཟློག །ཁྱོད་མེད་ད་ལྟ་འཆིའོ་ཟེར། །ཞེས་གསུངས་ས་དུག་རིགས་ཀུན་དང༌། ཁྱད་པར་བོང་ང་སོགས་མི་རྒྱུ་བའི་དུག་དང༌། ལྷག་ཏུ་ཕྱུགས་ཀྱིས་རྩྭ་དུག་ཤིང་དུག་ཟོས་པ་རྣམས་ལ་སླེབས་པས་ཆོག་པའོ། །དྷརྨ་སྭ་མིའས། མིང་བདུན་སྲིང་གཅིག་ལྷ་ཡི་ལྕམ། །དབུ་ལ་གཡུ་ཡི་ཟུར་ཕུད་བརྒྱན། །དར་གོས་ཤ་སློག་བསྒྱུར་ནས་གྱོན། །གསེར་གྱི་ཤིང་རྟའི་འཕང་ལོ་ཆིབས། །དུག་འཇོམས་ཚ་འཁྲུ་གཅོད་པའི་གཙོ། །ཞེས་གསུངས་བཞིན་རྟིང་རྡོག་འཕང་ལོ་འདྲ་བ་ཡོད་པའོ།།

 

༢༩། ཁྱུང་སྡེར།

ཁྱུང་སྡེར་དཀར་སྨུག་དུག་ཚད་སེལ་བར་བྱེད། །ཅེས་པར། དཔག་བསམ་ལྗོན་ཤིང་ལས། ཁྱུང་སྡེར་དུག་གི་ཚ་བ་སེལ། །ཞེས་དང༌། །རང་བྱུང་རྡོ་རྗེས། ཁྱུང་སྡེར་དཀར་སྨུག་དུག་སེལ་ལ། །ཞེས་པར། འདྲ་ཡིག་ཏུ། ཁྱུང་སྡེར་དཀར་པོ་བྱ་ཕོའི་ཕྱི་སྡེར་འདྲ། །སྨུག་པོ་བྱ་རོག་སྡེར་མོ་བསྐུམ་པ་འདྲ། །ཞེས་པ་འདི་གཉིས་ལ་སྡེར་མོ་གཉིས་ཟེར། དཀར་པོ་མོན་ནས་འབྱུང༌། སྨུག་པོ་བོད་སོགས་གང་ནས་ཀྱང་འབྱུང༌། གཉིས་ཀ་རོ་ཁ་བར་གཏོགས་པ་ཙམ་ཡང་མི་འདྲ་སྟེ་ནོར་འཕྲང་མེད་པའོ།།

 

༣༠། རྩད་དང་དགུ་ཐུབ།

རྩད་དང་དགུ་ཐུབ་ལྡུམ་སྟག་དུག་ནད་སེལ། །ཞེས་པའི་རྩད་ནི། འཁྲུངས་དཔེར། སྔོ་རྒྱལ་རྩི་མཆོག་མ་གི་ཏ། །སྲིབ་ཀྱི་རི་ལས་སྐྱེ་བ་ཡིན། བོད་སྐད་དུ་ནི་རྩད་ཅེས་ཟེར། །ལོ་མ་སྔོན་པོ་འཇམ་ལ་ཕྲ། །སྡོང་པོ་གྱེན་དུ་དྲང་པོར་སྐྱེས། །མེ་ཏོག་དཀར་སེར་ཕྲ་ལ་ཆུང༌། །འབྲས་བུ་‹་གྲོ་དྷ་ལྟར་ཕྲ། སྨན་འདི་སྐྱེ་སའི་མདའ་རྒྱངས་ཚུན། །ཙན་དན་གླ་རྩི་ག་བུར་གྱི། །དྲི་ཞིམ་སྤོས་ངད་རྒྱུན་མི་ཆད། །སྨན་འདི་སྐྱེ་སར་དུག་མི་སྐྱེ། །སྦྲུལ་ཡང་འབྱུང་བར་མི་འགྱུར་རོ། །རོ་ནི་ཁ་ལ་རྩུབ་པ་ཡིན། །རང་གི་ནུས་པས་དུག་ནད་སེལ། །ཚད་ནད་སེལ་བའི་ག་བུར་ཡིན། །སྔོ་སྦྱོར་ཤ་སྦྱོར་རྩི་སྦྱོར་དང༌། །རིན་ཆེན་དབྱིག་དུག་སྒོང་སྤུའི་དུག །རེག་པའི་དུག་སོགས་བསམ་འདས་ལ། །འདི་ཡིས་མི་ཐུབ་ནད་རིགས་མེད། །ཅེས་པ་ལ་རིགས་གཉིས་ཏེ། ལྷོ་བལ་ནས་འོང་བའི་རྐང་ནག་པོ་ཞུ་མཁན་འདྲ་བ་འབྲས་བུ་ལྗང་སྨུག་ཟོས་ན་གཡེར་དྲི་མནམ་པ། ཕལ་ཆེར་གྱིས་སྙག་ཏུ་འབོད་ཅིང༌། འགའ་ཞིག་དགུ་ཐུབ་དམན་པར་བྱེད་པ་དེ་མཆོག་དང༌། དམན་པ་བོད་ཀྱི་རྩད་ནི། འཁྲུངས་དཔེར། རྩད་ཅེས་བྱ་བའི་སྨན་མཆོག་ནི། །ས་གཞི་མཁྲེགས་པོར་སྐྱེ་བ་ཡིན། །རྩ་བ་ལྕ་བའི་རྩ་བ་འདྲ། ལོ་མ་ཕྲ་ལ་ཉ་ག་ཅན། །སྡོང་པོ་ཕྲ་ལ་མེ་ཏོག་དཀར། །རང་གི་ནུས་པས་དུག་ནད་སེལ། །ཞེས་པ་རྩ་བ་ལྕ་བ་འདྲ་ལ་ཕྲ་བ་ལོ་མ་ཉ་ག་ཅན་ཁྲད་པོར་སྐྱེ་བ། མེ་ཏོག་གོ་སྙོད་འདྲ་ལ་ཁྲད་པར་སྐྱེ་བ་འདི་ལོ་མ་མང་བ་དང༌། དྲི་ཆེ་ཆུང་ལས་འབམ་པོ་དང་ནོར་དོགས་ཡོད་པ་ཡུལ་སྐད་དུ་རྩད་པ་རྩོད་པ་ཟེར། མེ་ཏོག་ཡོད་པ་མོ་རིགས། མེད་པ་ཕོ་རིགས་བྱེད་པ་ཡིན། དགུ་ཐུབ་པ་ནི། འདི་ལ་ངོས་འཛིན་བྱེད་ལུགས་མང་ལ། ཡི་གེ་ཡང་རྒུ་ཐུབ་ཅེས་ར་མགོ་ཅན་གྱི་མང་ཚིག་བྱེད་པ་དང༌། དས་འཕུལ་ཅན་གྱི་དགུ་ཐུབ་ཅེས་གྲངས་ཡིག་བྱེད་པ་དང༌། སྒོ་ཐུབ་ཅེས་རྩ་སྒོ་སྲུང་ཐུབ་པར་བྱེད་པ་གསུམ་ལས། ཕྱི་མ་གཉིས་འཐད་ཅིང་སྔ་མར་འབྲེལ་བ་མ་བྱུང་མོད། ངོས་འཛིན་འགའ་ཞིག་གོང་གི་སྙག་ལ་བྱེད་པ་དང༌། བཻ་སྔོན་དུ་གླང་ཆེན་ཆིག་ཐུབ་ལ་མཛད་ཀྱང་དེ་གཉིས་མི་འཐད་པའི་རྒྱུ་མཚན་མང་དུ་ཡོད། དཔག་བསམ་ལྗོན་ཤིང་ལས། དགུ་ཐུབ་ནག་པོ་བྱ་བ་ཞིག །བེ་ཡི་གསེབ་ཏུ་སྐྱེ་སྟེ་དཀོན། །རྒྱུ་མ་སྐམ་པོ་འདྲ་བར་ཡོད། །འདིས་ནི་གཉན་དང་གཟེར་ཐུང་དང༌། །དུག་ཚད་ཀུན་ལ་བདུད་རྩི་འདྲ། །ཞེས་གསུངས་པས། བེ་ལྗང་ཁྱད་པར་ཅན་བེ་དངོས་ལས་སྐྱེ་བ་ཞིག་ལ་མཛད། ཁ་ཅིག་ཉུངས་སོན་ལོ་དགུ་ལོན་པ་ལ་མཛད། ཁ་ཅིག་ཆར་ཉུངས་དམར་པོ་བྱང་བལྟས་སུ་སྐྱེ་བ་ལོ་དགུ་ལོན་པའི་ཁནྜར་མཛད་པས། ཕྱི་མ་འདི་གསུམ་ཀ་མཆོག་མིན་ཀྱང་གཉིས་གཅིག་སོགས་ཀྱིས་དུག་སྲུང་བ་དང་འཇོམས་པ་གང་ལའང་གཙོ་བོར་གྱུར་པས་བཟང་གསུངས།།

 

༣༡། ལྡུམ་སྟག

ལྡུམ་སྟག་ནི། མིང་ལྡུམ་སྟག་དང༌། ཀོ་བྱི་ལ་དང༌། སྔོ་ལེབ་སྤུ་ཅན་དང༌། བྱ་འཕུར་སླེབ་དང༌། ཕུར་ལེབ་རྣམས་ཟེར། དཔག་བསམ་ལྗོན་ཤིང་ལས། བྱ་འཕུར་སླེབ་ཀྱིས་དུག་ནད་སེལ། །གློ་བུར་དུག་དང་ཚད་པ་འཇོམས། ཞེས་དང༌། རང་བྱུང་པས། བྱ་འཕུར་སླེབ་དང་སུ་མི་སྨན། །དུག་ནད་སེལ་བའི་སྨན་གྱི་མཆོག། ཅེས་གསུངས། འདི་ལ་གོ་གྱི་ཟེར་བ་དང༌། བསེ་འབྲུམ་ལ་ཀོ་བྱི་ལ་ཟེར་བ་ཡི་གེ་ནོར་ནས་འཆོལ་པར་བྲིས་པ་མང་དུ་མཐོང༌། འཁྲུངས་དཔེར། སྔོ་སྨན་རྒྱལ་པོ་འཕུར་ལེབ་ནི། །ལྷོ་རོང་ཚད་པས་གདུང་བའི་ཡུལ། །ཤིང་སྡོང་ཆེ་ལ་འཁྲིལ་ནས་སྐྱེ། །ལོ་མ་མཐུག་ལ་རིང་བ་ཡིན། །མེ་ཏོག་སེར་སྐྱ་ཆུང་བ་ལ། །གང་བུ་སེར་པོ་འབྱུང་བ་ཡིན། །རོ་ནི་ཁ་ལ་རྩུབ་པ་སྟེ། །རང་གི་ནུས་པས་དུག་ནད་སེལ། །ཞེས་སྡོང་པོ་དཀར་ལ་སྔོ་མདངས་ཡོད་པ། མེ་ཏོག་དཀར་པོ་གང་བུ་སེར་པོའི་ནང་ནས་འཕུར་ལེབ་འབྲས་བུ་སྲ་མཁྲེགས་སྤུ་ཅན། ལེབ་མོ་སྤུ་ཆུང་ཅན་ཡོང་བའོ།།

 

