སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

སྡེ་ཚན་དགུ་པ། སྲོག་ཆགས་ལས་བྱུང་བའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 

སྡེ་ཚན་དགུ་པ།  སྲོག་ཆགས་ལས་བྱུང་བའི་སྨན་སྡེ་བཤད་པ།

 

དགུ་པ་སྲོག་ཆགས་ལས་བྱུང་སྨན་སྡེ་ལས། །རྭ་མིག་ལྕེ་སོ་གྲེ་བ་སྙིང་གློ་བ། །མཆིན་མཁྲིས་མཆེར་མཁལ་ཕོ་བ་རྒྱུ་མ་དང༌། །མཚན་མ་རུས་པ་རྐང་མར་ཀླད་པ་ཚིལ། །ཁྲག་ཤ་པགས་པ་སྤུ་སྒྲོ་སེན་མོ་སློ། །བྲུན་དང་དྲི་ཆུ་འོ་མ་བུབ་རིལ་ཏེ། །ས་བཅད་ཉེར་དགུའི་སྒོ་ནས་བསྟན་པ་ལས།།

 

དང་པོ། རྭ་ཡི་སྨན་གྱི་ནུས་པ་བསྟན་པ།

དང་པོ་རྭ་ཡི་སྨན་གྱི་ནུས་པ་ནི། །བསེ་རུས་བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ། །དཀར་པོས་དུག་ཚད་སེལ་བྱེད་ནུས་པ་བསིལ། །ཁྲ་བོས་དུག་སྲུང་བསིལ་དྲོད་སྙོམས་ཀུན་འཕྲོད། །ནག་པོས་རྣག་ཁྲག་ཆུ་སེར་སྐེམ་བྱེད་དྲོ། །ཁ་ཤ་ཤྭ་བའི་བོག་རྭ་བསེ་རུར་མཚུངས། །ཤྭ་བའི་རྭ་རྒན་ཐལ་བས་དམུ་ཆུ་སྐེམ། །ཤྭ་བ་གཡག་རྒོད་བཙོད་དང་ར་ཡི་རྭའི། །གཞོབ་ཀྱིས་བད་ཀན་ལྦ་བ་གཟེར་རྣམས་འཇོམས། །གྭ་དོར་གསུམ་གྱིས་རྣག་དང་ཆུ་སེར་སྐེམ། །གཙོད་དང་དགོ་བའི་རྭ་ཡིས་འཁྲུ་བ་གཅོད། །རྒྱ་རུ་ལུག་ཐུག་གཙོད་རྭས་བུ་འབྱིན་བྱེད། །རྒོད་གཡག་རྭ་ཡིས་དྲོད་སྐྱེད་སྐྲན་ནད་བཤིག །གཉན་གྱི་རྭ་ཡིས་རིམས་ནད་སེལ་བར་བྱེད། །མ་ཧེས་འོར་ནད་བ་མན་རྣག་ཁྲག་སྐེམ། །གླང་ཐུག་མགོ་ཆག་གླང་ནག་རྭས་མཛེ་འཇོམས། །གླང་གི་རྭ་གཞོབ་མཆིན་པའི་ཚ་བ་སེལ། །རྒྱ་རུས་གྲང་བ་ཁ་ཤས་མཁལ་གཟེར་འཇོམས། །མཛོ་རྭས་རྔ་བྲན་དུག་ལ་ཕན་པར་བྱེད། །རྒོད་གཡག་ཐུག་རྭས་རྨ་འབྲས་ཕོ་ནད་སེལ། །ར་གནའ་ཆུ་གླང་རྭ་ཡིས་ཚད་པར་ཕན། །ར་དཀར་རྭ་ཡིས་རྨོངས་རིམས་གཟེར་བ་འཇོམས། །ར་དཀར་རྩེ་གཡས་བ་སྤུའི་ཚ་བ་སེལ། །རྒྱ་རུས་རྭ་དུག་མངལ་འགགས་འབྱིན་པར་བྱེད། །སྤྱིར་ནི་ར་རུ་བསིལ་ལ་ལུག་རུ་དྲོ། །རི་དྭགས་སྙོམས་ལ་ཐུག་པོ་དྲོ་བ་ཡིན།།

 

གཉིས་པ།  མིག་གི་སྨན་གྱི་ནུས་པ་བསྟན་པ།

གཉིས་པ་མིག་གི་ནུས་པ་བསྟན་པ་ནི། །མི་ཡི་མིག་འབྲས་གཟའ་ནད་སྲུང་དང་འཇོམས། །ལུག་གི་མིག་འབྲས་སོ་ཡི་བཅུད་ལེན་བྱེད། །བྱ་རྒོད་མིག་གིས་རྒྱང་གསལ་གྲིབ་ལ་ཕན། །ཉ་དང་བྱི་བའི་མིག་གིས་གཉིད་མཐུག་སྲུང༌།།

 

གསུམ་པ།  ལྕེ་ཡི་སྨན་གྱི་ནུས་པ་བསྟན་པ།

གསུམ་པ་ལྕེ་ཡི་ནུས་པ་བསྟན་པ་ནི། །སྤྱང་ཀིའི་ལྕེ་ཡིས་ལྕེ་སྐྲངས་གག་པ་སེལ། །ཁྱི་ལྕེས་རྨ་འདྲུབ་ཕག་ལྕེས་རུས་མཛེར་འགོག །ན་ར་ཛི་ཧྭས་བྷོ་ལ་ཞི་བར་བྱེད། །སི་ཏ་ཤྭ་ན་ཛི་ཧྭས་བྷོ་ལ་ཁྲོ། །དུང་མཁན་ལྕེ་ཡིས་འཁྲུ་བ་གཅོད་པར་བྱེད། །གཡག་གི་ལྕེ་ཡིས་བད་ཀན་གྲང་བ་སེལ།།

 

བཞི་པ།  སོ་ཡི་སྨན་གྱི་ནུས་པ་བསྟན་པ།

བཞི་པ་སོ་ཡི་ནུས་པ་བསྟན་པ་ནི། །ཐལ་ཀར་མཆེ་དྲུག་སོ་ཡིས་གདོན་དུག་སྲུང༌། །མི་ཡི་མཆེ་བས་རིམས་ནད་སྲུང་བར་བྱེད། །ཕག་རྒོད་མཆེ་བས་མདེའུ་འབྱིན་ཁྱིའི་མཆེ་བས། །གག་པ་སྲུང་ཞིང་སྲམ་གྱི་མཆེ་བ་ཡིས། །གྲེ་བ་སོགས་ལ་ཉ་རུས་ཟུག་པར་ཕན། །དོམ་གྱི་མཆེ་བས་ཁྲག་གཅོད་སྟག་གཟིག་དང༌། །འབྲུག་གི་མཆེ་བས་སོ་ཡི་གཟེར་འཇོམས་བརྟན། །སྟག་གི་མཆེ་བས་དུག་རྒོད་སྐྱེར་སྲི་སེལ། །འཕྱི་བའི་མཆེ་བས་རུས་པ་ཆག་པ་སྦྱོར། །སྲམ་གྱི་མཆེ་བས་རྡེལ་ནད་ཆུ་འགགས་སེལ།།

 

ལྔ་པ།  གྲེ་བའི་སྨན་གྱི་ནུས་པ་བསྟན་པ།

ལྔ་པ་གྲེ་བའི་ནུས་པ་བསྟན་པ་ནི། །བྱ་རྒོད་གོ་བོ་སོ་བྱའི་གྲེ་བ་ཡིས། །མ་ཞུ་འཇུ་དང་ཁྱད་པར་ཤ་འཇུ་བྱེད། །རྒོད་གཡག་རྟ་རྐྱང་གཙོད་དང་དགོ་བ་དང༌། །སྤྱང་ཀི་སོ་བྱ་རྣམས་ཀྱི་གྲེ་བ་ཡིས། །མགུལ་པའི་ལྦ་བ་འཇོམས་པར་བྱེད་པ་ཡིན། །གཡག་རྒོད་ལུག་སོགས་སྐེ་རྨེན་སྣ་ཚོགས་དང༌། །གྲེ་བ་སྣ་ཚོགས་དེ་བཞིན་ལྦ་བར་ཕན། །ཅོ་ག་ཁུ་བྱུག་འཇོལ་མོང་རྟའི་གྲེ་བས། །སྐད་འགགས་སེལ་ཞིང་ཚངས་པའི་དབྱངས་སྟེར་ཟེར།།

