སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་གཉིས་པ། རྡོའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 

 

སྡེ་ཚན་གཉིས་པ། རྡོའི་སྨན་སྡེ་བཤད་པ།

ད་ནི་བར་གྱི་གཉིས་པ་རྡོའི་སྨན་གྱི་སྡེ་ཚན་བཤད་པ་ལ། ཁམས་གཉིས་ལས་དང་པོ་བཞུ་བའི་ཁམས་ཀྱི་རྡོ་རྣམས་བཤད་པ་ནི།

དང་པོ། བཞུ་བའི་ཁམས་ཀྱི་རྡོའི་སྨན་བསྟན་པ།

༡། ཁབ་ལེན།

ཁབ་ལེན་མདེའུ་འབྱིན་ཀླད་རུས་རྩ་ནད་སེལ། །ཞེས་པ་ལ་རིགས་བཞི་སྟེ། འགུགས་བྱེད་དང༌། གཅོད་བྱེད་དང༌། འབིགས་བྱེད་དང༌། སྐོར་བྱེད་དོ། །འདི་ལ་ལྕགས་རྡོ་འདྲ་བའི་རྡོ་སྟེ། སྔོ་ལ་མཁྲེགས་པ་དང༌། ནག་ལ་སྙི་བ་དང༌། འོད་ཅན་འབྲིང་པོ་སོགས་དབྱིབས་དང་ཁ་དོག་སྣ་ཚོགས་ལས་མ་ངེས་ཀྱང༌། བརྡུངས་ན་ལྕགས་ཀྱི་དྲི་མ་མནམ་ཞིང༌། ལྕགས་ཀྱིས་བརྡུངས་པས་ཁ་སོ་བ་སྤུ་ལྟར་སོབ་ཟིང་ཟིང་ལྡང་བ་ཡོད། མཆོག་ནི་རི་རབ་ཀྱི་ལྷོའི་ངོས་ལ་ཁབ་ལེན་གྱི་བྲག་སེང་གེ་འདྲ་བ་ཡོད་པའི་དབང་གིས་ཕྱོགས་བརྟག་འཁོར་ལོའི་སྐོར་ལྕགས་ཁ་བྱང་དུ་བལྟ་བར་འཐེན་ནུས་པ་དེ་ཡིན། དེ་རིགས་རྒྱ་ནག་ཏུ་མཁར་གྱི་ལོགས་སུ་བརྩིགས་པས་ཁྲབ་ཅན་ལེན་བཏུབ་པ་ཡོད་ཅེས་པའི་རྒྱུ་རྒྱ་ནག་ཏུ་མཁར་གྱི་ལོགས་སུ་བརྩིགས་པས་ཁྲབ་ཅན་ལེན་བཏུབ་པ་ཡོད་ཅེས་པའི་རྒྱུ་རྒྱ་ནག་ནས་འབྱུང་བས་ཁབ་ཁྲུ་གང་གི་ས་ནས་ལེན་པ་དང༌། འབྲིང་ནི་མ་ངེས་པ་ནས་འབྱུང་སྟེ། སོར་དོ་དཔག་པ་ཙམ་ནས་ཁབ་ལེན་ལ་རིམ་པས་ཁབ་གཅིག་ལ་གཅིག་མཐུད་བཅུ་ཙམ་ལེན་ནས་གཉིས་པོ་རིམ་པས་བཟང་ངན་དང༌། ཐ་མས་ཁབ་རེག་པས་ལེན་པའོ། །དེ་དག་འགུགས་བྱེད་རིགས་ཡིན་ལ། ཁབ་མ་བླངས་ཀྱང་ངན་པའི་ཁྱབ་པ་མེད་པས། མཁྲེགས་པས་ལྕགས་བཞར་གཅོད་བཏུབ་ཅིང་བཞར་བཞིན་ཕྱེ་མ་འཛིན་པ་གཅོད་བྱེད་དོ།།  ཕྱེ་མ་ཆུར་སྦྱངས་པའི་ལྡེ་གུ་ལྕགས་གད་བདར་བྱས་པའི་མཐིལ་དུ་བླུགས་ལ་ཞག་འགའ་བཞག་པས་ལྕགས་ཕུག་བཏུབ་པ་འབིགས་བྱེད་དོ། །ཁབ་མི་ལོན་ཀྱང་ཁབ་ལ་བསྐོར་བ་བྱས་པས་ཁབ་བསྐོར་བཏུབ་པ་སྐོར་བྱེད་ཟེར་ཡང་མ་ངེས་སོ། །གང་ཡང་ཁོང་དུ་བཏང་བས་ལྕགས་བཞུ་བ་དང་རྨ་ཁར་འབྱར་བྱས་པས་མདེའུ་འབྱིན་པར་བྱེད་དོ།།

 

༢། གསེར་རྡོ། དངུལ་རྡོ།

གསེར་རྡོ་དངུལ་རྡོས་ཆུ་སེར་འདྲེན་པར་བྱེད། །རྩ་ནད་སྦྱངས་ལ་དུག་ནད་འཇོམས་པར་བྱེད། །ཅེས་པའི་གསེར་རྡོ་ནི། རྟ་བྱ་སྟེ་ཏ་ཙ་ཡང་ཟེར་བ་འུ་སུ་དང་སྐབས་ཕྱེད་དགོས། རྡོ་ཕྱི་སྨུག་ལ་ནང་གསེར་ལྟར་སེར་བ་དེ་ཡིན། དབྱིབས་ཤས་ཆེ་ཟླུམ་པོ་འབྱུང༌། འགའ་རེ་རྡོ་དཀྱུས་མའི་དབྱིབས་ཀྱང་སྣང༌། གང་ལྟར་ཡང་ཤིན་ཏུ་སེར་འོད་ཆེ་བ་གཡའ་སྔོན་པོ་གན་ཕྱིས་པའི་གཡའ་འདྲ་བ་ཡོད་པ་འབྱུང༌།

དངུལ་རྡོ་ནི། རྡོ་དབྱིབས་འདྲ་མིན་མང་ཡང་དོན་ལ་བཞུས་ན་དངུལ་འབྱུང་བ་དེའོ།།

 

༣། ལྕགས་ཀྱི་རྡོ་བ།

ལྕགས་ཀྱི་རྡོ་བས་ཚེ་འཕེལ་བཅུད་ལེན་བྱེད། །ཅེས་པར་ཁ་དོག་ནག་པོ་དང་སེར་པོ་གཉིས། གང་ཡང་ལྕི་ལ་བཞུས་ན་ལྕགས་འབྱུང་བ་དེ་ཡིན། རྒྱུ་ངར་མཉེན་གཉིས་ཕོ་མོ་རྒོད་གཡུང་རིམ་པའོ།།

 

༤། ཟངས་རྡོ།

ཟངས་རྡོ་ཟངས་མཚུངས་ཁྱད་པར་གློ་རྣག་འདྲེན། །ཞེས་དང༌། རང་བྱུང་པས། ཟངས་རྡོ་མཐིང་སྤང་ནད་རྣམས་སྐྱུགས། །ཞེས་པ་ལྕི་ལ་ཟངས་ཆགས་ཡོད་པ་དང༌། ཡང་ན་རྡོ་གཞན་ལ་བརྡར་ཤུལ་ཟངས་འདྲ་བ་དང༌། ཤས་ཆེ་སྤང་མཐིང་ཡོད་སར་འབྱུང༌། རྡོ་རང་ལ་ཡང་སྦང་མཐིང་འགོས་པ་འབྱུང༌། ཁ་དོག་མ་ངེས་སོ། །ཕྱེ་མ་རྒྱ་ཚྭའི་ཆུ་དང་སྦྱར་ནས་ཞག་གཅིག་ལོན་ནས་བསིལ་སྐམ་བྱས་པས་སྔོན་པོ་གཡུ་མདོག་འབྱིན་པ་དེའོ། །མདོར་ན་བཞུས་པས་ཟངས་འབྱུང་བ་ཡིན་ནོ།།

 

༥། རག་རྡོ།

རག་རྡོས་མིག་ནད་རབ་རིབ་སེལ་བར་བྱེད། །ཅེས་པ། རྡོ་དཀར་པོ་སྔོ་མདངས་ཅན་དང༌། སྐྱ་སོབ་ཨར་ག་འདྲ་ཞིང་སྦུ་གསེང་ཡོད་པ་སོགས་འབྱུང་སྟེ། གང་ཡང་ཞིབ་ཏུ་བཏགས་ནས་ཟངས་བཞུས་པའི་ནང་དུ་བཏབ་ལ་དཀྲུག་ཅིང་བཞུས་པས་ཟངས་དེ་རག་སྐྱར་བསྒྱུར་བཏུབ་པའོ།།

 

༦། ཏི་ཚ་སེར་པོ།

ཏི་ཚ་སེར་པོས་རྨ་འབྲུབ་མིག་ལ་ཕན། །ཞེས་དང༌། རང་བྱུང་པས། ཏི་ཚ་དམར་ནག་ཆུ་སེར་སྐེམ་ཞེས་པ་ནི། འགའ་ཞིག་རྡོ་དམར་སེར་གཉིས་ལ་བཞུས་ན་ཞ་ཉེ་འབྱུང་བར་བཞེད་ནའང༌། རང་ལུགས་ནི། རྡོ་སེར་པོ་གསེར་རྡོ་འདྲ་བར་སྤང་ཐིང་འགོས་པའམ། བཙའ་སེར་པོ་ཆགས་པ་དང༌། དམར་པོ་ཞིག་ཀྱང་འབྱུང༌། གང་ཡང་མེ་ལ་བཞུས་ན་དུད་པ་འབྱུང་བ་དང༌། ནག་པོ་དངུལ་རྡོ་འདྲ་བ་གཉིས་འབྱུང༌། བཞུས་ན་ཏི་ཚ་སྔོ་ཆོག་རང་འབབ་པ་ལ་བྱེད། རྡོ་འདི་རང་ལོག་གམ། རྡོ་གཞན་ལ་འགོས་པ་འབྱར་བ་ཅི་རིགས་འབྱུང་ངོ༌།།

 

༧། གཤའ་དཀར་རྡོ།

གཤའ་དཀར་རྡོ་ཡིས་རྨ་གསོ་ཤ་འུ་སྐྱེད། །ཅེས་པ་དངུལ་རྡོ་འདྲ་ལ་བཞུས་ན་གཤའ་འབབ་པ་སྟེ་བཟང་ངན་གཉིས། གཤའ་རྒྱུ་དཀར་ནག་དང༌། གཤའ་འབབ་ཆེ་ཆུང་ངོ༌།།

 

༨། ཕ་བང་ལོང་བུ།

ཕ་བང་ལོང་བུས་རྩ་ནད་རུས་ཆག་སྦྱོར། །ཞེས་དང༌། རང་བྱུང་རྡོ་རྗེས། ཕ་བང་དཀར་པོས་མིག་ལ་ཕན། །ཞེས་པར། མིང་དམ་ཅན་བླ་རྡོ་ཟེར། དབྱིབས་གྲུ་བཞི་རྒྱ་མདུད་བཅད་ཁ་སྣ་ཚོགས་ཀྱང་ཕྱི་སྨུག་ལ་ནང་གསེར་རྡོ་འདྲ་ཞིང་དེ་ལས་དཀར་ཤས་ཆེ་བ་ཡིན། རྒྱུད་རྙིང་རྣམས་སུ། ཕ་བང་ལོང་བུས་རྩ་ཆད་རུས་ཆག་སྦྱོར། །ཞེས་དང༌། གྲུ་བཞིས་ཀླད་པ་གསོ་ཞིང་ཆུ་སེར་འདྲེན། །ཞེས་ནུས་པ་བཅས་ཐ་དད་དང༌། རང་བྱུང་རྡོ་རྗེས་ཀྱང་སོ་སོར་བཤད་ལ། མཛེས་རྒྱན་དུ། ཕ་བང་ལོང་བུ་བཞུ་བའི་ཁམས་དང༌། གྲུ་བཞི་མི་བཞུ་བར་བཤད་བཞིན་ངོ་བོ་ཡང་ཐ་དད་དུ་ཡོད་པར་གཞུང་ལུགས་པས། ཕ་བང་ཡི་གེ་བསད་ལ་འགའ་ཞིག་ཏུ་བརྡབ་སྐྱོན་ཡིན་པར་བཤད་ཀྱང༌། ཁུངས་མང་མ་བསྟུན་པ་དང་རྡོ་ངོ་མ་འཕྲོད་པས་ནོངས།

 

༩། ཅོག་ལ་མ།

ཅོག་ལ་མ་ཡིས་རྩ་དང་ལྷ་བ་འཛིན། །ཞེས་པ། འདི་རྒྱ་གར་ནག་གི་མཚལ་ཅོག་ལ་མ་སྟེ། རང་བྱུང་གི་མཚལ་རྒྱ་ཁབ་གཤིབས་པ་འདྲ་ལ་ཁ་དོག་སྨུག་ཤས་ཅན། བཟོ་བླུགས་བྱས་པའི་ཉམས་མེད་པ་ལ་རང་བྱུང་གི་རྟགས་སུ་རྡོ་རྩི་གཞན་འབྱར་བ་དེ་ཡིན། འདི་སྐབས་ཁ་ཅིག་གིས་ཅོག་ལ་མ་དང༌། ད་ཆུ་གཉིས་གཅིག་ཏུ་བསྡུས་པ་དང༌། ད་ཆུ་རྡོ་ཆུ་ལ་བསྒྱུར་བ་དང༌། གཉིས་ཀ་མཚལ་དུ་སོང་བ་ཟློས་སྐྱོན་དུ་འདུག རྒྱུད་ཀྱི་ཡི་གེ་མ་དག་པ་ཡིན་ཞེས་བཅོས་པས་མི་ཚད་ཉབ་ཉོབ་མང་དུ་བྲིས་འདུག་ཀྱང་ཐལ་སྐྱོན་ནོ། །རྒྱུད་དཔེ་སྤར་བྲིས་མང་པོ་ཐམས་ཅད་དག་པར་ཞལ་འཆམས་པ་དང༌། སྨན་རྡོ་སོ་སོར་ངོས་འཕྲོད་པ་ལ་བཅོས་དོན་མ་བྱུང་མོད།