༣༢། གྲེས་མའི་གེ་སར།

གྲེས་མའི་གེ་སར་སྲིན་གསོད་གླང་ཐབས་འཇོམས། །ཞེས་པར། རང་བྱུང་ཞབས་ཀྱིས། གྲེས་འབྲས་སྙོམས་ཏེ་སྲིན་ལ་ཕན། །ཞེས་པ་འདི་སྔོན་གྱི་ཚེ་འཕགས་པ་སྤྱན་རས་གཟིགས་ཀྱིས་མ་འོངས་པའི་འགྲོ་བརྒྱུད་ལ་དགོངས་པའི་ཏིང་ངེ་འཛིན་ལ་བཞུགས་པས་དུས་ཀྱི་ཕྱི་མར་དུག་གི་སྦྱོར་བས་འཇིག་རྟེན་ཕུང་བའི་དུས་ཚོད་འབྱུང་བར་གཟིགས་པས་འགྲོ་ལ་ཐུགས་བརྩེ་བའི་སྤྱན་ཆབ་མང་དུ་བྱོན་པར་སྨོན་ལམ་འདེབས་པར་མཛད་པས་ས་གང་དུའང་མི་སྐྱེ་བའི་ས་མེད་གསུངས་སོ། །འདི་ལ་རིགས་གསུམ་ཡོད་དེ། སྔོ་སྦྱོར་བདུད་རྩི་རྫིང་བུ་ལས། །གྲེས་མ་དག་ལ་རིགས་གསུམ་སྟེ། །ཕོ་གྲེས་ས་མཁྲེགས་སྐམ་སར་སྐྱེ། །ཡང་ན་ཞིང་ངན་མུ་ལས་སྐྱེ། །ལོ་མ་རྩུབ་ཅིང་མེ་ཏོག་སྨུག །རོ་ཚ་ནུས་པ་གཉིས་དང་ལྡན། །རང་གི་ནུས་པས་སྲིན་ནད་སེལ། །རྨ་ལ་འབྱར་དང་སྐམ་འདེབས་བྱས། །ཤོ་རོ་གཅོད་ཅིང་ཤ་འུ་གསོ།། ར་ཚིལ་སྦྱར་བྱུགས་མེས་ཚིག་གསོ། །ཞེས་པ་ལོ་མས་རྩ་ཐག་ཉན་པའི་དཀྱིལནས་སྡོང་བུའི་རྩེ་ནས་གང་བུ་སྐྱ་བོ་ཟུར་གསུམ་རྐྱལ་བ་འདྲ་བའི་ནང་ཤོག་ཏུ་འབྲས་བུ་དཀར་པོ་སཱ་ལུ་ལྗང་གི་སྙེ་འབྲས་འདྲ་བ་སྐམ་ནས་དམར་པོར་འགྲོ་བ་དེ་ཡིན་ནོ།། མིང་རྒྱ་གྲེས་ཟེར། མོ་རིགས་ནི། དེ་ཉིད་ལས། མོ་གྲེས་རླན་ཅན་སྤང་ལྗོངས་སྐྱེ།། ལོ་མ་འཇམ་ལ་མེ་ཏོག་སྔོ། །རོ་ནི་ཅུང་ཟད་མངར་ཞིང་ཚ། །ནུས་པ་བསིལ་དྲོ་གཉིས་ཀ་ལྡན། ཁྱད་པར་བད་སྨུག་དུག་ཐབས་དང༌། །ཕོ་ལོང་རྒྱུ་མར་ཚ་གྲང་འཐབ།།  སྲིན་གླང་ལ་སོགས་སྦྱོང་བར་བྱེད། །སྲན་ནག་ཉེར་གཅིག་དག་དང་བསྡེབས།། སྟོད་འཚངས་ཅན་ལ་སླེབས་པས་ཆོག །ཅེས་སྔ་མ་ལས་འཇམ་ལ་ཁ་སྟོད་ཀྱི་སྤང་ལས་སྐྱེ། གང་འབྲས་སྔ་མ་འདྲ་ལ་སྡོང་བུ་མེད་པར་གང་བུ་དམར་ཟླུམ་ས་ནང་ནས་མངོན་པར་སྐྱེ། ལོ་མ་རྩ་ཐག་ལ་རབ་ཏུ་བཟང༌། གཉིས་ཀར་ཕུང་པོ་ཆེ་བ་སྐྱེ། །མིང༌། གྲེས་རྒོད་ཀྱང་ཟེར། མ་ནིང་གྲེས་མ་ནི། ཡིད་བཞིན་ནོར་བུ་ལས། སྐྱེ་བའི་ས་ལ་མ་ངེས་ཀྱང༌། རི་ཟུར་སྐམ་དང་བྲག་ཉེ་བའི། །སྔོ་གཞན་མེད་པར་སྐྱེས་པ་བཟང༌།།  ཤིང་ནགས་ཁྲོད་དང་སྲིབ་རི་དང༌། །རླན་གཤེར་ཆེ་སར་སྐྱེ་བ་ངན། །རྩ་བ་སྦོམ་དཀར་རིང་བ་བཟང༌། །དེར་ལྡོག་ངན་པའི་མཚན་ཉིད་དོ། །ཞེས་པར། བདུད་རྩི་རྫིང་བུར། མ་ནིང་མ་ངེས་གར་ཡང་སྐྱེ། །ཕོ་མོ་གཉིས་ལས་འབྲས་ངན་ཞིང༌།།  མདོག་སྐྱ་མེ་ཏོག་རྒྱ་ནག་ཅན། །རྩ་བ་རི་སྒོག་སྐྱེ་གུ་འདྲ། །རང་གི་ནུས་པས་ནད་རྣམས་འཁྲུ། །ཁྱད་པར་མ་ཞུ་དུག་ཐབས་དང༌། །བད་སྨུག་མཁྲིས་པ་མིག་སེར་དང༌། །ཕོ་བར་བད་མཁྲིས་འཐབ་པ་སྦྱོང༌། །དུག་ནད་ཅན་ལ་བདུད་རྩི་འདྲ། །ཞེས་དང༌། ཙིནྟ་མ་ཎི་ལས། གནས་ཚུལ་དྲང་པོར་སྐྱེས་པ་སྟེ། །ལོ་མ་འབྲས་ཀྱི་ལྗང་བུ་འདྲ། །དེ་ཡང་ཕྱི་ནང་ཅུང་ཟད་རྩུབ། །མེ་ཏོག་དམར་ལ་སྔོ་མདངས་ཅན། །ཁ་དོག་དམར་ཤས་ཆེ་བ་བཟང༌། །མེ་ཏོག་འདབ་གསུམ་གྱེན་དུ་ལྡིང༌། །གསུམ་ལས་མང་བ་འབྱུང་མི་སྲིད། །གང་བུ་ཟུར་གསུམ་རྐྱལ་ཆུང་འདྲ། །འབྲས་བུ་དཀར་ཞིབ་ལབ་སོན་དབྱིབས། །རྩ་བ་ཉེ་ཤིང་པ་དང་འདྲ། །པགས་པ་དེ་ལས་སྲབ་པ་ཡོད།།  ཟླ་བ་བཞི་པའི་ནང་ནས་སྐྱེ། །རོ་ནི་མངར་ཞིང་ཚ་བ་སྟེ། །ནུས་པས་དུག་རིགས་བསྡུ་གསོད་འབྱིན། །ཚ་ཤས་ཆེ་ལ་བསིལ་དུ་འགྱུར། །གྲང་ཤས་ཆེ་ལ་དྲོད་དུ་འགྱུར།།  ཚ་གྲང་འདྲེས་ལ་སྙོམས་པར་ལྡན། །ཞུ་རྗེས་བཀྲུ་སྨན་སྤྱི་དང་མཚུངས། །འོན་ཀྱང་སྐྱེ་སའི་ཡུལ་ཁྱད་ཀྱི༌། །མོན་སྐྱེས་ཅུང་ཟད་དྲོ་ལ་འཇམ། །བོད་སྐྱེས་ཅུང་ཟད་བསིལ་ལ་རྩུབ། །མིང་ནི་ཨ་ཙ་པ་ལོ་ཟེར། །ཀྭོ་ཋ་ཨོ་པ་ཞེས་ཀྱང་ཟེར། ཨ་ཙ་ཀོ་པ་དག་ཀྱང་ཟེར། །ཡུལ་སྐད་བྱ་རོག་སྒོག་པར་སྨྲ། ཁུ་བྱུག་མེ་ཏོག་ཅེས་ཀྱང་འབོད། །འགའ་ཞིག་བྱ་རོག་སྐྱེ་གུ་ཟེར། །དོན་ལ་གྲེས་ཆུང་དུག་འཇོམས་ཡིན། །སྨན་མཆོག་འདི་ཉིད་བཞད་པ་དང༌། །བྱ་རྒྱལ་ཁུ་བྱུག་དགོད་པ་གཉིས། །དུས་འཛོམ་ཚིག་ལ་འགྱུར་བ་མེད། །ཅེས་འབྱུང་ལ། གྲེས་ཆུང་ལོ་མ་ཉུང་ངུ་ལས་ཕུང་པོ་ཆེ་བ་མི་སྐྱེ་བའོ། །འདི་བཏུ་ལུགས་ལག་ལེན་སོགས་ཞིབ་ཚང་ཁོ་བོས་ལོགས་སུ་བྱས་པ་ཙི}o་མ་ཎི་ཞེས་པར་གསལ། རིན་ཆེན་འཁྲུངས་དཔེ་ལས་ཀྱང༌། གྲེས་མ་དག་ལ་རིགས་གསུམ་སྟེ།། གཅིག་ནི་བྲག་ལས་སྐྱེས་པ་ཡིན། །ལོ་མ་སྔོ་ལ་འཇམ་ཞིང་ཉུང༌། །གཅིག་ནི་ཐང་སྐྱེས་རྒྱ་གྲེས་རྩུབ། །གཅིག་ནི་རི་སྐྱེས་གྲེས་རྒོད་འབྲིང༌། །མེ་ཏོག་དམར་སྨུག་སྔོ་བའི་མདོག །རྒྱ་གྲེས་འབྲས་བུ་དམར་ལ་ཆེ། །གྲེས་རྒོད་འབྲས་བུ་ཆུང་བ་ཡིན། །བྲག་སྐྱེས་འབྲས་བུ་ཆུང་ལ་སྔོ། །རོ་ནི་ཅུང་ཟད་མངར་བ་ཡིན། །རང་གི་ནུས་པས་སྲིན་དུག་འཇོམས། །དེ་གསུམ་རྩ་བ་བརྡུངས་ལ་བཙིར། །མེས་ཚིག་རྨར་བསྐུས་མྱུར་དུ་འཚོ། །རྩ་བ་ཞིབ་བརྡུངས་སྦྲང་དང་སྦྱར། །སྐོབས་དང་ངོ་ཤིག་སེལ་བར་བྱེད།།  དེ་གསུམ་ནུས་ལྡན་བསྲེགས་ཐལ་དང༌། །མི་ཕག་དོམ་གསུམ་ཚིལ་སྦྱར་བྱུགས། །སྐྲ་དཀར་ནག་པོར་འགྲོ་བ་ཡིན། །ཁུ་བ་རྨ་ལ་བྱུགས་པ་ཡིས། །ཆུ་སེར་འདྲེན་ལ་ཤ་རོ་གཅོད། །དཀར་སངས་ཐལ་བས་རྣག་ཆུ་སྐེམ། །ཞེས་གསུངས་སོ།།

 

༣༣། དཀར་པོ་ཆིག་ཐུབ།

དཀར་པོ་ཆིག་ཐུབ་དུག་སྡུད་གཉན་སྲིན་འཇོམས། །ཞེས་པ་དུག་སྡུད་གསོད་སྦྱོང་སྐབས་གོང་གི་ཀྭོ་ཋ་ལག་ལེན་བཞིན་གཏོང་བ་དང༌། གཉན་སྲིན་སྐབས་སྔར་བཤད་གངས་ཐང་ཕྲོམ་ཆེ་བ་ཝ་ཏ་གཏོང་བ་ཡིན་ལ། ཆིག་ཐུབ་ཅེས་པས་ཆིག་རྒྱུག་ལས་སྡུད་སྦྱོར་གྱི་གྲོགས་ལ་མ་ལྟོས་པའོ།།

 

༣༤། དྭ་བའི་རྩ་བ།

དྭ་བའི་རྩ་བས་སྲིན་གསོད་རུས་འཛེར་འགོག །ཞེས་པར། དཔག་བསམ་ལྗོན་ཤིང་ལས། དྭ་བས་ཕོ་བར་རླུང་ཞུགས་སེལ། །ཞེས་དང༌། རང་བྱུང་རྡོ་རྗེས། དྭ་རྒོད་རྩ་བས་སྲིན་ནད་སེལ། །ཞེས་གསུངས། མིང་ནི། ས་འོག་བདུད་རྩི། སྲིན་འཇོམས། གཡར་ཞུ་བ། འབྲོ་མ་རྩི། ལྡུམ་རྒོད། ཨ་ལུ། ཁ་སྐྲངས། ཁ་ཚ་བ་ཟེར། འཁྲུངས་དཔེར། དྭ་བ་དག་ལ་རིགས་གཉིས་ཏེ། རི་ལས་སྐྱེས་པ་དྭ་རྒོད་ཡིན། ཞིང་ལས་སྐྱེད་པ་དྭ་གཡུང་སྟེ། །ལོ་མ་སྣུམ་ལ་མཐུག་པ་ཡིན། །མེ་ཏོག་དཀར་པོ་མདངས་དང་ལྡན། །འབྲས་བུ་བྱུ་རུ་སྤུངས་པ་འདྲ། །རོ་ནི་ཚ་ལ་ཞུ་རྗེས་དྲོ། །རང་གི་ནུས་པས་སྲིན་ནད་དང༌། །སྐྲངས་དང་འབྲས་དང་ཤ་རོ་འདུལ། །ཞེས་པའི་རྩ་བས་སྲིན་དང་སྐྲངས་འབྲས་ལ་ཕན། །འབྲས་བུས་དུག་གིས་འགགས་པ་བསལ། །མེ་ཏོག་གིས་མངལ་སྐྱོན་བཤིག་ལ་མངལ་སྒོ་འབྱེད་འབྱིན་བྱེད་དོ།།

 

༣༥། སྙ་ལོ།

སྙ་ལོས་རྒྱུ་ལོང་སྣོད་ཀྱི་ཚ་བ་སེལ། །ཞེས་པར། དཔག་བསམ་ལྗོན་པར། སྙ་ལོ་རྒྱུ་ལོང་ནད་ལ་ཕན། །རྩ་བས་རྒྱ་ནད་བཤལ་བ་གཅོད། །ཅེས་དང༌། རང་བྱུང་པས། སྙ་ལོས་རྒྱུ་ལོང་ཚད་པ་སེལ། །ཞེས་པ། འཁྲུངས་དཔེར། སྙ་ལོ་སྲིབ་ཀྱི་རི་ལས་སྐྱེ། །ལོ་མ་ལྕང་དཀར་ལོ་མ་འདྲ། །སྡོང་པོ་དམར་རིང་ཚིགས་པ་ཅན། །མེ་ཏོག་དཀར་པོ་སྤྲིན་བཞིན་འཐིབས། །རྩ་བ་དམར་པོ་ཤ་རུ་འདྲ། །རོ་ནི་ཅུང་ཟད་ཁ་སྐྱུར་བསྐ། །ནུས་པས་ཁོང་ནད་གཅོང་རྙིང་སེལ། །ཞེས་པས་ཤེས་སླའོ།།

 

