སྡེ་ཚན་གཉིས་པ། རྡོའི་སྨན་སྡེ་བཤད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015 |
སྡེ་ཚན་གཉིས་པ། རྡོའི་སྨན་སྡེ་བཤད་པ།
རྡོ་སྨན་གྱི་ནུས་པ་བསྟན་པ་ལ་ནི། །བཞུ་བཏུབ་ཁམས་དང་མི་བཞུ་ཁམས་གཉིས་ལས།།
རྡོ་བཞུའི་ཁམས་ཀྱི་ནུས་པ་བསྟན་པ་ནི། །ཁབ་ལེན་མདེའུ་འབྱིན་ཀླད་རུས་རྩ་ནད་སེལ། །གསེར་རྡོ་དངུལ་རྡོས་ཆུ་སེར་འདྲེན་པར་བྱེད། །ལྕགས་ཀྱི་རྡོ་བས་ཚེ་འཕེལ་བཅུད་ལེན་བྱེད། །ཟངས་རྡོ་ཟངས་མཚུངས་ཁྱད་པར་གློ་རྣག་འདྲེན། །རག་རྡོས་མིག་ནད་རབ་རིབ་སེལ་བར་བྱེད། །ཏི་ཚ་སེར་པོས་རྨ་འདྲུབ་མིག་ལ་ཕན། །གཤའ་དཀར་རྡོ་ཡིས་རྨ་གསོ་ཤ་འུ་སྐྱེད། །ཕ་བང་ལོང་བུས་རྩ་ནད་རུས་ཆག་སྦྱོར། །ཅོག་ལ་མ་ཡིས་རྩ་དང་ལྷ་བ་འཛིན། །ད་ཆུས་རུས་པ་ཆག་པ་སྦྱོར་བར་བྱེད། །མཚལ་གྱིས་རྨ་འདྲུབ་གློ་མཆིན་རྩ་ཚད་སེལ། །མཚལ་གྱི་ཐལ་བས་རྨ་འབྲས་ཤ་རོ་གཅོད། །དངུལ་ཆུའི་རྡོ་བསྲེག་ཤ་རོ་གཅོད་པར་བྱེད། །མུ་ཟིའི་རྡོ་ཡིས་དམུ་ཆུ་ཆུ་སེར་སྐེམ།།
མི་བཞུའི་ཁམས་རྡོའི་ནུས་པ་བསྟན་པ་ནི། །སྨུག་པོ་སྦལ་རྒྱབ་ཕོ་སྦལ་མོ་སྦལ་གཉིས། །ཆུ་སེར་འཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན། །དཀར་པོ་སྦལ་རྒྱབ་དཀར་པོ་ཆིག་ཐུབ་དང༌། །སྨུག་པོ་ཆིག་ཐུབ་ལ་སོགས་དེ་དང་འདྲ། །གངས་ཐིགས་དེ་བཞིན་མཆིན་པའི་ཚ་བ་སེལ། །ཅོང་ཞིས་འཁྲུ་གཅོད་བད་ཀན་ཚ་བ་སེལ། །བེལ་སྣབས་རུས་སྦྱོར་རྨེན་གཅོད་ཤ་འུ་སྐྱེད། །མཉྫི་ར་ཡིས་རུས་པའི་ཚད་པ་སེལ། །ཕག་མགོས་རུས་པ་གསོ་ཞིང་ཆུ་སེར་འདྲེན། །བྱེའུ་མགོས་དེ་བཞིན་ཤ་འུ་སྐྱེད་པར་བྱེད། །དུང་འདྲས་རུས་སྦྱོར་དངུལ་ཆུ་འཆིང་བར་བྱེད། །སྟང་ཟིལ་གསེར་ཟིལ་དངུལ་ཟིལ་རུས་མདོག་འབྱིན། །གྲུ་བཞིས་ཀླད་པ་གསོ་ཞིང་ཆུ་སེར་འདྲེན། །རྡོ་ཀླད་ཀླད་པ་སྡོམ་ཞིང་ཤ་འུ་སྐྱེད། །རྡོ་བ་འབྲུག་ཀླད་ཀླད་པ་གསོ་བར་བྱེད། །རྡོ་མཁྲིས་རྨ་ཡི་རྩ་ཁ་སྡོམ་པར་བྱེད། །རྭ་འདྲ་རུས་ནད་སྐྲན་དང་མིག་ལ་ཕན། །རྡོ་ཆུས་རུས་སྦྱོར་དངུལ་གྱི་དུག་ལ་ཕན། །ལྡོང་རོས་བ་བླས་རྨེན་ངན་རུལ་པ་གཅོད། །རྡོ་སོལ་རྡོ་རྣམས་འཇུ་ཞིང་རྩ་ཁ་སྡོམ། །སོལ་རྡོས་རྨ་འདྲུབ་ཆུ་སེར་སྐེམ་པར་བྱེད། །བ་ནུ་རྡོ་རྒྱུས་མཐིང་རྒྱུས་ཆུ་བ་གསོ། །ལིག་བུ་མིག་དང་དེ་བཞིན་བཙག་ཡུག་རྣམས། །མིག་ནད་རུས་ཚད་སེལ་ཞིང་ཆུ་སེར་སྐེམ། །རྡོ་ཐལ་ཕོ་བའི་བད་ཀན་འདྲིལ་བ་གཅོད། །ཧ་ཤིག་རྩ་སྦྱོང་མོ་རྡོས་རྡེལ་ནད་སེལ། །གཙང་ཆབ་རྡེལ་ཞིབ་ཆུ་འགགས་འབྱིན་པར་བྱེད། །རྡོ་སྤོས་འདུ་བའི་ནད་ལ་ཕན་པར་ནུས། །ལྷང་ཚེར་རྨ་གསོ་དངུལ་འཆིང་ཀླད་པར་ཕན། །སྤང་མས་ཆུ་སེར་སྐེམ་ཞིང་ལིང་ཏོག་གཅོད། །སྐྲ་སྐྱེད་ཕོ་མཚན་ནད་སེལ་ནད་ཀུན་སྐྱུགས། །མཐིང་སྔོན་མཁལ་ནད་ཆུ་སྲི་རྒྱུས་འགྲམ་སེལ། །ཀར་གོང་སྲིན་འདོན་གདོན་སྐྲོད་དུག་ལ་ཕན། །རྡོ་དྲེག་དུག་དང་ཚད་པ་རྙིང་པ་སེལ། །རྡོ་སྐྱུར་གྲང་བ་བད་ཀན་ཕོ་ནད་སེལ། །འཛིང་གིས་རྨ་རྙིང་ཤ་རོ་སེལ་བར་བྱེད། །རྒྱ་མཚོའི་རྡོ་བས་ཚ་བའི་སྲིན་ལ་ཕན། །ཆུ་རྡོ་གྲང་མོའི་དུགས་ཀྱིས་ཁྲག་གཟེར་འཇོམས། །བྲག་རྡོའི་དྲོད་དུགས་གྲང་བ་སེལ་བར་བྱེད། །རྡེ་འུ་ཆང་བྲན་མ་ཞུ་འཇུ་བར་བྱེད། །བྱེ་མའི་དུགས་ལུམས་མཁལ་ནད་ཚིགས་འགྲམ་སེལ། །བྱེ་མ་རེག་གཅོད་ཤ་རོ་རྨེན་འབྲས་གཅོད།། །།
མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 10:20 AM
<< སྔ་མ།