སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་བདུན་པ། བྱེད་པ་ལ་ལོ་འཕོ་བའི་ངེས་པ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་བདུན་པ། བྱེད་པ་ལ་ལོ་འཕོ་བའི་ངེས་པ་བཤད་པ།

ད་ནི་སྐབས་བདུན་པས་བྱེད་པ་ལ་ལོའི་འཕོ་བའི་ངེས་པ་བཤད་པ་ལ་གཉིས་ཏེ། ལོ་འཕོ་བཤད་པ་དང༌། ཟླ་འཕོ་བཤད་པའོ། །དང་པོ་ལའང་གཉིས་ཏེ། དངོས་བསྟན་ལྟར་རགས་རྩིས་ཀྱི་ལོ་འཕོ་དང་འགྲེལ་པའི་དགོངས་པ་ཞིབ་རྩིས་ཀྱི་ལོ་འཕོ་བཤད་པའོ། །དང་པོ་ནི། མེ་མཁའ་རྒྱ་མཚོར་རབ་བྱུང་དང་པོ་ལ་སོགས་པ་སྟེ། རྩི་བཞིན་པ་ཡན་ལ་འདས་པའི་ལོ་བསྲེས་ལ་མིག་སྐྱོན་ཏེ་བརྒྱ་གྱ་གཉིས་ཀྱིས་སྦྱངས་པའི་ལྷག་མ་ནི་རྒྱལ་དཀས་ཉུང་ངུའི་བྱེད་པ་སྦྱངས་པ་ཕྱིན་གྱི་ལོ་སྟེ། དེ་ནི་དག་པའི་ལོ་ཡིན་ནོ། །དེ་ལ་ཀླུ་སྟེ་བརྒྱད་བསྲེ་བ་ནི་ལོ་འཕོ་བའི་བྱེད་པ་དང༌། ལྔ་བསྡུས་ཀྱི་བྱེད་པའི་རེས་གཟའ་གཉིས་ཕན་ཚུན་བསྒྲིག་པའི་ཆེད་དུ་གློ་བུར་དུ་སྦྱིན་པ་སྟེ། བརྒྱད་པོ་ལས་ཉུང་བ་ལ་མི་འགྲིག་པའི་ཕྱིར་རོ། །དེ་ལྟར་བསྲེས་པའི་ལོའི་ཚོགས་དེ་གནས་གཉིས་སུ་བྱས་པའི་གནས་སྟེང་མ་མཁའ་མཁའ་ཆུ་སྟེ་བཞི་བརྒྱས་བསྒྱུར་བ་ནི། ལོ་འཕོའི་ལོ་རེའི་ངེས་པ་ལ་གཟའ་གཅིག ཆུ་ཚོད་བཅོ་ལྔ། སྲང་སོ་གཅིག དབུགས་གཅིག དཀྱིལ་འཁོར་ཆ་བརྒྱ་ཉེར་གཅིག་ཡིན་པས། ལོ་ཚོགས་གནས་ལྔར་བཞག་ལ་དེ་རྣམས་ཀྱིས་བསྒྱུར་ཏེ་རང་རང་གི་འཁོར་ལོས་སྟེང་དུ་གྲིལ་བ་ལ་གཟའ་གནས་བདུན་གྱིས་དོར་ཡང་རྟོགས་མོད་ཀྱི། བྱེད་པ་སླ་བའི་དོན་དུ་གཟའ་གཅིག ཆུ་ཚོད་བཅོ་ལྔ་ལ་སོགས་པའི་གནས་ཐམས་ཅད་སུམ་བརྒྱ་བཅུ་བདུན་གྱིས་བསྒྱུར་ཏེ་འཁོར་ལོས་གྲིལ་བས་གཟའ་གནས་སུ་སུམ་བརྒྱ་གོ་དགུ་འོང་ལ། དེའི་ཕྱིར་ལོ་ཚོགས་སུམ་བརྒྱ་གོ་དགུས་བསྒྱུར་ལ་སུམ་བརྒྱ་བཅུ་བདུན་གྱིས་དབྱེ་བར་རིགས་མོད་ཀྱི། འོན་ཀྱང་ཐིག་ལེ་གཉིས་གྲལ་མཐར་བསྒྲིགས་པས་ལག་ལེན་ལ་བཞི་བསྒྱུར་དུ་བྱས་པས་བྱེད་ལས་ཉུང་ཞིང་བདེ་བའི་ཆེད་དུ། སུམ་བརྒྱ་གོ་དགུ་ལ་ལོ་གཅིག་བསྣན་ཏེ། སྒྱུར་བྱེད་བཞི་བརྒྱར་མཛད་དོ། །དེ་ལྟར་ན་ལྷག་པོ་གཅིག་པོ་བསལ་བའི་ཕྱིར། བཞི་བརྒྱས་བསྒྱུར་བའི་ཚོགས་ལ་གནས་འོག་མའི་ལོ་ཚོགས་ཀྱིས་ཕྲི་བས་དོན་ལ་སུམ་བརྒྱ་གོ་དགུས་བསྒྱུར་བར་འགྱུར་རོ། །དེ་ལྟར་ཕྲི་བའི་ལྷག་མ་དེ་ལ་རི་ཟླ་མེ་སྟེ་སུམ་བརྒྱ་བཅུ་བདུན་ གྱིས་ཐོབ་པའི་ནོར་ནི་གཟའ་གནས་དང་དེའི་ཡང་ལྷག་མ་རྣམས་རིམ་པ་བཞིན་དུ། མཁའ་རོ་དང༌། མཁའ་རོ་དང༌། རོ་དང༌། རི་ཟླ་མེ་རྣམས་ཀྱིས་བསྒྱུར་བ་ལ་སོ་སོར་རི་ཟླ་མེས་ཕྱེ་བའི་ཐོབ་ནོར་རྣམས་རིམ་པ་བཞིན་དུ་བཞག་པ་ནི་ལོངས་སྤྱོད་ཙམ་དུ་བསྒྲུབ་པར་བྱ་བའི་ཆོ་གའོ། །དེའི་གཟའི་གནས་སུ་མིག་སྟེ་གཉིས་དང༌། ཆུ་ཚོད་དུ་ཐིག་ལེ་ཡོན་ཏན་ཏེ་སུམ་ཅུ་སྟེར་བ་ནི། ལོ་ཉིས་བརྒྱ་ཉེར་གཅིག་གི་བར་གྱི་ལོ་འཕོ་ལ་ཉུང་པའི་ཉེས་པ་རྣམས་གདོན་པའི་ཆེད་དུ་སྟེ། ལོ་འཕོ་དང༌། གྲུབ་མཐའི་ཉིན་ཞག་དཀྱིལ་འཁོར་གྱི་བར་ཁྱད་ཆུ་སྲང་ཞེ་སུམ་ཙམ་ཡོད་པ་དེ་ཉིས་བརྒྱ་ཉེར་གཅིག་གི་བར་དུ་བསགས་པས། གཟའ་གཉིས་དང༌། ཆུ་ཚོད་སོ་བརྒྱད་ཙམ་འབྱུང་བ་ལས་བྱེད་པའི་ལག་རྩིས་གུང་འགྲིག་པའི་ཆེད་དུ་ཆུ་ཚོད་བརྒྱད་པོ་བཏང་སྙོམས་སུ་བྱས་ཏེ་འདིར་མིག་དང་སུམ་ཅུར་མཛད་དོ། །དེ་ལྟར་སྦྱིན་པར་བྱས་ལ་རང་རང་གི་འཁོར་ལོས་གོང་དུ་དྲིལ་བའི་སྟེང་མ་གཟའི་གནས་ནས་བདུན་གྱིས་རྙེད་ནོར་དོར་བའི་ལྷག་མ་རྣམས་ཀྱིས་ནི་བྱེད་པའི་ལོའི་ངེས་པ་རྟོགས་པར་འགྱུར་རོ། །དེ་དག་ཀྱང་བསྡུས་པའི་རྒྱུད་ལས། དག་པའི་ལོ་ལ་ཀླུ་བསྲེས། ཞེས་པ་ནས། ཟླ་བ་དག་ལ་ལོའི་འཕོ་བའོ། །ཞེས་པའི་བར་རྐང་པ་གསུམ་གྱིས་དངོས་སུ་བསྟན་པའི་བྱེད་ལོའི་ཆོ་གའོ། །ད་ནི་ལོ་འཕོའི་རྒྱུ་མཚན་གྱི་མཐའ་ཅུང་ཟད་དཔྱད་པར་བྱ་སྟེ། དེ་ཡང་ལོ་བརྒྱད་སྦྱིན་ཏེ་ལྔ་བསྡུས་ཀྱི་རེས་གཟའ་དང་ཇི་ལྟར་བསྒྲིགས་སྙམ་ན། བཤད་པར་བྱ་སྟེ། དེ་ཡང་ནག་པ་དེའི་ཉེར་དྲུག་ལ་ཉི་མ་ལུག་ཁྱིམ་དུ་སླེབས་པས་དེའི་དུས་ཀྱི་རེས་གཟའ་དང་སྒྲིག་སྟེ། ཇི་ལྟར་ན། མེ་ཁྱིའི་མཐར་ཤར་བའི་རྩིས་འགོའི་གྲུབ་མཐའི་རྩི་འཕྲོ་རྣམ་དག་གི་གཟའ་ཉི་གཉིས་ལ་ཉི་ཤུ་དྲུག་གི་རྟག་ལོངས་བསྣན་པའི་གཟའ་རྐང་བྲལ་ལ་གཟའ་ལྔ། ཆུ་ཚོད་ཉེར་དྲུག