 

༡༠། ད་ཆུ།

ད་ཆུས་རུས་པ་ཆག་པ་སྦྱོར་བར་བྱེད། །ཅེས་པ་ལྡོང་རོས་དང་དངུལ་ཆུ་སོགས་ལ་བཟོས་ཀྱང་ཟེར་ལ། དབྱིབས་ཅོག་ལ་མ་འདྲ་བ་ལ་ཁ་དོག་དེ་ལས་དཀར་བ་བཟོས་པའི་རྟགས་སུ་སྣོད་དུ་བླུགས་ཉམས་ཡོད་པ་དེ་ཡིན། འདི་ལ་མཚལ་དཀར་ཡང་ཟེར། ད་ཆུ་ཞེས་རྒྱ་ནག་གི་སྐད་ཡིན། རྒྱའི་གྲོང་ཁྱེར་ཚད་པ་ཀྵང་ཟེར་བ་དང༌། ཙི་ཧོ་ཁམས་ཟེར་བར་བཟོ་བའི་ཕྱོགས་ཙམ་མཐོང༌། དངུལ་ཆུ་དགོས་པར་འདུག ཞིབ་ཏུ་མི་སྟོན་པར་སྣང༌། ཅོག་ལ་མོ་ལ་ཅུའུ་གཤག་ཟེར། དེ་ཉོ་བར་དྲིས་ཚེ་འདི་ས་ཐག་རིང་པོ་ནས་བྲག་གི་གཏིང་ནས་ལེན་དགོས་པས་དཀོན་ལ་གོང་ཡང་ཆེ། ཚོན་བྱེད་ན་ཁ་དོག་ནག་པས་མི་དགའ། ད་ཆུ་ཉོ་བདེ་མདོག་ལེགས་པས་དགའ་ཟེར། སྔར་བོད་ཀྱི་མི་རྒྱ་ཡུལ་དུ་འཁྱར་ནས་ས་བཟུང་བ་གཡུང་དྲུང་རྒྱས་ཟེར་བ་ཞིག་གིས་ལོ་ཙཱ་བྱས་ནས། འོ་མི་ཤན་གྱི་སྨན་པ་ལ་དྲིས་པས། ཅུའུ་གཤག་ལ་དུག་མེད་པས་དུག་ལ་ཕན། ཁྱད་པར་རེག་དུག་བསེ་མོག་ལ་ཕན། ད་ཆུ་ལ་དུག་ཡོད་པས་དུག་ལ་གནོད། རེག་དུག་ལ་བྱུགས་ན་གནོད་ཟེར། རྒྱུད་འགྲེལ་དག་པ་རྣམས་ལའང་འདི་ལྟར་འགྲེལ་པ་ཡིན་པས་ཡིད་ཆེས་པའི་ཁུངས་གཏམ་མོ།།


༡༡། མཚལ།

མཚལ་གྱིས་རྨ་འདྲུབ་གློ་མཆིན་རྩ་ཚད་སེལ། །ཞེས་པ་ལ་མིང༌། ཊཾ་ཀ་ན་དང༌། ཀྵར་ན་ཟེར། བྱུང་ཡུལ་ལས་དྲངས་པའི་རིགས་ལ། ཤག་མཚལ། སོག་མཚལ། མཚལ་པོ་ཆེ། ཞིང་མཚལ། ཁམས་མཚལ་ཞེས་མང་ཡང༌། བསྡུ་ན་དཀར་ནག་གཉིས་ལས་མེད། འདི་དང་དངུལ་ཆུ་གཉིས་ཀྱི་ཁུངས་འོག་ནས་འཆད་རྒྱུའི་ཅོང་ཞི་དང་བྲག་ཞུན་ལྟ་བུའི་ཁམས་ལས་བྱུང་ཚུལ་ཡོད་པའི་ལང་འཕྲོས་སུ། དཀར་པོའི་དྭངས་མ་འཐོར་བ་ལས། །དམར་པོ་རྗེས་འབྲང་ཕྱི་ནས་གབ། །གཉིས་ཀའི་བཅུད་འདུས་རིན་ཆེན་མཚལ། །ཁུ་བ་བཏོན་པས་དངུལ་ཆུ་ཟེར། །ཞེས་འབྱུང༌། རྒྱ་གར་རྒྱ་སེར་སྟོད་ཧོར་གཙང་དབུས་ཁམས་སོགས་ནས་འབྱུང༌། ཁ་དོག་སྨུག་ལ་དངུལ་རྡོའི་དབྱིབས་འོད་ཁྲོབ་བེ་བ་འདུལ་ན་སྨུག་ཤས་ཆེ་བ་མཚལ་ནག་གམ། ཕོ་མཚལ་ཟེར། ཁ་དོག་དམར་ལ་དཀར་ཞིང་དྭངས་ཤས་ཆེ་བ་འཇམ་ལ་འོད་ཆུང་བ། འདུལ་ན་དམར་ཤས་ཆེ་བ་མཚལ་དཀར་རམ་མོ་མཚལ་ཡིན། འདི་ལ་ཧིངྒུ་མ་ཡང་ཟེར། འདི་གཉིས་འབུད་ས་ཡང་ཤས་ཆེ་གཅིག་ལ་ནུས་མཚུངས་ཡང༌། གཏོང་ཡུལ་ཕོ་མོ་དང་གཏང་བྱ་ཚལ་གོ་ལྡོག་པ་བཟང་གསུངས། རྩ་བཤལ་དང་གློ་མཆིན་གྱི་ཚད་པ་ལ་འདི་ཁོ་ན་དགོས། གཞན་གཉིས་གཏོང་མི་ཉན་པ་དང༌། དུག་རིགས་ལ་ཅོག་ལ་མ། ཆུ་སེར་དང་གཉན་རིགས་ལ་ད་ཆུ་དགོས་པར་རིན་རྒྱན་ལས་བཤད་པ་འདི་གནད་ཤིན་ཏུ་ཆེ་བར་འདུག།


༡༢། མཚལ་གྱི་ཐལ་བ།

མཚལ་གྱི་ཐལ་བས་རྨ་འབྲས་ཤ་རོ་གཅོད། །ཅེས་པ། མཚལ་ལས་དངུལ་ཆུ་བཏོན་ཤུལ་གྱི་ཐལ་བ་ཡིན།

 

༡༣། དངུལ་ཆུའི་རྡོ་བསྲེགས།

དངུལ་ཆུའི་རྡོ་བསྲེགས་ཤ་རོ་གཅོད་པར་བྱེད། ཅེས་པ་གང་དུ་དངུལ་ཆུའི་རྒྱུར་བཤད་པའི་རྡོ་སྔོན་པོ་དེའོ།།

 

༡༤། མུ་ཟིའི་རྡོ།

མུ་ཟིའི་རྡོ་ཡིས་དམུ་ཆུ་ཆུ་སེར་སྐེམ། །ཞེས་པ་མུ་ཟི་འབྱུང་བའི་རྡོ་མུ་ཟི་མ་བརྟོལ་བའི་རྡོ་དེ་མུ་ཟི་ལྟར་དུག་ཕྱུང་བ་དང༌། འགའ་ཞིག་མུ་ཟི་བཏོན་ཤུལ་གྱི་རྡོར་བཞེད་ཀྱང་ཕྱི་མ་འདི་བྱུག་སྨན་ལ་བཟང༌། ཁོང་སྨན་དུ་མིན་གསུངས། རྗེ་རང་བྱུང་རྡོ་རྗེས་མུ་ཟིའི་རྡོ་བསྲེག་དགོས་པར་གསུངས། བསྲེག་ལུགས་ཞིབ་ཏུ་བཏགས་ལ་རིལ་བུ་བྱས་ནས་དུ་བ་མ་ཤོར་བར་ནུས་ལྡན་དུ་བསྲེགས་པ་འདི་ཤིན་ཏུ་ལེགས།

ཞེས་བཞུ་བའི་ཁམས་སུ་གཏོགས་པའི་རྡོ་སྨན་རྩ་བ་བཅུ་བཞི་ནང་ཚན་རིགས་བཅས་ཉི་ཤུ་རྩ་གཉིས་རྒྱས་པར་བཤད་ཟིན་ཏོ།།

 

གཉིས་པ། མི་བཞུ་བའི་ཁམས་ཀྱི་རྡོའི་སྨན་བསྟན་པ།

ད་ནི་གཉིས་པ་མི་བཞུ་བའི་ཁམས་ཀྱི་རྡོ་སྨན་རྣམས་བཤད་པར་བྱ་བ་ནི།

༡། སྨུག་པོ་སྦལ་རྒྱབ།

སྨུག་པོ་སྦལ་རྒྱབ་ཕོ་སྦལ་མོ་སྦལ་གཉིས། །ཆུ་སེར་འཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན། །ཞེས་དང༌། རང་བྱུང་རྡོ་རྗེས། སྦལ་རྒྱབ་ཆུ་སེར་ནད་ཀུན་ཕན། །ཞེས་དང༌། དྷརྨས། སྦལ་རྒྱབ་རུས་པ་ཆག་པ་སྦྱོར། །རྨ་གསོ་རྣག་སྐེམ་ཀླད་རལ་སྡོམ།། ཞེས་པའི་མིང༌། ཏྲི་ཡ་སྨུག་འཚེར། དྲི་མ་སྨུག་པོ། །རྔོ་ག་པུར་དྲི་ལྡན་ཟེར། ཕོ་སྦལ་ནི། རྡོ་སྨུག་སྲ་ལ་མཁྲེགས་པ། རྒྱ་སྐྱེགས་ཀྱི་དབྱིབས་ལྟར་ལེབ་མོ་ལ་ཕྱི་ལ་འབྲུམ་པ་འོད་དུ་འཚེར་བ་སྦལ་པའི་རྒྱབ་ལྟར་ཡོད་པ། རྡོ་ལ་རི་མོ་བྲིས་ན་ཁམ་སེར་དོད་པ། བཅག་ན་རྡོ་ཡི་སྣ་སུལ་རྒྱ་ཚ་བཅག་པ་ལྟར་ལ་འཇམ་ཤིག་གེ་བ། བརྡུང་ཚེ་དྲི་ཞིམ་པའོ། ། མོ་སྦལ་ནི་སྔ་མ་ལྟ་བུ་ལ་འབྲུམ་པ་མེད་པ་དང༌། སྨུག་པོ་སླེ་སོལ་བཅག་འདྲའི་གསེང་དུ་དམར་སྨུག་ཏུ་སྦྱར་ཉན་པ་ཡོད་པ་ཞིག་བཅས་མོ་རིགས་གཉིས་སོ།།

 

༢། དཀར་པོ་སྦལ་རྒྱབ།

དཀར་པོ་སྦལ་རྒྱབ་དཀར་པོ་ཆིག་ཐུབ་དང༌། །སྨུག་པོ་ཆིག་ཐུབ་ལ་སོགས་དེ་དང་འདྲ། །ཞེས་པའི་དཀར་པོ་སྦལ་རྒྱབ་ནི། རྡོ་དཀར་པོ་རྔམ་འཐུག་པ་ཙམ་ལས་དབྱིབས་སྔ་མ་ཇི་ལྟ་བའོ། །འདི་ལ་མོ་སྦལ་ཡོད་སྐད་ཙམ་ལས་འདི་འདྲ་ཞེས་ངོ་སྤྲོད་མེད་པ་ཞིག་བཻ་སྔོན་དུ་བཤད་ཀྱང༌། རྒྱུད་རྩ་འགྲེལ་དུ་མ་བཤད་པས་སུས་ཀྱང་གླེངས་པ་མ་ཐོས་སོ།།

དཀར་པོ་ཆིག་ཐུབ་ནི། དཀར་པོ་མདུང་རྩེ་སྟེ། སྲ་མཁྲེགས་རྩ་སྦོམ་རྩེ་ཕྲ་བཅག་ན་རྒྱ་ཁབ་གཤིབས་པ་ལྟར་ཞིག་ཅིང་རྣོ་ངར་དང་ལྡན་པ། ཆེ་ལ་སྣ་རིང་བ། ཁ་དོག་དཀར་ལ་མགུལ་རིས་ཡོད་པའོ།།

 

༣། སྨུག་པོ་ཆིག་ཐུབ།

སྨུག་པོ་ཆིག་ཐུབ་ནི། སྨུག་པོ་མདུང་རྩེ་སྟེ། རྡོ་དམར་སྨུག་རི་མོ་བྲིས་ན་སྨུག་པོ་དོད་པ། རྡོག་སྔ་མ་ལས་ཆུང་བ་མ་གཏོགས་དབྱིབས་སྔ་མ་འདྲ་ལ་བརྡུང་ཚེ་རྟ་སྤུ་ལྟར་ཞིག་པའོ།།

 

