སྔ་དགོང་གོམ་འགྲོས་གནང་རྒྱུ་མེད་པའི་ལམ་སྟོན། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.11.2017 |
སྔ་དགོང་གོམ་འགྲོས་གནང་རྒྱུ་མེད་པའི་ལམ་སྟོན།
རྒྱ་གར་གྱི་དེང་རབས་སྨན་པའི་མཐུན་ཚོགས་(IMA: Indian Medical Association) ནས། སྔ་ཉིན་རྒྱལ་ས་དིལླིའི་མཁའ་རླུང་འབགས་བཙོག་གི་གནས་སྟངས་དེ་ཉེན་ཁ་ཅན་གྱི་རང་བཞིན་དུ་གྱུར་བར་བརྟེན། དིལླིའི་མང་ཚོགས་ཀྱི་འཕྲོད་བསྟེན་ཛ་དྲག་ཏུ་གྱུར་ཡོད་པའི་གསལ་བསྒྲགས་སྤེལ་འདུག
དེ་རིང་རེས་གཟའ་ལྷག་པའི་ཉིན་མོ་ཡང་ཁ་སང་བཞིན་དིལླི་ཡོངས་རྫོགས་དུ་ཞགས་(Smog)མཐུག་པོས་འཐུམ་ཡོད་པས་རྒྱང་ཐག་རིང་པོར་མཐོང་མ་ཐུབ་པ་དང་། མཁའ་རླུང་ཡང་འབྱིན་རྔུབ་བྱེད་མ་བདེ་བའི་གནས་སྟངས་སུ་འགྱུར་ཡོད། སྤྱིར་རྒྱལ་ས་དིལླྰའི་མཁའ་རླུང་གི་གནས་སྟངས་སྐོར་ལོ་ལྟར་དུས་ནས་དུས་སུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཐོན་བཞིན་ཡོད།
ཁ་སང་དིལླི་ས་གནས་སྲིད་གཞུང་གིས་མཁའ་རླུང་འབགས་བཙོག་གི་གནས་སྟངས་ལ་གཞིགས་ནས་འཛིན་གྲྭ་ལྔ་པ་བར་གྱི་གཞུང་དང་སྒེར་གྱི་སློབ་གྲྭ་ཡོངས་རྫོགས་སང་ཉིན་བར་དུ་སྒོ་རྒྱག་དགོས་པ་དང་། ཁང་པའི་ཕྱི་རོལ་དུ་རྩེད་མོ་སོགས་ཀྱི་སློབ་གྲྭའི་བྱེད་སྒོ་ཐད་ལའང་ལམ་སྟོན་གནང་ཡོད། དེ་བཞིན་ཁོར་ཡུག་དེའི་རྐྱེན་པས་འགྲུལ་བཞུད་སོགས་རྒྱུན་ལྡན་གྱི་བྱ་གཞག་མང་པོ་ཞིག་ལ་བརྡབ་གསིག་འཕྲད་བཞིན་ཡོད།
དིལླིའི་མཁའ་རླུང་དེ་མཁའ་རླུང་སྤུས་ཀ་བརྡ་སྟོན་(AQI: Air Quality Index)ནང་དུ་གྲངས་ཚད་ ༣༡༦ ཡིན་པར་གསལ་ཡོད། གྲངས་ཚད་སུམ་བརྒྱ་བརྒལ་བ་ལ་མཁའ་རླུང་གི་སྤུས་ཀའི་གནས་སྟངས་ཚབས་ཆེན་ཡིན་པར་ངོས་འཛིན་གནང་བཞིན་ཡོད་ལ། དེའི་རྐྱེན་པས་ཉེན་ཁ་ཆེ་ཤོས་དེ་མི་མང་ཚང་མའི་འཕྲོད་བསྟེན་ཐོག་ལ་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་ཡིན་པ་དང་། གྲིབ་སྐྱོན། སྙིང་ནད། གློ་བའི་འབྲས་ནད་དང་། དབུགས་འབྱིན་རྔུབ་ནད་གཞི་དྲག་པོ་དང་གཅོང་ནད་ཀྱི་རྒྱུ་རུ་གྱུར་སྲིད་པ་ཡིན།
དིལླིའི་ཤེས་རིག་བཀའ་བློན་མཆོག་གིས་མཁའ་རླུང་འབགས་བཙོག་གི་གནས་སྟངས་ཛ་དྲག་ཡིན་པའི་རྒྱུ་མཚན་གྱིས་མང་ཚོགས་ལ་སྔ་དྲོ་དང་། དགོང་མོ་གོམ་འགྲོས་སུ་ཕེབས་རྒྱུ་མེད་པ་དང་། ཁྱད་མཁས་མི་སྣ་ཚོས་ཀྱང་ཕྱི་རོལ་དུ་ལུས་སྦྱོང་སོགས་བྱེད་རྒྱུ་མེད་པའི་ཉེན་བརྡ་བཏང་གནང་ཡོད་པས་ས་གནས་སུ་གནས་སྡོད་དང་། རྒྱལ་སར་བསྐྱོད་འཆར་ཡོད་པའི་རང་རིགས་མང་ཚོགས་ནས་ཀྱང་དེ་དེ་བཞིན་འཕྲོད་བསྟེན་ཐད་གང་ཐུབ་ཐུགས་གཟབ་གནང་གལ་ཆེ།།
མཐའ་མའི་འདོན་ཐེངས་།: 14.11.2017 ཉིན། 12:43 PM
<< སྔ་མ།