༣༦། ལུག་མུར།

ལུག་མུར་འབྲས་དང་གློ་ནད་གྲེ་སྐམ་སེལ། །ཞེས་པར། རང་བྱུང་པས། ལུག་མུར་བད་ཀན་གྲང་བ་སེལ། །ཞེས་དང༌། བྱེ་བ་རིང་བསྲེལ་ལས། སྔོན་ཚེ་བཅོམ་ལྡན་སྣང་མཐའ་ཡི། །ཕྱག་གི་ཚེ་བུམ་ལུད་པ་ནི། །ས་ལ་འཐིགས་པས་ལུག་མུར་བྱུང༌། །བདུད་རྩི་ཆེན་པོར་བྱིན་རླབས་པས། །རྣལ་འབྱོར་དད་ལྡན་བྱང་ཆུབ་ཀྱི༌། །ལམ་སྒྲུབ་གྲོགས་སུ་ཤིན་ཏུ་བཟང༌། འདི་རིགས་ཕོ་མོ་མ་ནིང་གསུམ། །ཕོ་ནི་སྟོབས་ཆེ་མོ་ནི་ཆུང༌། །མ་ནིང་སྟོབས་འབྲིང་དག་ཏུ་བཤད། །ཅེས་དང༌། འཁྲུངས་དཔེར། སི་པི་ལུག་མུར་ཞེས་བྱ་བ། །ལོ་མ་ལྗང་སེར་སྤུ་ཅན་ཏེ། །ངར་པ་གྲུ་བཞི་ཚིགས་པ་དང༌། །གདེངས་ཀ་ཅན་ལ་མེ་ཏོག་སྨུག །རྩ་བ་རྡོག་འདྲིལ་ཉུངས་འདྲ་མང༌། །རོ་ནི་མངར་བས་གྲེ་བ་བརླན། །འབྲས་དང་གློ་ནད་མཐའ་དག་འཇོམས།།  རྟ་ཡི་འཁྲུགས་ནད་སེལ་བའི་མཆོག །ཅེས་པར་མེ་ཏོག་དཀར་ཤས་ཆེ་བ་དང༌། རྒྱ་དཀར། རྒྱ་སྨུག་གསུམ་འབྱུང་བར་བརྟགས་ཀྱང༌། །རྩ་རྡོག་དཀར་མཁྲེགས་འབྲིང་བ་ཕོ། །དཀར་ལ་གསོབ་ཅིང་ཞིབ་པ་མ་ནིང༌། གྱོང་ལ་ཁ་ཞིང་རྡོག་ཆེ་བ་མོའོ།།

 

༣༧། ཤིང་མངར།

ཤིང་མངར་གློ་ནད་རྩ་ནད་སེལ་བར་བྱེད། །ཅེས་པར། ལྕགས་ཕྲེང་ལས། ཤིང་མངར་སྙོམས་ཏེ་ཞུ་རྗེས་བསིལ་བ་ཡིན། །ཞེས་དང༌། བདུད་རྩི་ཐིགས་པར། ཤིང་མངར་སྙོམས་ཤིང་ལུད་པ་གློ་ནད་དང༌། །གྲེ་བར་ཐོར་བྱུང་སྐོམ་དད་སེལ་བར་བྱེད། །ཅེས་དང༌། རང་བྱུང་པས། ཤིང་མངར་གློ་ཚད་ཀུན་ལ་ཕན། །ཞེས་སོ། མིང་ནི། མདྷུ་ཡ>པཎྜི། བྷི་མ་མཱུ་ལ། རྒྱ་ནག་ཏུ། ཐིམ་ཟི། ཐིལ་ཡི། ཝང་ཙིའུ། ཤུ་ཤུ་ཙུས་ཟེར། ཕྲོམ་དུ། ཀླི་ཅི་དོན། ཟེར། བོད་ཀྱི་གབ་ཏུ། རི་ཙི། རྩབ་ཤིང༌། རྩབ་མོ། ལྕེ་མཁྲིས། རྩར་རྒྱུག གློ་གཉེན། གསེར་བཟང་ལྕུག་མ་རྣམས་ཟེར། འཁྲུངས་དཔེར། ཤིང་མངར་ལོ་མ་སྔོ་ལ་ཆུང༌། །རྩ་བ་སེར་ལ་རོ་ནི་མངར། །རང་གི་ནུས་པས་གློ་ནད་སེལ། །ཞེས་པ་ཙམ་བཤད་ཀྱང་སྐྱེ་སའི་ཡུལ་དབང་སོགས་ལས་ལོ་མ་ཀཎྜ་ཀ་རིའི་ལོ་མ་འདྲ་བ་ཡང་འབྱུང་ལ། གང་ལྟར་ཡང་འདི་ལ་རིགས་གསུམ། ལྡུམ་རར་སྐྱེ་བ་ཕོ། ཆུ་འགྲམ་བྱང་ཐང་ལས་སྐྱེ་བ་མོ། །ནགས་ཤོད་ཀྱི་ཀླུང་འགྲམ་སོགས་སུ་སྐྱེ་བ་མ་ནིང་སྟེ་རིམ་པས་དམན་པ་ཡིན། ཕྱི་མ་འདི་ལ་ཝང་མོ་ཡང་ཟེར།།

 

༣༨། དུར་བྱིད།

དུར་བྱིད་ཐར་ནུས་ཚ་གྲང་ནད་ཀུན་སྦྱོང༌། །ཞེས་པའི། དུར་བྱིད་ལ། ལྕགས་ཕྲེང་ལས། དུར་བྱིད་རྣོ་ལ་དྲོ་བ་ལགས། །ཞེས་དང༌། ལྗོན་ཤིང་ལས། ཏྲི་བྱི་ཏ་ནི་རྣོ་རྩུབ་དྲོ། །ལྕི་ལ་གནས་གསུམ་ཁྱད་པར་འདྲེན། །དྲེན་ནི་བད་ཀན་སྐྱུགས་པར་བྱེད། །དང༌། རང་བྱུང་པས། དུར་བྱིད་ནད་རྣམས་སྦྱོང་བ་སྟེ། །ཞེས་སོ། །མིང་ཤྱམ། དནྟི། མ་དུ་ཀ ཏྲི་བྱི་ཏ། ཏྲི་བྱི་རྟ། ནི་ཀུམ་བ། ཧྲི་པ། དྲི་ཉ་རེ་རྣམས་ཟེར། རིགས་གསུམ་སྟེ། ཤ་མ་དུར་བྱིད་དང༌། ཏྲི་བྱི་ཏ་དང༌། ཀུ་ཏ་ར་ན་འོ། །ཤ་མ་དུར་བྱིད་ནི། རྐང་དང་རྩ་བའི་ཤུན་པ་དམར་པོ་ཅན་རབ་ཡིན། ཏྲི་བྱི་ཏ་ནི་རྩ་བ་དཀར་པོ་སྟེ་ཚི་ཆེ་བ་བཟང༌། །ཆུང་བ་ངན་ཏེ་གང་ཡང་འབྲིང༌། །ཀུ་ཏ་ར་ན་ནི་རྩ་བ་ཆེ་ལ་གྱོང་སྟེ་ཚི་ཆུང་བས་ངན་པའོ། །འཁྲུངས་དཔེར། དུར་བྱིད་ཐར་ནུ་འདྲ་བ་སྟེ། །རྩ་བ་ཕྲ་ལ་ནུས་པ་ཆེ། །རང་གི་ནུས་པས་འདྲེན་དང་བཤལ། །ཞེས་སོ། །གང་ཡང་ཐང་བདེ་སར་སྐྱེ་བ་དང་རྩ་བ་རྐང་གཅིག་ཁོ་ན་འབྱུང་ཞིང་ཞོ་མང་བ་མ་གཏོགས་ཐར་ནུ་ཇི་བཞིན་ནོ།།

 

༣༩། ཐར་ནུ།

ཐར་ནུ་ལ་རིགས་ཆེ་ཆུང་གཉིས་འབྱུང་བའི་ཆེ་བ་ནི། དཔག་བསམ་ལྗོན་ཤིང་ལས། ཐར་ནུ་རྩུབ་ཅིང་དྲོ་བ་ཡིན། །ཁྱད་པར་འདྲེན་ལ་ཞུ་རྗེས་ལྕི། །འདི་ཡི་རྩ་བས་ལྷོག་པ་ཐུབ། །ཅེས་དང༌། རང་བྱུང་པས། ཐར་ནུས་གཉན་རྣམས་སྦྱོང་བ་ཡིན། །ཞེས་གསུངས། མིང༌། དྲ་བིནྟ། ཀུམྦྷ། ཏ་ཉེ་རོ། ཀ་མོ་ཉ། བྱི་ཏི་པྲ་ཏྲ། ཧི་རྦཾ། སྭ་སྟི། ད་དི་སིབ། འོ་མ་འཛིན། ནུ་ཞོ་འཛག བཙུན་མོ། གསེར་སྦྲུལ་འོ་མ། འོ་མ་སྙིང་ཁྲག ཁྲོན་ཆེན་པ། སྙིང་ཁྲག་ཅན། རེག་འཇོམས། གབ་པ་ཕྲུམ། དངུལ་ཟིལ་ཅན། ནད་འཇོམས། དངུལ་གྱི་ཕྲོམ་ཕྲོམ། སའི་ཞོ་ཆེན། གླང་ཆེན་ཁྲི་འཕང༌། རེ་འབྱམས་ནག་པོ། སྙིང་ཁྲག་ཁོལ་མ། །ལུང་གི་དུར་བྱིད་རྣམས་ཟེར། རྒྱ་ནག་པས། སིག་མོ་ཉ། མི་ཉག་པས་ཀ་མོ་ཉ་ཟེར། འཁྲུངས་དཔེར། ཐར་ནུ་ཉིན་སྲིབ་གཉིས་ཀར་སྐྱེ། །རྩ་བ་སྡོང་པོ་མཐུག་ལ་ལྕི། །འོ་མའི་རྒྱ་མཚོ་སྐྱེད་པར་བྱེད། །རྐང་དང་མེ་ཏོག་འབྲས་བུ་དམར། །རོ་ནི་ཚ་ལ་བཤལ་བའི་མཆོག །ནུས་པས་རྔོ་དང་ཐོར་པ་འཇོམས། །ཞེས་པ་ལྟར་ཕུང་པོ་ཆེ་ལ་སྡོང་བུ་དམར་པོ་རིང་ལ་མདའ་ཚད་ལྷག་ཙམ་པ་ལོ་མས་བརྒྱན་པ་རྩེ་མོར་མེ་ཏོག་ལོ་མའི་མདོག་ཅན་འབྲས་བུ་ཁོང་སྟོང་སུམ་ཚོམ་དུ་སྐྱེས་པ་རྩ་ལོ་སྡོང་པོ་གང་བཅད་འོ་མ་འཛག་པའོ།།

 

༤༠། ཁྲོན་བུ།

ཆུང་བ་ནི་ཁྲོན་བུ་སྟེ། རང་བྱུང་པས། ཁྲོན་བུས་སྦྱོང་བྱེད་གྲོགས་ཀྱི་མཆོག།  ཅེས་པར་མིང༌། ཁྲོན་ཆུང༌། ཐར་ཆུང༌། འདྲེན་བྱེད་རྒྱལ་པོ། རྒྱུག་བྱེད་ཆུ་བོ་ཟེར། ཆུང་བ་འདི་ཡུལ་མ་ངེས་སྟོད་སྨད་གར་ཡང་སྐྱེ། མཐོ་དམན་ལ་དཔགས་པའི་བོང་སོར་བཞི་ཙམ་ནས་མཐོ་གང་དྲག་ཙམ་པར་ཅི་རིགས་སྐྱེ། ཆེ་ཆུང་མ་གཏོགས་ཐར་ནུ་རང་དང་སྐྱེ་ཚུལ་འདྲ། །འདི་ནུས་པ་འཇམ་པ་ཡིན་ཏེ། ལྗོན་ཤིང་ལས། ཁྲོན་བུས་འཇམ་པོར་བྱེད་པ་ཡིན། །ཞེས་སོ། །འདི་གཉིས་ཀ་མཐོང་བ་གསུམ་ལྡན་ཞེས། ཕུའི་གངས་དཀར། བར་གྱི་བྱང་བལྟའི་ཆུ་བོ་དྲག་འབབ། མདའི་གཙང་ཆེན་རྣམས་མཐོང་ས་ནས་བརྐོ་ལ་དུག་འདུལ་དགོས་སོ། །ཁྲོན་ཆུང་འདི་ཁྱད་པར་མཁྲིས་ནད་སྦྱོང་བ་ལ་མཆོག་གོ།

 

༤༡། སྔོན་བུ།

སྔོན་བུས་ཆུ་སེར་ནད་རྣམས་འཇམ་པོར་སྦྱོང༌། །ཞེས་པར། ལྗོན་ཤིང་ལས། སྔོན་བུ་དྲོ་ཡང་འཇམ་པར་འཁྲུ། །ཞེས་དང༌། རང་བྱུང་པས། སྔོན་བུས་ནད་རྣམས་ཐུར་ལ་འདྲེན། །ཞེས་སོ། མིང༌། ལིངསྤྲ། བི་ཤ་ལ། གཡུ་ཤིང༌། སྔོ་ཨ་ཙ་ར། གབ་ཏུ། ཤོག་ཤིང་པ། གྱིབ་ཤིང་ཟེར། འཁྲུངས་དཔེར། སྔོན་བུ་སྤང་གི་ལ་ཕུག་འདྲ།།  ལོ་མ་ཞིབ་མོ་ས་ལ་འབྱར། །སྔོ་སྐྱ་སྤུ་ཆུང་ལྡན་པ་ལ། །མེ་ཏོག་སྔོན་པོ་འདབ་བཞི་མཛེས། །རྩ་བ་ཁུར་མའི་རྩ་བ་འདྲ། །བཅད་ན་འོ་མ་འབབ་པ་ཡིན། །རང་གི་ནུས་པས་ཆུ་སེར་ནད། །འཇམ་པོར་འཁྲུ་བར་བྱེད་པ་ཡིན། །ཞེས་པས་གསལ། བཻ་སྔོན་དུ། མིང་བརྡབ་པ་དང་མངོན་རྟོགས་ཡར་མར་བརྗེ་བའི་ཁྲོན་བུ་སྔོན་བུ་གོ་བརྗེ་བར་མཛད་འདུག་པའི་དགོངས་པ་གང་ཡིན་ཚོད་མ་ཐིག་གོ།