༤། གངས་ཐིགས།

གངས་ཐིགས་དེ་བཞིན་མཆིན་པའི་ཚ་བ་སེལ། །ཞེས་པར། རང་བྱུང་པས། གངས་ཐིགས་འབྲུམ་པའི་ཆུ་སེར་སྐེམ། །ཞེས་པ་ལ། རབ་དངོས་གཞི་དང༌། དམན་པ་ཚབ་གཉིས་ལས། རབ་ནི་བསྐལ་པའི་གངས་ཆགས་ཏི་སེ་ལ་སོགས་པ་རྣམས་ལས་འབྱུང་ལ། ངོ་བོ་ནི། གངས་དེ་རྙིང་ནས་ཡུན་ལོན་པ་རྡོར་གྱུར་པ་དང༌། ཞུ་བའི་ཐིགས་པ་འོག་གི་ས་རྡོ་ལ་དྲེག་པ་འཁར་བ་ལྟར་གོང་བུར་འདྲིལ་བ། དབྱིབས་ཅོང་ཞི་འདམ་བཏགས་འདྲ་ལ་དཀར་བ་ཟོས་ན་རོ་ཅུང་ཟད་མངར་ཞིང་སོ་མི་སེག་པ་དེ་ཡིན། མ་རྙེད་ན་ཚབ་ལའང་གཉིས་ཏེ། སྲིབ་མཐོན་ཁ་བྱང་དུ་བལྟ་བའི་བྲག་ཕུག་མཐོ་བ་བསིལ་བ། དབྱར་གཞུང་བར་ཁ་བ་མི་འཇུ་བའི་ཕུག་པ་སར་དབྱར་ཉི་མ་མི་ཕོག་པར་བྲག་གི་ཐིགས་ཆུ་གོང་བུར་ཆགས་པས་རྡོ་གཞན་དང་གཞན་དག་འབྱར་བར་སྔ་མ་ལྟར་ཆགས་པ་དེ་ནུས་མཚུངས་གསུངས་པ་དང༌། དེ་ཡང་མ་རྙེད་ན། སའི་གཏིང་ནས་དམ་དུམ་འབྱུང་བའི་རྡོ་དཀར་པོ་མོ་ཅོང་ལྟ་བུ་ཟོས་ན་སོ་མི་སེག་པ་ཆུར་འདུལ་ན་ཆུ་དང་མི་འདྲེས་པ། བསྲེགས་ནས་ཆུར་སྦྱངས་ན་ཞོ་ལྟར་འགྲོ་བས་མིང་ལྷ་ཞོ་དང༌། དཀར་པོ་རྡོ་མཆོག་ཟེར་བ་དེས་ཚབ་བྱེད་པར་འདུག་གོ།


༥། ཅོང་ཞི།

ཅོང་ཞིས་འཁྲུ་གཅོད་བད་ཀན་ཚ་བ་སེལ། །ཞེས་པ་ལ། དཔག་བསམ་ལྗོན་ཤིང་ལས། ཅོང་ཞིས་མཆོག་ཏུ་གྲང་ནད་སེལ། །ཚ་བ་ཀུན་སེལ་བདུད་རྩི་འདྲ།། སྙོམས་པར་བྱེད་ལ་ཞུ་རྗེས་དྲོ། །ཞེས་དང༌། རང་བྱུང་རྡོ་རྗེས། ཅོང་ཞིས་རུས་པའི་དྭངས་མ་གཅོད། །ཅེས་གསུངས། མིང་ནི། ཤེ་ལོ་ད་ཀ མཚན་མོའི་འོད་ཅན། གཅོང་ནད་གཅིག་ཐུབ། ཟླ་བའི་བུ། ལྷ་བུའི་ཁམས། རྡོའི་དྭངས་མ། རྡོ་བཅུད། སྲིད་པའི་ཁམས། རྡོའི་ད་བྱིད། རུས་པའི་གསོས། རྡོའི་ཚིལ་བུ། ཚིལ་བུ་དར་ཡ་ཀན། སྲིད་པའི་བྱང་སེམས་དཀར་པོ་རྣམས་ཟེར། བྱུང་ཁུངས་ནི། མ་ལ་ཡའི་དཀའ་འགྲེལ་ལས། བྱུང་ཁུང་སྐལ་པའི་དང་པོ་ལ། །ལྷ་བུ་ཡིད་བཞིན་ནོར་བུ་དེ། །གངས་རི་ནགས་འདབ་མཚོ་འགྲམ་དང༌། །འགྱིང་བྲག་དཀར་པོའི་སྟེང་དུ་བྱོན། །ལྷ་ཀླུ་སྡེ་བརྒྱད་བུ་མོ་མཐོང༌། འགྱིང་འགྱུར་འཇོ་སྒེག་བྱད་ཀྱི་མདངས།།  ནུ་མའི་གར་དང་པདྨའི་འགྲོས། མཐོང་བས་ཡིད་གཡོས་སྐུ་ལ་འཁྱུད། །ཞལ་གྱིས་ལྗགས་གཞིབས་མོད་ལ་ནི། ཀུན་ནས་ཁམས་གཡོས་དཀར་དམར་ཤོར། །དཀར་པོ་འགྱིང་བྲག་སྟེང་དུ་བབས། །རྡོ་ལས་དྲོད་སྐྱེས་ཚིལ་བུར་ཆགས། །མིང་ཡང་བདུད་རྩི་ཅོང་ཞི་ཟེར། །གཅོང་ནད་རྒྱུ་དང་མ་ཞུ་དང༌། །བད་སྨུག་མཁྲིས་པ་དུག་གྲང་རིགས། སྐྲན་དང་སྐྱ་རྦབ་འོར་དམུ་ཆུ། །མདོར་ན་གཅོང་ཆེན་སྡེ་བཞི་དང༌།།  ཟུང་བརྒྱད་ཕྲ་མོ་བཅུ་དྲུག་སོགས། གཅོང་ཆེན་སྡེ་བཞི་ཟུང་བརྒྱད་ཕྲ་མོ་བཅུ་དྲུག་ནི། གསལ་བྱེད་སྒྲོན་མེའི་རྒྱུད་ལས། བད་མཁྲིས་ལྷེན་དང་ལྕགས་དྲེག་གཅོང་གི་སྡེ། །འཁྲུ་སྐྱུགས་འབྲས་དང་སཱུརྱ་གཅོང་གི་སྡེ། །དྲེག་གྲུམ་ཆུ་སེར་ཐིག་ནག་གཅོང་གི་སྡེ། །འོར་དང་སྐྱ་རྦབ་དམུ་སྐྲན་གཅོང་གི་སྡེ། །ཞེས་གསུངས་སོ། །འདི་ཡིས་སེལ་ཕྱིར་ཅོང་ཞི་ངེས་ཚིག་གོཟེར། སྔོན་གྱི་དྲང་སྲོང་རྣམས་ཀྱིས་སྨྲས། །ཞེས་ཁུངས་དང་ངེས་ཚིག་ཡོན་ཏན་བཅས་བཤད་ཅིང༌། དབྱེ་བ་ཡང་དེ་ཉིད་ལས། ཕོ་མོ་མ་ནིང་བུ་བུ་མོ། །རྩ་བའི་དབྱེ་བ་རིགས་ལྔ་ཡིན། །ཞེས་རྩ་བ་རིགས་ལྔར་གསུངས་པ་དེ་སོ་སོར་ངོས་འཛིན་ནི། རྡོ་རྒྱུད་ལས། རྟ་སོ་བཅག་པ་ལྟ་བུ་ནི། །མཁྲེགས་ཤིང་ལྕི་ལ་ཚིལ་བུ་འདྲ། །ཁྲག་མཁྲིས་འཇོམས་ཤིང་འདུས་ནད་སེལ། །ཐུབ་དཀའ་ན་སོ་དར་མས་བསྟེན། ཞེས་ཕོ་ཅོང་དང༌། བུ་ཅོང་དུ་གྲགས་པ་ནི། དེ་ཉིད་ལས། དཀར་པོ་གངས་ཐིགས་ཞེས་བྱ་བ། །སྐྱ་སོབ་སྣ་རིང་མཉེན་ལ་འབོལ། །ཆུ་ཚན་སྨན་ཆུ་ཡོད་སར་འབྱུང༌། །བཅུད་ལེན་དག་ཏུ་བསྟེན་པར་བཟང༌། །བད་ཀན་སྐྱ་སྨུག་སེར་པོ་དང༌། །མགོ་ཆག་རྨ་ཡི་བདུད་རྩི་ཡིན། །འདི་གཉིས་ཕོ་ཅོང་རིགས་ཡིན་ནོ། །ཞེས་དང༌། ཡང༌། སྨུག་ཟིལ་བ་ནུ་ལྟ་བུ་ནི། །གཡའ་དང་བྲག་གི་སྲུབ་ཏུ་འབྱུང༌། །ནུས་པ་བདུད་རྩི་དངོས་དང་མཚུངས། །ནད་རྣམས་ཀུན་ལ་མཆོག་ཏུ་བཤད། །ཅེས་པ། མོ་ཅོང་དང༌། ཡང༌། གཡའ་འམ་བྲག་གི་སྲུབ་དག་ཏུ། སེར་ལ་དྲེག་པ་ཆགས་པ་ནི། སེར་པོ་ཉ་ལྕིབས་ཞེས་བྱ་སྟེ། བཅུད་ལེན་ཤིན་ཏུ་ཆགས་པ་ཆེ། །མཁལ་ནད་ཅན་ལ་བདུད་རྩི་འདྲ། །འདི་གཉིས་མོ་ཅོང་རིགས་ཡིན་ནོ།།  ཞེས་མ་དང་བུ་མོ་སྟེ་མོ་ཅོང་གཉིས་དང༌། ཡང༌། དཀར་དམར་སེར་ལ་སྣ་རིང་མཉེན། །ཕོ་མོ་གཉིས་ཀས་བསྟེན་བྱས་ན། བདུད་རྩི་ལྟ་བུའི་ནུས་པ་ཡོད། །མིང་ནི་མ་ནིང་ཚིལ་བུ་སྟེ། །བཅུད་ལེན་རྣམས་ཀྱི་མཆོག་ཏུ་བཤད། །བསྔགས་པ་ཕོ་ལ་མོ་ཅོང་སྟེ། །མོ་ལ་ཕོ་ཅོང་མཆོག་ཏུ་བསྔགས། །མ་ནིང་ཅོང་ཞི་བསིལ་དྲོད་སྙོམས།། ཕོ་མོ་གཉིས་ཀས་བསྟེན་པར་མཆོག །ཅེས་རིགས་ལྔ་ངོས་འཛིན་གཏོང་ཡུལ་བཅས་བཤད་པ་དང༌། ཡང་དཀའ་འགྲེལ་ལས། ཕོ་ཅོང་རེག་བྱ་དྲོ་བ་དང༌། །མོ་ཅོང་རེག་བྱ་བསིལ་བ་ཡིན། །མ་ནིང་སྙོམས་ཤིང་འཇམ་པ་ཡིན། །ཕོ་ཅོང་མོ་ལ་མོ་ཅོང་ཕོར། །མ་ནིང་ཕོ་མོ་ཐུན་མོང་ལ། །ཚད་ཤས་ཅན་ལ་བུ་ཅོང་སྟེ། །བུ་མོ་ཅོང་ཞིས་གྲང་བ་སེལ། །མཆོག་རབ་འབྲིང་མཐས་ནད་སྟོབས་སེལ། །མདོར་ན་ནད་ཅན་ནད་མེད་ལ། །འདི་མཚུངས་གཉེན་པོ་ཡོད་མ་ཡིན། །ཞེས་གསུངས་པས་ལྔ་པོ་དེ་རེ་རེ་ལའང༌། མཆོག་དང༌། རབ་དང༌། འབྲིང་དང༌། ཐ་མ་སྟེ་བཞི་རེ་ཕྱེ་བས་ཉི་ཤུར་འབྱེད་དགོས་པ་ཡིན་ཏེ། དཀའ་འགྲེལ་ལས། མཆོག་རབ་འབྲིང་དང་ཐ་མ་ལས། །དབྱེ་བ་རེ་རེར་བཞི་བཞི་འགྱུར། །ཞེས་དང༌། ངོས་འཛིན་ཕོ་ཅོང་སྲ་མཁྲེགས་ལྕི། །ཞེས་རྩ་བ་དང༌། དབྱེ་བ་ནི། མཆོག་ནི་གྲུ་བཞི་རྒྱམ་ཚྭ་འདྲ། །ཞེས་ཇི་ལྟར་བཅག་ཀྱང་གྲུ་བཞིར་འགྲོ་བ་ཡིན། རབ་ནི་རྟ་སོ་བཅག་པ་འདྲ། །ཞེས་སུལ་རྩིངས་ལ་འོད་ཆེ་བ་ཡིན། འབྲིང་ནི་ལ་ཕུག་གཤགས་པ་འདྲ། །ཞེས་སུལ་འཇམ་ལ་དཀར་ཞིང་དྭངས་པ་ཡིན། ཐ་མ་དཀར་གོང་ཕལ་པ་འདྲ། །ཞེས་འོད་ཆུང་ལ་མཁྲེགས་པའམ། ཡང་ན་སྔོ་ཟར་དཀར་གོང་སྲིན་ཅན་འདྲ་བ་ཡིན། དེས་ཕོ་ཅོང་མཆོག་རབ་འབྲིང་བཞི་གསལ་བར་གསུངས་ནས། དེ་བཞིན་མོ་ཅོང་སོགས་ལའང་གསུངས་པ། མོ་ཅོང་ཡང་ལ་གསོབ་པ་སྟེ། ཞེས་རྩ་བ་ངོས་བཟུང་ནས། དབྱེ་བ་ནི། མཆོག་ནི་མང་གི་ག་པུར་འདྲ། །ཞེས་པ་དཀར་ལ་འཇམ་པ་དང༌། རབ་ནི་ཤེལ་ཁབ་གཤིབས་པ་འདྲ། །ཞེས་པ་སུལ་ཕྲ་ཞིབ་རིང་བའོ། །འབྲིང་ནི་ཆབ་རོམ་ཟར་བུ་འདྲ། །ཞེས་པ་སུལ་འཇམ་ལ་འཐས་པའོ། །ཐ་མ་ཤེལ་གྱི་ཕྱེ་མ་འདྲ། །ཞེས་པ། འོད་དང་བཅས་སྣ་ཐུང་ལ་ཞིབ་པའོ། །ཡང་མ་ནིང་ལ། མ་ནིང་སྙོམས་ཤིང་མཉེན་པ་སྟེ། །ཡང་ན་དུང་གི་དུམ་བུ་འདྲ། །བརྐོས་ལེན་བ་སོ་འདྲ་བ་འབྱུང༌། །ཞེས་རྩ་བའི་མ་ནིང་རྡོ་རྒྱུའི་ཁྱད་པར་འདྲ་མིན་དང༌། དབྱེ་བ་ནི། མཆོག་ནི་རྡོ་རྒྱུས་ལྟ་བུ་འབྱུང༌། །ཞེས་འཇམ་ལ་སྣ་རིང་དང༌། རབ་ནི་འཁྱགས་པའི་རྩེ་ལྡིང་འདར།།  ཞེས་ཞབས་ནས་ཕྱུར་བ་འདྲ་བ་དང༌། འབྲིང་ནི་བ་ཡི་ནུ་མ་འདྲ། །ཞེས་སྟེང་ནས་ཟགས་པ་འདྲ་བ་དང༌། ཐ་མ་ས་མིན་རྡོ་མིན་འདྲ། ཞེས་སྙི་ལ་ནག་པའོ། །ཡང༌། བུ་ནི་ཕོ་དང་ཕྱོགས་མཐུན་འབོལ། །ཞེས་ཕོ་ཅོང་འདྲ་ལ་དེ་ལས་ཤེད། །ཆུང་ལ་སྙོམས་པ་རྩ་བ་དང༌། །མཆོག་ནི་སག་རི་ཆགས་པ་འདྲ། །ཞེས་སྲབ་ལ་འབྲུམ་ཅན་གོག་ལྤགས་འདྲ་བའོ། །རབ་ནི་ཞོ་ཡི་སྤྲིས་མ་འདྲ། ཞེས་འཇམ་ལ་རྩི་ཆགས་པ་དང༌། འབྲིང་ནི་འཕྱིང་པའི་རིས་མོ་འདྲ། །ཞེས་དཀར་སྲབ་ཕྲུམ་ཕྲུམ་པོའོ། །ཐ་མ་གད་པ་ཆད་པ་འདྲ། །ཞེས་ས་ཕག་འདྲ་བའོ། །ཡང༌། བུ་མོ་མོ་རིགས་རྗེས་སུ་མཐུན།། ཞེས་མོ་ཅོང་འདྲ་ཡང་དེ་ལས་སྙོམས་པ་རྩ་བའི་བུ་མོ་དེ་ལ་དབྱེ་བ་ནི། མཆོག་ནི་ཕག་དཀར་ཟེ་བ་འདྲ། །ཞེས་ཕྲ་ཞིབ་དཀར་འབོལ་ལོ། །རབ་ནི་འཁྱགས་སོམ་དུམ་བུ་འདྲ། ཞེས་སུལ་རྩིང་ལ་ཞིག་པོའོ། །འབྲིང་ནི་གངས་ཐིགས་ངན་པ་འདྲ། ཞེས་སྙི་ལ་ནོག་པའོ། །ཐ་མ་རྒོད་བཏུལ་བྱས་པ་འདྲ། །ཞེས་དཀར་ཉོབ་ཕྱེ་མའོ། །དེ་ལྟར་རྩ་བ་ལྔ་ལ་མཆོག་རབ་འབྲིང་ཐའི་དབྱེ་བས་ཉི་ཤུར་གསུངས་པ་དང༌། ཡང་དེ་ཉིད་ལས། དེ་ཡང་ཁ་དོག་རིགས་ལྔ་ཡིས། །བྱེ་བྲག་རྣམ་པ་ལྔ་ལྔར་འགྱུར། །ཞེས་གསུངས་པས། རྩ་བ་ལྔ་པོ་དེ་རེ་རེ་ལའང་ལྔ་རེ་སྟེ། དཀར་པོ་ཟླ་འོད་མ་ལ་ཕོ་མོ་མ་ནིང་བུ་བུ་མོ་ལྔ། དེ་བཞིན་དུ། དམར་པོ་མཚལ་མདོག་མ་ལ་ལྔ། སེར་པོ་ཉ་མཁྲིས་མ་ལ་ལྔ། སྔོན་པོ་མཐིང་ཟར་མ་ལ་ལྔ། སྔོ་དམར་ཕུག་སྐེ་མ་ལ་ལྔ་སྟེ་ཉེར་ལྔའོ། །ཡང་དེ་ཉིད་ལས། བཞི་བཞི་འདུས་པའི་ཅོང་ཞི་སྟེ། །ཅོང་ཞི་བརྒྱ་དང་རྩ་གཅིག་ཡིན། །ཞེས་གསུངས་པས་བཞི་བཞི་གསུངས་པ་ནི། ཁ་དོག་གི་དབྱེ་བའི་ཉེར་ལྔ་པོ་དེ་ལ་སྔར་བཤད་བཞིན་མཆོག་རབ་སོགས་བཞི་བཞིར་དབྱེ་བས་བརྒྱ་དང༌། ཁ་དོག་ལྔ་ཀ་འདུས་པ་སྟེ། འོད་ལྔ་ཚང་བ་གཅིག་སྟེ་བརྒྱ་དང་རྩ་གཅིག་ཡིན་ནོ། །ཡང་དེ་ཉིད་ལས། གཉིས་གཉིས་འདུས་པའི་ཅོང་ཞི་སོགས། །དབྱེ་བ་བྱེ་བྲག་དུ་མར་འགྱུར། །ཞེས་དང༌། མཛེས་རྒྱན་ལས། །རིགས་དབྱེ་འདུས་ཚོགས་བྱེ་བྲག་ལས། །ཅོང་ཞི་བརྒྱ་ཕྲག་ལྔ་ལ་སོགས། །དུ་མར་འགྱུར་བ་དབྱེ་ཤེས་གནད།།  ཅེས་གསུང་བ་ནི། ཁ་དོག་འདྲེས་པའི་དབྱེ་བ་སྟེ། དཀར་སེར་གཉིས་ཚོགས་དང༌། དེ་བཞིན་དུ། དཀར་དམར་གཉིས་ཚོགས། དཀར་སྔོ་གཉིས་ཚོགས། དཀར་ཕུག་གཉིས་ཚོགས། དམར་སེར་གཉིས་ཚོགས། དམར་སྔོ་གཉིས་ཚོགས། དམར་ཕུག་གཉིས་ཚོགས། སེར་སྔོ་གཉིས་ཚོགས། སེར་ཕུག་གཉིས་ཚོགས། སྔོ་ཕུག་གཉིས་ཏེ་གཉིས་ཚོགས་བཅུ་དང༌། དཀར་དམར་སེར་གསུམ་ཚོགས་པ། དཀར་དམར་སྔོ་གསུམ་ཚོགས་པ། དཀར་དམར་ཕུག་གསུམ་ཚོགས་པ། དཀར་སེར་སྔོ་གསུམ་ཚོགས་པ། དཀར་སེར་ཕུག་གསུམ་ཚོགས་པ། དཀར་སྔོ་ཕུག་གསུམ་ཚོགས་པ། དམར་སེར་སྔོ་གསུམ་ཚོགས་པ། དམར་སེར་ཕུག་གསུམ་ཚོགས་པ། སེར་སྔོ་ཕུག་སྐེ་སྟེ་གསུམ་ཚོགས་དགུ་དང༌། དཀར་དམར་སེར་སྔོ་བཞི་ཚང༌། དཀར་དམར་སེར་ཕུག་བཞི། དམར་སེར་སྔོ་ཕུག་བཞི། སེར་སྔོ་ཕུག་དཀར་ཞི། སྔོ་ཕུག་དཀར་དམར་བཞི་སྟེ་བཞི་འདྲེས་པ་ལྔ་དང༌། ལྔ་ཀ་འདྲེས་པ་གཅིག་དང་བསྡོམས་པས་འདྲེས་མ་ཉེར་ལྔ། དེ་རིགས་ལྔར་ཕྱེ་བས་བརྒྱ་ཉེར་ལྔ། དེ་མཆོག་རབ་འབྲིང་ཐས་བཞི་རེར་ཕྱེ་བས་ཅོང་ཞི་རིགས་ལྔ་བརྒྱ་འབྱུང་ལ། དེ་དག་ཀྱང་ཆ་ཆེ་ཆུང་སོགས་དབྱེ་བ་དུ་མར་འགྱུར་ཞེས་བགྲང་དཀའ་བར་བཤད་པའོ། །དེ་ནད་ལ་གཏོང་ལུགས་ཀྱང་དཀར་པོ་བད་ཀན་ལ། སེར་པོ་མཁྲིས་པར། དམར་པོ་ཁྲག་ལ། སྔོན་པོ་རླུང་ལ། ཕུག་སྐེ་འདུས་པ་ལ་གཏོང་བ་གཉེན་པོར་གསུངས་པ་བཅས་རིགས་དང་དབྱེ་བ་ཆ་ཤས་དེ་དག་ཡིད་ལ་ངེས་པར་བྱས་ནས་སྨན་སྦྱར་ན་སྨན་པའི་གྲས་སུ་གཏོགས་པའོ། ཡང་དེ་དག་ཀུན་ཀྱང་སྤྱིར་བཟང་ངན་ནི། དཀའ་འགྲེལ་ལས། འོད་ཅན་ལག་ཏུ་ལྕི་བ་དང༌། །ཆུ་འགྲམ་འཁྱགས་ལྟར་ཆགས་པ་དང༌། །གྱེན་ལ་ཤིང་ལྟར་འཕགས་པ་དང༌། །ཐུར་དུ་ཆུ་ལྟར་འཐིབས་པ་དང༌། །ཆུ་ལ་བ་ཚྭ་བཞིན་ཆགས་དང༌། །ཤེལ་ལྟར་དྭངས་ཤིང་འོད་ཟེར་འཕྲོ། །གཤེར་ཅན་རྡོ་ཅོང་རྡོ་བ་ལ།། སྐམ་ནས་རྡོ་ཡི་དངོས་པོར་འགྱུར། །ཅོང་ཞི་དེ་འདྲ་བཟང་བ་དང༌། ས་རྡོ་གཞན་དང་མ་འདྲེས་ཤིང༌། །གང་ཡང་སོ་ཡིས་ཐུབ་ན་བཟང༌། །དེ་དག་ལས་ནི་ལྡོག་པ་ངན། །ཞེས་གསུངས་སོ། །དེ་ལྟ་བུའི་ཅོང་ཞི་དེ་ཡང་གང་དུ་གཏོང་ཡང་དུག་འདོན་པ་དང༌། བཅུད་ལེན་བྱེད་ན་དེ་སྟེང་བཅུད་དུ་འགུགས་པའི་ཆོ་ག་རྣམས་མེད་པར་རང་བཞིན་རྡོ་རྒོད་གཏོང་བ་ནི་རྨོངས་པའི་ལུགས་སོ། །ཅོང་ཞི་ནག་པོ་ཞིག་འབྱུང་བ་དུག་ཅོང་ཞེས་རྫས་ངན་སྐབས་མ་གཏོགས་སྤང་བྱའོ།།

