སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

སྐྱ་རྦབ་ནད་ཀྱི་བཅོས་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.11.2013
བོད་ཀྱི་སྨན་བཅོས་རིག་པ། >>

 

 

སྐྱ་རྦབ་ནད་ཀྱི་བཅོས་ཐབས་བློ་གསར་དགྱེས་པའི་འཛུམ་ཞལ།

 

སྨན་རམས་པ་ཚེ་དབང་རྟ་མགྲིན།

 

     སྐྱ་རྦབ་ཅེས་པ་ནད་ཀྱི་རྟགས་ལ་ལྟོས་ནས་བཏགས་པའི་གཅོང་སྡེ་དྲུག་གི་ཡ་གྱལ་ཕྱི་ཤ་པགས་དང་། ནང་དོན་སྣོད་བཅས་པར་ཆུ་སེར་རྒྱས་པའི་ནད་རིགས་ཤིག་རེད།

 

རྒྱུ་རྐྱེན།

     དེ་ཡང་མན་ངག་རྒྱུད་ལས། རྒྱུ་རྐྱེན་ཟས་དང་སྤྱོད་ལམ་མི་འཕྲོད་པས། །མ་ཞུའི་དྭངས་མ་མཆིན་གནས་ཟུངས་མ་གྱུར། །ངན་ཁྲག་ཆུ་སེར་རྒྱས་པ་རླུང་གིས་གཏོར། །ལུས་ཀུན་ཁྱབ་པས་སྐྱ་རྦབ་དག་ཏུ་གཡོ། །ཞེས་གསུངས་པ་ལྟར། ནད་འདི་དམིགས་བསལ་ཕོ་མོ་དང་ལོ་ན་ཆེ་ཆུང་སོགས་ཀྱི་ཁྱད་པར་ཆེར་མེད་ཀྱང་མིའི་རང་བཞིན་ལ་ཁྱད་པར་ཆེན་པོ་འདུག དེ་ཡང་བད་རླུང་གྲང་ཤས་ཅན་གྱི་མི་ཡིན་པ། ལུས་ཟུངས་ཞན་པ། རྒྱུན་དུ་ཁ་ཟས་སྐྱ་བ་སྟེ་སྣུམ་རིགས་ཉུང་བའི་ཟས་ཟ་བ་དང་ལུས་ཀྱི་སྤྱོད་ལམ་ཡང་དལ་བར་འདུག་པ་མ་ཟད། སེམས་ལ་མྱ་ངན་ཆེ་བ། གཉིད་སྲབ་པ་སོགས་ཀྱི་མཚན་ཉིད་དང་ལྡན་པའི་ཁར་རང་གི་ཕོ་བར་དམིགས་བསལ་མི་འཕྲོད་པའི་བཟའ་བཏུང་གི་རིགས་དཔེར་ན་ཞོ་དང་།  དར་བ། འོ་མ་ལ་སོགས་དཀར་གྱི་རིགས་དང་།  དེ་བཞིན་ཆང་སོགས་སྐྱུར་གྱི་རིགས། སྔོ་ངད་དང་།  རྒྱ་སྲན་མོན་སྲན་སོགས་སྲན་མའི་རིགས་དང་།  ཚིལ་སྣུམ་ལ་སོགས་གང་ཡང་སྔ་མ་ཟས་མ་ཞུ་བའི་ཁར་ཕྱི་མ་ཟོས་པ། ཡང་སྲན་མའི་ཚོད་མ་དང་བུ་རམ་ཞོ་བསྲེས་བཟའ་བ་སོགས་མི་འཕྲོད་པའི་ཟས་རིགས་འདྲེས་པར་ཟོས་པའི་དབང་གིས་འཇུ་མི་ནུས་པ་དང་།  གཞན་ཡང་ཟས་ཀྱི་ངོ་བོ་སྐྱ་བ་དང་།  འབྲས། ཞོ་ཁོག འབྲུ་གསར་པ། ཤ་རིད། རྗེན་པ། མ་ཚོས་པ། ཚིག་པ་ཁེངས་པོ། ཆུ་མང་ཡོད་པའི་ཤིང་ཏོག་སོགས་ཟ་ཚོད་མ་ཟིན་པར་ཟས་པའི་ཁར་ལུས་འཁྱགས་པའི་དབང་གིས་མྱག་བྱེད་བད་ཀན་དག་གིས་མྱག་མ་ནུས། འཇུ་བར་བྱེད་པའི་མཁྲིས་པས་འཇུ་མ་ནུས། མེ་མཉམ་རླུང་གིས་དྭངས་སྙིགས་ཕྱེ་མ་ནུས་པ་སྟེ་གང་ལྟར་ཕོ་བའི་མེ་དྲོད་གསུམ་གྱིས་མྱགས་ཞུ་དྭངས་སྙིགས་ཀྱི་བྱེད་ལས་ཉམས་ཏེ་ཁ་ཟས་ཀྱི་དྭངས་མ་དེ་དག་མཆིན་པའི་གནས་སུ་ཟུངས་སུ་མ་གྱུར་བ། ཁྲག་ངན་པ་དང་ཆུ་སེར་རྒྱས་པའི་རྒྱུ་རུ་སྨིན་པ་དེ་ཉིད་ཁྱབ་བྱེད་རླུང་གིས་བུ་ག་རྣམས་སུ་གཏོར་ཏེ་ལུས་ཀྱི་སྟོད་སྨད་དང་ཤ་པགས་རྣམས་སུ་ཁྱབ་པས་སྐྱ་རྦབ་ཀྱི་ནད་དུ་འགྱུར་བར་བྱེད་པ་ཡིན།