 

དྲུག་པ།  སྙིང་གི་སྨན་གྱི་ནུས་པ་བསྟན་པ།

དྲུག་པ་སྙིང་གི་ནུས་པ་བསྟན་པ་ནི། །གྲི་སྙིང་ནེ་ཙོ་གཡག་རྒོད་རི་བོང་སྙིང༌། །རྒྱལ་གདོན་སྨྱོ་འབོག་སྙིང་གཟེར་འཇོམས་པར་བྱེད། །བྱ་རྒོད་སྙིང་གིས་དྲན་པ་ཉམས་པ་གསོ། །སྤྲེའུ་དང་འཕྱི་བའི་སྙིང་གིས་སྙིང་ཚབས་སེལ། །ར་སྙིང་སྲིན་སེལ་ཝ་སྙིང་དམུ་ཆུ་སྦྱོང༌། །རྟ་ཡི་སྙིང་གིས་དུག་ནད་ཚིགས་བྱེར་སྡུད། །རུས་སྦལ་སྙིང་གིས་མགོ་ཡི་རྨ་གསོ་བྱེད།།

 

བདུན་པ།  གློ་བའི་སྨན་གྱི་ནུས་པ་བསྟན་པ།

བདུན་པ་གློ་བའི་ནུས་པ་བསྟན་པ་ནི། །ཝ་དང་ཁུག་རྟའི་གློ་བས་གློ་རྡོལ་གཅོད། །ཁ་ཤའི་གློ་བས་གློ་རྣག་སེལ་བར་བྱེད། །རེའུ་སྐྱེས་འཕྲལ་ཤི་གློ་བས་གློ་རྡོལ་གསོ། །ར་གློས་སྲིན་སེལ་གཉན་གློས་རྒྱུ་ཚབས་སེལ། །གློ་བ་གང་ཡང་གློ་ནད་ཀུན་ལ་ཕན།།

 

 

བརྒྱད་པ།  མཆིན་པའི་སྨན་གྱི་ནུས་པ་བསྟན་པ།

བརྒྱད་པ་མཆིན་པའི་ནུས་པ་བསྟན་པ་ནི། །གཟུགས་མོ་སྦལ་ནག་མཆིན་པས་སྦྱར་དུག་སེལ། །ར་ཡི་མཆིན་པས་སྲིན་སེལ་མིག་ལ་ཕན། །སྲམ་གྱི་མཆིན་པས་ཆུ་འགགས་མངལ་འཁྱིལ་འབྱིན། །བུ་མོ་སྟག་ལོའི་གྲི་མཆིན་དུག་ནད་འཇོམས། །ལུག་མཆིན་མཆིན་རླུང་མིག་འགྲིབ་ནད་ལ་ཕན། །འཕྱི་བའི་མཆིན་པས་རུས་པ་གས་ཆག་སྦྱོར། །མཆིན་པ་གང་ཡང་མཆིན་ནད་ཀུན་ལ་ཕན།།

 

དགུ་པ།  མཁྲིས་པའི་སྨན་གྱི་ནུས་པ་བསྟན་པ།

དགུ་པ་མཁྲིས་པའི་ནུས་པ་བསྟན་པ་ནི། །མཁྲིས་པ་གང་ཡང་ནུས་བསིལ་མཁྲིས་ནད་སེལ། །མི་མཁྲིས་རྩ་འབྲོས་འཕྲང་སྡོམ་རྨ་ལ་ཕན། །དུག་དང་མཁྲིས་ནད་ལ་ཕན་བཤལ་རྗེས་གཅོད། །དོམ་མཁྲིས་མཁྲིས་པའི་མཆོག་ཡིན་རྩ་ཁ་འཛིན། །རྨ་གསོ་མཁྲིས་སེལ་མིག་གི་ནད་ལ་ཕན། །དྲེད་མོའི་མཁྲིས་པ་དོམ་དང་ནུས་ཕྱོགས་མཐུན། །གླང་ཆེན་མཁྲིས་པས་དུག་གི་ཤ་སྐམ་གསོ། །གཟུགས་མོས་སྦྱར་དུག་དུར་མཁྲིས་ཉྭ་ལོག་འཇོམས། །གཡག་རྒོད་བྱང་ཁོག་རྩ་སྡོམ་མེ་དྲོད་སྐྱེད། །ཁྱིམ་བྱ་མཚལ་ལུས་རྨ་བྱའི་སྒོང་དུག་སེལ། །རྩངས་པའི་མཁྲིས་པས་མགོ་ཡི་ཤ་འུ་སྐྱེད། །སྦལ་ནག་ནེ་ཙོའི་མཁྲིས་པས་སྦྱར་དུག་སེལ། །འཕྱི་མཁྲིས་སྦྱར་དུག་རྨར་ཕན་ཆུང་ནད་འབྱོངས། །བྱ་རྒོད་མིག་གསལ་རྨ་གསོ་གློ་ནད་ཕན། །ལུག་དང་རྟ་ཡི་མཁྲིས་པས་རྨ་ལ་ཕན། །ར་མཁྲིས་སྲིན་གསོད་དུག་ནད་ཚིགས་བྱེར་སེལ། །གླང་མཁྲིས་སྦྱར་དུག་མིག་ལ་ཕོག་པར་ཕན། །ཉ་མཁྲིས་རྨ་ཚད་མིག་འགྲིབ་མེས་ཚིག་འཚོ། །ཉ་སོགས་ཆུ་གནས་མཁྲིས་པའང་མེས་ཚིག་སྨན། །ཕག་མཁྲིས་རྨ་དུག་ཚད་སེལ་མིག་ལ་ཕན། །བ་སེར་སྨྱོ་བྱེད་བྱི་བས་རྨ་རླུང་སེལ། །སྦྲུལ་ཆེན་མཁྲིས་པས་ནད་རྣམས་སྤྱི་ལ་ཕན། །སྣ་ཚོགས་མཁྲིས་བསྡུས་རྨ་དུག་མཁྲིས་མིག་ཕན།།

 

བཅུ་པ།  མཆེར་པའི་སྨན་གྱི་ནུས་པ་བསྟན་པ།

བཅུ་པ་མཆེར་པའི་ནུས་པ་བསྟན་པ་ནི། །གླང་གི་མཆེར་པས་རྨ་དང་དུག་ལ་ཕན། །བ་སེར་མཆེར་པས་དུག་དང་མིག་ལ་ཕན། །རྟ་ཡི་མཆེར་པས་རྨ་ལད་འདུལ་བར་བྱེད། །ར་ཡི་མཆེར་པས་བྱིས་པའི་ཁ་ལྐུགས་འབྱེད། །མཆེར་པ་གང་ཡང་མཆེར་པའི་རང་ནད་སེལ།།

 

བཅུ་གཅིག་པ།  མཁལ་མའི་སྨན་གྱི་ནུས་པ་བསྟན་པ།

བཅུ་གཅིག་མཁལ་མའི་ནུས་པ་བསྟན་པ་ནི། །རྟ་དང་གླང་གི་མཁལ་མས་མཁལ་ཚབས་སེལ། །ལུག་ཐོང་མཁལ་མས་མཁལ་ནད་གྲང་བ་སེལ། །ཚ་གྲང་ནུས་མཐུན་མཁལ་མས་མཁལ་ནད་དང༌། །རྐེད་པ་ལྒང་པ་ཆུ་སོའི་ནད་ལ་ཕན།།

 

བཅུ་གཉིས་པ།  ཕོ་བའི་སྨན་གྱི་ནུས་པ་བསྟན་པ།

བཅུ་གཉིས་ཕོ་བའི་ནུས་པ་བསྟན་པ་ནི། །སྤྱང་ཀིའི་ཕོ་བས་དྲོད་སྐྱེད་མ་ཞུ་འཇུ། །བྱ་རྒོད་ཕོ་བས་སྐྲན་བཤིག་མེ་དྲོད་སྐྱེད། །གོ་བོའི་ཕོ་བས་ཟས་འཇུ་སྐྲན་ལ་བརྐོ། །ཤ་ཟན་ཀུན་གྱི་ཕོ་བས་ཕོ་གྲང་བསྲོ།།