 

༦། བེལ་སྣབས།

བེལ་སྣབས་རུས་སྦྱོར་རྨེན་གཅོད་ཤ་འུ་སྐྱེད། །ཅེས་པ་ལ་མདོག་གི་དབྱེ་བས་སེར་སྐྱ་དང་སེར་སྨུག་གཉིས་འབྱུང༌། གཉིས་ཀ་འོད་དང་ལྡན་པ་མེ་རྡོ་ལེགས་པོ་འདྲ་ལ་དྭངས་པའོ།།

 

༧། མཉྫིར།

མཉྫིར་ཡིས་རུས་པའི་ཚད་པ་སེལ། །ཞེས་པ་རྡོ་སྨུག་པོ་དང་ནག་པོ་མ་ངེས་པ་ལ། དབྱིབས་མཆིན་པ་སྐྱིད་རྙིད་ཙམ་འདྲ་བ་གཉེར་བ་དང༌། ཞུ་བ་དང༌། བབས་པའི་ཉམས་ཡོད་ལ། བཅག་འཕྲོ་འོད་དང་ལྡན་ཞིང་སྲ་ལ་མཁྲེགས་པ། ཁ་དོག་ལྗང་སྔོ་སེར་སོགས་ཀྱང་སྣང་ངོ༌། །ཟངས་ལྕགས་དངུལ་སོགས་བཞུས་ཤུལ་གྱི་རྡོ་ཞུ་བའི་སླེ་ནག་དང་མ་ནོར་བ་གལ་ཆེའོ། །ངོས་འཛིན་འདི་ལ་ཟུར་མཁར་བ་དང་གོང་སྨན་སྐྱེམས་པ་སོགས་ཞལ་འཆམས་ལ། བཻ་སྔོན་དུ་མདོག་མ་ངེས་པར། ལུག་གི་རྭ་འདྲ་བ་དང༌། དགའ་འཁྱིལ་གྱི་རི་མོ་ལྟ་བུའི་ཕོ་སྐོར་གྱི་དབྱིབས་ཅན་རྩིང་བ་ལ་ཕོ། །ཞིབ་ཅིང་འཇམ་པ་ལ་མོ། འབྲིང་བར་མ་ནིང་དུ་འཛིན་གསུངས་པས་འདི་བརྟག་པར་རིགས་སོ།།

 

༨། ཕག་མགོ།

ཕག་མགོས་རུས་པ་གསོ་ཞིང་ཆུ་སེར་འདྲེན། །ཞེས་པ་འདི་ཕག་གི་མགོ་དབྱིབས་འདྲ་བ་མདོག་ཤས་ཆེ་དམར་སེར་སུལ་རིས་དོད་པ་དང་མ་ངེས་པ་ཡང་ཡོད་པའོ།།