སྲང་བཅུ་དགུ་སོགས་འབྱུང་བ་དེ་དང༌། ལོ་བརྒྱད་ཀྱི་ལོ་འཕོ་བའི་ངེས་པ་ལ། གཟའ་གསུམ། ཆུ་ཚོད་བཞི། སྲང་དགུ་བྱུང་བའི་སྟེང་དུ་ཉིས་བརྒྱ་ཉེར་གཅིག་གི་ལོ་འཕོའི་ཉུང་ཆ་མིག་སུམ་ཅུ་བསྣན་པས། གཟའ་ལྔ། ཆུ་ཚོད་སོ་བཞི་སོགས་འཆར་བ་གཉིས་ཆུ་ཚོད་བརྒྱད་ཀྱིས་ལོ་འཕོ་མ་ངེས་པ་མ་གཏོགས་འགྲིག་ལ། ཉི་བར་དེ་ལ་རྐང་རྩིས་བྱས་པས་སྐར་མ་སྟོང་པ། ཆུ་ཚོད་གཅིག སྲང་སོ་གཅིག་འོང་སྟེ། དེ་བས་ན་ཉེར་དྲུག་ལ་ཉི་མ་ལུག་གི་ཁྱིམ་དུ་སླེབ་པ་ཡིན་ནོ། །ཡང་སྐབས་འདིར་ལོ་འཕོའི་དཀྱིལ་འཁོར་སུམ་བརྒྱ་བཅུ་བདུན་དུ་བྱས་ནས། ཉི་མའི་ཉིན་ཞག་དཀྱིལ་འཁོར་ལ་གཟའ་སུམ་བརྒྱ་རེ་ལྔ་དང༌། ཆུ་ཚོད་བཅོ་ལྔ་སོགས་སུ་མཛད་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། འདིའི་གཙོ་བོ་ནི་གང་ལ་བརྟེན་ནས་ངེས་པ་རྣམས་རྟོགས་པར་བྱེད་པའི་རྩ་བ་བྱེད་པའི་ཉི་ཚེས་ལོངས་སྤྱོད་དང་བསྒྲིག་པར་བྱ་བ་ཡིན་ཏེ། ལོ་འཕོའི་ངེས་པ་ནི་ཟླ་བའི་ཆ་ལ་འཆར་བའི་ཉི་མའི་ཚེས་ལོངས་ལ་ལྟོས་ནས་ལོ་འཕོར་བཞག་པ་ཡིན་པའི་ཕྱིར་ཏེ། འགྲེལ་ཆེན་ལས། ཟླ་བ་དག་ལ་ལོའི་འཕོ་བར་འགྱུར་རོ། །ཞེས་པ་ནི་རིགས་པའོ། །ཞེས་གསུངས་པས་སོ། །ཇི་ལྟར་འགྲིག་ན། བྱེད་པའི་ཉི་མའི་ཚེས་ལོངས་ལ། ཆུ་ཚོད་བཞི། སྲང་ཉེར་གཅིག དབུགས་ལྔ། འདོད་ཆ་བཅུ་བག་མེད་གཅིག་ཡོད་ཀྱང༌། བཅུ་ཡིན་པའི་དབང་དུ་བྱས་ཏེ་དེའི་གནས་རྣམས་མདའ་ནོར་དབང་པོས་བསྒྱུར་ཏེ་ཆུ་ཚོད་སར་དྲིལ་བས་ཆུ་མདའ་དབང་མིག་འོང་བ་བགོད་བྱེད་ཡིན་པས། དེས་ཤེད་མཚུངས་ཀྱི་རྒྱུ་སྐར་ཆུ་ཚོད་ལ་རིམ་པར་ཕྱེ་བས་བྱེད་པའི་ཉི་མའི་ཚེས་ཞག་དཀྱིལ་འཁོར་ལ། ཞག་སུམ་བརྒྱ་དོན་གཅིག ཆུ་ཚོད་གསུམ། སྲང་ང་གསུམ། དབུགས་ལྔ། འདོད་ཆ་བཅུ་གཅིག དེའི་བཅུ་ཆ་དགུ་ལྷག་ཙམ་ཡོད། དེ་ལྟ་བུའི་དཀྱིལ་འཁོར་རྗེས་འབྲང་དང་བཅས་པ་དེ་བཅུ་ཆའི་བར་གསིལ་བ་གནས་གསུམ་དུ་བཞག་ལ་རི་མཁའ་རི་དང་ཆུ་རོས་དྲིལ་བའི་ནོར་གྱིས་སྟེང་མར་ཕྲི་བའི་ཚོགས་རྣམས། བཅུ་དང་འདོད་པ་དང་རོ་ལ་སོགས་པས་སྟེང་དུ་དྲིལ་བས། བྱེད་པའི་ཉི་མའི་ཉིན་ཞག་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅོ་ལྔ། སྲང་སོ་གཉིས། དབུགས་ཐིག