 

༤༢། ལྕུམ་རྩ།

ལྕུམ་རྩས་དུག་ཚད་སྣོད་ཚད་བད་ཀན་སྦྱོང༌། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། ལྕུམ་གྱིས་བད་ཀན་འཁྲུ་བ་གཅོད། །རྩ་བས་རྒྱ་ནད་སེལ་ཞིང་འཁྲུ། །ལྕུམ་དཀར་མཁྲིས་ཚད་སེལ་བར་བྱེད། །ཆུ་ལྕུམ་རྨ་ཡི་ཆུ་ཤོར་སྐེམ། །ཞེས་དང༌། རང་བྱུང་པས། ཆུ་རྩ་ལྕུམ་རྩ་ཆུ་སྤུན་དང༌། །ལ་ལྕུམ་པ་ཡི་ལོ་མ་རྐང༌། །དྲོད་ལྡན་བད་ཀན་གྲང་བ་སེལ། །རྩ་བ་བསིལ་སྙོམས་ནད་ཀུན་འཁྲུ། །ཞེས་གསུངས། མིང༌། པདྨ་རྩ་རིང༌། ཞིབ་ཤིང༌། དོམ་ནག་ཁ་ཆུ། སེར་པོ་འོད་ལྡན། རྩ་བ་ཤིང༌། ས་འོག་རྒྱལ་པོ་གསེར་མདོག་རྣམས་ཟེར། འཁྲུངས་དཔེར། ལྕུམ་ནི་རྫ་བྲག་དག་ལས་སྐྱེ། །ཆེ་འབྲིང་ཆུང་གསུམ་ཡོད་པ་ཡིན། །ལོ་མས་ས་གཞི་མནན་པ་འདྲ། །སྡོང་པོ་ཁོག་སྟོང་དམར་སྨུག་རིང༌། །མེ་ཏོག་དམར་པོ་སྤུངས་པར་སྐྱེ། །འབྲས་བུ་ཟུར་གསུམ་རབ་ཏུ་མང༌། །རོ་ནི་སྐྱུར་རྩུབ་བད་ཀན་སེལ། །ལོ་རྐང་ནུས་པས་བད་ཀན་སེལ། །རྩ་བའི་ནུས་པས་སྨད་ནད་སེལ། །སྤྱི་ཡི་ནུས་པས་འཁྲུ་བར་བྱེད། །ཅེས་ལྟར་སྡོང་པོ་སྦོམ་རིང་ཚིགས་དང་བཅས་པ་ལ་ལྕུམ་ཆེན་པ་སྟེ་ལྕུམ་ནག་ཀྱང་ཟེར། སྡོང་པོ་མེད་པ་ངར་པ་ཆུང་བ་ལ་ལྕུམ་དཀར། ལ་ལྕུམ་ཟེར། རྒྱ་ཤོད་སོགས་སུ་སྐྱེ་བ་སྡོང་པོ་སྙ་ལོ་འདྲ་ལ་མང་བ་ལོ་མ་ཐང་ཤོ་འདྲ་བ་ངར་བ་མེད་པ་འབྲས་བུ་སྔ་མ་འདྲ་ཡང་གོས་སོགས་ལ་འབྱར་བ་ལ་ཆུ་སྤུན་པ་དང༌། ཆུ་ལྕུམ། ཤོ་འབངས་པ། ཤོ་ཁྲི་ནག་པོ། རེག་འབྱར་རྣམས་ཟེར། རྩ་བ་སེར་པོ་ཀུན་ཀྱང་འདྲའོ།།

 

༤༣། ཆུ་རྩ།

ཆུ་རྩས་གཉན་སྦྱོང་རྨ་ཡི་སྐམ་རྩི་བྱེད། །ཅེས་པ། ལྗོན་ཤིང་ལས། ཆུ་རྩ་འཇམ་རྣོ་ཞུ་རྗེས་སྙོམས། །ཞེས་པར། སྤྱི་མིང༌། ཆུ་རྩ། ཆུ་ཆུང་བ། ལ་ཆུ། གསེར་སྡོང༌། དཔལ་ཆེན་པ། ལ་རྒོད། ཆུ་བ། བྱ་སླག་ཅན། རྒྱལ་པོ་བེར་སེར་ཅན། རྩ་བ་ལ་ཆུ་རྩ། སྡོང་པོ་ལ་ཆུ། འདབ་མ་ཆུ་ལོ། རྐང་ལ་ཆུ་རྐང༌། ཟེར། འཁྲུངས་དཔེར། ཆུ་རྩ་ལོ་མ་སྒོར་ཆེན་རྩུབ། །ས་གཞི་མནན་ལ་རྐང་པ་དམར། །སྡོང་པོ་ལོ་མ་མེ་ཏོག་སོགས། །ཆེ་ཆུང་མ་གཏོགས་ལྕུམ་བཞིན་སྐྱེ། །ཞེས་རྩ་བ་ལྕུམ་རྩ་འདྲ་བ་ལས་གཉེར་མ་ཅན་ཏེ་འདི་ཡང་ལྕུམ་རིགས་འབྲིང་བའམ་ལྕུམ་དམར་དུ་བྱེད་པའང་ཡོད་དོ།།

 

༤༤། ཆུ་མ་རྩི།

ཆུ་མ་རྩི་ཡིས་ཆུ་སེར་དམུ་ཆུ་སྦྱོང༌། །ཞེས་པར། རང་བྱུང་པས། ཆུ་མ་རྩི་ཡིས་སྐོམ་པ་སེལ། །གསུངས། མིང༌།  ཆུ་མ་རྩི། རྩ་བ་ཆུང༌། རྩི་སྟག་མོ། བཅུད་ཕུད། མཁའ་འགྲོ་ལ་ཕུག །སྐྱུ་རུ་མུ་རུ་ཟེར། འཁྲུངས་དཔེར། ཆུ་མ་རྩི་ཞེས་བྱ་བ་ནི།། སྐྱེ་གནས་འདམ་དང་ཞིང་གསེབ་སྐྱེ། །ལོ་མ་སྔོན་པོ་རལ་གྲི་འདྲ། །སྡོང་པོ་རྩ་རིས་དམར་པོ་ཡོད། །སྙེ་མ་ཟོར་བ་དག་དང་འདྲ། །ནུས་པས་ཆུ་སེར་དམུ་ཆུ་སྦྱོང༌། །ཞེས་དང༌། ཟུར་སྨན་པས། ཆུ་མ་རྩི་ཅེས་བྱ་བ་ནི། །ལྕུམ་རིགས་གསུམ་གྱི་ཆུང་བར་གཏོགས། །སྟོད་སྨད་སྐྱེ་གནས་རྒོད་གཡུང་མང༌། །འོན་ཀྱང་སྐྱེ་སྟབས་གཅིག་ལས་མེད། །སྡོང་པོ་ཕྲ་ལ་རོ་ཡང་སྐྱུར། །མེ་ཏོག་བྱ་དཀར་གདང་ཞུགས་འདྲ། རྩ་བ་ཟངས་ཁབ་གཤིབས་པ་འདྲ། །འདི་ཉིད་ཁོང་དུ་ཡོད་པའི་ཚེ། །བཤལ་སྨན་གང་ཡང་མི་སྐྱུགས་འཛིན། །ནུས་པས་ཆུ་རིགས་ཐམས་ཅད་སྦྱོང༌། །ཞེས་སོ། །ཁ་ཅིག་ལྕུམ་ཆུང་བ་ཞེས་དཀར་པོར་ཡང་བཞེད།།

 

༤༥། རེ་ལྕག་པ།

རེ་ལྕག་པ་ཡིས་འབྲས་འདུལ་གཉན་ནད་སྦྱོང༌། །ཞེས་པར། ལྗོན་ཤིང་ལས། བོང་དུག་སྐྲངས་རིགས་ཐམས་ཅད་ལ། །བསྐུས་པས་སེལ་ཞིང་འཇིབ་པར་བྱེད།།  རྒྱ་རྡོ་བས་ལྡག་ནད་ཀུན་སེལ། །ཁྱད་པར་ཁོང་བཏང་གཉན་རིགས་འཇོམས། །ཞེས་དང༌། རང་བྱུང་པས། རེ་ལྕག་གཉན་སྦྱོང་རུལ་པ་གཅོད། །ཅེས་གསུངས། མིང༌། བྷི་བྱི་ལ། གཏུམ་པོ། ཤོག་ལྡུམ་པ། ཤོག་ཤིང་པ། ཡན་ལག་ཁྲག་གཅོད། ར་དུག་རེ་ལྕག བོང་དུག་ནག་པོ། གནམ་གྱི་རལ་ཆེན། དུ་དུ་ཤག དར་ཐོད་ཅན། རྒྱལ་པོ་ལ་ཐོད་ཅན། བདུད་རྩི་བ་ལ་ཅན་ཟེར་རོ། །འདི་ལ་རིགས་གསུམ་བྱེད་ཀྱང་མེ་ཏོག་དཀར་དམར་ནག་གསུམ་གྱི་དབྱེ་བ་ལས་གཞན་མེད། རྩ་བས་ཤོག་བུ་བྱེད་པ་ཡིན། །ས་ནག་འབོལ་སར་སྐྱེ་བའི་རྩ་བ་རྐང་གཅིག་དཀར་ལ་ཕྲ་ཞིང་བཞུན་པ་རྣོ་ལ་འཇམ། དེ་ལས་ལྡོག་པ་དང་མེ་ཏོག་ནག་པོ་ཅན་རྩུབ། ཡོངས་ལ་གྲགས་པས་གོ་སླའོ།།

 

༤༦། སྤྱང་ཚེར།

སྤྱང་ཚེར་བད་ཀན་ནད་རྣམས་གྱེན་དུ་འདྲེན། །ཞེས་པར། རང་བྱུང་ཞབས་ཀྱི་ས། སྤྱང་ཚེར་དཀར་དང་ནག་པོ་ཡིས། །གྱེན་འདྲེན་འབྲས་དང་སྐྲངས་རྣམས་འདུལ། །ཞེས་པ་འདི་ལ་དཀར་ནག་གཉིས། དཀར་པོ་ལ་མིང༌། བྱ་ཏྲ་པད་ཟེར། འཁྲུངས་དཔེར། བྱ་ཏྲ་པད་ཅེས་བྱ་བ་ནི། །རི་ཐང་མ་ངེས་གྲམ་ལའང་སྐྱེ། །སྡོང་པོ་ཁོང་སྟོང་དཀར་ཟླུམ་གྲང༌། །ལོ་མ་ཚེར་མའི་བ་སོ་ཅན། །མེ་ཏོག་དཀར་པོ་ཚེར་མའི་གོས། །ཕུང་པོ་ཟྭ་ཙམ་ཡོང་བ་ཡིན། །རྩ་བ་ར་རོག་སུག་པ་འདྲ། །སྐྱུགས་སྨན་ཀུན་གྱི་ཡ་བ་ཡིན། །ཞེས་པ་བཞིན་སྡོང་བུ་ཁོང་སྟོང་ཚིགས་པར་ལོ་མ་མེ་ཏོག་གི་གདེངས་ཀ་ཡོད་པ། ལོ་མ་ཉ་ག་ཅན་ཚེར་མའི་ཁ་སོ་རྣོ་ལ་རྩུབ་པ། རྩེ་མོ་ཚེར་མ་རྦོད་ཀར་བཅད་པ་ནས་མེ་ཏོག་དོན་པའོ། །བྱ་ཏྲ་པད་ལུགས་གཅིག་ལ་ཐར་ཆུང་རིར་སྐྱེས་སར་འབྱར་བོང་སོར་དོ་ལས་མི་རིང་བ་ལ་བྱེད་དོ། །ནག་པོ་ལ་རྒོད་གཡུང་གཉིས། མིང༌། སྤྱང་ཤོ་མ། རྟ་ཚེར། སྤྱང་ཀི་ཟ་ཚོད། རྒྱ་གར་དུ། ཀུ་ས་ཧ་ར། རྒྱ་ནག་ཏུ། བྱ་ཏྲ་པ། ཕྲོམ་དུ་ཀུ་ར་མ་ཟེར། རིགས་གཡུང་བ་ཕྱུགས་ལྷས་རྙིང་པ་སོགས་ལས་སྐྱེ་བ་ལོ་མ་ཉ་ག་ཅན་ཏེ། མངོན་རྟོགས་སུ། སྤྱང་ཚེར་ནག་པོ་གཡུང་བ་ནི། །ས་ནག་ཞིང་རྒོད་དག་ལས་སྐྱེ། །ལོ་མ་ཉ་ག་ཚེར་མ་ཅན། །ས་གཞི་མནན་དབུས་མེ་ཏོག་ནི། །དམར་པོ་ཚེར་མའི་ཁ་རྦོད་ཅན། །རྒས་ནས་བྱིའུ་ཕྲུག་ནམ་མཁའ་གང༌། །དྲག་རླུང་ནམ་བྱུང་ཕྱོགས་བཅུར་འཕུར། །འབྲས་བུ་ལེབ་འཇོང་ཁམ་ལ་གཤིབས། །ཞེས་པ་དང༌། རྒོད་པ་ནི། རྒྱ་ཤོད་དང་ཞིང་རྒོད་སོགས་ལས་སྐྱེ་བ་སྡོང་པོ་མདའ་སྨྱུག་ཙམ་པའི་རྩེར་མེ་ཏོག་སྐྱེ་བ་སྟེ། སྤྱང་ཚེར་ནག་པོ་རྒོད་པ་ནི། །ལོ་མ་གཡུང་བ་འདྲ་བ་ལ། །སྡོང་པོ་ཆིག་སྐྱེས་མདའ་སྨྱུག་ཙམ། །ཚེར་མ་སྒྲོ་ལྟར་སྐྱེས་པའི་རྩེར། །མེ་ཏོག་རྟ་ཡི་དོམ་དོམ་འདྲ། །འབྲས་བུ་ལ་སོགས་སྔ་མ་ལྟར།།  གཉིས་ཀའི་རྩ་བ་རྐང་གཅིག་པ། །མཐོ་གང་ཙམ་ནས་ཇེ་ཕྲར་རྫོགས། །གཉིས་ཀའི་ལོ་མས་སྐྲངས་རིགས་འཇོམས། །རྩ་བ་དཔྱིད་བརྐོས་ནད་ཀུན་སྐྱུགས། །ཞེས་པས་གསལ་ལོ།།