 

༩། བྱིའུ་མགོ།

བྱིའུ་མགོས་དེ་བཞིན་ཤུ་འུ་སྐྱེད་པར་བྱེད། །ཅེས་པར། རང་བྱུང་པས། བྱིའུ་མགོས་མགོ་ཡི་རུས་ཆག་སྦྱོར། ཞེས་གསུངས་པ། བྲག་རྡོ་དཀར་པོའི་ནང་སོགས་ནས་འབྱུང་བ་དང༌། ས་ནང་གྲམ་ཁྲོད་སོགས་ནས་འབྱུང་ལ། རིགས་གཉིས་ཏེ། ཁ་དོག་དཀར་པོ་ཆུང་ལ་འཇམ་པ་བྱིའུ་ནས་ཟན་གྱི་མགོ་འདྲ་བ་མཆོག་དང༌། ཁ་དོག་དམར་སྐྱ་དང་སྔོན་པོ་སོགས་ལ་ཁྲའི་མགོ་འདྲ་ཞིང༌། གཤོག་པའི་སུལ་རིས་དོད་པ། གཤོག་སྣེ་བཏེག་ལ་ཆེ་བ་རྣམས་དམན་ལ་རྩུབ་པར་གསུངས། འདི་རིགས་ཆག་གས་མེད་ལ་འགོམ་བཙོག་མ་བྱས་པ། ཇ་ཆང་ཞོ་འོ་འདྲེ་ཅན་གྱིས་གནོད་པས་ཁ་ལད་པའི་ནང་དུ་འཕངས་ནས་བསྐོལ་བསྙལ་སོགས་བྱས་ན་ཕན་ཞེས་ཟེར།

 

༡༠། དུང་འདྲ།

དུང་འདྲས་རུས་སྦྱོར་དངུལ་ཆུ་འཆིང་བར་བྱེད། །ཅེས་པ་ཁ་དོག་མ་ངེས་པ་དུང་དཀར་རམ་འབུ་སྐྱོགས་ལྟར་གཡོན་འཁྱིལ་མང་ལ་གཡས་འཁྱིལ་སྲིད་མཐའ་ཙམ་ཡོད། གཡས་འཁྱིལ་རྡོའི་ནོར་བུར་བཟུང་ལ། འདི་བྱང་གནམ་མཚོ་ཕྱུག་མོའི་མཚོ་ཉིན་གྱི་དོ་བར་ཞིག་ཏུ་མཚོ་རླབས་ཀྱིས་ཕྱིར་འཕངས་པ་མང་བ་དང༌། རྒྱ་ནག་གླང་ཆེན་རྩེའི་བླ་མ་རྣམས་ཀྱིས་བྱིན་རྟེན་དུ་གཡས་འཁྱིལ་གནང་བ་རྣམས་ནི་བྱིན་རླབས་ཀྱང་ཤིན་ཏུ་ཆེ་བར་མཐོང༌།

 

༡༡། སྟང་ཟིལ།

སྟང་ཟིལ་གསེར་ཟིལ་དངུལ་ཟིལ་རུས་མདོག་འབྱིན། །ཞེས་པ་རྡོ་ཁ་དོག་ནག་པོ་བཅག་ན་ཕག་ཟེ་ལྟར་ཞིག་ལ་འོད་ཟེར་འཕྲོ་བའོ། །དེ་ལ་མིང་རྡོ་བུང་བ་དང༌། སྐྲ་འདྲ་དང༌། སྟོང་ཚེ་རོགས་པོ་ཡང་ཟེར་ཏེ། ནག་པའི་ཚད་ནི་སངས་རྒྱས་ཀྱི་དབུ་སྐྲ་སོགས་ལ་དབུ་སྐྲ་བུང་བ་ལྟར་ནག་པ་ཞེས་དཔེར་མཛད་པ་དང༌། འདྲ་དཔེར། སྟང་ཟིལ་ཕག་ཟེ་གཤིབས་པ་འདྲ། །ཞེས་སམ། སྟང་ཟིལ་སངས་རྒྱས་དབུ་སྐྲ་འདྲ།།  ཞེས་པ་དང༌།

 

༡༢། གསེར་ཟིལ།

གསེར་ཟིལ་ནི། རང་བྱུང་རྡོ་རྗེས། གསེར་ཟིལ་ཟངས་དང་ནུས་པ་མཚུངས།།  གསུངས་པ། དབྱིབས་མ་ངེས་གསེར་རྡོ་འདྲ་བ་ལས་འོད་དེ་ལས་སྣ་རིང་ལ་འབོལ་བའོ།།

 

༡༣། དངུལ་ཟིལ།

དངུལ་ཟིལ་ནི། རང་བྱུང་ཞབས་ཀྱི་ས། དངུལ་ཟིལ་རྡོ་དུག་སེལ་བར་བྱེད།།  གསུངས་པའི་དབྱིབས་ངེས་མེད་འོད་ཁབ་གཤིབས་པ་ལྟར་རིང་ལ་ཁ་དོག་དངུལ་རྡོ་ལས་ཅུང་ལྗང་ལ་དཀར་ཞིང་འབོལ་བ་ཞིག་གོ།

 

༡༤། གྲུ་བཞི།

གྲུ་བཞིས་ཀླད་པ་གསོ་ཞིང་ཆུ་སེར་འདྲེན། །ཞེས་དང༌། རང་བྱུང་པས། ནག་པོ་གྲུ་བཞིས་མཆིན་སྨན་ཕན། གསུངས་པ། རྡོ་སྨུག་ནག་སེར་ཁ་ཅུང་ཟད་ཡོད་པ། དབྱིབས་གྲུ་བཞི་ཁོ་ན་ལས་མི་ཡོང་བ་བཅག་ན་ཕྱི་ནང་ཐམས་ཅད་རྒྱུ། གཅིག་པ་འདི་ཉིད་ཡིན། འདི་ལོ་ཐང་རླུང་འཚུབ་སྒང་ན་མང་དུ་ཡོད་ ཕ་བང་སྐབས་བཤད་ལྟར་འདི་དང་རྒྱུ་དབྱིབས་ནུས་པ་ཕ་བང་དང་མི་འདྲ་བ་གསལ་བའོ།།

 

༡༥། རྡོ་ཀླད།

རྡོ་ཀླད་ཀླད་པ་སྡོམ་ཞིང་ཤུ་འུ་སྐྱེད། །ཅེས་པ་ནི། རྡོ་དཀར་པོ་ཕྱི་དབྱིབས་ཀླད་པ་འདྲ་ལ་ཀླད་འབྲུམ་ཐམ་ཐུམ་ཡོད་པ་སྟེ། ཤིན་ཏུ་མཁྲེགས་ལ་བཅག་འཕྲོ་ཁ་དོག་བཅས་བ་སོ་འདྲ་བ་འདི་ལྷོ་རྟ་ཤོད་ཟ་མ་རི་ལ་ལུང་ཆུང་གཅིག་གི་རྡོ་ཕལ་ཆེ་བ་འདི་ཡིན།ཞིག་ཡོད་དོ།།

 

༡༦། རྡོ་བ་འབྲུག་ཀླད།

རྡོ་བ་འབྲུག་ཀླད་ཀླད་པ་གསོ་བར་བྱེད། །ཅེས་པར། རང་བྱུང་པས། འབྲུག་ཀླད་ཀླད་པའི་ནད་ལ་ཕན། གསུངས། རྡོ་དཀར་ཞོ་འདྲ་བ་ལ་ཡང་ཞིང་སྙི་ལ་འབོལ་ཞིང་ཀླད་པ་བཙོས་པ་འདྲ་བ། བཅག་འཕྲོ་ཤིང་ཆག་འཕྲོ་འདྲ་ལ་ཁར་ཟོས་ན་ཤིང་ངམ་ཤ་རུ་རློན་པ་ཟ་བའི་ཉམས་ལས་རྡོ་ཟ་བའི་ཉམས་མི་འབྱུང་བ་ད་བྱིབས་རྡོག་དུམ་ལེབ་མ་སོགས་ཡོང་བའོ།།

 

༡༧། རྡོ་མཁྲིས།

རྡོ་མཁྲིས་རྨ་ཡི་རྩ་ཁ་སྡོམ་པར་བྱེད། །ཅེས་པར། རང་བྱུང་རྡོ་རྗེས། རྡོ་མཁྲིས་མཁྲིས་པ་མིག་སེར་སེལ། །གསུངས་པ་འདི་ལ་རིགས་གཉིས། རྡོ་བཙག་སེར་པོ་དང༌། དེ་ལས་ཅུང་མཁྲེགས་པ་ལྗང་སེར་མཁྲིས་པ་འདྲ་བ་སྟེ། གང་ཡང་ལྕེ་ལ་རེག་ན་འབྱར་ལ་འདི་ཡང་རྟ་ཤོད་ཟ་མ་རི་ལས་འབྱུང་སྟེ། རི་དེའི་སྒང་རྒྱུད་དུ་གླིང་གེ་སར་གྱིས་དོག་ཨ་རྫོག་རིན་ཆེན་དཔུང་པ་བཏུལ་ནས་གཏོང་བ་ཡིན་ཟེར་བའི་དེའུ་མང་དུ་འདུག་པར་རྒྱུས་དེའུ་ཟེར་བར་མཐིང་རྒྱུས་དང་རྡོ་རྒྱུས་ཀླད་དེའུ་ལ་རྡོ་ཀླད་མཁྲིས་དེའུ་ལ་རྡོ་མཁྲིས་རྭ་དེའུ་ལ་རྭ་འདྲ་བ་འདུག་གོ རོ་ཁ་བའི་རྣམ་པ་ཅན་ཡོད་དོ།།

 

༡༨། རྭ་འདྲ།

རྭ་འདྲས་རུས་ནད་སྐྲན་དང་མིག་ལ་ཕན། །ཞེས་པ། རྒྱུ་མ་ངེས་པ་ལ་རྭ་ཁྲིག་གཉེར་མ་བཅས་ལུག་རྭ་འདྲ་ལ་སྒོར་འཁྱིལ་སོགས་འབྱུང་བ་དེའོ།འདི་བཻ་སྔོན་དུ་མཉྫིར་བྱེད་པར་སྣང༌།

 

༡༩། རྡོ་ཆུ།

རྡོ་ཆུས་རུས་སྦྱོར་དངུལ་གྱི་དུག་ལ་ཕན། །ཞེས་གསུངས་པ་ནི། དུས་ཀྱི་འཁོར་ལོའི་ཡེ་ཤེས་ལེའུའི་ཚིགས་བཅད་གཉིས་པར། རྡོའི་ཆུ་ནི་ས་རུ་གྱུར་ཏེ། ཞེས་གསུངས་པ་དང༌། མ་ལ་ཡའི་དཀའ་འགྲེལ་དུ། རྡོ་ཆུའི་རང་བཞིན་ཆུ་ཚན་ནི། ཞེས་སོགས་གསུངས་པ་ལྟར་ལས་རྒྱུ་ནི་ཆུ་ཚན་སོགས་ཀྱི་གཏིང་དྲོད་ཀྱིས་རྡོ་ཞུ་ནས་ཆུ་རུ་བབས་པ་ཆུ་དང་བསྡོངས་ནས་ཕྱི་རུ་ཐོན་པས་རླངས་པ་ཡལ་བ་དང་ཆུ་ལས་བྱེ་ནས་རྡོ་གཞན་གྱི་ངོས་སུ་ཆུ་དྲེག་ལྟར་ཆགས་པས་ས་མིན་རྡོ་མིན་དུ་གྱུར་པ་སྐྱ་སོབ་བམ་སེར་སྐྱ་སོགས་འདུག་པ་དེའོ།།

 

༢༠། ལྡོང་རོས།

ལྡོང་རོས་བ་བླས་རྨེན་ངན་རུལ་བ་གཅོད། །ཅེས་པའི་ལྡོང་རོས་ལ། རང་བྱུང་པས། ལྡོང་རོས་གག་པའི་སྨན་མཆོག་ཡིན། གསུངས། མིང་ནི། མན་ཤེལ། མ་ནི་ཚ། དམར་པོ་དྲི་ལྡན། ཞེས་ཟེར། རྡོ་དམར་སེར་ལི་ཁྲིའི་མདོག་ཅན་མུ་ཟིའི་དྲི་ལས་ཁྱད་པར་དྲི་ངན་མནམ་པ། མེར་བསྲེགས་ན་དུད་པ་སེར་པོ་བཅས་འཇུ་བ་དེ་ལ་རིགས་གཉིས། དམར་པོ་ཤིན་ཏུ་དྭངས་པས་ཕྱི་ནང་མི་སྒྲིབ་པ་ལྟ་བུ་དེ་མོ། སྨུག་ལ་སྣ་ཐུང་བ་ཕོ་སྟེ། སྔ་མ་བཟང་ལ་ཕྱི་མ་དམན་ནོ།།

 

༢༡། བ་བླ།

བ་བླ་ནི། རང་བྱུང་པས། བ་བླས་གདོན་ནད་སེལ་བར་བྱེད། གསུངས་པའི་མིང་ནི། ཧ་རི་ཏ་ལ། ཨ་ག}o8། སེར་པོ་དྲི་ལྡན། ལྷའི་ན་བཟའ་ཟེར། འདི་ལ་ལྡོང་རོས་ལྟ་བུའི་དྲི་མ་ལ་དེ་ལས་འཇམ་ཙམ་བྲོ་བ་མེར་བསྲེགས་ན་དུད་པ་སེར་པོར་འཇུ་བའོ། །དེ་ལ་རིགས་གསུམ་སྟེ། རབ་ནི་ཁ་དོག་དམར་ངམ་ཡོད་པ་ལ་ཤིན་ཏུ་སེར་བ་དྭངས་པ་རྟ་སོ་བཅག་འདྲའོ། །འབྲིང་འོད་དང་ལྡན་པ་གསེར་ཤོག་བརྩེགས་པ་ལྟར་རིམ་པ་ཕྱེ་རྒྱུ་ཡོད་པ་ཁ་དོག་ལྗང་འོད་ཅུང་ཟད་ཡོད་པའོ། །ཐ་མ་སྔོ་ལྗང་འདྲེས་པ་རྡོ་རུལ་ལྟ་བུའོ།།