 

བཅུ་གསུམ་པ།  རྒྱུ་མའི་སྨན་གྱི་ནུས་པ་བསྟན་པ།

བཅུ་གསུམ་རྒྱུ་མའི་ནུས་པ་བསྟན་པ་ནི། །གཡི་དང་གྲུམ་པའི་རྒྱུ་མས་རྒྱུ་གཟེར་འཇོམས། །མི་ཡི་རྒྱུ་མས་དྭངས་མའི་དུག་རྣམས་ཞི། །རྟ་ཡི་ཕྲུ་མས་མེས་ཚིག་རྨ་ལ་ཕན། །ལུག་གི་ཕྲུ་མས་དབང་པོ་རྡོ་རྗེ་སྨད། །བྱི་ལའི་གཞང་གིས་ཀཀྐོ་ལ་སྒོ་བསྡམ།།

 

བཅུ་བཞི་པ།  མཚན་མའི་སྨན་གྱི་ནུས་པ་བསྟན་པ།

བཅུ་བཞི་མཚན་མའི་ནུས་པ་བསྟན་པ་ནི། །ཐུག་འབྲས་རོ་ཙ་ཁྱི་རླིག་བུ་རོ་འབྱིན། །སེང་དཀར་གསང་བས་ཟུང་འཇུག་སུ་ཁ་སྐྱེད། །ཤོ་ན་རཱ་གའི་གསང་བས་རོ་ཙ་མྱུར། །མི་སྲམ་བྱི་ལའི་མཇུག་ཏོས་རོ་ཙ་མཆོག །ཁ་འདར་མ་ཡི་མཚན་མས་ཐེའུ་གདོན་སྲུང༌། །ཁྱི་ར་མོ་ཡི་མཚན་ཤ་ཚིལ་དགའ་སྦྱིན། །གཡག་ལུག་ར་གླང་རྟ་བོང་ཤ་གནའ་དགོ། །གཉན་གླ་གཙོད་རྐྱང་རྣམས་ཀྱི་ཐུག་འབྲས་ནི། །མ་རུལ་མ་སུང་རང་རིགས་འོ་མར་འཚོད། །རོ་ཙ་མཁལ་མ་ད་རྒན་རྐེད་སྒུར་དང༌། །དྲི་ཆུ་སྲི་བསྡམ་རླུགས་སོགས་མཁལ་ནད་རིགས། །བཅོས་རྡུགས་འཚོ་དཀའ་མ་ལུས་གསོ་བར་ནུས།།

 

བཅོ་ལྔ་པ།  རུས་པའི་སྨན་གྱི་ནུས་པ་བསྟན་པ།

བཅོ་ལྔ་རུས་པའི་ནུས་པ་བསྟན་པ་ནི། །མི་ཡི་དུར་ཐོད་མགོ་ཚད་ཆུ་སེར་སྐེམ། །སོག་ཐལ་ཚད་རྙིང་ལུས་ལ་ཞེན་པ་འགོག །མི་རུས་རྨ་གསོ་བཙའ་མས་ནད་རྣམས་འཁྲུ། །མི་རུས་གང་རུང་ཐལ་བས་རྨ་འབྲས་གཅོད། །ཟུང་བསྲེགས་ཐལ་བས་མཚོན་དང་འབྱུང་པོ་སྲུང༌། །ཐོག་བསད་རུས་དང་རྒྱུ་གཟེར་ཤི་ཐོད་ཀྱི་ས། །རྒྱུ་གཟེར་དམར་བཤལ་འཇོམས་ནུས་གྲིར་ཤི་བའི། །དཔྱི་རུས་ལྷོག་པ་རྐང་མགོས་འབྲུམ་སྐྲངས་འདུལ། །འབྲུམ་ནག་རང་ཤིའི་ཐོད་པས་འབྲུམ་ལོག་འབྱིན། །འབྲུག་རུས་རུལ་གཅོད་རྨ་འདྲུབ་རྨེན་པ་བཞུ། །མགོ་གཟེར་རུས་གཟེར་རྒྱུ་གཟེར་འཇོམས་པའི་མཆོག །འབྲུག་གཟིག་རུས་པས་ཁྱི་རྨ་ལྷོག་ཐབས་འཇོམས། །ལུག་རུས་རླུང་ནད་མཇུག་ཆུང་མཁལ་རྐེད་ཕན། །ལུག་ཐོད་མོ་ནད་རུས་ཀུན་རླུང་ཚབས་སེལ། །སྲེ་ལོང་སོག་དཀར་མཇུག་ཆུང་རླུང་ཆེན་གནོན། །མགོ་རུས་སྲིན་སེལ་སེར་རུས་ཆུ་འགགས་འབིགས། །ར་ཡི་རུས་པས་མདེའུ་དང་རུས་འཛེར་འགོག །ར་ཡི་དཔྱི་རུས་ཐལ་བས་གག་པ་དང༌། །ཝ་གདོང་ཆུ་འབྱེད་སྤྲེའུ་རུས་བུ་འབྱིན་ནུས། །ཉ་སྲམ་སོ་བྱའི་རུས་པས་དམུ་ཆུ་སྐེམ། །ཁྲུང་ཁྲུང་བྱ་རྒོད་རྔ་མོས་ཆུ་འགགས་སེལ། །བྱི་ལའི་རུས་པས་མཚན་བར་རྡོལ་བ་སེལ། །བྱ་མ་བྱི་རུས་བུ་འབྱིན་རྩ་ནད་སྦྱོང༌། །བཤུལ་ཆགས་ཆུ་སེར་ཟེར་མོས་ཁྲག་ཤོར་གཅོད། །འབྲོང་རུས་དྲོད་སྐྱེད་སྟག་རུས་ལྷ་བ་འཇུག །སྟག་གཟིག་རུས་པའི་ཐལ་བས་སྐྲན་ལ་བརྐོ། །ཕག་ཐོད་དམུ་ཆུ་ཕག་རུས་སྨུག་པོ་སེལ། །སྤྲེ་རུས་གག་ལྷོག་རུས་སྦལ་མཛེ་ལ་ཕན། །འབུ་སྐྱོགས་དུང་འདྲས་སྲིན་སེལ་དམུ་ཆུ་སྐེམ། །འགྲོན་ཐལ་ཁྲག་གཅོད་འགྲིལ་བཤིག་རྣག་ཆུ་སྐེམ། །པིར་གྱི་རུས་པས་བྱིས་གདོན་ཆུང་སྲི་ཐུབ། །རུས་པ་སྣ་ཚོགས་ཞུན་མར་རྔོ་ཤུ་སེལ།།

 

བཅུ་དྲུག་པ།  རྐང་མར་སྨན་གྱི་ནུས་པ་བསྟན་པ།

བཅུ་དྲུག་རྐང་མར་ནུས་པ་བསྟན་པ་ནི། །འབྲོང་གི་རྐང་མར་བྱུགས་པས་རྨ་ལ་ཕན། །ཕག་རྐང་སྐྲ་དང་སྨིན་མ་བྱི་བ་སྐྱེད། །མི་ཡི་རྐང་བྱུགས་རེག་བྱ་ཚོར་བར་བྱེད། །རྨིག་ཟླུམ་རྐང་གིས་ཤུ་བ་ཟ་ཀོང་འཇོམས། །རྐང་རིགས་གང་བྱུང་ཡན་ལག་རེངས་འཁུམ་མཉེན།།

 