 

ནད་ཀྱི་དབྱེ་བ།

     ཡང་མན་ངག་རྒྱུད་ལས། དེ་ཉིད་གློ་མཆིན་མཆེར་པར་ཞུགས་པ་དང་།  །ཆུ་སེར་རླུང་དང་ལྡན་ཕྱིར་དབྱེ་བ་ལྔ། །གློ་བ་སྐྱ་རྦབ་ཁྲག་ཤས་ཆེ་བ་སྟེ། །མཆིན་པ་མཁྲིས་ལྡན་མཆེར་པ་བད་ཀན་ལྡན། །ཆུ་སེར་སྐྱ་རྦབ་ཤ་ལྤགས་མཚམས་སུ་ཁྱབ། །རླུང་ནད་སྐྱ་རྦབ་སྙིང་དང་སྲོག་རྩར་གནས། །ཞེས་གསུངས་པའི་གཞུང་གི་དགོངས་དོན་ལྟར། གློ་བ་མཆིན་པ་མཆེར་པ་ཆུ་སེར་རླུང་དང་ལྡན་པ་སྟེ་སྐྱ་རྦབ་རིགས་ལྔ་ཡོད། དེ་མིན་མཁལ་མ་དང་ཕོ་བ་དང་ཀླད་པ་བཅས་ལའང་སྐྱ་རྦབ་ཀྱི་ནད་ཡོང་གི་ཡོད་པ་རྒྱུན་དུ་རང་ཉིད་ཀྱི་ཉམས་མྱོང་ནང་མཐོང་ཆོས་སུ་འདུག དེ་ཡང་གློ་བ་སྐྱ་རྦབ་ཁྲག་ཤས་ཆེ་བ། མཆིན་པ་མཁྲིས་ལྡན། མཆེར་པ་བད་ཀན། ཆུ་སེར་སྐྱ་རྦབ་ཤ་པགས། རླུང་སྐྱ་རྦབ་སྙིང་དང་སྲོག་རྩར་དབྱེ་བ་ནི་གཙོ་བོ་ཉེས་པ་དང་ནད་ཀྱི་གནས་ཀྱི་དབང་གི་དབྱེ་བར་ཡིན་པ་སེམས། དེ་དག་ལའང་ནང་གསེས་སོ་སོར་ཚ་གྲང་ཀྱི་དབྱེ་བ་དང་ནད་ཀྱི་བསྡོངས་ཟླ་མི་འདྲ་བའང་ཡོད།

