སྐབས་བཞི་པ། བྱེད་གྲུབ་གཉིས་ཀྱི་རྩིས་འཕྲོ་བཤད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.02.2011 |
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་བཞི་པ། བྱེད་གྲུབ་གཉིས་ཀྱི་རྩིས་འཕྲོ་བཤད་པ། |
༈ དཔལ་ལྡན་རྒྱུད་ལས་གསུངས་པ་ཡི། །རྩིས་འཕྲོ་གནས་པའི་ལོ་དེ་ནི། །རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི། །ཐོག་མའི་མེ་ཁྱི་དེའི་སྔུན་མ། །ས་སྐྱོང་ཤིང་མོ་བྱ་དེ་ཡིན། །ཤིང་བྱ་དེ་ཡི་དབོ་ཟླའི་མཐར། །སྐྱོན༌བྲལ་གྲུབ་མཐའི་རྩིས་འཕྲོ་རྣམས། །ཅིག་ཅར་ཤར་བ་འདི་ཡིན་ཏེ། །ཟླ་ཤོལ་རྩིས་འཕྲོ་གཟུགས་རོ་ཡིན། །གཟའ་ཚེས་རྩིས་འཕྲོ་གཟའ་གནས་མཁའ། །ཆུ་ཚོད་མཁའ་འབྱུང་སྲང་ཆུ་མཚོ། །དབུགས་སུ་ལག་པ་རི་མཁའ་རིའི། །ཆ་ཤས་གནས་སུ་ཀླུ་མེའོ། །ཆ་རིལ་རྩིས་འཕྲོར་རིལ་པོ་མེ། །ཆ་ཤས་རི་བོ་བུ་ག་ཡིན། །ཉི་མའི་སྐར་གནས་རྒྱལ་བ་དང་། །རི་འབྱུང་དབྱུག་ལ་སྲང་དབང་པོ། །དབུགས་མིག་རི་རོའི་ཆ་མི་བདག །སྒྲ་གཅན་ཟླ་བའི་འཕྲོ་གཟུགས་ཉི། །གཟའ་ལྔའི་སྤྱི་ཡི་ཉིན་ཞག་འཕྲོ། །རེ་བཞི་ཆར་དུ་རི་མཁའ་རིའི། །ཆ་ལ་གཟུགས་མིག༌བྲོ་བའོ། །མིག་དམར་རྩིས་འཕྲོ་སྦྲུལ་འདོད་པ། །ལྷག་པའི་ཉིན་ཞག་བརྒྱ་ཆའི་འཕྲོ། །མཚོ་རི་འབྱུང་བ་ཐུབ་པ་ཡིན། །ཕུར་བུའི་གཟུགས་མཁའ་རི་ཟླ་བ། །པ་སངས་བཅུ་ཆའི་མིག་རི་སྐྱོན། །སྤེན་པར་མེ་མིག་རྩ་འབྱུང་ཡིན། །དེ་རྣམས་ཇི་ལྟར་འཚོལ་བའི་ཚུལ། །གང་དུ་རང་རང་རྙེད་པའི་ལོ། །སྔ་མ་སྔ་མར་ཕྱི་མ་རྣམས། །རྙེད་པ་མིན་ཕྱིར་མི་འཚོལ་ཞིང་། །ཕྱི་མར་སྔ་མར་རྙེད་ཟིན་རྣམས། །འཆར་བ་ཀུན་ལ་ཤེས་པར་བྱ། །དེ་ཡང་སྟོང་འཇུག་གཅིག་བྱུང་ནས། །བརྩམས་ཏེ་བུག་རི་ཡོན་ཏན་མཐར། །ཟླ་བཤོལ་ཉི་མའི་རྩིས་འཕྲོ་འཆར། །ཚོགས་ཆའི་ཆེད་དུ་མཁའ་ཀླུ་རི། །ཀླུས་བསྒྱུར་བུག་རི་ཡོན་ཏན་བསྲེས། །བུག་གཟུགས་དུས་རོའི་ལོ་ཡི་མཐར། །ཟླ་བཤོལ་ཉི་མ་རིལ་ཆ་འཆར། །གཟའ་ཚེས་ཆེད་དུ་མཁའ་ཀླུ་རི། །བུག་མཚོ་དང་ནི་ནམ་མཁའ་རིས། །རིམ་བསྒྱུར་བུག་གཟུགས་དུས་རོ་བསྲེས། །བུག་གཟུགས་མཁའ་མིག་ཀླུ་དུས་མིག །དེ་མཐར་ཟླ་ཤོལ་ཉི་ཆ་རིལ། །གཟའ་ཚེས་སྤྱི་ཞག་བཅས་པ་འཆར། །སྒྲ་གཅན་མ་བྱུང་དེ་ཡི་ཆེད། །མཁའ་ཀླུ་རི་ནི་བུག་མཚོ་དང་། །གཟུགས་ཕྱོགས་འབྱུང་མདས་རིམ་བཞིན་བསྒྱུར། །དེ་ལ་བུག་གཟུགས་མཁའ་མིག་སོགས། །བསྲེས་པས་བུག་གཟུགས་གཟུགས་མཚོ་བུག །བུག་མཚོ་གཟུགས་མིག་ལོ་ཡི་མཐར། །ལྔ་སྒྲ་སྤྱི་ཞག་བཅས་པ་འཆར། །མིག་དམར་ཆེད་དུ་མཁའ་ཀླུ་རི། །བུག་མཚོ་དང་ནི་གཟུགས་ཕྱོགས་དང་། །དབང་གཟུགས་ཟླ་དང་ཚེས་མིག་གིས། །རིམ་བསྒྱུར་བུག་གཟུགས་གཟུགས་མཚོ་སོགས། །བསྲེས་པས་བུག་གཟུགས་དུས་མེ་རྩེ། །བུག་ཀླུ་དབང་རོ་དབང་བུག་མཐར། །ལྔ་སྒྲ་སྤྱི་ཞག་མིག་དམར་འཆར། །ཕུར་བུའི་ཆེད་དུ་མཁའ་ཀླུ་རི། །བུག་མཚོ་གཟུགས་ཕྱོགས་དབང་གཟུགས་ཟླ། །བུག་མིག་ལག་དང་མེ་ཐུབ་ཟླས། །རིམ་བསྒྱུར་དེ་ལ་སྔ་ལོས་བརྒྱན། །བུག་གཟུགས་རི་མེ་མཚོ་དབང་རི། །ཆུ་རོ་མིག་ཀླུ་དུས་རི་གཟུགས། །དེ་མཐར་ལྔ་སྒྲ་སྤྱི་ཞག་དང་། །བཀྲ་ཤིས་ཕུར་བུའི་རྩིས་འཕྲོ་འཆར། །སྤེན་པའི་ཆེད་དུ་མཁའ་ཀླུ་རི། །བུག་མཚོ་གཟུགས་ཕྱོགས་དབང་གཟུགས་ཟླ། །བུག་མིག་ལག་དང་ཟུང་མིག་ཐུབ། །གཟུགས་མིག་རྒྱ་མཚོས་རིམ་པར་བསྒྱུར། །དེ་ལ་གོང་གི་ལོ་བསྲེས་པས། །བུག་གཟུགས་གཟུགས་མེ་ཀླུ་མེ་མཚོ། །བུག་མིག་མེ་ལག་གཟུགས་སྐྱོན་རྩ། །མཁའ་མེའི་ལོ་མཐར་ལྔ་སྒྲ་དང་། །སྤྱི་ཞག་དྲག་གསུམ་རྩིས་འཕྲོ་འཆར། །པ་སངས་ཆེད་དུ་མཁའ་ཀླུ་རི། །བུག་མཚོ་གཟུགས་ཕྱོགས་དབང་གཟུགས་ཟླ། །བུག་མིག་ལག་དང་ཟུང་མིག་ཐུབ། །བུག་རོ༌རི་དང་འབྱུང་རི་ཡིས། །རིམ་བསྒྱུར་དེ་ལ་སྔ་ལོས་བརྒྱན། །བུག་གཟུགས་གཟུགས་སྦྲུལ་རི་ནོར་ཀླུ། །དུས་མཚོ་རོ་རྩ་རོ་ཟླ་མེ། །གཟུགས་མཚོ་དུས་མིག་རིག་བྱེད་མཐར། །ལྔ་སྒྲ་སྤྱི་ཞག་དྲག་གསུམ་དང་། །པ་སངས་བཅུ་ཆའི་རྩིས་འཕྲོ་འཆར། །ལྷག་པའི་ཞག་གི་བརྒྱ་ཆའི་ཆེད། །མཁའ་ཀླུ་རི་ནི་བུག་མཚོ་དང་། །གཟུགས་ཕྱོགས་ཚེས་གཟུགས་བུག་མིག་ལག །ཟུང་མིག་ཐུབ་དང་བུག་རོ་རི། །ཐུབ་པ་ཕྱོགས་དང་འདོད་པ་ཡིས། །རིམ་པར་བསྒྱུར་ལ་སྔ་ལོས་བརྒྱན། །བུག་གཟུགས་རི་ཀླུ་རི་བོ་ཟླ། །འབྱུང་མཚོ་བུ་ག་རོ་དང་མཚམས། །རི་ལག་མེ་ཟླ་དུས་དང་རི། །ཐུབ་ཟུང་གདེངས་ཅན་ལོ་ཡི་མཐར། །ལྷག་པ་དང་བཅས་བཙལ་བྱ་ཡི། །རྩིས་འཕྲོ་ཐམས་ཅད་ཅིག་ཅར་འཆར། །གཞན་ཡང་གྲུབ་མཐའ་ལས་བརྩམས་ཏེ། །བཙལ་བས་བྱེད་པ་དང་ཉེ་བར། །དོགས་པའི་རྩིས་འཕྲོ་གསུམ་སྣང་ཡང་། །འདིར་བཤད་ཁོ་ན་གྲུབ་མཐའ་ཡི། །རྣམ་དག་རྩིས་འཕྲོར་ངེས་རྙེད་ཕྱིར། །འདི་ལས་གཞན་པའི་ཉེ་བ་གསུམ། །མ་བཀོད་སྤྲོ་ན་གཞན་དུ་ལྟོས། །དེས་ན་རྩིས་འཕྲོ་ཀུན་གནས་པའི། །ས་སྐྱོང་ཤིང་བྱ་དེའི་ཕྱི་ལོ། །མི་ཟད་མེ་ཁྱིའི་ལོ་དེ་ནས། །ད་ལྟའི་ཤིང་རྟ་འདི་ཡན་ལ། །ལོ་གྲངས་གདེངས་ཅན་མཁའ་བུག་ཡོད། །དེ་ཡི་ལོ་མཐའི་ཆུ་སྦྲུལ་མཐར། །འོག་ནས་འཆད་འགྱུར་གྲུབ་མཐའ་ཡི། །ལྔ་སྒྲ་གཟའ་ལྔའི་རྩིས་འཕྲོ་རྣམས། །རྣམ་པར་དག་པ་འཆར་བ་ཡིན། །གཞན་ཡང་ཞག་གསུམ་གཟའ་ལྔའི་འཕྲོ། །སྟོང་ཆེན་ལོ་ཚོགས་ལས་འཚོལ་ལམ། །ཡང་ན་གཅིག་བཙལ་ཞག་གསུམ་གྱི། །བར་ཁྱད་ལ་བརྟེན་ཅིག་ཤོས་གཉིས། །བཙལ་བས་གནས་སྐབས་བྱ་སླར་འགྱུར།། ༈ བསྡུས་རྒྱུད་དངོས་བསྟན་རྩིས་འཕྲོ༌ནི། །ཟླ་བཤོལ་རྩིས་འཕྲོ་ནམ་མཁའ་དང་། །ཉེར་དྲུག་ང་བརྒྱད་ཉི་མའི་འཕྲོ། །གཟའ་ཚེས་ངེས་པ་མིག་སུམ་ཅུ། །ཚོགས་མདའ་ཆ་ཤས་བརྒྱ་བཅུ་གཉིས། །སྒྲ་གཅན་ཟླ་བ་བརྒྱ་ཉེར་གཉིས། །གཟའ་ལྔའི་སྤྱི་ཞག་རྩིས་འཕྲོ༌ཐིག །མིག་དམར་ཉིན་ཞག་བརྒྱ་རེ་བདུན། །ལྷག་པར་མཚོ་རི་མི་བདག་གོ །ཕུར་བུ་མིག་མེ་ཐུབ་གཟུགས་འཕྲོ། །མེ་དུས་གཟུགས་མིག་པ་ཝ་སངས། །སྤེན་པའི་དུས་མཚོ་བུག་མདའ་འོ།། ༈ དེ་ལྟའི་སྤྱད་ཟིན་ངེས་པ་ལ། །ཟླ་བཤོལ་རྩིས་འཕྲོ་སྟོངས་པ་དང་། །ཉི་མར་ཉེར་དྲུག་ང་བརྒྱད་དུ། །མཛད་པ་གཉིས་པ་འགལ་ཕྱིར་དང་། །དེ་བཞིན་ཤིང་བྱའི་ལོ་མཐའ་ཡི། །ཟླ་བཤོལ་སྟོངས་པའང་མི་འཐད་ཅིང་། །ཉི་མའི་རྩིས་འཕྲོ་ཉེར་དྲུག་སོགས། །ཟླ་མཚམས་འཆར་བ་མི་སྲིད་ཕྱིར། །གཞན་ཡང་སྤྱི་ཞག་བར་འོག་གི །རྩིས་འཕྲོ་སྟོངས་དང་གཟའ་ཚེས་འཕྲོར། །ཆུ་ཚོད་སུམ་ཅུར་མཛད་པ་ཡང་། །འགལ་ཕྱིར་བྱེད་པའི་རྩིས་འཕྲོ་རྣམས། །བྱེད་པ་སྒྲིག་པའི་དགོས་པ་དང་། །རྩིས་ལ་མངོན་ཞེན་མུ་སྟེགས་པའི། །ང་རྒྱལ་གཞོམ་པ་སོགས་ཀྱི་ཆེད། །བཟོ་གཞི་གྲུབ་མཐའི་རྩིས་འཕྲོའི་སྟེང་། །སྤྱིར་བཏང་ཟླ་རེའི་ངེས་པ་བསྣན། །དེ་རྗེས་ཉིས་བརྒྱ་ཉེར་གཅིག་གི །སྐྱོན་འདོན་ཕྱིར་དང་དགོས་པའི་ཕྱིར། །བསྣོན་འབྲིད་ཅི་རིགས་ཀྱིས་བཅོས་པས། །ཉེས་སྐྱོན་ཅུང་ཟད་དང་བཅས་པའི། །རྩིས་འཕྲོ་ཡིན་པར་ཤེས་པར་བྱ།། ༈ དེ་བཞིན་སྤྱོད་འགྱུར་ལོངས་སྤྱོད་ཀྱི། །ངེས་པའང་སྦས་པས་མི་གསལ་ཏེ། །གཟའ་ཕལ་ཉི་མའི་རྗེས་འགྲོ་ལས། །ཉི་ཚེས་རེ་ཡི་ངེས་པ་ལ། །འདོད་ཆའི་རེ་བདུན་ཆ༌ཞེ་བཞིས། །གྲུབ་པའི་མཐའ་ལས་མང་བ་དང་། །གཟའ་ཚེས་ལ་ནི་ཚེས་ཞག་རེར། །རི་མཁའ་རི་ཆ་བཅུ་དྲུག་གིས། །གྲུབ་པའི་མཐའ་ལས་ཉུང་བའི་ཕྱིར། །དེ་སྐྱོན་གསལ་བྱེད་འགྲེལ་ཆེན་ལ། །བརྟེན་ནས་དབྲི་བསྣོན་གཉེན་པོ་ཡིས། །ངེས་པ་གསར་དུ་སྤོ་བར་བྱ། །དེས་ནི་བྱེད་པ་བྱ་སླ་ཞིང་། །རྩིས་འཕྲོའི་མང་ཉུང་ཉེས་པའི་ཆ། །དག་པས་ངེས་པ་གསལ་བར་འགྱུར། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །བྱེད་པ་དང་གྲུབ་པའི་རྩིས་འཕྲོ་བཤད་པའི་སྐབས་ཏེ་བཞི་པའོ།། །།
མཐའ་མའི་འདོན་ཐེངས་།: 08.02.2011 ཉིན། 11:28 AM
<< སྔ་མ།