བཅུ་བདུན་པ།  ཀླད་པའི་སྨན་གྱི་ནུས་པ་བསྟན་པ།

བཅུ་བདུན་ཀླད་པའི་ནུས་པ་བསྟན་པ་ནི། །མི་ཀླད་སྐྲངས་འཇོམས་ཆུ་སེར་འཇིབས་པ་དང༌། །དུར་ཀླད་ལོ་ལོན་འབྲས་ལ་བྱུགས་པས་འཇིག། །གཟུགས་མོ་ཁྱི་གུའི་ཀླད་པས་ཀླད་འཛག་གཅོད། །དོམ་དང་རྩངས་པའི་ཀླད་པས་མགོ་རྨ་གསོ། །དེ་ཕོ་ཕུག་རོན་མཆིལ་ཀླད་རོ་ཙ་བྱེད། །ཏེ་ལོའི་ཀླད་པས་སྦྱར་དུག་སྙིང་བབས་སེལ། །ཝ་ཀླད་རྩ་སྡོམ་ཉ་ཀླད་མོ་ཆགས་སྐྱེད། །གོ་བོས་རྣག་སྐེམ་ར་ཀླད་ཆུ་རྒྱུས་གསོ། །ཁྱི་ཡི་ཀླད་པས་ཕྱི་འགྲིབ་མིག་ལ་ཕན། །ལུག་གི་ཀླད་པས་མགོ་འཁོར་འཚོ་འཁྱོམ་གསོ། །རི་དྭགས་འཁྲུ་གཅོད་རི་བོང་རྒྱུ་གཟེར་འཇོམས། །གང་རུང་ཀླད་རུལ་རྨེན་བུ་ལྟེ་འཁོར་ཕན། །མཛོ་དྲེའུ་ཕོ་བརྒྱུངས་སྲིད་པ་སྐེམ་ཞིང་སྡོམ།།

 

བཅོ་བརྒྱད་པ།  ཚིལ་བུའི་སྨན་གྱི་ནུས་པ་བསྟན་པ།

བཅོ་བརྒྱད་ཚིལ་བུའི་ནུས་པ་བསྟན་པ་ནི། །ཤ་ཚིལ་སྲིན་ནད་འབྱིན་འཇོམས་དུག་ནད་སྲུང༌། །སྦྲུལ་ཚིལ་མདེའུ་འབྱིན་རྒྱ་ཚིལ་མཛེ་ལ་ཕན། །ཕག་ཚིལ་དུག་སྡུད་ཆུ་སེར་ཤུ་ཐོར་འཇོམས། །ར་ཚིལ་སྲིན་དང་རེག་དུག་རྨ་ལ་ཕན། །རྟ་བོང་ཚིལ་གྱིས་ཟ་ཕྲུག་གླང་ཤུ་སེལ། །འཕྱི་གྲུམ་ཚིལ་གྱིས་གྲང་རླུང་ཉྭ་སྐྲངས་འཇོམས། །བཤུལ་ཆགས་ཚིལ་གྱིས་རྔོ་ཤུ་ཟ་ཕྲུག་སེལ།།

 

བཅུ་དགུ་པ།  ཁྲག་གི་སྨན་གྱི་ཕན་ཡོན་བསྟན་པ།

བཅུ་དྲུག་ཁྲག་གི་ཕན་ཡོན་བསྟན་པ་ནི། །ཕག་ཁྲག་དུག་དང་སྨུག་པོ་བྱེར་བ་སྡུད། །གླང་དང་བ་སེར་ཁྲག་ཀྱང་དུག་བྱེར་སྡུད། །གཡག་རྒོད་མཛོ་ཡི་ཁོང་ཁྲག་བོང་མཇུག་ཁྲག །ར་རྒྱ་ཁྱི་སེར་སྣ་ཁྲག་རྨ་ལ་ཕན། །ཕག་ནག་སྣ་ཁྲག་ར་རོག་གཉའ་ཁྲག་གིས། །ཡན་ལག་ཚིགས་ཀྱི་ཆུ་སེར་སྡོམ་པར་བྱེད། །ཤ་བའི་ཁྲག་གིས་སྲིན་གསོད་ཟླ་མཚན་གཅོད། །བྱ་ཕོའི་ཟེ་ཁྲག་ཤ་གསོ་ལྷ་བ་འཛིན། །པད་མའི་རྡུལ་འབེབས་ཨོག་ཞོལ་ཁྲག་གིས་བསྡམས། །མཚན་ལྡན་པད་རཀ་དང་པོས་གདོན་མཚོན་སྲུང༌། །ནད་མེད་པད་རཀ་རྒྱུ་གཟེར་ཁྲག་བཤལ་གསོ། །རྩ་སྡོམ་རྨ་གསོ་ཤ་འུ་སྐྱེད་པར་བྱེད། །བོང་ཁྲག་གྲུམ་བུ་ཚིགས་ཀྱི་ཆུ་སེར་སེལ། །ར་ཡི་ཁྲག་གིས་རེག་དུག་འབྲུམ་ནག་སེལ། །གཙོད་དང་གཡག་རྒོད་ཁྲག་གིས་འཁྲུ་བ་གཅོད། །མི་ཁྱིས་མཛེ་འཇོམས་བྱ་རོག་སྟེང་གདོན་སྲུང༌། །གཟུགས་མོའི་ཁྲག་གིས་སྨིན་མ་བྱི་བ་སྐྱེ། །གནའ་བའི་ཁྲག་གིས་ཆང་ནད་སྲུང་བར་བྱེད། །གླང་དམར་ཐུག་པོའི་གསོན་ཁྲག་དྲོན་མོ་ཡིས། །དུག་ནད་རྩ་ཡི་འབྲོས་འཕྲང་སྡོམ་པར་བྱེད། །རྟ་ཕོ་གྲུག་ཕྲོམ་རྐན་ཁྲག་རྨ་ལ་ཕན། །སྣ་ཁྲག་རང་ལོག་ཁྲག་གཅོད་རྩ་སྒོ་སྡོམ།།

 