 

༤༧། རི་ཤོ།

རི་ཤོས་མཁྲིས་གྱུར་ནད་ཀུན་གྱེན་ལ་འདྲེན། །ཞེས་པར་མིང༌། དཀར་པོ་ཡར་འདྲེན། ཡི་ལི་ཡ་ལ། ཡ་ལ་ལ། ཉ་དུག་དཀར་མོ། །བོང་རྣ་བ། སྒེའུ་སྒ་དར། དགེ་འདུན་སྐྱེས། གྱེན་དུ་འདྲེན་བྱེད་ཟེར། འདི་ལ་རིགས་གཉིས། སྐྱེ་སའི་ཚད་ལས་འདྲ་བ་ལ། ལ་ཁར་སྐྱེ་བ་རི་ཤོ་ན་འདམ་ལས་སྐྱེས་པར་ན་ཤོ་ཟེར། འཁྲུངས་དཔེར། སྒེའུ་སྒ་དར་ཞེས་བྱ་བ། ལོ་མ་ཆེ་ལ་སྡོང་པོ་སྤུན། །མེ་ཏོག་སེར་པོས་བར་སྣང་ཁེངས།།  འབྲས་བུ་པདྨའི་ས་བོན་འདྲ། །རོ་ནི་མངར་ལ་ཁ་བ་ཡིན། །རང་གི་ནུས་པས་བད་མཁྲིས་སྐྱུགས། ཞུ་རྗེས་བསིལ་དུ་འཇུ་བ་ཡིན། །རྨ་འདྲུབ་རིམས་རྙིང་འབྱང་དཀའ་སེལ། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། བོང་རྣ་བ་ཡིས་དུག་སོགས་ནད།།  ཆུ་སེར་སྐེམ་པར་བྱེད་པ་ཡིན། །རྩ་བས་གྱེན་འདྲེན་རླུང་ནད་སེལ། །ཞེས་པ་འདི་ལ་ཆེ་ཆུང་གི་རིགས་གཉིས་ཕྱེ་བར་སྣང་ཡང་སྐྱེ་ཚུལ་ཡོན་ཏན་ལ་དབྱེ་བ་ཆེར་མེད་པས་སོ་སོར་མ་བཀྲལ་ལོ།།

 

༤༨། ཤོ་མང༌། ཀླུང་ཤོ།

ཤོ་མང་རྨ་ཡི་ཚད་པ་སེལ་བར་བྱེད། །ཅེས་པར། དཔག་བསམ་ལྗོན་ཤིང་ལས། ཤོ་མང་ཆིག་སྐྱེས་གག་པ་ཐུབ། །དང༌། རང་བྱུང་པས། ཤོ་མང་སྐྲངས་དང་སྲིན་ལ་ཕན། །ཞེས་པར། མིང༌། ཤོ་ལོ་ཤེལ་མ། ཤ་སྣ། མཆུ་བ་འོམ་བུ་ཟེར། ཤོ་མང་འདི་ལ་གོང་གི་རི་ཤོ་གཉིས་དང༌། འདིར་ཀླུང་ཤོ གཞན་ཆུ་ཤ ལུག་ཤོ རྒྱ་ཤོ སྒ་ཤོ་རིགས་གསུམ་སྟེ་ཤོ་མང་རིགས་དགུ་འབྱུང་ལ།

ཀླུང་ཤོ་ནི། འཁྲུངས་དཔེར། ཤོ་མང་ན་དང་ས་འདམ་སྐྱེ། །སྡོང་པོ་དམར་ལ་ཆེ་བ་ཡིན། །ལོ་མ་སྔོ་ལྗང་ལེབ་ལ་སྣུམ། །མེ་ཏོག་དམར་པོ་རྩུབ་ཅིང་སྤུངས།། འབྲས་བུ་གཟེ་མ་ར་མགོ་འདྲ། །རོ་ནི་མངར་ཁ་རྨ་ཡི་ནད། །ཐམས་ཅད་སེལ་བར་ཐེ་ཚོམ་མེད། །ཅེས་ལྟར་སྡོང་པོ་དམར་གསོབ་ཆེ་ལ་ཚིགས་པ་ཅན་ལོ་མ་ལྗང་སྣུམ་ཆེ་ཞིང་མེ་ཏོག་དམར་སེར་རིགས་གཉིས་རྩུབ་པ། འབྲས་བུ་གཟེ་མ་ར་མགོ་འདྲ་བ་དེའོ།།

 

༤༩། ཆུ་ཤོ ལུག་ཤོ རྒྱ་ཤོ།

ཆུ་ཤོ་ནི། འཁྲུངས་དཔེར། ག་བྲ་མ་ཞེས་བྱ་བ་ནི། །བོད་ཡུལ་ཆུ་ཀླུང་ཡུར་བར་སྐྱེ། །དེ་མིང་ཆུ་ཤོ་བ་ཡང་ཟེར། །སྐྱེ་ལུགས་ཤོ་མང་གཞན་དང་འདྲ། །རོ་ནི་ཅུང་ཟད་སྐྱུར་བ་ཡིན། །ཞེས་པ་ལ་རིགས་ཆེ་ཆུང་གཉིས། །ཆེ་བ་སྡོང་པོ་དམར་སྨུག་ཁོག་སྟོང་རིང་བར་མེ་ཏོག་སེར་པོ་སྤུངས་པ་ལྟར་སྐྱེ་བ་ལོ་མ་སྒོར་ཆེན་ཆུ་ལོ་འདྲ་ལ་ཆེ་བ། རྐང་ལྕུམ་འདྲ་ལ་དམར་ཞིང་ཕྲ་བ་དང༌། ཆུང་བ་ལོ་མ་ཀླུང་ཤོ་འདྲ་ལ་དེ་བས་ཆུང་ཞིང་སྡོང་པོ་མེད་པའོ།།

ལུག་ཤོ་ནི། འབྲུམ་བཅོས་གཏེར་མཛོད་ལས། ལུག་ཤོས་རྨ་ཡི་ཚད་པ་སེལ།།  འབྲུམ་ནག་ཁོང་ལོག་ཕྱི་ལ་འཕུལ། །གཡའ་སྤང་ཆུ་འགྲམ་འབོལ་སར་སྐྱེ། །ལོ་མ་ལྗང་སྐྱ་མཐུག་པ་ལ། །མདེའུ་ས་ལ་བཙུགས་འདྲ་མང༌། །སྡོང་པོ་ཡོད་པ་ཉུང་ཤས་ཙམ། །ཡོད་ལ་མེ་ཏོག་སེར་པོ་ནི། །འདབ་བཞི་པ་ཏྲ་བཞིན་དུ་བསྐོར། །ཞེས་པས་གསལ་ལོ།།

རྒྱ་ཤོ་ནི། བདུད་རྩི་ཐིགས་ཕྲེང་ལས། རྒྱ་ཤོས་རྨ་གསོ་རུས་པའི་ཚ་བ་འཇོམས།།  ཞེས་པར། འཁྲུངས་དཔེར། རྒྱ་ཤོ་བ་ནི་ལྡུམ་རར་སྐྱེ། །ལོ་མ་ལྗང་དམར་ཆེ་བ་ལ།། ཕུང་པོ་ངར་པ་ཤོ་ཕུང་ཆེ། །རྩ་བ་སེར་པོ་ཆུ་རྩ་འདྲ། །རྨ་དང་དུག་ནད་ཤུ་ཐོར་འཇོམས། །ཞེས་པ་སྔར་བཤད་པའི་ཆུ་སྤུན་པའི་རིགས་སུ་གཏོགས་པ་འདྲ་ལ་དེ་ལས་ཆེ་བ་ཙམ་མོ།།

 

༥༠། སྒ་ཤོ།

སྒ་ཤོ་ནི། རིགས་གསུམ་སྟེ། ཆེ་ཆུང་རིགས་གསུམ་མོ། །ཆེ་བ་ལ། དཔག་བསམ་ལྗོན་ཤིང་ལས། སྒ་ཡི་མེ་ཏོག་རླུང་ལ་ཕན། །ཞེས་དང༌། རང་བྱུང་པས། སྒ་ཤོ་བ་ཡང་བསིལ་བར་གཏོགས། །ཞེས་དང༌། བཤད་རྒྱུད་དུ། སྔོ་སྒའི་ཚ་བས་མཁྲིས་ཚད་མགོ་ནད་སེལ། །ཞེས་པར། འཁྲུངས་དཔེར། མཁྲིས་ནད་འཇོམས་པའི་སྔོ་སྒ་ནི། །ཤ་བ་སྤུ་ཐུང་ཞེས་ཀྱང་བྱ། །སྲིབ་རི་སྤང་དང་གཡའ་ཤག་དང༌། །ཆུ་ཤག་ཤུལ་དུ་སྐྱེ་བ་ཡིན། །ལོ་མ་སྣུམ་ལ་མཐུག་པའི་དབྱིབས། །ཤ་བ་ཡུ་མོའི་རྣ་མཆོག་འདྲ། །སྡོང་པོ་རིང་ལྡེམ་མེ་ཏོག་སེར། །རོ་ནི་ཁ་ལ་ཚ་བ་ཡིན། །རང་གི་ནུས་པས་བད་ཀན་དང༌། །དུག་ནད་གཟེར་རིགས་ཐམས་ཅད་སེལ། །ཞེས་པ་ལོ་སྡོང་བཅག་ན་ཁོང་སྤུ་ཡོད་པའོ།།

སྒ་ཤོ་ཆུང་བ་ནི། དཔག་བསམ་ལྗོན་ཤིང་ལས། སྒ་ཆུང་དུག་དང་ཤ་དུག་སེལ།།  ཞེས་དང༌། འཁྲུངས་དཔེར། ཆུ་འགྲམ་སྐྱེས་པའི་སྒ་ཆུང་བ། །ལོ་མ་སྡོང་བུ་སྔོ་ལ་སྤུན། །མེ་ཏོག་སེར་པོ་གུར་ཀུམ་འདྲ། །རོ་ནི་ཁ་ལ་ཅུང་ཟད་བསྐ། །རང་གི་ནུས་པས་ཤ་དུག་སེལ། །ཞེས་པ་སྒ་ཆུང་གསེར་མགོ་ཡང་ཟེར་བ་ཆུ་འགྲམ་གྲམ་ལས་སྐྱེ་བ་རྐང་གཅིག་སོགས་ལོ་མ་མཐུག་ལ་ཕྲ་མ་མེ་ཏོག་སེར་པོ་དབྱིབས་ཨ་བྱག་མེ་ཏོག་ལྟར་སྐྱེ་བའོ།།

སྒ་ཤོ་རིང་བ་ནི། སེང་གེ་འཇིགས་མེད་བསྟན་བཅོས་ལས། །མོ་ལྡུམ་ཤ་ལ་ཡུ་རིང་ནི། །རྒྱ་ཤོད་ཆུ་ཀླུང་འགྲམ་དུ་སྐྱེ། །ལོ་མ་ཡུ་མོའི་རྣ་མཆོག་འདྲ། །སྡོང་པོ་ཁོང་སྟོང་མདའ་སྨྱུག་འདྲ། །མེ་ཏོག་གསེར་གྱི་པ་ཏྲ་འདྲ། །རྒས་ནས་རྒོད་ཀྱི་བྱ་བུན་འཕུར། །རོ་ནི་ཁ་ཚ་རྩུབ་ལ་མངར། །སྔོ་སྒའི་རིགས་ཀྱི་རིང་བ་ཡི། །རྨ་སྨན་རིགས་ཀྱི་རྣོ་བ་ཡིན། །རྨ་ནི་སྟག་མོ་ཁ་ཡན་ལ། །སྨན་འདི་སེང་གེ་འཇིགས་མེད་ཡིན། །རུས་པ་རྡོ་ཕྱེར་འཐོར་བ་ལ། །གཅིག་ཏུ་སྦྱོར་བའི་ལ་ཆུ་ཡིན། །ཞེས་འབྱུང་བས་སྔོ་སྒ་ཇི་ལྟ་བ་ལས་སྡོང་པོ་དམར་ལ་འདོམ་རེ་གང་ལ་ཁད་པ་མེ་ཏོག་ཤིན་ཏུ་སེར་ལ་མང་བའོ།།

 

