སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

སྡེ་ཚན་དྲུག་པ། ལྡུམ་བུ་ཐང་སྨན་གྱི་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 

སྡེ་ཚན་དྲུག་པ།  ལྡུམ་བུ་ཐང་སྨན་གྱི་སྡེ་བཤད་པ།

 

དྲུག་པ་ལྡུམ་བུ་ཐང་སྨན་བཤད་པ་ལ།  །རྩ་བ་ལོ་མ་མེ་ཏོག་འབྲས་བུ་བཅས། །ཁྱོན་གཅིག་བསྡོམས་ནས་རིམ་པས་བཤད་པ་ནི།།

ཏིག་ཏས་མཁྲིས་པའི་ཚ་བ་མ་ལུས་སེལ། །སུམ་ཅུ་ཏིག་གིས་མཆིན་མཁྲིས་ཚ་བ་སེལ། །གསེར་ཏིག་བད་མཁྲིས་རིམས་ཚད་སེལ་བར་བྱེད། །དངུལ་ཏིག་ཟུངས་བསྐྱེད་སྨན་ནད་ཐམས་ཅད་སེལ། །ཟངས་ཏིག་རླུང་ལྡན་ཚད་པའི་མཁྲིས་ནད་སེལ། །ལྕགས་ཏིག་རྨ་ཚད་དང་ནི་རིམས་ཚད་སེལ། །གུར་ཏིག་རྨ་གསོ་རྩ་ཚད་མཁྲིས་ནད་སེལ། །བ་ཤ་ཀ་ཡིས་ཁྲག་ཚད་རོལ་དུ་གསོད། །མ་ནུ་པ་ཏྲས་རླུང་ཁྲག་ཚ་བ་སེལ། །པུཥྐར་མཱུ་ལས་བད་ཀན་ཚ་བ་སེལ། །རུ་རྟས་རླུང་ཁྲག་ཕོ་བ་སྦོས་པ་སེལ། །གློ་ནད་གག་པ་ཤ་རོ་གཅོད་པར་བྱེད། །འབྲ་གོས་བད་ཀན་སྨུག་སེར་ཕོ་ནད་སེལ། །སྨན་སྒས་དྲོད་སྐྱེད་ཟས་ལེན་བད་རླུང་འཇོམས། །སྒ་སྐྱས་བད་རླུང་སེལ་ཞིང་ཁྲག་འཁྱག་འཇུ། །ཡུང་བས་དུག་སེལ་རུལ་གཅོད་གཉན་ནད་འཇོམས། །ཤུ་དག་མ་ཞུ་དྲོད་སྐྱེད་གག་ལྷོག་སེལ། །ཤུ་དག་དཀར་པོས་ལུས་སྟོབས་ཤ་ཆེར་སྐྱེད། །ཐང་ཕྲོམ་ལང་ཐང་རྩེ་ཡིས་སྲིན་ནད་སེལ། །དབང་པོ་ལག་པས་ལུས་སྟོབས་ཁུ་བ་སྐྱེད། །ལྕ་བས་ཆུ་སེར་མཁལ་རྐེད་གྲང་བ་སེལ། །ཉེ་ཤིང་ར་མཉེས་ཚེ་བསྲིང་ཆུ་སེར་སེལ། །ཨ་ཤོ་གནྡྷས་སྨད་གྲང་ཆུ་སེར་སེལ། །གཟེ་མས་གཅིན་སྲི་གྲུམ་བུ་མཁལ་ནད་སེལ། །ལྕམ་པས་ཆུ་འགག་སྐོམ་དད་འཁྲུ་བ་སེལ། །བྲག་ལྕམ་པ་ཡིས་རྨ་རྣམས་འདྲུབ་པར་བྱེད། །ལྡུམ་བུ་རེ་རལ་ཤ་དུག་སྦྱར་དུག་སེལ། །བྲག་སྤོས་རྨ་འདྲུབ་རྣག་སྐེམ་ལྷ་བ་འཛིན། །བྲག་སྐྱ་ཧ་བོས་དུག་སེལ་ཚ་འཁྲུ་གཅོད། །ཁྱུང་སྡེར་དཀར་སྨུག་དུག་ཚད་སེལ་བར་བྱེད། །རྩད་དང་དགུ་ཐུབ་ལྡུམ་སྟག་དུག་ནད་སེལ། །གྲེས་མའི་གེ་སར་སྲིན་གསོད་གླང་འཐབ་འཇོམས། །དཀར་པོ་ཆིག་ཐུབ་དུག་སྡུད་གཉན་སྲིན་འཇོམས། །དྭ་བའི་རྩ་བས་སྲིན་གསོད་རུས་མཛེར་འགོག །སྙ་ལོས་རྒྱུ་ལོང་སྣོད་ཀྱི་ཚ་བ་སེལ། །ལུག་མུར་འབྲས་དང་གློ་ནད་གྲེ་སྐམ་དང༌། །མི་དང་རྟ་ཡི་འཁྲུག་ནད་སེལ་བའི་མཆོག །ཤིང་མངར་གློ་ནད་རྩ་ནད་སེལ་བར་བྱེད། །དུར་བྱིད་ཐར་ནུས་ཚ་གྲང་ནད་ཀུན་སྦྱོང༌། །ཁྲོན་བུས་འཇམ་པོར་སྦྱོང་བྱེད་གྲོགས་ཀྱི་མཆོག །སྔོན་བུས་ཆུ་སེར་ནད་རྣམས་འཇམ་པོར་སྦྱོང༌། །ལྕུམ་རྩས་དུག་ཚད་སྣོད་ཚད་བད་ཀན་སྦྱོང༌། །ཆུ་རྩས་གཉན་སྦྱོང་རྨ་ཡི་སྐོམ་རྩི་བྱེད། །ཆུ་མ་རྩི་ཡིས་ཆུ་སེར་དམུ་ཆུ་སྦྱོང༌། །རེ་ལྕག་པ་ཡིས་འབྲས་འདུལ་གཉན་ནད་སྦྱོང༌། །སྤྱང་ཚེར་བད་ཀན་ནད་རྣམས་གྱེན་དུ་འདྲེན། །རི་ཤོས་མཁྲིས་གྱུར་ནད་ཀུན་གྱེན་དུ་འདྲེན། །ཤོ་མང་རྨ་ཡི་ཚད་པ་སེལ་བར་བྱེད། །ཀླུང་ཤོས་རྨ་ནད་མ་ལུས་འབྱོང་བར་བྱེད། །ཆུ་ཤོས་རྨ་ཚད་མེས་ཚིག་ཚ་དབལ་འཇོམས། །ལུག་ཤོས་རྨ་འབྲུམ་ཚད་པ་གསོད་པར་བྱེད། །རྒྱ་ཤོས་རྨ་གསོ་རུས་པའི་ཚ་བ་འཇོམས། །སྔོ་སྒའི་ཚ་བས་མཁྲིས་ཚད་མགོ་ནད་སེལ། །སྒ་ཆུང་དུག་དང་ཤ་དུག་སེལ་བའི་མཆོག །ཤ་ལ་ཡུ་རིང་རྨ་རྣམས་འབྲུམ་པའི་རྩི། །སྤྲུ་བས་གཉན་ཚད་སྲིན་དང་འབྲས་ནད་དང༌། །མཛེ་ནད་འཇོམས་ཤིང་ཁྲག་ཤོར་གཅོད་པའི་མཆོག །ཏང་ཀུས་སྙིང་གི་ཚད་པ་དུག་ནད་སེལ། །འབམ་པོས་སྐྲངས་འཇོམས་ཁོང་འབྲས་བཤིག་པར་བྱེད། །རྒྱ་རྩིས་རྨ་ཤུ་རྔོ་འཇོམས་འབྲས་སྐྲན་འདུལ། །ཟ་འབྲུམ་དྲོད་སྐྱེད་རླུང་ལྡན་ཚད་རྙིང་སེལ། །ཟྭ་ཕྱི་ཨ་ཡས་དམུ་ཆུ་རྨ་ལ་ཕན། །ཡུ་གུ་ཤིང་གིས་རྨ་འབྱོར་དུག་ཚད་སེལ། །བྱ་ཕོ་རྩི་ཡིས་བུད་མེད་ཟླ་མཚན་གཅོད། །གཡེར་ཤིང་པ་ཡིས་འབྲུམ་པའི་ཚ་བ་སེལ། །མཚེ་ལྡུམ་རྩ་ཡི་ཁྲག་གཅོད་མཆེར་ཚད་སེལ། །ཕུར་མོང་སྲིན་གསོད་གཉན་ལྷོག་ནད་གདོན་འཇོམས། །ཡོག་མོས་རྨ་འབྲས་འདུལ་ཞིང་རྣག་ཆུ་སྐེམ། །འཁན་པས་ཁྲག་གཅོད་ཡན་ལག་སྐྲངས་པ་འཇོམས། །ཚར་བོང་གྲེ་བའི་ཚད་པ་གློ་ནད་སེལ། །ཨ་ཀྲོང་གློ་བའི་ཚད་པ་སེལ་བར་བྱེད། །མིང་ཅན་གཉན་ལྷོག་སྐྲངས་འཇོམས་གཟེར་སྨན་མཆོག །བྱི་བཟུང་རྡོ་ཡི་སྐྲན་བཤིག་རྩ་ནད་སྦྱོང༌།། །།

 

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 10:07 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།