ཉི་ཤུ་པ།  ཤའི་སྨན་གྱི་ནུས་པ་བསྟན་པ།

ཉི་ཤུ་ཤ་ཡི་ནུས་པ་བསྟན་པ་ནི། །མི་ཤས་འབྲས་འདུལ་གཉན་དུག་རླུང་གདོན་འཇོམས། །མི་རྒོད་སེང་གེ་སྟག་གཟིག་དོམ་ར་རྒོད། །ཕག་རྒོད་ཁ་ཤ་སྨྱུག་སྟག་གཡི་གོ་བོ། །གླང་ཆེན་གུང་དང་བྱ་རྒོད་པུ་ཤུད་དང༌། །བྱ་རོག་ཁྭ་ཏའི་ཤ་རྣམས་གདོན་ནད་སེལ། །གསེར་སྦྲུལ་གཉན་འཇོམས་རོ་ཙ་ཤ་རྒྱས་བྱེད། །ལྕགས་སྦྲུལ་མིག་ཕན་གཡུ་སྦྲུལ་འགྲིལ་བ་བཤིག །སྨན་སྦྲུལ་སོགས་གང་ཤ་སྐྱེད་འགགས་འབྱིན་དྲོ། །ཐག་སྦྲུལ་སྲིད་སྲུང་མིག་དང་དབང་པོར་གནོད། །སྲེ་མོང་ཤ་ཡིས་ཤ་ལས་སྦྱར་དུག་དང༌། །ལྷོག་འདུལ་སྲིན་བྱའི་ཤ་ཡིས་གདོན་ལ་ཕན། །བྱ་རྒོད་གོ་བོས་དྲོད་སྐྱེད་ལྦ་བ་འཇིག །ད་བྱིད་རྩངས་པ་ནས་ཟན་མཆིལ་པ་དང༌། །ཉ་སྲམ་རྨིགས་བུ་ནགས་སྦལ་དེ་ཕོ་རྣམས། །རོ་ཙ་མཁལ་ནད་གྲང་བ་ཅན་ལ་ཕན། །བྱ་ཝང་སྐྱུགས་གཅོད་ངུར་པས་ཉྭ་ལོག་འཇོམས། །ཆུ་བྱི་སྦ་བྱི་ཤ་ཡིས་ཤ་དུག་སེལ། །རྨིགས་པས་སྲིན་ནད་དུག་སེལ་རོ་ཙ་བྱེད། །རྨ་བྱའི་ཤ་ཡིས་མཁྲིས་པ་དུག་ནད་སེལ། །རྒོད་གཡག་ཤ་རུས་རླུང་སེལ་དམུ་ཆུ་སྐེམ། །འཕྱི་བའི་ཤ་ཡིས་གྲང་རླུང་མོ་ནད་སེལ། །སྤྱང་ཀི་བོང་བུས་དྲོད་སྐྱེད་ལུས་ཟུངས་འཕེལ། །དྲེད་ཤས་རླུང་འཇོམས་ཁྱི་ཤས་གྲང་ཆུ་སྐེམ། །སྦྲུལ་གྱི་སྟོད་ཤས་མཆིན་མཁྲིས་སྦྱར་དུག་འཇོམས། །རྟ་དང་རྐྱང་ཤས་རླུང་ནད་གྲང་བ་སེལ། །སྦལ་ཤས་ལྷོག་རིགས་ཤ་ཁུས་ལྕེ་སྐྲངས་འཇོམས། །སོ་བྱའི་ཤ་ཡིས་གདོན་སེལ་ཆུ་འགགས་འབྱིན། །སྐྱར་མོའི་ཤ་ཡིས་ཉྭ་ཤར་སྦྱར་དུག་སེལ། །དོམ་ཤས་ཚད་པ་བ་ལང་མཁྲིས་ཚད་སེལ། །གྲུམ་པ་ཏི་ལོ་སྲེ་མོང་གསུམ་གྱི་ཤས། །གདོན་ནད་སེལ་དང་ཆུ་སེར་སྐེམ་པར་བྱེད། །འབྲི་གཡག་ཤ་དྲོ་རླུང་སེལ་ཚད་པར་གནོད། །ལུག་ཤ་དྲོ་ཡང་བད་ཀན་སེལ་བ་ཡིན། །ར་ཤ་ཕག་ཤ་བསིལ་ལྕི་ཚད་འབྲས་འཇོམས། །ཁ་ཤ་ཤ་བ་རྒྱ་གཉན་གཅོད་གནའ་བ། །གླ་བ་ལ་སོགས་རི་དྭགས་ཕལ་ཆེར་སྙོམས། །མ་ཧེ་བ་མན་ཤ་ནི་བཅུད་དང་ལྡན། །རི་བོང་རྨ་བྱེར་བ་ཡིས་རུས་འཛེར་འགོག །རྔེ་འུ་སྐྱེས་འཕྲལ་ཤི་ཤས་ཤ་འུ་སྐྱེད། །ཉ་ཤས་རྣག་འཁྱིལ་བརྡལ་དང་བད་མཁྲིས་སེལ། །འབྲས་བཤིག་རྨ་སྐྲན་དྲེག་དང་མོ་ནད་སེལ། །སྲེ་མོང་ཤ་ཡིས་ཁ་ནད་སྦྱར་དུག་སེལ། །གོང་མོས་རོ་ཙ་ཆུ་སེར་མོ་ནད་སེལ། །འུག་པས་གདོན་སེལ་རྨ་ནད་གྲ་ཁྲོས་འཇོམས། །བྱ་མ་བྱེ་འུས་མོ་ནད་གནད་ནད་སེལ། །བྱ་མོ་ནག་མོའི་ཤ་ཡིས་སྦྱར་དུག་སེལ། །ཁྲ་གླག་ཤ་ནི་བཅུད་ལྡན་འབྱུང་གདོན་འདུལ། །འོལ་བ་དེ་དང་ཕྱོགས་མཐུན་རོ་ཙ་ནུས། །སྦ་བྱི་ཟེར་མོ་ཁུ་བྱུག་ཤིང་རྟ་དང༌། །ཕུ་དིག་ནེ་ཙོ་ཁྱིམ་བྱ་གོང་མ་སྲེག །འཇོལ་མོ་མཆིལ་པ་ལ་སོགས་བྱིའུ་སྣ་ཚོགས། །ཤ་ཡིས་ལུས་ཡང་རྩལ་སྟོབས་ཤུ་ཀྲ་སྐྱེད། །ཁྲུང་ཁྲུང་ངུར་པ་དཀར་སེར་ཆུ་སྐྱར་མོ། །ཆུ་བྱ་ཕལ་ཆེར་ཤ་ནི་བསིལ་བ་ཡིན།།

 

ཉེར་གཅིག་པ།  པགས་པའི་སྨན་གྱི་ནུས་པ་བསྟན་པ།

ཉེར་གཅིག་པགས་པའི་ནུས་པ་བསྟན་པ་ནི། །གླང་ཆེན་བསེ་ཀོས་འབྲུམ་ནག་ནད་ལ་ཕན། །སྦྲུལ་ལྤགས་ཤ་བཀྲ་གླང་ཤུ་ཤ་མ་འབྱིན། །བྱི་ལའི་པགས་པས་གཞང་འབྲུམ་ནད་ལ་ཕན། །བྱི་བའི་པགས་རློན་རྣག་སྣ་འདྲེན་པར་བྱེད། །ར་པགས་རློན་པས་སྲིན་དང་རེག་དུག་སེལ། །སྒྲོ་སེར་གླེགས་ཐག་རྙིང་པས་སྣ་ཁྲག་གཅོད། །ལུག་རྫིའི་ལྷམ་ཀྲད་བྱིས་གདོན་བྱ་འདྲེ་འདུལ། །འབྲུམ་སྐོགས་འབྲུམ་པ་ཁོང་ལོག་ཕྱི་ལ་འབྱིན།།

 

ཉེར་གཉིས་པ།  སྤུའི་སྨན་གྱི་ནུས་པ་བསྟན་པ།

ཉེར་གཉིས་སྤུ་ཡི་ནུས་པ་བསྟན་པ་ནི། །མི་ཡི་སྐྲ་གཞོབ་རྣག་ཁྲག་ཆུ་སེར་གཅོད། །ཕོ་རྨོངས་མོ་ཡི་སྤྱི་སྐྲས་བུ་འབྱིན་བྱེད། །མི་ཡི་མཆན་སྤུས་གདོན་དང་དུག་ལ་ཕན། །ཕོ་རྨོངས་མོ་གདོན་གཙོར་གྱུར་གདོན་ཀུན་འཇོམས། །མོ་རྨོངས་དུད་པས་རྟ་བོང་ཁྲག་དུག་འཇོམས། །ཁྱི་ཡི་རྨོངས་སྤུས་ཁ་ནད་རྣག་ཆུ་སྐེམ། །ར་ཐུག་རྨོངས་སྤུས་ལྷོག་འཇོམས་ཐེའུ་རང་སྲུང༌། །སྟག་གསོན་སྨ་རས་དུག་སེལ་སྟག་གཟིག་སྤུས། །སྣ་ཁྲག་གཅོད་ཅིང་སྟག་དང་གཡི་སྤྱང་སྤུས། །མགོ་དང་ལུས་ཀྱི་གཟེར་ཀུན་འཇོམས་པར་བྱེད། །སྲེ་མོང་སྨ་རས་བྱ་ཤར་སྦྱར་དུག་འཇོམས། །རི་བོང་གསོན་པོའི་སྨ་ར་ནད་པ་ཡི། །མུར་འགྲམ་སྐྲ་ཡིས་སྦྱར་དུག་རྟོགས་པར་བྱེད། །ཁྱི་དང་སོ་བྱའི་སྤུ་གཞོབ་ལྷོག་སྐྲངས་གནོན། །རྔ་མོང་ཤ་བ་ར་སྤུས་རྨ་རེབ་འདུལ། །ཁྱི་དོམ་མཇུག་སྤུ་གཡག་ཐུག་དཔུང་རྩིད་དང༌། །ལུག་ཐུག་ནག་པོའི་སོག་བལ་མོ་གདོན་སྲུང༌། །ཁྱི་ནག་མཇུག་སྤུ་གླང་ནག་རྨོངས་པའི་སྤུ། །ར་རོག་ལྐོག་མའི་སྤུ་ཡིས་རྨ་ལ་ཕན། །ར་དཀར་སྤུ་ཡིས་གདོན་སྲུང་ཆུ་བུར་འཇོམས། །ར་སྔོན་ཨོག་ཚོམ་དམུ་ཆུའི་ནད་བདག་སྐྲོད། །གནའ་ཐུག་སྤུ་ཡིས་དུག་སེལ་ཆུ་རྣག་སྐེམ། །གནའ་བའི་མཇུག་སྤུས་ནུ་མའི་ནད་ཚབས་སེལ། །ལུག་ཐོང་དང་བལ་ཚིག་ཁུས་རླུང་ཚད་འབྱེད། །ཁྱི་སྤུས་སྲིན་འཇོམས་ར་བལ་ཤ་འུ་སྐྱེད། །བྱ་རོག་མཇུག་སྤུས་རྨ་གསོ་སྐྱར་མོའི་སྤུའི། །གཞོབ་ཀྱིས་སྐྲངས་པ་རྣག་ཏུ་འགུགས་པར་བྱེད།།