 

ནད་རྟགས།

སྐྱ་རྦབ་ནད་ལ་སྤྱི་དང་བྱེ་བྲག་གི་རྟགས་གཉིས་སུ་ཡོད་པ་ལས། སྤྱི་རྟགས་ནི། རྩ་ཆུ་ཕྱི་ཡུལ་གསུམ་ཡོད་པའི་ནང་ནས་དང་པོ་རྩ་ནི། རྩ་རྒྱུད་ཕྲ་ལ་བྱིང་བ་མནན་ན་གཏིང་དམ་པ། གཉིས་པ་ཆུ་ནི། ལྦུ་བ་ཆེས་སོབ་པ་དང་མདོག་དཀར་ཤས་ཆེ་ཡང་སེར་ཤས་སོགས་ཀྱང་སྣང་།  གསུམ་པ་ཕྱི་ཡུལ་ནི། ཁ་ཟས་ཀྱི་དང་ག་ཞན་པ། ཁ་ཟས་ཟོས་རྗེས་ཕོ་བ་སྦོས་བརྒྱངས་བྱེད་པ། ལུས་ཀྱི་ཤེད་ཤུགས་ཞན་པ། ཁ་གདོང་དང་ངར་གདོང་ལག་སོར་རྐང་བོལ་མིག་ལྕིབས་སོགས་སྦོས་སྐྲངས་དང་གཡོ་བར་བྱེད་པ། གཅིན་པའང་ཉུང་ངུ་ལས་མི་འབབ་པ། ལུས་ལྕི་བར་བྱེད་པ། སྙིང་གཡུགས་པ། དབུགས་ཅུང་ཧལ་བ། ལྕེ་དང་།  སོ་རྙིལ་ངོ་གདོང་སོགས་ཀྱི་བཀྲག་མདངས་ཉམས་པ་བཅས་ཀྱི་ནད་རྟགས་ཡོད་པའི་ཁར།

     བྱེ་བྲག་གློ་བ་སྐྱ་རྦབ་ནི་སྔ་དགོང་གློ་མང་ཞིང་ལུད་པ་ཁྲག་ཅན་ལྦུ་གསོབ་ལུ་བ། མཆིན་པ་སྐྱ་རྦབ་ནི་མིག་སྤྲིན་དང་ཤ་མདངས་དྲི་ཆུ་བཅས་སེར་བ། མཆེར་པ་སྐྱ་རྦབ་ཁོང་སྦོས་ཤིག་མང་ལྕེ་མཆུ་སྐྱ་བ། ཆུ་སེར་སྐྱ་རྦབ་ལུས་ལ་ཟ་འཕྲུག་བྱེད་ཅིང་ཐོར་ཤུ་མང་བ་དང་ཆུ་སེར་སྐྲངས་ཞིང་གཅིན་ཡང་ཉུང་ངུར་འབབ། རླུང་སྐྱ་རྦབ་ནི་གཉིད་ཆུང་ལ་སྐྲངས་པ་གསོབ་ཅིང་འཕེལ་འབྲི་ཆེ་ཡང་སྐྲངས་པོ་མནན་ན་མཐེབ་རྗེས་མི་ལེན་པ་བཅས་ནི་སྐྱ་རྦབ་སྤྱི་དང་བྱེ་བྲག་སོ་སོའི་ནད་རྟགས་ཡིན།

 