 

༢༢། རྡོ་སོལ།

རྡོ་སོལ་རྡོ་རྣམས་འཇུ་ཞིང་རྩ་ཁ་སྡོམ། །ཞེས་པར། རང་བྱུང་ཞབས་ཀྱིས་རྡོ་སོལ་དབྱིག་གི་དུག་ལ་ཕན། གསུངས་པ། རྡོ་ཁ་དོག་མ་ངེས་པ་ལས་ཁྱད་པར་ནག་ཤས་ཆེ་བ་འབྱུང་ཞིང༌། མེ་ལ་བསྲེགས་ན་མེར་འབར་ལ། མ་བསྲེགས་པར་རང་བཞིན་གྲང་མོ་ཆུར་བཅུག་ན་ཡུན་ཙམ་སོང་ནས། རིམ་པས་ཆུ་དྲོས་ཤིང་རླངས་པ་འབྱུང་བ་དང༌། ཚ་ཙམ་དང་ཁོལ་བ་སོགས་སྟོབས་མཐུན་འབྱུང་བ་དང༌། ཡང་ན་ཆུ་ཐིགས་ཙམ་བྲན་ན་སེག་སྒྲ་དང་རླངས་པ་འཐུལ་བའོ། །དོན་ལ་ཆུ་ཚན་ཁོལ་བྱེད་ཀྱི་རྡོ་དེ་ཡིན། འདི་ལ་འགྲེལ་པ་ཁ་ཅིག་ཏུ་རྩ་རྒྱུད་ཆུ་ཚན་སྐབས། རྡོ་ཞོ་རྡོ་ཐལ་བྱེད་རྒྱུའི་རྡོ་རིགས་ལྔ་ཕྱེ་རྒྱུའི་རྡོ་ཡིན། ཞེས་དང༌། བཤད་རྒྱུད་ནུས་པ་རྐྱང་སེལ་སྐབས། ནག་པོ་མེ་འབར་ཡིན་ཞེས་གསུང་གཉིས་མཛད། སྔ་མ་རྒྱུ་མཚན་བཅས་གསུངས་ཀྱང་མི་འགྲུབ་སྟེ། རྡོ་དེ་བསྲེགས་ནས་གྲང་ཡང་ཆུ་དང་འཕྲད་ཚེ་ཁོལ་པར་བསམས་ནས་ཆུ་ཚན་ཁོལ་བྱེད་དུ་རློམ་ཀྱང༌། ཆུ་ཚན་གཏིང་བའི་རྡོ་སྲེག་མཁན་མེད་ལ་རྡོ་དེ་མ་བསྲེགས་པ་བསྐལ་པར་ཆུར་བཅུག་ཀྱང་དྲོས་ཙམ་མི་ནུས་པས། བོད་ཁམས་ཀྱི་བྲག་དཀར་ཐམས་ཅད་དང༌། དེའི་ལུང་པའི་རྡོ་གྲམ་ཐམས་ཅད་རྡོ་ཞུན་གྱི་རྡོ་འདི་ཁོ་ན་ཡིན་ཡང༌། ཆར་བབ་པ་དང་ཆུ་བོ་སོགས་གང་དང་ཕྲད་ཀྱང་མི་ཁོལ་བར་མ་ཟད་རྫ་ཆབ་བསིལ་བའི་རང་བཞིན་ནོ། །ཚོས་པར་བསྲེགས་ནས་ལོ་ཟླ་ཞག་དུ་གྲང་ཡང་ཆུར་བཅུག་ཚེ་ཁོལ་ཡང༌། དེ་རྡོ་ཐལ་དུ་ཞིག་ནས་ཞོ་ལྟར་སོང་ནས་མི་ཁོལ་བའོ། །ཆུ་ཚན་ཁོལ་བྱེད་ནི་བསྐལ་པར་ཡང་མི་འཇུ་མི་འཇིག་མི་གྲང་ལ། ནམ་གྲང་ན་ཆུ་དེ་མེད་ཅིང་ཆུ་དང་ནམ་བྲལ་བའི་ཚེ་གྲང་ངོ༌། །སླར་རླན་ནམ་ཕོག་ཀྱང་སྔ་མ་ལྟར་ཁོལ་ཏེ། ཕ་དམ་པའི་ལས་བརྒྱ་པ་ལས། རྡོ་སོལ་རི་ལ་ཆར་གྱི་རྒྱུན་བབས་ན། །དེ་ཉིད་མེ་ཡི་ས་གཞི་ལྟ་བུར་འགྱུར། །ཞེས་གསུངས། རྡོ་ཞུན་དུ་འདོད་པས། ལྷོ་ཕྱོགས་རྟ་གདང་གི་མེའི་རྒྱུའི་རྡོ་སོལ་དེ་ལ་མཐའ་མ་ལྕགས་རི་ནག་པོས་བསྐོར་བར་བཤད་པ་ལ། དགག་པ་བསལ་ཕྱིར་མི་འགལ་ཏེ། རྡོ་རིགས་སྔོ་ནག་ཆར་སྤྲིན་མདོག་ཅན་དེ་ཡིན་སྨྲ་ཡང༌། ཆར་སྤྲིན་མདོག་ཀྱང་མ་བསྲེགས་པར་ཆུ་མི་ཁོལ་ཚུལ་གོང་དུ་བཤད་པས་རྡོ་རིགས་ལྔ་ལ་ཁྱད་པར་མེད་དོ། །བསྲེགས་པ་གྲང་མོས་ཁོལ་བ་ཙམ་ལ་འཛིན་ན་ཅོང་ཞི་དང༌། དུང་དང་འགྲོན་བུ་སོགས་ཀྱང་འདྲའོ། །དེ་ལྟར་གནད་ཤེས་པར་བྱས་ནས་རྡོ་སོལ་ངོ་མ་མ་རྙེད་ཀྱང་ཆུ་ཚན་འགའ་ཞིག་གི་ཁར་རྡོ་སོལ་གྱི་ནུས་རྩད་ལས་བྱུང་བའི་རྡོ་སྐྱ་སོབ་གྲང་མོར་མཆིལ་མ་སོགས་བླུགས་པས་སེག་སྒྲ་དང་རླངས་པ་འབྱུང་ཙམ་པ་དེས་རུང་བར་བཤད་དོ།།

 

༢༣། སོལ་རྡོ།

སོལ་རྡོས་རྨ་འདྲུབ་ཆུ་སེར་སྐེམ་པར་བྱེད། །ཅེས་པ། གསེག་གཡམ་སྔོན་པོའི་ཁྲོད་སོགས་སུ་འབྱུང་བའི་རྡོ་ནག་པོ་འོད་ཅན་ཤིང་སོལ་འདྲ་ལ་བཅག་ན་སྙི་བ། མེ་ལ་བསྲེགས་ན་ལྦུ་བར་ཁོལ་ཞིང་དུད་པ་འོང་བ། བརྡར་ན་སྣག་ཚའི་ཚབ་རུང་ཙམ་པའོ། །འདི་རྙིང་མའི་རྡོ་བསྐུལ་དུ། །སོལ་རྡོ་ནག་པོ་གནོད་སྦྱིན་རྡོ། །དེ་ལ་ཐུན་གྱི་རྡོ་མ་ཉན། །ཞེས་པ་དེའོ། །འདི་རིགས་སྔོ་ནག་གཡའ་མར་ཤས་པ་ཞིག་ཡོང་བ་ནི་ཞིག་ཀ་ནག་པོ་སྟེ་བཞུ་ཀོང་བྱེད་པའི་རྒྱུར་ལེགས་པ་ཡིན།

 

༢༤། བ་ནུ།

བ་ནུ་རྡོ་རྒྱུས་མཐིང་རྒྱུས་ཆུ་བ་གསོ། །ཞེས་པའི། བ་ནུ་ནི། དབྱིབས་བ་ཡི་ནུ་མ་དེའུ་འདྲ་ལ་ཕྱི་ལ་གཉེར་མ་རྭ་ཁྲིག་ལྟར་ཡོད། དབུས་སུ་ནུ་ཁུང་བུ་ག་བཅས་ཡོད་ལ། ཁ་དོག་མ་ངེས་ཀྱང་ཤས་ཆེར་སྔོ་དཀར་བརྡུངས་ན་རྭ་གཞོབ་བྲོ་བ་ཡོང་བ་ཡིན།

 

༢༥། རྡོ་རྒྱུས།

རྡོ་རྒྱུས་ནི། རྗེ་རང་བྱུང་པས། རྡོ་རྒྱུས་རྒྱུས་པའི་ནད་ལ་ཕན། གསུངས་པ་འདི་ལ་བཟང་ངན་གཉིས་ཏེ། གཉིས་ཀ་ས་ནང་ནས་འབྱུང༌། བཟང་བ་སྔོ་ལ་དཀར་མདངས་ཅན་རྒྱུས་པ་སྐམ་པོ་འདྲ་བ་བརྡུང་ཞིང་བསད་ན་བྱ་རྒོད་ཀྱི་སྤུ་ལྟར་འབྱུང་བ། ཁར་བལྡད་ན་རྒྱུས་པ་བལྡད་པར་ལྟར་དཀར་འདབ་འདམ་པ་དེ་ནི་བྱ་བལ་མ་སྟེ། རྒྱ་གར་སོགས་སུ་བཀལ་ནས་རས་སོགས་གོས་འཆོས་པར་བཤད་པའོ། །ངན་པ་ཤིང་ལྟར་ལས། བརྡུངས་ན་ཞིག་ཅིང་མི་འཆག་ལ་དགྱེ་བཀུག་བཏུབ་ཙམ་མོ།།

 

༢༦། མཐིང་རྒྱུས།

མཐིང་རྒྱུས་ནི། རིགས་གཉིས་ཏེ། དབྱིབས་རྒྱུས་པ་འདྲ་བ་བརྡུངས་ན་སོག་རྒྱུས་གྱོང་པོ་ལྟར་འཇིག་པ་ལ་སྔ་མ་ལྟ་བུའི་མཉེན་ཆ་དང་འབོལ་བ་མེད་ཅིང་ནན་གྱིས་བརྡུངས་ན་ཕྱེ་མར་འགྲོ་བ་ཡིན། འདི་འདྲ་ལ་ཁ་དོག་གི་དབྱེ་བས་སྔོན་པོ་མཐིང་རྒྱུས་དང༌། སྔོ་ལྗང་ལ་སྤང་རྒྱུས་ཞེས་སྔ་ཕྱི་གསུམ་ལ། རྡོའི་རྒྱུས་པ་རྣམ་གསུམ་ཟེར་རོ།།

 

༢༧། ལིག་བུ་མིག

ལིག་བུ་མིག་དང་དེ་བཞིན་བཙག་ཡུགས་རྣམས། །མིག་ནད་རུས་ཚད་སེལ་ཞིང་ཆུ་སེར་སྐེམ། །ཞེས་པའི་ལིག་བུ་མིག་ནི། རང་བྱུང་པས་སྨུག་པོ་མིག་གདོན་ཀུན་ལ་ཕན། ཞེས་གསུངས། མིང༌། སཽ་ཏི་ཛེ་ན། སི་ས་ར། ཟེར། རྡོ་སྨུག་ནག་མདུང་རྩེ་འདྲ་བ་ལ་དེ་ལས་ནག་ཅིང་མཁྲེགས་པའོ། །ལ་ལས་ནག་པོ་མདུང་རྩེ་ཟེར། ཁ་ཅིག་སྨུག་ནག་མདུང་རྩེར་འབོད་པའོ། །འདི་ལ་རིགས་དཀར་སྔོ་ཡང་འོང་བར་བཤད། སློབ་དཔོན་ཧཱུཾ་ཆེན་ཀ་རའི་པད་དཀར་ཆུན་པོ་ལས་རིན་པོ་ཆེའི་རིགས་བཤད་སྐབས། ལིག་བུ་མིག་ནི་ངོ་བོ་རྡོ་ཡིན་ཞིང༌། དམར་སེར་སྔོ་ལྗང་འདྲེས་པས་མིག་གི་རྒྱན།འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ། ཞེས་གསུངས་པའི་ལུང་འདིའི་སྒོ་ནས་ཕལ་ཆེར་གྱིས་སྐབས་འདིར་གཟི་ཡིན་གསུངས་པ་དེ་ཡང་རྩ་བ་ནས་ནོར་ཏེ། ལུང་འདི་དཀར་ཁྲ་མན་ལ་དགོངས་པ་ཡིན། ནུས་པ་ཡང༌། འདི་ཡི་ནུས་པ་རྒྱུ་སྐར་གནོད་པ་ཐུབ། གསུངས་པ་ཁྲ་མན་གྱི་ནུས་བཤད་དོ། །གཟི་ལ་ངོས་འཛིན་པ་རང་ནོར་བ་ནི། གཟི་ལ་དམར་སེར་སྔོ་ལྗང་གི་རི་མོ་མེད་པས་སོ། །འདི་སྐབས་བཤད་པའི་ལིག་བུ་མིག་དང་ཧཱུཾ་ཆེན་པས་གསུངས་པ་མི་གཅིག་པ་ནི། ཡང་ན་ཧཱུཾ་ཆེན་ཀས་རྡོ་ངོ་མ་ཤེས་ནས་རིན་པོ་ཆེར་རློམ་པར་ཟད། ཡང་ན་རྒྱུད་ཆེན་བཞི་མཛད་པ་པོས་རིན་པོ་ཆེ་ངོ་མ་ཤེས་ནས་རྡོའི་སྡེ་ཚན་དུ་བཤད་པར་ཐལ། ཅིའི་ཕྱིར་ན། ཧཱུཾ་ཆེན་པས། རིན་པོ་ཆེའི་སྡེར་བཤད་ལ། འདི་ནི་ཆུ་ལས་བྱུང་བའི་རིན་པོ་ཆེ་ཞེས་གསུངས། རྒྱུད་འདིར་རྡོའི་སྨན་གྱི་ནུས་པ་བསྟན་པ་ནི། ཞེས་རྡོའི་སྡེར་བཤད་པ་ལས། སྔོན་དུ་རིན་པོ་ཆེའི་སྡེར་མ་བཤད་པས་སོ། །ངོ་བོ་ཡང་རིམ་པས་རྡོའི་གྲས་སུ། ལིག་བུ་མིག་དང༌། བཙག་དང༌། ཡུགས་དང་གསུམ་ནུས་པ་ཡང་རིམ་པས། མིག་ནད། རུས་ཚད། ཆུ་སེར་གསུམ་གསུངས་པ་དང་གབ་སྤྲད་ན། ལིག་བུ་མིག་གིས་མིག་ནད་སེལ། བཙག་གིས་རུས་ཚད་སེལ། ཡུགས་ཀྱིས་ཆུ་སེར་སྐེམ་པར་བཤད་པའོ། །འོན་ཀྱང་བཙག་ཡུགས་གཉིས་གཅིག་ཏུ་བརྩི་བ་འགའ་ཡང་འཁྲུལ་ལོ།།