 

ཉེར་གསུམ་པ།  སྒྲོའི་སྨན་གྱི་ནུས་པ་བསྟན་པ།

ཉེར་གསུམ་སྒྲོ་ཡི་ནུས་པ་བསྟན་པ་ནི། །རྨ་བྱའི་མདོངས་ཀྱི་སྤུ་དུགས་གློ་རྣག་སེལ། །གཟུགས་མོ་བྱི་ཐུར་དེ་དང་མཚུངས་པ་ཡིན། །འུག་སྒྲོས་དམུ་ཆུ་སྐེམ་ལ་གློ་རྣག་འདྲེན། །སོ་བྱའི་མཇུག་སྒྲོས་དྲི་ཆུ་འགགས་པ་འབྱིན། །གོ་སྒྲོས་གདོན་འཇོམས་ཆུ་རྣམས་སྐེམ་པར་བྱེད། །གཟུགས་མོ་པུ་ཤུད་བྱ་རོག་སྒྲོས་གདོན་འཇོམས། །འུག་སྤུར་བྱ་རོག་ཁྭ་ཏའི་སྒྲོས་ཀུན་སྒྲིབ། །ཁྲ་དང་གོང་མོའི་མཇུག་སྒྲོས་མོ་ནད་སེལ། །ཕུག་རོན་བྱ་སྦབ་སྒྲོ་ཡིས་གློ་ནད་སེལ། །སྲིན་བྱས་འབྱུང་གདོན་བྱ་ལེབ་མངལ་ནད་འབྱིན།།

 

ཉེར་བཞི་པ།  སེན་མོའི་སྨན་གྱི་ནུས་པ་བསྟན་པ།

ཉེར་བཞི་སེན་མོའི་ནུས་པ་བསྟན་པ་ནི། །ཆུ་སྲིན་སྡེར་མོས་རུས་པའི་ཚད་པ་སེལ། །བོང་རྨིག་ཆུ་འགགས་རྟ་རྨིག་སྐྲན་ནད་སེལ། །ཁྱུང་སེན་ཀླུ་ནད་རྟ་བོན་ཉྭ་ལོག་འཇོམས། །རྟ་དཀར་རྨིག་པས་སྨེ་བ་པགས་ནད་སེལ། །བྱ་ཕོའི་ཕྱི་སྡེར་མངལ་ནད་ཁྲག་ཚབས་སེལ།།

 

ཉེར་ལྔ་པ།  སློའི་སྨན་གྱི་ནུས་པ་བསྟན་པ།

ཉེར་ལྔ་སློ་ཡི་ནུས་པ་བསྟན་པ་ནི། །ཤ་བའི་སློ་ལུམས་སྲིན་གྱི་ནད་ལ་ཕན། །གླང་ཆེན་སློ་ཡིས་ཕྱུགས་ཀྱི་ནད་ཀུན་སྲུང༌། །ར་ཡི་སློ་ལུམས་རྒྱུ་བའི་སོ་དུག་འཇོམས། །ལུག་གི་སློ་ལུམས་བྱིས་པའི་གྲང་སེར་བསྲོ། །གང་རུང་སློ་ལུམས་ཆུ་བ་རྒྱུས་པའི་ནད། །རྩ་དཀར་ནད་དང་བྱིས་པའི་མཆིན་བབས་སེལ།།

 

ཉེར་དྲུག་པ།  བྲུན་གྱི་སྨན་གྱི་ནུས་པ་བསྟན་པ།

ཉེར་དྲུག་བྲུན་གྱི་ནུས་པ་བསྟན་པ་ནི། །དྲི་ཆེན་གདོན་སྐྲངས་དུག་སེལ་སྐྲན་ནད་སེལ། །ཕྱ་ཚན་རོ་ཚན་གསུམ་གསུམ་དུག་ནད་འཇོམས། །གོ་བོ་བྱ་རྒོད་བྲུན་གྱིས་དྲོད་སྐྱེད་ལ། །སྐྲན་བཤིག་ལྷེན་དང་ལྕགས་དྲེག་འགོག་པར་བྱེད། །སྐྲངས་པ་འཇོམས་དང་རྣག་ཏུ་འགུགས་པར་བྱེད། །ཕག་བྲུན་མ་ཞུ་གཉན་རིམས་མཁྲིས་སྐྲན་འཇོམས། །རྟ་སྦངས་སྲིན་སེལ་མཁྲིས་རླུང་སྐྱུགས་པ་གཅོད། །བོང་ནག་སྦངས་ཀྱིས་རྨ་ལ་ཕན་པར་བྱེད། །ཁྲ་དང་ཕུག་རོན་སྐྱག་བྲུན་སྐྲངས་རྣག་འགུགས། །ཝ་བྱི་འུག་བྲུན་གདོན་དང་སྨྱོ་བྱེད་འཇོམས། །བྱ་རྒོད་བྱ་ཝང་གཟུགས་མོས་གདོན་ཀུན་སྲུང༌། །མཚལ་ལུའི་བྲུན་གྱི་ལྡེ་གུས་མིག་ལ་ཕན། །ནས་ཟན་བྲུན་གྱིས་སྐྱིགས་བུ་འཇོམས་པར་བྱེད། །སྲམ་བྲུན་དམུ་ཆུ་སྐེམ་དང་མངལ་ནད་འབྱིན། །བྱ་བྲུན་བྱི་བྲུན་ཆང་བཙོས་རྣག་སྣ་འདྲེན། །ཁྱི་སྤྱང་གོང་བྲུན་གདོན་འཇོམས་སྐྲངས་པ་ཞི། །སྤྲེ་བྲུན་སྐྲངས་འཇོམས་རི་བོང་དམུ་ཆུ་སྦྱོང༌། །བ་སེར་ལྕི་བ་སར་མ་ལྷུང་བ་ཡིས། །གྱུར་དུག་ལ་ཕན་བ་གསར་ལྕི་བ་ཡིས། །དབུགས་མི་བདེར་ཕན་ཆུ་སེར་ཤུ་ཐོར་སེལ། །ལུག་རིལ་ལུམས་ཀྱིས་ཡན་ལག་ཆུ་སེར་འཇོམས། །ར་རིལ་ལུམས་ཀྱིས་མཛེ་དང་དུག་ལ་ཕན། །གླ་རིལ་ལུམས་ཀྱིས་རྩ་ནད་སྤྱི་དང་ནི། །ཚ་བ་གབ་པའི་གཟེར་རིགས་ཀླད་བབ་དང༌། །བྱང་ཁོག་རྨ་ལ་ཕན་པར་བྱེད་པ་ཡིན། །རྒྱ་ཚིལ་རེག་དུག་གླང་ཤུ་གཉན་ལྷོག་འཇོམས། །ཤིང་སྲིན་བྲུན་གྱིས་སྲིན་གྱི་ནད་ལ་ཕན། །ཁུག་རྟའི་བྲུན་གྱིས་རྩ་སྦྱོང་དར་བཤལ་འཇོམས། །གསེབ་སྔོན་སྦངས་ཀྱིས་ཁྱི་སྨྱོན་ནད་ལ་ཕན། །རྨ་བྱའི་བྲུན་གྱིས་གཉན་ནད་ཞི་བར་བྱེད། །ཤ་ཟའི་བྱ་རིགས་བྲུན་གྱིས་གདོན་སྐྲངས་འཇོམས། །འབྲུ་ཟན་བྱ་རིགས་བྲུན་གྱིས་གྲང་སྐྲངས་འཇོམས། །རི་དྭགས་རྩྭ་ཟན་བྲུན་གྱིས་ཚ་སྐྲངས་འཇོམས། །བ་མཛོ་ལ་སོགས་ཕྱུགས་ཀྱི་ལྕི་བ་ཡིས། །ཡན་ལག་ན་དང་རེངས་འཁུམས་དག་ལ་ཕན། །ཚ་སེལ་ཆུ་གྲང་གྲང་སེལ་ཆང་རུང་ཁུའི། །རྟར་སྦྱར་ཚ་གྲང་གང་འོས་གཏོང་བྱུག་བྱ།།

 

ཉེར་བདུན་པ།  དྲི་ཆུའི་སྨན་གྱི་ནུས་པ་བསྟན་པ།

ཉེར་བདུན་དྲི་ཆུའི་ནུས་པ་བསྟན་པ་ནི། །ཨོ་ཀྲོའི་རྟ་ཡིས་གཉན་རིམས་དུག་ཚད་གདོན། །ནད་རྙིང་རུས་ཞེན་དབུགས་མི་བདེ་བ་སེལ། །མི་ཡི་དྲི་ཆུ་དྲོན་མོས་ཁ་ནད་སེལ། །དྲི་ཆུ་གྲང་མོས་མིག་ནད་སེལ་བར་བྱེད། །དྲི་ཆུ་བར་མས་དུག་དང་གཉན་སྲིན་སེལ། །རིམས་སོགས་འགོ་བའི་ནད་སྲུང་རྨ་གསར་འདུལ། །སྤྲེའུ་དང་བྱ་རྒོད་དྲི་ཆུས་གདོན་ལ་ཕན། །བ་ཆུས་ཆུ་སེར་ཚད་རྙིང་སྦྱོང་བར་བྱེད། །ར་ཐུག་བོང་གསེབ་ཆུ་ཡིས་སྣ་ནད་སེལ། །ཁྱི་ཐུག་སྦྲེ་ཆུས་ཁ་ཡི་རུལ་རྡོལ་གཅོད། །ཝ་ཡི་གཅིན་གྱིས་གདོན་དང་སྨྱོ་བྱེད་སེལ། །བདུད་རྩི་སྨུག་པོས་ཀླད་པ་འཛག་པ་གཅོད། །ཆུ་ངན་མེ་དབལ་ནད་དང་རྨ་རིགས་འཚོ། །ན་ར་ཥྐ་ར་མིའི་དྲི་ཆུ་ཨ་ཤྭ་ཥྐ་ར་རྟའི་དྲི་ཆུ་དང༌། །གཽ་བཥྐ་རས་བ་ལང་གི་དྲི་ཆུ་དངུལ་ཆུའི་དུག་གཡའ་འཁྲུད། །བྱང་སེམས་དཀར་དམར་ཚད་ལྡན་བཅུད་ལེན་མཆོག །ཐིག་ལེ་འཛག་སྡོམ་རྨ་དང་དམུ་ཆུར་ཕན།།

 

ཉེར་བརྒྱད་པ།  འོ་མའི་སྨན་གྱི་ནུས་པ་བསྟན་པ།

ཉེར་བརྒྱད་འོ་མའི་ནུས་པ་བསྟན་པ་ལ།  །འོ་མ་ཞོ་མར་གསུམ་ཡིན་དང་པོ་ལ།།

 

དང་པོ། འོ་མ།

སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་སྤྱིར། །འོ་མ་རོ་དང་ཞུ་རྗེས་མངར་ཞིང་སྣུམ། །མདངས་སྐྱེད་ལུས་ཟུངས་ས་བོན་འཕེལ་བར་བྱེད། །བད་ཀན་སྐྱེད་ལྕི་བསིལ་བས་རླུང་མཁྲིས་སེལ། །བཞོས་ཐོག་འོ་དྲོན་ཟུངས་འཕེལ་བདུད་རྩིར་མཚུངས། །བཞོས་ནས་ཞག་གཅིག་ལོན་པ་འོ་རློན་ཞེས། །གྲང་མོ་ལྕི་བསིལ་སྲིན་དང་བད་ཀན་སྐྱེད། །བསྐོལ་ན་ཡང་དྲོ་བསྡུས་ན་འཇུ་དཀའ་ལྕི། །མར་བཏོན་འོ་མ་ཤང་མ་རྩུབ་ལ་བསིལ།།

 

གཉིས་པ་བྱེ་བྲག་བ་ཡི་འོ་མས་ནི། །འཚོ་བྱེད་བཅུད་ལེན་གློ་རྡོལ་གློ་གཅོང་འཚོ། །ཁྲག་མཁྲིས་རིམས་རྙིང་གཅིན་སྙི་དབུགས་མི་བདེ། །ལུད་པ་བཀྲེས་སྐོམ་ངལ་དང་མགོ་འཁོར་མྱོས། །དཔལ་ཉམས་ལ་ཕན་སྟོབས་དང་ནུ་ཞོ་སྐྱེད། །འབྲི་འོས་རླུང་འཇོམས་བད་མཁྲིས་ནད་ལ་གནོད། །མཛོ་མོའི་འོ་མ་སྙོམས་པས་ཀུན་ལ་འཕྲོད། །མ་ཧེའི་འོ་མ་རབ་ཏུ་ལྕི་ལ་བསིལ། །འཇུ་བ་དྲག་དང་གཉིད་མེད་པ་ལ་ཕན། །རྔ་མོའི་འོ་མ་ཅུང་ཟད་རྩུབ་ལ་དྲོ། །ལན་ཚྭ་བྲོ་ཆེ་ཡང་སྟེ་རླུང་དང་ནི། །བད་ཀན་ལྟོ་སྦོས་སྲིན་འོར་དམུ་ཆུ་དང༌། །གཞང་པའི་ནད་ལ་ཕན་པར་བྱེད་པ་ཡིན། །ལུག་འོས་རླུང་འཇོམས་སྙིང་ནད་བད་མཁྲིས་སྐྱེད། །དབུགས་མི་བདེ་དང་སྲིན་ནད་བད་ཀན་སྐྱེད། །ར་ཡིས་ཆུ་ཉུང་འཐུངས་པས་འོ་མ་རྒོད། །ཁ་ཞིང་ཚ་བ་ཟོས་པས་ཡང་ལ་བསིལ། །སྐོམ་དང་རིམས་དང་དབུགས་མི་བདེ་བ་དང༌། །ཁྲག་དང་མཁྲིས་པ་ཚད་པའི་ནད་ལ་ཕན། །རྟ་བོང་འོ་མ་ཚ་སྐྱུར་ལན་ཚྭ་བྲོ། །གློ་གསོ་ཡན་ལག་རླུང་སེལ་རྨོངས་པར་བྱེད། །བ་ལང་མོ་ཡི་འོ་མས་རབ་བརྟན་བྱེད། །མི་ཡི་འོ་མས་རླུང་མཁྲིས་ཁྲག་ལ་ཕན། །ཚིམ་པར་བྱེད་ལ་སྣར་བླུགས་སྣ་ནད་དང༌། །མིག་བླུགས་སྣད་པའི་ནད་སོགས་མིག་ལ་ཕན། །རྨར་བཏབ་རྨ་གསོ་བསྐོལ་བཏུང་རོ་ཙ་སྐྱེད།།

 