༥༡། སྤྲུ་མ།

སྤྲུ་མས་གཉན་ཚད་སྲིན་དང་འབྲས་ནད་དང༌། །མཛེ་ནད་འཇོམས་ཤིང་ཁྲག་ཤོར་གཅོད་པའི་མཆོག །ཅེས་པར། ལྗོན་ཤིང་ལས། སྤྲུ་ལོ་རྩ་བས་ཁྲག་གཅོད་བྱེད། །ཁྲག་ཤོར་རྩ་ཁར་བཏབ་ན་ཆོད། །ཅེས་དང༌། རང་བྱུང་པས། སྤྲུ་དཀར་ཁྲག་གཅོད་སྤྲུ་ནག་གིས། །གདོན་གྲང་འདུལ་ཞིང་སྲིན་ལ་ཕན། །ཞེས་གསུངས། མིང་ནི། ཤུ་ཏ་ཏྱེ་པ། གདུགས་དཀར་ཅན། ཞེས་པ་ལ་རིགས་གསུམ། སྤྲུ་སྐྱ། སྤྲུ་ནག །སྤྲུ་སེར་རོ། །འཁྲུངས་དཔེར། སྤྲུ་མ་དག་ལ་རྣམ་གསུམ་སྟེ། །ཉིན་སྲིབ་རི་ཐང་ངེས་མེད་སྐྱེ། །དཀར་པོ་ལོ་མ་སྔོ་ལ་མཉེན། །སྡོང་པོ་རིང་ལྡེམ་མེ་ཏོག་དཀར།། ནག་པོ་ལོ་མ་ནག་ལ་སྣུམ། །སྤུ་ཞོལ་རྐང་དམར་མེ་ཏོག་དཀར། །རྐང་པ་དམར་ལ་དྲི་ངད་ཆེ། །སེར་པོ་མེ་ཏོག་གསེར་མདོག་འཆར། །ཀུན་གྱི་རྩ་བ་ལྕ་བ་འདྲ། །དེ་ལས་ཆེ་ལ་གསོབ་པ་ཡིན། །དྲི་ཞིམ་དཀར་ལས་ནག་པོ་དང༌། །སེར་པོ་དྲི་མ་རྩུབ་ལ་དམན། །ཞེས་པ་ལྟར་སྡོང་པོ་ཁོང་སྦུབས་ཅན་དབྱིབས་གོ་སྙོད་འདྲ་རུང་རབ་ཏུ་ཆེ་བ་ཚིགས་ཆེན་གཅིག་ནས་ངར་བ་ཕྱོགས་ཕྱོགས་སུ་སྐྱེས་པ། འབྲས་བུ་འུ་སུ་འདྲ་ལས་ལེབ་ཤོག་ཅན་ནོ། །འདི་གསུམ་དང་ཁྱད་པར་ནག་པོ་ལ། །རྒྱ་ནག་ཏུ་ཏོང་ཀུ་ཟེར་ཞིང་སྤོས་བྱེད་པར་འདུག་ལ། ནག་པོ་རྩ་སྟོང་ཆགས་མེད་སྣར་བདུགས་ན་འགོས་ནད་མི་ཡོང་ཟེར་གིན་འདུག་གོ།

 

༥༢། ཏང་ཀུ།

ཏང་ཀུས་སྙིང་གི་ཚད་པ་དུག་ནད་སེལ། །ཞེས་པར། རང་བྱུང་པས། ཏང་ཀུ་དཀར་ནག་དུག་ཚད་སྡུད། །ཅེས་གསུངས། མིང༌། འདྲེ་དུག ལྕ་རྒོད་ཟེར། འཁྲུངས་དཔེར། དྲི་མཆོག་རྒྱལ་པོ་ཏང་ཀུ་ནི། །སྲིབ་རི་ཁ་ཀླུང་གར་ཡང་སྐྱེ། །ཕོ་རིགས་མོ་རིགས་གཉིས་སུ་ཡོད། །ལོ་མ་སྔོ་ནག་མདངས་དང་ལྡན། །སྡོང་པོ་སྦོམ་ལ་མེ་ཏོག་དཀར། །རྩ་བ་སྤྲུ་བ་དཀར་པོ་འདྲ། །མོ་རིགས་དེ་ལས་ལོ་མ་ཕྲ། །མེ་ཏོག་དག་ནི་མེད་པ་ཡིན། །རོ་ནི་ཚ་ལ་དྲི་བསུང་ཞིམ། །རང་གི་ནུས་པས་སྙིང་ཚད་སེལ། །ཞེས་པ་ཕོ་ནག་པོ། མོ་དཀར་པོ་བྱེད་པ་སྟེ་དོན་ལ་སྐྱ་ནག་ཡིན་པར་ཡང་བཤད། སྔོ་འབུམ་ལས། མིང་ནི་ཏང་ཀུ་ཞེས་བྱ་སྟེ། །ལོ་མ་ཕྲ་སིབ་སྨུག་ནག་ལ།། སྡོང་པོ་རང་ལྡེམ་ཡལ་ག་ཆུང༌། །མེ་ཏོག་དབྱིབས་ནི་སྤྲུ་ནག་འདྲ། །རོ་ནི་ཚ་ལ་དྲི་མི་ཞིམ། །རང་གི་ནུས་པས་བད་རླུང་སེལ། །ཞེས་གསུངས།།

 

༥༣། འབམ་པོ།

འབམ་པོས་སྐྲངས་འཇོམས་ཁོང་འབྲས་བཤིག་པར་བྱེད། །ཅེས་པར། །རང་བྱུང་པས། འབམ་པོས་ཡན་ལག་སྐྲངས་རྣམས་འཇོམས། །ཞེས་པར། མིང་ཤ་ལ་ཡུ་རིང་ཡང་ཟེར། ཕོ་མོ་རིགས་གཉིས་ཡོད། འཁྲུངས་དཔེར། འབམ་པོ་སྲིབ་དང་སྤང་ལས་སྐྱེ། །ལོ་མ་སྡོང་པོ་གོ་སྙོད་འདྲ། །དྲི་དུག་རོ་ནི་མནག་པ་ཡིན། །མེ་ཏོག་ཡོད་ཕོ་མེད་པ་མོ། །ཞེས་གསུངས་པས། ལོ་མ་ཉུང་བ་དང་དྲི་ངན་པ་ལས་རྩད་འདྲ་བ་ཡིན། །

 

༥༤། རྒྱ་རྩི།

རྒྱ་རྩིས་རྨ་ཤུ་རྔོ་འཇོམས་འབྲས་སྐྲན་འདུལ། །ཞེས་པ། མངོན་རྟོགས་ལས། རྒྱ་རྩི་བ་ཞེས་བྱ་བ་ནི། །བྲག་དང་གྲམ་པ་ཁྲད་པོར་སྐྱེ། །ལོ་མ་ནག་སྤུངས་འབམ་པོ་འདྲ། །སྡོང་པོ་ཁོང་སྟོང་སྨུག་སྦོམ་ཐུང༌། །མེ་ཏོག་དུག་གི་མེ་ཏོག་འདྲ། །འབྲས་བུ་ལྕགས་ཀྱི་ཐ་རམ་འདྲ། །སྐྱེ་ལུགས་དབྱིབས་ནི་སྤྲུ་བ་འདྲ། །རོ་ནི་ཁ་རྩུབ་དྲི་དུག་ཆེ། ཟོས་ན་འཆི་ལ་ཉེ་ཙམ་བྱེད། །བྱུགས་པས་རྨ་སླད་རྨེན་འབྲས་འདུལ། །རྒྱ་རྔོ་མཛེ་ཤུ་པགས་ནད་ལ། །སླེབས་པས་ཆོག་པའི་ཆིག་རྒྱུག་ཡིན། །ཁ་འདར་མ་ཡི་མར་ལ་སྦྱར། །དྲི་མ་བྲོ་ཙམ་མ་གཏོགས་པའི། །ཧ་ཅང་ཐལ་ན་པགས་པ་འདྲལ།།  ནུས་པ་རྩུབ་པས་མཛེ་རུ་ལྡོག །གྱི་ལིང་རྟ་ལ་རྔོ་བྱུང་ན། །རྒྱ་རྩི་དུག་ལོ་གསེར་གྱིས་ཉོས། །གོང་ལ་མ་ལྟ་རྟ་ལ་གཞིག །ཅེས་གསུངས་སོ། །དུ་རུ་རྡོ་བ་ལྡག་ཀྱང་ཟེར། འགའ་ཞིག་ཏུ་བ་མ་ལུའི་ལོ་མར་བྱེད་པའང་ཡོད།

 

༥༥། ཟྭ་འབྲུམ།

ཟྭ་འབྲུམ་དྲོད་སྐྱེད་རླུང་ལྡན་ཚད་རྙིང་སེལ། །ཞེས་པར། རང་བྱུང་པས། ཟྭ་རྒོད་འབྲས་བུ་དྲོད་ཀྱི་གཙོ། །ཚད་པ་ཀུན་སློང་གྲང་བ་སེལ། །ཞེས་པར། འཁྲུངས་དཔེར། ཟྭ་ནི་རི་ཐང་མཚམས་སུ་སྐྱེ། །སྐྱེ་སྡོང་སེ་བ་སྨྱག་ཤད་འདྲ། །ངར་བ་གྲུ་བཞི་སྨུག་ལ་དྲང༌། །ལོ་མ་ལྗང་ནག་ཚ་རེག་འཛུགས། །ཕོ་བའི་དྲོད་སྐྱེད་རླུང་འཇོམས་ཤིང༌། །ཚད་པ་རྙིང་པ་སེལ་བར་བྱེད། །ལྟོ་སྙི་རླུང་གནོན་སྔོ་ངད་འཇུ།།  བད་མཁྲིས་ཁྲག་ནད་སློང་བར་བྱེད། །ཅེས་པ་ལ་རྒོད་གཡུང་གཉིས་ཡོད་པའི་རྒོད་པ་རི་དང་གཡུང་བ་ཀླུང་དུ་སྐྱེའོ།།

 

༥༦། ཟྭ་ཕྱི་ཨ་ཡ།

ཟྭ་ཕྱི་ཨ་ཡས་དམུ་ཆུ་རྨ་ལ་ཕན། །ཞེས་པར། རང་བྱུང་པས། ཟྭ་ཁྱམ་དམུ་ཆུའི་ནད་ལ་ཕན། །ཞེས་པར་མིང༌། ཨ་ཡ་ཟྭ། ཟྭའི་ཕྱི་མོ། །ཟྭ་ཁྱམ། ཟྭ་འདྲ། འབྲོག་ཟྭ་ཡུ་མོ། །ཕག་དུག་པ་རྣམས་ཟེར། ཟྭ་སྔ་མ་འདྲ་བ་ལ་དེ་ལས་ཅུང་ཟད་སྙོམས་པ་རེག་ན་ཚ་རེག་མེད་པས་འཇམ་པ་དེའོ།།

 

༥༧། ཡུ་གུ་ཤིང༌།

ཡུ་གུ་ཤིང་གིས་རྨ་སྦྱོར་དུག་ཚད་སེལ། །ཞེས་པར། རང་བྱུང་པས། ཕག་ལྡང་ཞེས་བྱས་དུག་ཀུན་འཇོམས། །ཞེས་པར་མིང༌། ཏྲེ་ཏྲེ་ཤིང༌། ཏྲེ་རེ་ཤིང༌། རྐང་གཙོ། རྩ་རྐང་པ། གློས་མ། རྣམ་པར། རྣམ་འབར་བ། རྣམ་རྒྱལ། ལུ་གུ་ཤིང༌། ཡུ་གུ་ཤིང༌། མྱུ་གུ་ཤིང༌། དབྱུག་གུ་ཤིང༌། ཆུ་རྟ་མོ། ཡིབ་ཤིང༌། བྱ་སེབ། དུ་རུ་རྡོ་ལྡག ཆུ་འཐུང་གསང་བའི་སྨན་གཅིག ནམ་མཁའ་སོ་ལེ། ཕག་ལྡང་བ། ཕག་ལྡང་བཅད་འབྱོར། འུག་པ་བཅད་འབྱོར། བཅད་འབྱོར་རྒྱལ་པོ། བཅད་འབྱོར་གྱི་གཙོ་བོ་རྣམས་ཟེར། དཔག་བསམ་ལྗོན་ཤིང་ལས། རྣམ་པར་ལུ་གུ་རང་ལས་སྐྱེ། །མཆིན་མཁྲིས་ཚ་བ་མཐའ་དག་དང༌། །ཁྱད་པར་དུག་གི་ཚད་པ་སེལ། །ཞེས་དང༌། འཁྲུངས་དཔེར། ཕག་ལྡང་བཅད་འབྱོར་ཡུ་གུ་ཤིང༌། །སྟོད་ལས་མི་སྐྱེ་སྨད་ལས་སྐྱེ། །ཁ་སྨད་གྲོགས་སུལ་དག་ལས་སྐྱེ། །རྩ་བ་ཤིང་གི་ཨོལ་ཏོག་ལ། །སྡོང་པོ་ལྕུག་ཕྲན་སྤྲ་བས་དྲིལ། །ལོ་མ་ཁམ་བུའི་ལོ་མ་འདྲ། །རྒྱབ་ལ་སྤྲ་བའི་གོས་ཀྱིས་གཡོགས། །མེ་ཏོག་དམར་སེར་རྒོད་ཕུར་མགོ །རྣམ་པར་རྒྱལ་བ་དྲི་བཟང་ལྡན།། རྨ་དུག་གཉིས་ཀྱི་བདུད་རྩི་ཡིན། །ཞེས་བཞིན་སྐྱེ་བ་དཀར་པོ་དང༌། དེ་ལ་མེ་ཏོག་སྔོན་པོ་ལུག་མིག་པ་འདྲ་བ་འཆར་བ་ནག་པོ་སྟེ་རིགས་གཉིས་བྱེད། འདི་བཅད་འབྱོར་པ་ཡིན་རུང༌། བཅད་འབྱོར་མང་བས་སྐབས་ཕྱེད་དགོས་ཏེ་བཅད་འབྱོར་ཁྱད་ཆོས་ཀྱི་ཆེ་མིང་ཡིན། གསང་བ་སྒོ་འབྱེད་ལས། ཕག་ལྡང་བཅད་འབྱོར་མྱུ་གུ་ཤིང༌། །འུག་པ་བཅད་འབྱོར་སྟག་ཤ་བ། །གླ་བ་བཅད་འབྱོར་རྒུ་དྲུས་པ། །ཕྱི་བ་བཅད་འབྱོར་བྲག་ལྕམ་པ། །སྤྲེའུ་བཅད་འབྱོར་བོང་དཀར་བ། །སྦྲུལ་ནག་བཅད་འབྱོར་སྲད་སྲད་མ་སེར་ཆེན་རི་ལས་སྐྱེ་བ།སེར་བ། །ཐང་དཀར་བཅད་འབྱོར་ཡུ་མོ་ཟ་སྔོན་མོ་དུལ་དུལ།ཤ་བ་བཅད་འབྱོར་སྲོལ་གོང་པ། །ལྕོ་ག་བཅད་འབྱོར་འབུ་སུ་ཧང༌། ། གོང་མོ་བཅད་འབྱོར་གང་གཱ་ཆུང༌། །གོང་མོ་བཅད་འབྱོར་གབ་སྐྱེས་པ། །ཉ་མོ་བཅད་འབྱོར་ཆུ་ལོ་བ། །བྱ་རོག་བཅད་འབྱོར་ཆུ་ཚན་པ། །མི་རྒོད་བཅད་འབྱོར་ལྕགས་གཅོད་པ། །བྱ་ཝང་བཅད་འབྱོར་མ་ཏང་འཆིན་བུ་པ།། སྤྱང་ཐོང་བཅད་འབྱོར་རྩ་ཨ་ཝ། །ངང་པ་བཅད་འབྱོར་ཁུར་མོང་པ། །དོམ་ནག་བཅད་འབྱོར་ལྡུམ་ནག་པ། །སྟག་མོ་བཅད་འབྱོར་གུར་ཏིག་པ། །ཐང་སྨུག་བཅད་འབྱོར་གཟིག་མཇུག་པ། །བཅད་འབྱོར་ཉི་ཤུ་ཚོགས་པ་ན། །རྨས་མ་ཐག་ཏུ་སྨན་བཏབ་པས། ། དེ་མ་ཐག་ཏུ་འཚོ་བས་ན། །ལྷ་མིན་དམག་ལ་ཉམ་མི་ང༌། །ལུས་གནས་སྣ་རེ་རྨས་པ་ན། །ནུས་མཐུན་སྣ་རེ་གཙོར་སྦྱར་བས། །སྨན་སྦྱོར་ཉི་ཤུའི་གཙོ་བོ་ཡིན། །ཞེས་པས་སོ། །འདི་དག་ནི་སེམས་ཅན་དེ་དག་རྨས་མ་ཐག་འཚོ་བ་མཐོང་ནས་དྲང་སྲོང་རྣམས་ཐབས་ལ་མཁས་པས་སྨན་དེ་དག་ངོས་ཟིན་པར་བྱ་བའི་ཕྱིར། །བྱ་རྣམས་ཀྱི་སྒོ་ང་ལ་སྣག་ཚ་དང་གཞན་གྱི་ཕྲུ་གུ་ལ་ཁྲག་གིས་རི་མོ་བྱས་ནས་རྨས་ཆག་གི་ཉམས་བཏོད་ནས་བཞག་པས། སེམས་ཅན་དེ་དག་གི་ཕ་མས་རྨས་པར་སྙམ་ནས། སྔོ་དེ་དག་ཁྱེར་ནས་རྨས་པ་འདྲ་བའི་རི་མོ་ལ་གླན་ཡོད་པས་ངོས་ཟིན། །སླར་སྔོ་དེ་བླངས་ནས་རི་མོ་བཞིན་བཅག་པ་དང༌། བཅད་ནས་བཞག་ཀྱང་ཡང་སྔོན་བཞིན་མ་ནོར་བར་སྔོ་དེས་བཀབ་ནས་ཆག་པ་འབྱོར། བཅད་པ་སོས་ཡོད་པས་ངོ་མཚར་དང་བཅས་གསང་སྨན་ཁྱད་ནོར་དམ་པའི་མཆོག་ཏུ་གཙིགས་ཆེར་མཛད་པར་གྲགས་སོ།།

 

༥༨། བྱ་ཕོ་རྩི།

བྱ་ཕོ་རྩི་ཡིས་བུད་མེད་ཟླ་མཚན་གཅོད། །ཅེས་པ་འདི་ལ་ངོས་འཛིན་ལུགས།། གཙང་སྟོད་དར་མགོན་དང་བཻ་སྔོན་འོ་སོགས་སུ་ཨའུ་རྩི་ཞེས་པ། སའི་བར་སྨད་སྐྱེ་བའི་ཤིང་ཕྲན་གྱི་གསེབ་ཀྱི་ཨ་བྷི་ཥ་ལ་མཛད་པར་སྣང་ལ། བྱང་པ་ལྟར་རང་ལུགས་ནི། ཀླུང་ཤོད་ཉིན་སྲིབ་ཏུ་སྐྱེ་བ་རྩ་བ་ཤིང་གི་ཁེ་ཚེ་ཤིང་དཀོན་སར་འབུད་ཞིང་བྱེད་པ། རིང་ཐུང་སྤེན་ཆུང་ཙམ་ལོ་མ་ཆུང་བ་རྩུབ་པ་ཅུང་ཟད་རྒས་ནས་དམར་པོར་འགྲོ་བ། སྤུ་རྩུབ་ཅིང་མེོ་ག་སྔོ་སྐྱ་ཆུང་ངུ་སྤང་རྒྱན་དབྱིབས་སྐྱེ་བ་དེའོ།།

 

༥༩། གཡེར་ཤིང༌།

གཡེར་ཤིང་པ་ཡིས་འབྲུམ་པའི་ཚ་བ་སེལ། །ཞེས་པར། རང་བྱང་རྡོ་རྗེས། གཡེར་ཤིང་འཁན་འདྲ་དུག་ལ་ཕན། །ཞེས་གསུངས། འདི་སྔ་རབས་འགའ་ཞིག་གཡེར་མ་རང་གི་ཤིང་ལ་ངོས་འཛིན་མཛད་ཀྱང་དྲོད་ཀྱིས་ཚད་པར་ག་ལ་ཕན། འདི་ལ་རིགས་གསུམ་ཡོད་པའི་མཆོག་ནི་ཀློ་ཡུལ་དུ་ཡོད་པར་གྲགས་ལ་རྒྱ་ཡུལ་སོགས་རོང་ཆེན་དུ་སྐྱེ་བའི་ཤིང་མ་ལྡུམ་ལོ་མ་སྲད་མ་འདྲ་ལ། འབྲས་བུ་འུ་སུ་ལྟ་བུ་ལས་ཅུང་ཟད་མཆུ་སྙུང་བ་ཟོས་དང་སྣོམ་ཚེ་གཡེར་མ་ཅུང་ཟད་བྲོ་བ་དེ་ཡིན་ལ་འབྲིང་བ་ནི་སྔོ་ཕུང་སྲན་མ་ཙམ་ལ་རིང་ཐུང་ཁྲུ་རེ་མན་ཆད་སྐྱེ་བ། མེ་ཏོག་གཡུང་བ་ལ་སེར་པོ། །རྒོད་པ་ལ་སྨུག་པོ་འཆར་བ་འབྲས་བུ་དྲི་རོ་སོགས་གོང་བཤད་འདྲ་བ་འདི་ལ་བྱང་ཟུར་སོགས་ཀྱང་ངོས་འཛིན་མཛད་པ་དང༌། ཐ་མ་ནི་ཞིང་མུ་ལས་སྐྱེ་བའི་ཤིང་མ་ལྡུམ་ལོ་མ་ཕག་མུར་འདྲ་བ། མེ་ཏོག་སེར་པོ་འབྲས་བུ་སྔ་མ་དང་མཚུངས་པ་དེ་ཡིན་ལ། དྭགས་པོའི་སྨན་པ་རྣམས་འདི་རང་ལ་བྱེད་པའོ། །གོང་གི་མཆོག་ཏུ་བཟུང་བ་དེ་རྒྱ་ནག་གི་སྨན་པ་དག་ཀྱང་ཐང་དུ་བྱེད་ནས་འབྲུམ་ནད་ཅན་ལ་བླུད་པ་ལས་གཞན་གང་ཡང་བྱེད་རྒྱུ་མེད་པ་འདྲ་ཞིག་འདུག་ལ་འབྲུམ་ནག་སྡུག་ཤོས་དེ་རེད་པ་བཅས་ཕན་པ་ཡང་མ་མཐོང་ངོ༌།།

 

༦༠། མཚེ་ལྡུམ།

མཚེ་ལྡུམ་རྩ་ཡི་ཁྲག་གཅོད་མཆེར་ཚད་སེལ། །ཞེས་པ། རོ་སྐོར་ལས། མཚེ་ནི་ནུས་པ་སྐམ་ལ་བསིལ། །ཞེས་དང༌། དཔག་བསམ་ལྗོན་པ་ལས། མཚེ་ལྡུམ་ཚད་པ་གསར་རྙིང་དང༌། །ཁྱད་པར་གབ་འཁྲུགས་ཚད་པ་སེལ། །ནག་པོས་མཆོག་ཏུ་མཁྲིས་ཚད་སེལ། །ཞེས་དང༌། རང་བྱུང་པས། མཚེ་ཡིས་རྨ་གསོ་སྐྲན་རྣམས་འདུལ། །ཞེས་གསུངས། མིང་ནི། རྒྱ་གར་པས། དྷ་མ་ནི། རྒྱ་ནག་ཏུ། འབྲི་དན། བོད་ཀྱིས་མཚེ་ལྡུམ། ཕུག་རོན་སྨྱུག་མ། གུ་དུར་སྨྱུག་མ། ཐུན་རྫས་རྣམས་ཟེར། འདི་ལ་སྐྱེ་སའི་དབང་གིས་རིགས་བཞི་སྟེ། བྲག་མཚེ་བྲག་ལས་སྐྱེ་བ་ཁྲུ་རེ་ཙམ་ལ་ཕྲ་སྦོམ་གྲོ་སོག་གི་རྐེད་པ་ཙམ་དང༌། སྤང་མཚེ་སྤང་དང་གྲམ་ལས་སྐྱེ་བ་ཁབ་ཙམ་དེ་ལ་འབྲས་བུ་དམར་པོ་རུས་པ་ནག་པོ་ཅན་ཡོད་པ་ལུག་མཚེ། དེ་ལས་སྦོམ་གྱོང་འབྲས་བུ་མེད་པ་ར་མཚེ་དང༌། ཆུ་འགྲམ་རླན་ལས་སྐྱེས་པ་ར་མཚེ་ལས་སྙོམས་པ་ཟུར་གསུམ་པའི་རྣམ་པ་ཅན་ལ་ཆུ་མཚེ་ཟེར་རོ། །གང་ཡང་སྨྱུག་མ་འདྲ་ལ་ཚིགས་ཡོད་པའོ། །ལོ་མ་མེད་པ་བརྡུངས་ན་དམ་ཚི་ཡོད་པའོ།།

 

༦༡། ཕུར་མོང༌།

ཕུར་མོང་སྲིན་གསོད་གཉན་ལྷོག་ནད་གདོན་འཇོམས། །ཞེས་པར། ལྗོན་ཤིང་ལས། ཕུར་མོང་ལོ་མས་སྲིན་ནད་སེལ། །ཞེས་དང༌། ཡང༌། ཕུར་མོང་དཀར་པོས་སྲིན་ནད་སེལ། །རྨ་ལ་བཏབ་ན་ཆུ་སེར་འཇོམས། །ཞེས་དང༌། རང་བྱུང་པས། ལྷ་ཤིང་ཕུར་མོང་རྣག་ཆུ་སྐེམ། །ཞེས་སོ། །འདི་ལ་རིགས་གསུམ་སྟེ། འཁྲུངས་དཔེ་ལས། ཕུར་མོང་དཀར་ནག་སྨུག་པོ་གསུམ། །སྤུན་གསུམ་སྐྱེ་བ་སོ་སོར་ཡོད།།  ཅེས་པ་ལྟར་ལས།

དཀར་པོ་ནི། ཕུར་དཀར་བདུད་རྩི་ཟིལ་པ་ཅན། ཉིན་སྲིབ་རི་མཐོན་དག་ལས་སྐྱེ། །ལོ་མ་སྔོ་དཀར་སྡོང་པོ་རིང༌། །མེ་ཏོག་དཀར་པོ་དྲི་ཞིམ་ལྡན། །རོ་ནི་ཁ་ལ་ཚ་བ་ཡིན། །ཞེས་མེ་ཏོག་ཡོད་པ་ཕོ་ལ་མེད་པ་མོ་སྟེ་ལོ་མ་འཕུར་ན་སྤྲ་བ་འདྲ་ལ་དྲི་ཞིམ་པའོ།།

ཕུག་ནག་ནི། ཕུར་ནག་སྲིབ་ཀྱི་ཁ་སྨད་སྐྱེ། །མེ་ཏོག་སྔོ་ལ་ནག་པ་སྟེ། །དྲི་ནི་མི་ཞིམ་རོ་ཡང་ཁ། །ཞེས་ལོ་མ་སྒོར་ཉག་སྤུ་ཅན་འདི་ལ་ཕུར་ཁཎ་ཕུར་ཐལ་ཕལ་ཆེར་བྱེད་པ་ཡིན། ཕུར་ཐལ་ལ། མིང༌། ད་མ། ད་མ་ཀ་ཟེར་རོ།།