བཅོས་ཐབས།

བཅོས་ཐབས་ནི། རྒྱུད་ལས། ནད་རྣམས་ཀུན་གྱི་སྣ་འདྲེན་མཇུག་སྡུད་རླུང་།  །ཞེས་གསུངས་པ་ལྟར། ནད་འདི་བཅོས་པའི་སྐབས་སུ་ངེས་པར་རླུང་ལ་རྔན་པ་སྦྱིན་ཞེས་པའི་ཁར། མ་ཞུའི་དབང་གིས་ཕོ་བའི་བད་ཀན་འཕེལ། །བེ་སྣབས་དེ་ཡིས་རླུང་རྒྱུའི་རྩ་སྦུབས་བཀག །ལྷེན་དང་ལྕགས་དྲེག་མེ་དྲོད་ཉམས་པ་སོགས། །གཅོང་ནད་མ་ལུས་སྐྱེད་པར་བྱེད་པ་ཡིན། །གཞན་ཡང་ཁ་ཟས་མ་ཞུ་ཕོ་ལོང་ལས། །བད་ཀན་བེ་སྣབས་འཕེལ་བ་གཏུམས་ནས་གནས། །རྙིང་ནས་སྙིགས་མ་འདྲིལ་བས་ཟས་སྐྲན་འགྱུར། །མེ་ཉམས་རླུང་གིས་དྭངས་སྙིགས་མ་ཕྱེད་པའི། །སྙིགས་མ་དྭངས་མའི་རྩ་མིག་ཤོར་བ་ཡིས། །མདངས་སྒྱུར་མཁྲིས་པས་ཟུངས་ཁྲག་མ་སྨིན་ཏེ། །ཡུན་རིང་མཆིན་གནས་དྭངས་མ་མ་ཞུ་ཡིན། །རྙིང་ནས་དྭངས་མ་འདྲིལ་ཟགས་བྱེར་འགྱིངས་བཞི། །འདྲིལ་བས་སྐྲན་རྣམས་སྐྱེད་པར་བྱེད་པ་སྟེ། །ཟགས་པས་སྐྱ་རྦབ་དམུ་ཆུ་སྐྱེད་པར་བྱེད། །བྱེར་བས་དུག་མཛེ་མེ་དབལ་འོར་དུ་ལྷུང་།  །འབྲས་དང་སུར་ཡ་དྲེག་དང་གྲུམ་བུ་དང་།  །མིག་སེར་རྩ་སྐྲན་རྐང་འབམ་དུ་མར་གྱུར། །འགྱིངས་པས་སྨུག་པོ་རྒྱས་གབ་མཆིན་པའི་ནད། །ནད་རྣམས་ཕལ་ཆེར་དྭངས་མ་མ་ཞུས་སྐྱེད། །ཅེས་གསུངས་པ་ལྟར། ཕོ་བ་ཞིང་ས་འདྲ་བའི་མེ་དྲོད་དེ་དུས་རྒྱུན་དུ་གསོ་དགོས་པ་ཡིན། དེ་ཇི་ལྟར་གསོ་དགོས་ཞེ་ན། དུས་ཀུན་ཏུ་ནི་ཟས་ཚོད་རན་པ་བཟའ། །ཟས་རྣམས་ལྕི་ཡང་ཚད་ལས་དཔགས་བྱ་སྟེ། །ཡང་ལ་འགྲངས་ཤིང་ལྕི་ལ་ཕྱེད་འགྲངས་ཙམ། །བདེ་བླག་འཇུ་སླ་ཚོད་ཟིན་ཞེས་སུ་བཤད། །ཅེས་གསུངས་པ་ལྟར་རོ། །ཕོ་དྲོད་གསོ་བའི་དགོས་པ་ནི། དེ་ནི་ལུས་འཚོ་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་དང་།  ཕོ་དྲོད་མ་གསོ་ན་སྐྱོན་ནི། གལ་ཏེ་ཟས་ཚོད་མ་ཟིན་ཆུང་གྱུར་ན། །སྟོབས་མདངས་མི་འཕེལ་རླུང་ནད་མ་ལུས་འབྱུང་།  །ཚད་ལས་ཐལ་ན་མ་ཞུ་བེ་སྣབས་སྐྱེད། །དེ་ཡིས་མེ་མཉམ་རླུང་རྒྱུའི་རྩ་སྦུབས་བཀག །ཕོ་བའི་དྲོད་ཉམས་ཉེས་པ་མ་ལུས་སྐྱེད། །དེ་ཕྱིར་ཟས་དང་ཕོ་བའི་མེ་དྲོད་སྦྱར། །ལྟོ་བའི་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ། །ཆ་བཞི་པ་ནི་རླུང་གི་གནས་སུ་བཞག །ཅེས་སོགས་གསུངས་པ་ལྟར་རྒྱུན་ལྡན་འཚོ་བའི་ནང་ཚུལ་བཞིན་ལག་ལེན་དུ་འགེལ་ཐུབ་ན་རྒྱུན་དུ་ལུས་མི་ན་བར་གནས་པ། རིང་དུ་འཚོ་བ། ན་བ་འཕྲལ་དུ་དྲག་པ། དྲག་ན་ནད་སླར་མི་ལྡོག་པ་སོགས་ཀྱི་དགོས་ཁྱད་ཆེན་པོ་ཡོད།