 

༢༨། བཙག

བཙག་ནི། རྡོ་བཙག་དམར་པོ་སྟེ། མིང་ནི། གི་རི་ཀ་དང༌། ཏུཾ་ཡ་ཟེར། འདི་ས་འོག་ནས་དོན་པའི་རྡོ་བཙག་དམར་པོ་ཤིང་ཚོན་ཉེན་པ་དེའོ།།

 

༢༩། ཡུགས།

ཡུགས་ནི། རང་བྱུང་པས། སྨུག་གིས་རྨ་ཡི་ཆུ་སེར་སྐེམ། །གསུངས་པར། མིང༌། ཡུགས་རྡོ། སྨུག་རྡོ། རྡེའུ་ཁྲག་ལྡག་ཟེར། རྡོ་སྨུག་པོ་ལྕི་ལ་འཇམ་པས་ཤོག་བུ་ཨུར་བྱེད་རུང་བ། འོད་ཅན་དབྱིབས་ཟླུམ་པ་ལ་ལེབ་འཇོང་སོགས་ཅུང་མ་ངེས་པ། རི་མོ་དམར་སྨུག་དོད་པ། རྒྱུ་མཚན་གསེར་ས་འོག་ནས་འབུད་པའི་མུ་ལ་ཡུགས་ཟེར་བས། རྡེའུ་འདི་གར་ཡོད་དུ་གསེར་ཡོད་པར་ངོས་འཛིན་ནས་གསེར་རྐོས་པ་རྣམས་འདིར་བརྐོས་ན་གསེར་ཡོད་པར་ཁྱབ། འདིར་ཡུགས་རྡོ་འབུད་ཅིང་འདུག་ཅེས་གླེང་བས་གསལ། ཁ་ཅིག་ཏུ་བཙག་ཡུགས་གཅིག་པར་མཛད་ནས། ངོས་ས་སྔོན་ལ་བཟུང་བ་ནོར།

 

༣༠། རྡོ་ཐལ།

རྡོ་ཐལ་ཕོ་བའི་བད་ཀན་འདྲིལ་བ་གཅོད། །ཅེས་པར། རང་བྱུང་པས། རྡོ་ཞོས་སྣོད་ཀྱི་ནད་རྣམས་སེལ། གསུངས་པར་སྤྱི་མིང༌། བྱ་རྡོ། ཆོས་རྡོ། ཞུན་རྡོ། བྲག་རྡོ། རྡོ་དཀར་ཟེར། རིགས་ནི། རྗེ་ཟུར་མཁར་པའི་རྒྱ་ནག་ལུགས་ཀྱི་རྡོ་ཞུན་སྦྱོར་སྡེ་ལས། རྡོ་རིགས་དཀར་པོ་སྔོ་སྐྱ་དང༌། །སྐྱ་བོ་དམར་སྐྱ་སྔོ་ནག་ལྔ། །རིམ་བཞིན་འོ་མ་ཕུག་རོན་སྐེ། །གོ་བོའི་རྒྱབ་དང་རྟ་གློ་དང༌། ཆར་སྤྲིན་འདྲ་བ་གང་རྙེད་བཙལ། །བརྡུངས་ཚེ་རྭ་གཞོབ་དྲི་ལྡན་ཞིང༌། །ས་ཡི་འོག་ནས་བརྐོས་པ་གཅེས།།  ཞེས་པས། དཀར་པོ་འོ་མ་ཁ་དང༌། སྔོ་སྐྱ་ཕུག་རོན་སྐེ་དང༌། སྐྱ་བོ་གོ་བོའི་རྒྱབ་འདྲ་དང༌། དམར་སྐྱ་རྟ་གློ་ཁ་དང༌། སྔོ་ནག་ཆར་སྤྲིན་མདོག་དང་ལྔར་ཕྱེ་བར་མཛད་ལ། རྗེ་རང་བྱུང་རྡོ་རྗེས། དེ་སྟེང་སེར་པོ་དང་དྲུག་ཏུ་ངོས་འཛིན་མཛད། གང་ཡང་སོལ་མེས་ཚོས་པར་བསྲེགས་ལ་གྲང་ནས་ཆུ་དྲོན་དུ་བསྐྱུར་ནས་ཁོལ་ཞིང་རྡོ་ཞོར་འཇུ་བའོ། །རྡོ་ཁུས་ཚོས་ཁ་འགུགས་ཐུབ་པ་སྟེ། བཙོད་ཚོས་ལ་དམར་སྨུག་དང༌། འབྲི་མོག་ལ་མཐིང་ནག ཡུང་བ་དང་ལྕུམ་རྩ་རྣམས་ལ་ཁྲག་མདོག་བྱེད་པ་དེ་ཡིན། བསྲེགས་པ་དེ་ཡང་ཕབ་པའི་བྱེ་བྲག་ལས། གྲང་ནས་ཆུར་བཅུག་པ་བསིལ། དྲོ་འཇམ་དུས་དར་བར་བཅུག་པ་སྙོམས། ཚན་མོ་ཆང་དུ་བཅུག་པ་དྲོད་དེ། ཚོས་གལ་ཆེ་བ་ནི། བདུད་རྩི་སྒྲོན་ཆུང་ལས། རྡོ་ཡི་ཐལ་བའི་སྨན་རྣམས་ནི། མ་ཚོས་སྦྱོར་བ་དུག་སྦྱོར་ཡིན། །ཕོ་བའི་མེ་གསོད་རྩ་སྦུབས་འགག །ལྷེན་དང་ལྕགས་དྲེག་དམུ་སྐྲན་སྐྱེད། །ཅེས་དང༌། ཞལ་གདམས་ལས། རྡོ་ཐལ་གཉེན་པོ་ཆུར་བཞུས་པའི། །ཁུ་བ་དྭངས་མ་སྙིགས་དང་ཕྲལ། །གར་སླ་ཞོ་ཕྲུག་སླ་ཤོས་ཙམ། །དར་རམ་རས་ཞིབ་ཚགས་ལ་བཙགས། །མ་ཚོས་རྡོ་ཕྱེ་ཏིལ་ཙམ་ཡང༌། །འདི་ལ་མ་ཤོར་ས་མ་ཡ། །ཞེས་གསུངས། སོ་སོའི་ཡོན་ཏན་ཡང༌། རྗེ་རང་བྱུང་རྡོ་རྗེས། དཀར་པོ་ལུག་གདོང་སྐྲན་ལ་ཕན། ཕུག་རོན་སྐེ་འདྲས་ལྕགས་དྲེག་འཇོམས། །གོ་བོའི་རྒྱབ་འདྲས་གྲང་སྐྲན་འཇིག རྟ་གློ་ཁ་འདྲས་འདྲིལ་རྣམས་བཤིག །སྐྱུང་ཀའི་རྒྱབ་འདྲས་གློ་སྐྲན་ཕན། །སེར་པོས་མཆིན་མཁྲིས་འདྲིལ་རྣམས་སེལ། །ཞེས་གསུངས་སོ།།

 

༣༡། ཧ་ཤིག

ཧ་ཤིག་རྩ་སྦྱོང་མོ་རྡེའུས་རྡེའུ་ནད་སེལ། །ཞེས་པའི་ཧ་ཤིག་ལ། རང་བྱུང་ཞབས་ཀྱི་ས།ཐོད་ལེ་ཀོར་གྱིས་རྩ་ལམ་སེལ། །ཞེས་གསུངས་པའི་མིང༌། ཁ་ཌཾ་ག ཧ་ཤིགྒི། ཁུ་དཀར། ཀ་ཀོ་ཏྲི་ཀ ཐོད་ལེ་ཀོར་རྣམས་ཟེར། འདི་རྡོ་མཉེན་གྱི་རིགས་འདྲ་བ་ལ་དྭངས་ས་གདིང་མཐོང་བ་འདྲ་བ། གོས་དམར་ནག་སོགས་ལ་རི་མོ་དཀར་པོ་དོད་པ། བརྡར་ཕྱེ་ཁར་མྱངས་ན་འཇུ་སྙམ་པ། ལག་པར་བྱུགས་ལ་ཕུར་ན་འོད་དང་བཅས་རྩི་འཇམ་པོར་འགྲོ་བའོ། །དེ་ལ་ཁ་དོག་དཀར་དམར་སྔོ་ལྗང་སེར་ནག་ངེས་མེད་འབྱུང༌། ནུས་པ་སྤྱིར་འདྲ་ནའང་དམར་པོ་བཟང༌། དེ་མ་རྙེད་ན་ནག་པོ་བཟང༌། གཞན་དམན་གསུངས། ཧ་ཅང་མཁྲེགས་པ་དང༌། གསོབ་ཅིང་མི་དྭངས་པ་ངན་ནོ།།

 

༣༢། མོ་རྡེའུ།

མོ་རྡེའུ་ནི། བུད་མེད་ལ་རྡེའུ་ནད་བྱུང་ནས་བཏོན་པ་མོ་རྡེའུ་སྟེ། ཕོ་ལ་གཏོང་བའི་དབང་གཙོར་མཛད་ནས་མོ་རྡེའུ་ཞེས་པ་ལས་ཕོ་ལས་བཏོན་པ་མོར་གཏོང་བ་ཡིན་ཏེ། བདུད་རྩི་སྒྲོན་ཆུང་ལས། ཕོ་ཡི་ལྒང་པའི་ནད་རྣམས་ལ། །མོ་ཡི་རྡེའུ་མཆོག་ཏུ་བསྔགས། །དེ་བཞིན་མོ་ལ་ཕོ་རྡེའུ་ཕན། །རང་ནད་རང་གིས་སེལ་བར་བྱེད། །ཅེས་སོ།།

 

༣༣། གཙང་ཆབ་རྡེའུ་ཞིབ།

གཙང་ཆབ་རྡེའུ་ཞིབ་ཆུ་འགགས་འབྱིན་པར་བྱེད། །ཅེས་པ། ཆུ་ཆེན་འགའ་ཞིག་དང༌། མཚོ་འགའ་ཞིག་ནས་རྡེའུ་དཀར་འཇམ་འོད་དུ་འཚེར་བ་མུ་ཏིག་ལྟ་བུ། ཡུངས་འབྲུ་ཙམ་བྱེ་མ་ལྟར་འབྱུང་བ་དེའོ། །འདིས་མོ་རྡེའུའི་ཚབ་རུང་བར་བཤད་དོ།།

 

༣༤། རྡོ་སྤོས།

རྡོ་སྤོས་འདུ་བའི་ནད་ལ་ཕན་པར་ནུས། །ཞེས་པས། དབྱིབས་ཧ་ཤིག་འདྲ་ལ་དེ་ལས་མཁྲེགས་ཙམ་ལ་ཕྲེང་བ་འཆོས་པར་སྤོས་ཤེལ་དང་ཕྱོགས་མཚུངས་འབྱུང་ལ། ཕྱེ་མ་མེ་ལ་བསྲེགས་ཚེ་སྤོས་དྲི་བྲོ་བ་ནི་མཆོག་ཏུ་བཟང་ལ། ཁ་དོག་དཀར་སྔོ་དམར་སེར་ནག་ལྗང་སྣ་ཚོགས་འབྱུང་བ་ཡིན།།

 