ཕུར་སྨུག་ནི། ཕུར་དམར་ཉིན་སྲིབ་བྲག་ལས་སྐྱེ། །ལོ་མ་མེ་ཏོག་ཁ་དོག་སྨུག།  གླ་རྐང་པར་ཡང་གྲགས་པ་ཡིན། །ཞེས་པ་སྔ་མ་གཉིས་ལས་ཤིང་ཆེ་ལ་མཁྲེགས་པ། པགས་པ་ཁམ་སེར་སྲབ་པ་མེ་ཏོག་སྙེ་མ་གཅན་གཟན་མཇུག་མ་འདྲ་བ། མེ་ཏོག་དཀར་སེར་སྨུག་ནག་མ་ངེས་པ་དྲི་མ་དུགས་པའོ།།

 

༦༢། ཡོག་མོ།

ཡོག་མོས་རྨ་འབྲས་འདུལ་ཞིང་རྣག་ཆུ་སྐེམ། །ཞེས་པར། རང་བྱུང་རྡོ་རྗེས། ཡོག་མོ་རྨ་རྙིང་འབྲས་ལ་ཕན། །ཞེས་གསུངས། འདི་ལ་དཀར་ནག་གཉིས། དཀར་པོ་རིང་ལ་ལོ་མ་དཀར། །མེ་ཏོག་དཀར་སེར་སྤྲ་མགོ་འདྲ། །ནག་པོ་ལོ་མ་སྐྱ་ཤུར་ལ། །སྒོར་ཆུང་མེ་ཏོག་སྔོ་ནག་འཆར། །གཉིས་ཀ་ཤིང་མ་ལྡུམ་གྱི་ཚུལ། །ཞེས་པས་གསལ་ལོ།།

 

༦༣། འཁན་པ།

འཁན་པས་ཁྲག་གཅོད་ཡན་ལག་སྐྲངས་པ་འཇོམས། །ཞེས་པར། དཔག་བསམ་ལྗོན་པར། འཁན་པས་རླུང་ནད་སྐྲངས་པ་འཇོམས། །མཆོག་ཏུ་རྨེན་སྐྱེས་ཐམས་ཅད་གཅོད། །ཅེས་དང༌། རང་བྱུང་པས། འཁན་དམར་གྲང་སྐྲན་འདུལ་བའི་མཆོག །དཀར་པོས་མཁལ་མའི་ནད་ལ་ཕན། །གསུངས་སོ། །འདི་ལ་རིགས་བཞི། འཁན་དཀར། འཁན་སྐྱ། འཁན་དམར། འཁན་ནག་པོ། སྤྱི་མིང༌། ཕྲ་ཧྨ་མཱུ་ལི། ཚངས་པའི་དྲུང་མ། ཝི་ར་ཏཱ། དཔའ་བོ་ཉིད། ཧོ་ར། ན་བིན། རྒྱ་ནག་སྐད་དུ། ཟི་ཝཾ་ཏིའུ། གབ་ཏུ། ཁྲག་གཅོད་རལ་པ་ཅན། ཟེར་བ། སྐབས་འགར་སྤྲེའུ་མཇུག་པ་ཡང་ཟེར་བ་རེ་རལ་དང་སྐབས་ཕྱེད་དགོས། སྐབས་འདིར་དགོས་པ་ནི་འཁན་སྐྱ་ཡིན་ལ། འཁན་སྐྱ་ལོ་དཀར་སྤྲ་བ་འདྲ། །དྲི་ཞིམ་བྲག་གི་ལོགས་ལས་སྐྱེ། །རིང་ཚད་མདའ་རེ་ཁྲུ་རེ་ཙམ། །ཞེས་རྟོགས་སླའོ།།

འཁན་དཀར་ནི། འཁན་ཨ་ཀྲོང་ཡང་ཟེར། འཁྲུངས་དཔེར། འཁན་པ་ཨ་ཀྲོང་གཡའ་སྨད་སྐྱེ། །ལོ་མ་དཀར་འཇམ་ཐུང་ལ་སྤུན། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །མེ་ཏོག་སེར་པོ་དྲི་མ་མངར། །འཁན་ཆུང་གསེར་མགོ་ཞེས་ཀྱང་བྱ།། སྐྲངས་འདུལ་འབྲས་དང་རྨ་ལ་ཕན། །གློ་ནད་འདྲེན་ལ་མཁལ་མར་ཕན། །ཞེས་པའོ།།

འཁན་དམར་ནི། དམར་པོའི་ཚད་ནི་སྐྱ་བོ་ཙམ། །ལོ་མ་སྨུག་པོ་སྦལ་ལག་འདྲ།།  དྲི་རྩུབ་སྐྲངས་འདུལ་འབྲས་ལ་ཕན། །ཞེས་དང༌།

ནག་པོ་ནི། འཁན་ནག་ས་སྨད་ཉིན་ལས་སྐྱེ། །ཕུང་པོ་ཆེ་ལ་རྩ་མཁར་སྡོམ།།  སྡོང་པོ་དམར་ལ་ལོ་མ་ནག །དྲི་ངད་སྐྲངས་འདུལ་ལྷོག་པ་འཇོམས། །བཅོས་པའི་ལུམས་དང་བསྲེགས་དུད་ཀྱི་ས། །བདུགས་ན་གྲང་བ་གཏིང་ནས་འདོན། །ཞེས་སོ།།

 

༦༤། ཚར་བོང༌།

ཚར་བོང་གྲེ་བའི་ཚད་པ་གློ་ནད་སེལ། །འདི་ལ་རིགས་གསུམ། འཁྲུངས་དཔེར། འཁན་རིགས་ཚར་བོང་ཞེས་བྱ་བ། །སྡོང་པོ་རེ་ལ་ཡལ་ག་མང༌། །ཐོག་བུ་མི་རྒན་མགོ་བོ་འདྲ། །རོ་ནི་ཁ་ཚ་དྲི་མ་དུགས། རང་གི་ནུས་པས་ཚ་སྐྲངས་འཇོམས། །ཞེས་པ་སྤྱི་ལ་ཕྱེ་བས་དཀར་པོ་དྲི་ངད་ཆེ་བ་དང༌། སྨུག་པོ་དྲི་ངད་ཆུང་ལ་ཐོག་བུ་འཁན་འབྲུམ་འདྲ་བ་དང༌། ནག་པོ་ཤིང་མ་ལྡུམ་ཡོག་མོ་འདྲ་བའོ།།

 

༦༥། ཨ་ཀྲོང༌།

ཨ་ཀྲོང་གློ་བའི་ཚད་པ་སེལ་བར་བྱེད། །ཅེས་པ་འདི་ལ་རིགས་གསུམ་སྟེ། རྩྭ། འཁན། ཤིང་གསུམ་མོ།།

རྩྭ་ཨ་ཀྲོང་ནི། སྤང་རྩྭ་འདྲ་བའི་རྩྭ་ཕུང་བོང་ཐུང་བས་ཕྲུགས་སོ་གཟེངས་པ་འདྲ་བ། མེ་ཏོག་དཀར་ཆུང་རྩ་བ་སུག་པ་འདྲ་ལ་སྲ་མཁྲེགས་ཅན་རྐང་ཤིང་འདྲ་བ་དང༌།

འཁན་ཨ་ཀྲོང་ནི། གོང་གི་འཁན་ཆུང་གསེར་མགོའོ།།

ཤིང་ཨ་ཀྲོང་ནི། ཕུར་དཀར་མེ་ཏོག་མེད་པའི་དཀར་པོ་ལོ་མ་སྤྲ་བ་འདྲ་བ་དེའོ།།  སྨན་ནུས་བཤད་པ་ལས། ཨ་ཀྲོང་གློ་མང་སོགས་པ་འགོག འཁན་ཆུང་གསེར་མགོ་དེ་དང་མཚུངས། །ཞེས་གསུངས་སོ།།

 

༦༦། མིང་ཅན།

མིང་ཅན་གཉན་ལྷོག་སྐྲངས་འཇོམས་གཟེར་སྨན་མཆོག །ཅེས་པར། རང་བྱུང་པས། མིང་ཅན་ཚད་པའི་ལྷོག་པ་སེལ། །གསུངས། མིང༌། བསེ་དྲི་ལག་པ། འུག་པ་ལག་པ། གཟེར་སྨན་སེར་པོ། ལྷོག་དུག་ནག་པོ། དྲེགས་འདུལ་སྟོབས་ལྡན། སྐྲངས་འཇོམས་བགེགས་འདུལ། ནད་བརྒྱ་སྨན་གཅིག དུག་སེལ་སྤྱི་འཇོམས་ཞེས་ཟེར། བཻ་སྔོན་དུ། མིང་ཅན་ངོས་འཛིན་འདྲ་མིན་དུ་མ་གཉིས་སྨོས་ནས། སེར་པོ་དང་ནག་པོ་ཞེས་གཉིས། སྔོན་པོ་ལ་དམན་པ་ཞེས་གསུམ་དུ་འབྱེད་པ་དང༌། སེར་པོ་ཡང༌། འཁྲུངས་དཔེར། མིང་ཅན་སེར་པོ་ཞེས་བྱ་བ། །རོ་ནི་ཅུང་ཟད་ཁ་བ་ཡིན། །རང་གི་ནུས་པས་ལྷོག་པ་འཇོམས། །ཞེས་པ་ཙམ་ལས་གསལ་ཁ་མེད།།  ཅེས་གསུངས། ཡང༌། དྷ་རྨ་སྭ་མིས། སྐྱེས་བུ་མིང་ཅན་ནག་པོའི་སྦྱོར་བ་འཆི་མེད་ལྷའི་བདུད་རྩི་ལས། སྐྱེས་བུ་མིང་ཅན་ནག་པོ་ནི། །ནད་ངན་ལྷོག་པའི་དུག་ཡིན་ཏེ། །སྟོད་ན་མི་སྐྱེ་སྨད་ན་སྐྱེ། །བྲག་དང་ས་རོང་བྱེ་མར་སྐྱེ། །རྩ་བ་ཤིང་གི་ཁེ་ཚེ་ལ། །རྟིང་པ་ཟངས་ཁབ་དམར་པོ་འདྲ། །བྱ་རྒོད་སྤུ་འདྲས་དྲིལ་ནས་ཡོད། །ལོ་མ་མཐུག་ལ་མེ་ཏོག་སེར། །དྲི་ནི་ཤིན་ཏུ་ཆེ་ལ་ལྡང༌། །བཅངས་ན་བདུད་རྩི་སྦྱིན་བག་འབྱར། །མིང་ཅན་ནག་པོ་བྱ་བ་ཡིན། །ཞེས་གསུངས། འདི་མེ་ཏོག་སེར་པོ་ཡིན་པས་ནག་པོར་མི་འགྲོ་སྨྲ་བ་ཡོད་དེ། ཁུར་ནག་ཀྱང་མེ་ཏོག་སེར་པོ་ཡིན་པས་ནག་པོར་མི་འགྲོའམ་སོམས་ཤིག ཁ་ཅིག་ལུག་མིག་ནག་པོ་རྩ་བ་ཤིང་གི་ཁེ་མདུད་ཅན་རྟིང་པའི་སྤྲ་བ་མེད་པ་མ་གཏོགས་འདི་འདྲ་བ་ལ་བྱེད་པའང་ཡོད་ལ། དེ་འདྲ་བར་ནུས་པ་མཚུངས་གསུངས། འདི་ལ་རང་བྱུང་པས། དབང་ཕྱུག་མིག་གིས་དུག་ཚད་སྡུད། །གསུངས་སོ། །དེ་སྐབས་སེར་ནག་གཉིས་སུ་བྱེད་པ་འཐད་དོ།།

 

༦༧། བྱི་བཟུང༌།

བྱི་བཟུང་རྡོ་ཡི་སྐྲན་བཤིག་རྩ་ནད་སྦྱོང༌། །ཞེསཔར། བྱི་འཛིན་པ་དང༌། དམ་པ་ཡོག་མགོ་ཡང་ཟེར། འཁྲུངས་དཔེར། བྱི་བཟུང་མུ་དང་ལྡུམ་རར་སྐྱེ། །སྡོང་པོ་རིང་ལ་ལོ་མ་ཆེ། །མེ་ཏོག་དམར་པོ་དོམ་དོམ་འདྲ། །ཚེར་མའི་ལྕགས་ཀྱུས་གཏུམས་པའི་ནང༌། །འབྲས་བུ་དཀར་ཁམ་ནུབ་པ་ཡིན། །སྐྲན་བཤིག་རྡེའུ་ནད་སེལ་བར་བྱེད། །ཅེས་པས་སྡོང་པོ་ཁོང་སྟོང་རིང་བའི་རྩེར་མགོ་རྡོག་སྤང་རྩི་དོ་བོ་འདྲ་བ་དེ་ལས་བདུན་འགྱུར་ཙམ་གྱིས་ཆེ་བས་མེ་ཏོག་སྤྱང་ཚེར་འདྲ་བའི་ཕྱིའི་ཟེ་བ་ཕྲུགས་སོ་ལྟ་བུ་ལ་ཚེར་མའི་ལྕགས་ཀྱུ་དང༌། ནང་གསེང་དུ་འབྲས་བུ་ནར་ལེབ་ཁམས་ཀྱི་རུ་རྟའི་འབྲས་བུ་ཇི་ལྟ་བར་འབྱུང་བའོ།།

དེ་ལྟར་ཐང་སྨན་ལྡུམ་གྱི་རིགས་རྩ་བ་དྲུག་ཅུ་རྩ་བདུན་ནང་ཚན་རིགས་དབྱེ་བཅས་བརྒྱ་དང་ཞེ་གཉིས་རྒྱས་པར་བཤད་ཟིན་ཏོ།།

ཅེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བར་གྱི་དྲུག་པ་ཐང་ལྡུམ་གྱི་སྡེ་ཚན་ནུས་མིང་ངོ་བོ་རྒྱས་པར་བཤད་པའི་སྐབས་ཏེ་དྲུག་པའོ།། །།

 

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 11:53 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།