གཉིས་པ།  ཞོ།

གཉིས་པ་ཞོ་ནི་མར་བཏོན་ཤང་མའམ། །ཞོ་སྐྱས་མ་སྙོམས་ཆམ་རིམས་འགྲམ་དང་ནི། །འཁྲུགས་སེལ་འཁྲུ་གཅོད་རླུང་ལ་ཅུང་ཟད་གནོད། །ཞོ་དྲོན་དཔྱིད་དང་དེ་བཞིན་སོས་ཀ་དང༌། །སྟོན་དུས་མཚན་མོ་དུག་དང་འདྲ་བར་བལྟ། །གལ་ཏེ་བཏུང་ན་མར་དང་ཤ་ཀ་ར། །སྦྲང་རྩི་སྐྱུ་རུ་ར་མེད་བཏུང་བ་མིན། །རྟག་ཏུ་མ་ཡིན་མ་ལངས་ཉལ་དུས་མིན། །དེ་ལྟར་མི་བསྟེན་རིམས་དང་ཁྲག་མེ་དབལ། །མཛེ་དང་སྐྱ་རྦབ་མགོ་འཁོར་སྐྱེད་པར་བྱེད། །དར་གསར་བསྐ་སྐྱུར་ཡང་བས་ཕོ་དྲོད་སྐྱེད། །བད་རླུང་སྐྲན་དང་དམུ་རྫིང་གཞང་འབྲུམ་དང༌། །ཕོ་མཆེར་ནད་དང་ཆུ་སྲི་ཡི་ག་འཆུས། །མར་མ་ཞུ་དང་སྦྱར་དུག་སྐྱ་རྦབ་སེལ། །ཞོ་ཡི་ཁ་ཆུ་ནུས་པ་ཤིན་ཏུ་ཡང༌། །ཡོན་ཏན་གོང་མཚུངས་ཁྱད་པར་རྟུག་སྐམ་སླ། །ཅུང་འཁྲུ་རྩ་སྦུབས་འགགས་སེལ་སོ་སྐྱེ་བྱེད། །ཕྲུམ་གསར་སྤྲི་དང་རྒྱ་ཕྲུམ་སྐྱུར་བ་བཞི། །སྟོབས་སྐྱེད་ཁུ་འཕེལ་གཉིད་ཆེ་བད་ཀན་སྐྱེད། །ལྕི་བས་རྟུག་པ་སྐམ་བྱེད་ཉེས་དང་ལྡན། །ཆུར་ཁུས་རླུང་མཁྲིས་མི་སྐྱེད་བད་ཀན་སེལ། །ཞོ་བཙོས་རྟུག་སྐམ་ཚད་པས་འཁྲུ་བ་སེལ། །ཞོ་བཙགས་ཁུ་བས་རྨ་ལ་ཕན་པ་ཡིན། །ཞོ་སྤྲིས་སྟོབས་སྐྱེད་རོ་ཙ་རྩ་ཆད་མཐུད། །ཞོ་རྩབ་འཁྲུ་གཅོད་རླུང་དང་བད་ཀན་སེལ། །དྲོད་སྐྱེད་ཟས་འཇུ་ཡི་ག་འབྱེད་པར་བྱེད། །ཞོ་ཀུན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ། །ལྕི་བས་རླུང་དང་རྟུག་སྐམ་སེལ་བར་བྱེད། །ཡི་ག་འབྱེད་ཅིང་ཁ་ཟས་ལེན་པ་དང༌། །གྲང་བའི་རིམས་དང་མི་སྙོམས་རིམས་ཆམ་པ། །གཅིན་འགགས་འཁྲུ་བའི་ནད་ལ་རྩུབ་པོ་ཕན། །ཚིལ་དང་ཁུ་སྟོབས་བད་ཀན་ཁྲག་མཁྲིས་སྟོབས། །འོར་ནད་རྣམས་ནི་སྐྱེད་པར་བྱེད་པ་ཡིན།།

 

གསུམ་པ།  མར།

གསུམ་པ་མར་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་འཕྲལ་གྱི་མར་གསར་རོ་ཙ་བྱེད། །བསིལ་ཞིང་མདོག་དང་སྟོབས་སྐྱེད་འཁྲུ་བ་གཅོད། །མེ་དྲོད་སྐྱེད་ཅིང་གློ་གཅོང་ལུད་པ་སེལ། །རླུང་མཁྲིས་ཁྲག་དང་གཞང་འབྲུམ་ཚད་པ་སེལ། །ཞུན་མར་བློ་རྣོ་དྲན་གསལ་དྲོད་སྟོབས་སྐྱེད། །ཡིད་གཞུངས་ཚེ་འཕེལ་མིག་གསལ་མདངས་བཟང་ལ། །རྒས་པ་རབ་གཞོན་སྐད་སྙན་བུ་འདོད་འབྱུང༌། །གློ་རྡོལ་སྐོམ་དང་གཅོང་ནད་འབྲས་མཚོན་རྨ། །མེས་ཚིག་རྨ་དང་རླུང་མཁྲིས་སྨྱོ་དང་དུག །དྭངས་མ་ཉམས་དང་རིམས་ནད་ཚད་པ་སེལ། །སྣུམ་གྱི་མཆོག་སྟེ་བསིལ་ཞིང་ན་ཚོད་འཇོག །མར་རྙིང་སྨྱོ་བརྗེད་བརྒྱལ་བྱེད་རྣ་མིག་ཀླད། །ནད་སེལ་འཚོ་བྱེད་རྨ་འབྱོར་མངལ་ནད་སེལ། །བྱེ་བྲག་བ་ཡི་མར་མཆོག་ཀུན་ལ་འཕྲོད། །མཛོ་མར་ར་མར་སྙོམས་བསིལ་རླུང་ཚད་སེལ། །འབྲི་མར་ལུག་མར་རླུང་སེལ་མེ་དྲོད་སྐྱེད།།

 

ཉེར་དགུ།  སྲོག་ཆགས་བུབ་རིལ་གྱི་ནུས་པ་བསྟན་པ།

ཉེར་དགུ་སྲོག་ཆགས་བུབ་རིལ་ནུས་པའི་སྡེ། །སྲིན་བུ་པད་པ་གསོན་པོས་ནད་ཁྲག་འཐུང༌། །སྦུར་ཁྲས་ཁྱི་དུག་སྤྲུ་འབུས་ཁྲག་ཤོར་སྡོམ། །བྱང་པས་རྩ་ཡི་ནད་རྣམས་སྦྱོང་བར་བྱེད། །བསེ་སྦུར་བྱིང་བྱིང་ཐུ་ལུས་གླང་ཐབས་འཇོམས། །ན་བུན་བུ་མོས་ཀླད་པ་འཛག་པ་གཅོད། །སྡིག་སྲིན་ཉྭ་ལོག་མཁལ་ནད་ཆུ་སོགས་འདྲེན། །སྦུར་མགྱོགས་བྱང་པའི་གྲོགས་འཇམ་ཆུ་འགགས་འབིགས། །དེ་བཞིན་ཆ་གའི་མགོ་ཡིས་བྱང་དུག་འཇོམས། །ཉ་མགོ་བུད་མེད་རྩ་ནད་ཚབས་ནད་སེལ། །དེ་ཕོ་ཕུག་རོན་ཀ་ལཎྟ་ཀའི་མགོས། །རོ་ཙ་རེམ་ལ་རྨ་གསོ་རྫས་འགར་མཆོག །མ་མ་མིག་གིས་འཁྲུ་བའི་ནད་ལ་ཕན། །ཚེ་གཅིག་ལུས་གཉིས་གཉན་ནད་འཇོམས་པར་བྱེད། །བྱེ་ལེབ་སེར་ཁྲས་སོ་སྲིན་ཉྭ་ལོག་འཇོམས། །པུ་ཤུད་སྒོ་ངས་རྨ་བྱའི་སྒོང་དུག་སེལ། །ཁྲ་ཡི་སྒོ་ངས་ས་བོན་འཛག་པ་སྲུང༌། །ཅོ་གའི་སྒོ་ངས་རྩ་ཡི་སྤྲ་བསྒྲུབ་གསལ། །གོང་སྲེག་སྒོ་ངས་མི་ལའི་གདོན་ནད་གསོ། །བྱ་ཕོའི་ངར་སྒོང་རོ་ཙ་རྫས་འགར་བཟང༌། །བྱ་མོའི་སྒོ་ངས་ཁུ་འཕེལ་བྱ་ནག་མོའི། །སེར་ཐིག་ལིང་རོ་གཅོད་བྱེད་རྨ་ལའང་ཕན། །སྒོང་སྤྲིས་དཀར་པོས་མིག་ལ་ཕན་པ་ཡིན། །རཀྵ་མིག་མེད་རྩ་འབྱེད་དམུ་ཆུ་སྦྱོང༌།། །།

 

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 9:57 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།