༣༥། ལྷང་ཚེར།

ལྷང་ཚེར་རྨ་གསོ་དངུལ་འཆིང་ཀླད་པར་ཕན། །ཞེས་པར། རང་བྱུང་པས། ལྷང་ཚེར་དུག་ནད་ཀུན་སེལ་བྱེད། །ཅེས་པ་ལ། རིགས་བཞི་སེར་དཀར་དམར་ནག་པོ། དཀར་པོ་རྡོ་ཤེལ་འདྲ་ལ་དྭངས་ཤིང་མཉེན་པ་ཤིང་གྲོ་བའི་པགས་པ་ལྟར་ཕྱི་ནང་མང་དུ་ཕྱེ་བཏུབ་པ་དངུལ་ཤོག་ལྟ་བུས་ཤེལ་སྒོ་བྱེད་རུང་བ། རྒོད་པོར་འདུལ་ན་ཆུར་མི་འབྱོར་ཞིང༌། བསྲེགས་ན་ཞོ་ལྟར་ཆུར་འདྲེས་པས་དཀར་ཚོན་ཉན་ལ། རྒོད་པོ་ནས་ཙམ་དུ་བརྡུངས་ལ་ཨ་རག་བཟང་པོར་སྦྱར་ནས་ལྤགས་ཐང་དུ་སྣག་ཚ་ལྟར་མཉེད་པས། ཞིག་ནས་ཚོན་དུ་སྦྱར་ན་དངུལ་མདོག་འབྱུང་ཞིང་ཁ་རྩི་དང་ཐབས་ཀྱིས་བསྒྲུས་ན་གསེར་འགྱུར་རུང་བའོ།།

 

༣༦། ལྷང་ཚེར་ནག་པོ།

ནག་པོ་ནི། རྒྱུ་སྔ་མ་འདྲ་ལ་ཁ་དོག་ནག་པོ་རྡོ་ལ་རི་མོ་བྲིས་ན་དམར་སྨུག་དོད་པ་སྟེ་འདི་དཀོན་པས་རྡོ་གཞན་ལ་འབྱར་བ་སོགས་ལས་ཆེར་མི་འབྱུང་འདྲ། དངུལ་ཆུ་བཙོ་བཀྲུ་ན་ནག་པོ་འདི་རང་དགོས་གསུངས། དངུལ་ཆུ་ཟ་བྱེད་ཀྱི་ཁམས་བརྒྱད་ཀྱི་ཡབ་གཅིག་ཡིན་ཕྱིར་དངུལ་ཟ་ཡང་ཟེར། ལྷང་ཚེར་དམར་པོ་ཡང་ཡོད་པས་ནག་པོ་དང་འདྲ་ཞེས་པ་ཡང་མཐོང༌།

 

༣༧། སྤང་མ།

སྤང་མས་ཆུ་སེར་སྐེམ་ཞིང་ལིང་ཏོག་གཅོད། །སྐྲ་སྐྱེ་ཕོ་མཚན་ནད་སེལ་ནད་ཀུན་སྐྱུགས། །ཞེས་ཀྱང་གྲངས་སྤང་ཚོན་ལྗང་གུ་སྟེ། སྤང་མཐིང་གཉིས་ཀ་ཟངས་རྡོའི་གཡའ་ལས་ཆགས་པའོ།།

 

༣༨། མཐིང་སྔོན།

མཐིང་སྔོན་མཁལ་ནད་ཆུ་སྲི་རྒྱུས་འགྲམ་སེལ། །ཞེས་པར། རྗེ་རང་བྱུང་པས། ཟངས་རྡོ་མཐིང་སྤང་ནད་ཀུན་སྐྱུགས། །ཞེས་པའང་ཚོན་མཐིང་ཡོངས་གྲགས་ཏེ། རྒྱ་མཐིང་ཤིང་ཕྱེ་འདྲ་བ་ནི་མ་ཡིན་ནོ།།

 

༣༩། དཀར་གོང༌།

དཀར་གོང་སྲིན་འདོན་གདོན་བསྐྲད་དུག་ལ་ཕན། །ཞེས་པར། རང་བྱུང་པས། དཀར་གོང་སྲིན་ཅན་སོ་སྲིན་སེལ། །གསུངས་པ་ལ་མིང༌། དཀར་གོང༌། མཁར་གོང༌། ཨ་དཀར། ཐུན་རྡོ། རྡོའི་ཕྱག་རྡོར། གདུག་པ་ཚར་གཅོད། ཁུངས་ནི། ཕྱག་ན་རྡོ་རྗེས་ཡུངས་ཀར་དང་འདི་གཉིས་གདུག་པ་འདུལ་ཕྱིར་འཛམ་བུ་གླིང་དུ་ཐུན་དུ་འཐོར་བ་དང༌། མ་འོངས་པའི་དོན་དུ་ཚངས་པས་རྡོ་གཞན་གྱི་དཀྱིལདུ་སྦས་སོགས་བཤད་ཁུངས་འགའ་ཟུང་ཡོད་ཀྱང་བཞག རིགས་སྲིན་ཅན་དང་སྲིན་མེད་གཉིས། སྲིན་ཅན་སྔོ་ལ་མཁྲེགས་ཤིང་འོད་དང་ལྡན་པ་འབུ་སྲིན་སོང་བའི་ཤུལ་ལྟ་བུའི་བུག་གསེང་ཡོད་པའོ། སྲིན་མེད་ནི་དཀར་ལ་དྭངས་པ་ལུག་ཚིལ་འདྲ་བའོ། །གང་ཡང་སླད་མེད་ལ་དྭངས་པ་དགོས། ཅོང་ཞི་ངན་རིགས་དང་མ་ནོར་བ་གལ་ཆེ། དེ་ཡང་མི་ནོར་བའི་གཟེར་ནི། སོལ་མེར་ཚོས་པར་བསྲེགས་ལ་ཆུར་བཅུག་པས་ཅོང་ཞི་ཞོ་ལྟར་འཇུ། དཀར་གོང་མི་འཇུ་བའོ། །འདི་ཚ་ལ་དང་སྦྱར་ནས་ཡོལ་གོ་འཆོས་པ་ལ་དཀར་ཡོལ་ཟེར་བའི་དོན་ནོ།།

 

༤༠། རྡོ་དྲེག

རྡོ་དྲེག་དུག་དང་ཚད་པ་རྙིང་པ་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། རྡོ་དྲེག་འདུས་པའི་འཁྲུ་བ་གཅོད། །སྐྱུགས་དང་ཡི་ག་འཆུས་པ་སེལ། །ཞེས་དང༌། གསོ་བ་རིག་པའི་རྩ་བ་ལས། ཕ་བང་དྲེག་པ་བསིལ་ལ་སྐམ། །དུག་དང་ཆུ་སེར་གསོ་བར་བྱེད། །ཅེས་པར་མིང༌། ཤཻལ་པུ>a8། བྲག་གི་མེ་ཏོག བྲག་གི་ཨུOaལ། དབུགས་མེད་པགས་པ། ཕ་བང་དྲེག་པ། བརྟན་པོའི་དྲེག་པ། སྨུག་པོའི་བུ། བྲག་རྩི། རྡོ་དྲེག་རྣམས་ཟེར། རྒྱུ་བྲག་ལ་དྲེག་པ་མེ་ཏོག་རིས་སུ་ཆགས་པ་དེ་ཡིན། ཁ་དོག་དམར། སེར། དཀར། ལྗང༌། ནག་ལྔ་འབྱུང༌། མཚུར་ཡོད་པའི་བྲག་དྲེག་ནི། ཁ་དོག་མཚུར་གྱི་རྒྱུའི་རྗེས་སུ་འབྲང་བས་ངེས་པ་མེད། དེ་མ་ཡིན་པར། མིག་སྨན་ལ་དཀར་པོ། དུག་ཚད་སྐབས་དམར་པོ་དང་སེར་པོ་གཉིས། ནག་པོ་ངན་རྫས་ལ་འགྲོ། སྨན་ལ་གང་བཏང་དུག་འདོན་དགོས། དེ་ཡང་ཁ་བྱང་དུ་བལྟ་བའི་སྲིབ་ཀྱི་བྲག་དྲེག་བཟང་བར་བཤད།

 

༤༡། རྡོ་སྐྱུར།

རྡོ་སྐྱུར་གྲང་བ་བད་ཀན་ཕོ་ནད་སེལ། །ཞེས་པ་རྡོ་ཁ་དོག་མ་ངེས་པ་ཕྱི་རྩི་སེར་ལྗང་སྔོ་ཁམ་ཡོད་པ་སྙི་ཞིང་རོ་མཚུར་དང་ཕྱོགས་མཐུན་ལ་མི་བསྐ་ཞིང་སྐྱུར་ཤས་ཆེ་བའོ།།

 

༤༢། འཛེང༌།

འཛེང་གིས་རྨ་རྙིང་ཤ་རོ་སེལ་བར་བྱེད། །ཅེས་པ་ལ། དཀར་སྔོ་གཉིས་ཡོད་པའི་དཀར་པོ་ལ་སྔོ་ཐིག་དང་གསེར་བྱེ་འདྲེས་པ་འབྱུང་བའི་རྡོ་རྒྱུ་ནི། ལྷ་སའི་རྡོ་རིང་གི་རྒྱུ་དེ་ཡིན་ཡང་དེ་ལས་དཀར་ཤས་ཆེ་བའོ།།

སྔོན་པོ་ནི། དེ་ལས་སྔོ་བ་དྭངས་པ་ཁ་དོག་ནས་སྔོན་མ་སྨིན་པའི་གསུས་གསར་བཏགས་པའི་ཟན་འདྲ་བ། གཉིས་ཀས་ཕ་ལམ་ལྟར་གཡུ་བྱུར་བརྡར་དྲ་ཐུབ་པའོ།།

 

༤༣། རྒྱ་མཚོའི་རྡོ་བ།

རྒྱ་མཚོའི་རྡོ་བས་ཚ་བའི་སྲིན་ལ་ཕན། །ཞེས་པ། གནམ་མཚོ་ཕྱུག་མོའི་དོ་སྒོར་རྡོའི་རིལ་བུ་འོད་ཟེར་འཕྲོ་བ་ནག་པོ་ཞིག་འབྱུང་ལ། ཀརྨ་པས་རིལ་ནག་ས་བོན་བཏབ་པ་ཡིན་ཞེས་པ་དེས་ཕན་པ་མྱོང་བ་དང༌། དེ་ལྟ་བུའི་མཚོ་རྡེའུ་ཁ་དོག་མ་ངེས་ཀྱང་དབྱིབས་ཟླུམ་པོ་དང་འབུ་འདྲ་བ་སོགས་ཡོང་བའོ།།

 

༤༤། ཆུ་རྡོ།

ཆུ་རྡོ་གྲང་མོའི་དུགས་ཀྱིས་ཁྲག་གཟེར་འཇོམས། །ཞེས་པ། སྲིབ་ནས་ཁ་བྱང་བལྟའི་ཆུ་བསིལ་རྫ་ཆབ་འབབ་པའི་དཀྱིལ་སྐམ་པ་དང༌། ཉི་མ་མཐོང་མ་མྱོང་བ་ཆུ་དང་བཅས་སྣོད་དུ་མཚན་མོ་བླངས་ལ་གནམ་མ་མཐོང་བས་གྲང་དུགས་བྱེད་པའོ།།

 

༤༥། བྲག་རྡོ།

བྲག་རྡོས་དྲོད་དུགས་གྲང་བ་སེལ་བར་བྱེད། །ཅེས་པ་ཉིན་བྲག་དཀར་པོ་ཉི་མས་གདུངས་ལ་ཆར་མི་ཕོག་པའི་དམར་རྩི་ཆགས་པ་དེ་བསྲོས་པས་ཚ་དུགས་བྱེད་པའོ།།

 

༤༦། རྡེའུ་ཆང་བྲན།

རྡེ་འུ་ཆང་བྲན་མ་ཞུ་འཇུ་བར་བྱེད། །ཅེས་པ། རྫ་ཞིབ་ཆར་པས་དག་ནས་ས་མེད་པའི་རྡེའུ་གླ་རིལ་ལས་མི་རྩིང་བ་སླ་ངར་བརྔོས་ལ་ཆང་གིས་བྲན་པ་ཕེ་ཚེར་བླུགས་པའི་ཚ་དུགས་སོ།།

 

༤༧། བྱེ་མའི་དུགས་ལུམས།

བྱེ་མའི་དུགས་ལུམས་མཁལ་ནད་ཚིགས་འགྲམ་སེལ། །ཞེས་པ། ཆུ་ཆེན་འགྲམ་གྱི་བསྐལ་པ་བྱེ་མ་རྩིས་ཤོས་སྤར་མོས་མི་ཚོགས་ཙམ་ས་མེད་པར་རླུང་ལ་ཕྱར་བའི་བྱེ་མ་ཆང་དུ་བཙོས་ལ་ཚ་དུགས་དང་ལུམས་བྱས་པས། གྲང་བའི་མཁལ་ནད་དང་ཚིགས་འགྲམ་པར་ཕན་པའོ།།

 

༤༨། བྱེ་མ་རེག་གཅོད།

བྱེ་མ་རེག་གཅོད་ཤ་རོ་རྨེན་འབྲས་གཅོད། །ཅེས་པ། རྡོ་དམར་སྨུག་གཡའ་མའི་དབྱིབས་ཁྲག་ཤ་བཙོས་མ་དང་ཕྱོགས་འདྲ། ཚོན་སྨུག་ཉན་པ། འགའ་ཞིག་མདུང་རྩེར་འདོད་པ་དེ་འདེབས་སྨན་དང་སྐྱུར་བའོ།།

དེ་ལྟར་མི་བཞུ་བའི་ཁམས་ཀྱི་རྡོ་སྨན་རྩ་བ་ཞེ་དགུ་ནང་རིགས་བཅས་ལྔ་བརྒྱ་དོན་གཉིས་རྒྱས་པར་བཤད་ཟིན་ཏོ།།

ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས། བར་གྱི་གཉིས་པ་ཁམས་གཉིས་ཀྱིས་བསྡུས་པའི་རྡོ་སྨན་དྲུག་ཅུ་རྩ་གསུམ་ནང་རིགས་བཅས་ལྔ་བརྒྱ་གོ་བཞིའི་གྲངས་ལྡན་ངོ་བོ་ནུས་མིང་རྒྱས་པར་བཤད་པའི་སྐབས་ཏེ་གསུམ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 12:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།