     ཁ་ཟས་བསྟེན་ཞེས་པ་ནི་འབྲས་ཐུག་དང་།  གྲོ་ཐུག ལུག་ཤ མར་གསར། ལ་ཕུག་གསར་པ། སྔོ་ཚལ་རིགས་ཀྱང་ཅུང་བསྟེན་དགོས། ཁ་ཟས་སྤང་དགོས་པ་ནི། ཞོ་དང་བུར་རློན་མ་སྨིན་པ། རྗེན་པ། གྲང་མོའི་རིགས། ཁེངས་པོ། ཆང་སྐྱུར། ཤ་རིད། སྙལ་པའི་ཟས་རིགས་དང་ཚྭ་བཅས་ལ་འཛེམ་བྱ་གནང་རྒྱུ།

     སྤྱོད་ལམ་ནི་ཉིན་གཉིད་ལོག་པ། ཉལ་པོ་མང་བ། རླན་གྲང་སྟེང་སྡོད་ལང་ཆེ་དྲགས་པ། འགྲིམ་འགྲུལ་མུ་མཐུད་རིང་བ། ལུས་འཁྱགས་ཆེ་བ་བཅས་ལ་འཛེམས་པའི་ཁར།

     སྤྱིར་ཞི་བྱེད་སྨན་ནི། ཀུན་བདེ། ཉི་དགའ། ལྕགས་ཕྱེ་བཅོ་ལྔ། ད་ལི་བཅུ་དྲུག གཟེ་མ་གསུམ་ཐང་།  འབོལ་སྨན་བདུན་པ། ཅུ་བདེ། ཆུ་རྩི་ཉེར་ལྔ། གྲུབ་རིལ། ཨ་གར་བཅོ་ལྔ། ཨ་གར་སོ་ལྔ། ཨ་གར་བརྒྱད་པ། ཤིང་ཀུན་ཉེར་ལྔ། གུར་གུམ་ཆུ་འབེབས། སྐྱུ་རུའི་ཁཎྜ། ཨ་བྷི་དྲུག་ཐང་།  དྭངས་མ་ཆུ་འདྲེན། ཟླ་ཤེལ་སོ་བདུན་བཅས་སྔ་ཉིན་དགོང་གསུམ་ལ་རིགས་བསྒྲེས་གང་དགོས་ནད་ལ་དཔགས་ཏེ་གཏོང་དགོས་པ་མ་ཟད། སྐོམ་ཉུང་བ་དང་ཚྭ་ཉུང་བཟའ་དགོས་པ་ནི་སྐྱ་རྦབ་ཀྱི་ནད་གཞི་དེ་ཉིད་འོར་དང་། འོར་དེ་ཉིད་དམུ་ཆུ་རུ་མི་འགྱུར་བའི་དགོས་ཁྱད་བཅས་ལགས་སོ། །སརྦ་མངྒལཾ།། །།

 

འདི་ནི་སྤྱི་ལོ་༢༠༠༢ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་དྲུག་པ།》ནང་དུ་བཞུགས་ཡོད་པ་དེ་ནས་ཟུར་བཏོན་ཞུས་པ་ཡིན།

མཐའ་མའི་འདོན་ཐེངས་།: 18.11.2013 ཉིན། 4:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།