འདོད་ཆ་བཞི། དེའི་བཅུ་ཆ་ལྔར་ཉེ་བ་རྣམས་འབྱུང་ལ། དེ་དང་ལོ་འཕོའི་གཟའ་ཁ་གཙང་གི་དཀྱིལ་འཁོར་ལོ་སུམ་བརྒྱ་བཅུ་བདུན་དུ་བྱས་པའི་ཉིན་ཞག་དཀྱིལ་འཁོར། སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅོ་ལྔ། སྲང་སོ་གཅིག དབུགས་གཅིག དཀྱིལ་འཁོར་ཆ་བརྒྱ་ཉེར་གཅིག་རྣམས་ཀྱི་བར་ཁྱད་ལ། དབུགས་ལྔ་ཙམ་ལས་མེད་པས་དེ་ཙམ་ནི་ཕྲ་བའི་ཕྱིར་ཉེས་པ་ཆེར་མེད་དོ། །ཇི་ལྟར་ན་དབུགས་ལྔ་པོ་ལོ་དྲུག་ཅུའི་བར་དུ་བསགས་པས་ཆུ་ཚོད་དུ་ལོངས་པ་ལ་ད་དུང་ཆུ་སྲང་བཅུ་ཙམ་དགོས་ལ། དེ་ནས་ཉེས་པའི་ཆ་རྣམས་འདོར་བའི་ཕྱིར་རོ། །འདིར་ལོ་དྲུག་ཅུ་ལ་འདོར་དགོས་པའི་ཉེས་པའི་ཆ་ནི། གྲུབ་མཐའི་ཉིན་ཞག་དཀྱིལ་འཁོར་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅུ་དྲུག སྲང་བཅུ་བཞི། དབུགས་གཅིག་སོགས་ལ། ལོ་འཕོའི་ཉིན་ཞག་དཀྱིལ་འཁོར་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅོ་ལྔ། སྲང་སོ་གཅིག དབུགས་གཅིག་སོགས་ཀྱིས་སྦྱངས་པས་ལྷག་ཆུ་སྲང་ཞེ་གསུམ་འབྱུང་བ་དེ་ལོ་རེ་བཞིན་ལོ་འཕོ་ལ་ཉུངས་པའི་ཆ་ཡིན་པས། དེ་ཉིད་ཉིས་བརྒྱ་ཉེར་གཅིག་གི་བར་དུ་བསགས་པས། གཟའ་གཉིས་དང༌། ཆུ་ཚོད་སོ་བརྒྱད་དུ་ལོངས་ཤིང་བར་ཁྱད་དེ་ལོ་དྲུག་ཅུ་རེ་ལ་ཆུ་ཚོད་ཞེ་གསུམ་རེར་ལོངས་པས་དེ་དག་ངེས་པ་སྤོ་བའི་ཚེ་སྐྱོན་འདོན་གྱི་ཁུངས་སུ་བསྣན་དགོས་པ་ཡིན་ནོ། །དེའི་ཕྱིར་ན་ལོ་འཕོའི་གཟའ་ཁ་གཙང་གི་དཀྱིལ་འཁོར་སུམ་བརྒྱ་བཅུ་བདུན་དུ་བྱས་ནས་ལོ་རེའི་ལོངས་སྤྱོད་གཟའ་འཁོར་ཕུད་པ་ལ་གཟའ་གཅིག ཆུ་ཚོད་བཅོ་ལྔ་སོགས་སུ་མཛད་དེ། དེ་ཉིད་རྒྱུད་ལ་ལྟོས་ནས་རྣམ་དག་ཏུ་མི་བཞེད་ཀྱང་སྐྱོན་འདོན་གྱི་ཁུངས་ཀྱི་སྣོན་འབྲིད་ལ་སོགས་པ་ལ་བསྟེན་ནས་ལོ་དྲུག་ཅུའི་བར་བྱེད་པའི་ཉི་མའི་ལོངས་སྤྱོད་དང་ལེགས་པར་འགྲིག་པ་ཡིན་ནོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ལྟར་དངོས་བསྟན་གྱི་ལོ་འཕོ་བཤད་པ་དེ་ནས་ཡང་ཅིག་འགྲེལ་པའི་དགོངས་པས་བྱེད་པའི་ལོ་འཕོ་ལ་དྲུག་ཅུ་སྐོར་རེའི་བར་དུ་གསོགས་པའི་ཉེས་སྐྱོན་གྱི་ཆ་རྣམས་དོར་ནས་རྣམ་པར་དག་པའི་བྱེད་ལོ་བསྒྲུབ་པར་བྱ་བའི་ཕྱིར་དང༌། བྱ་སླ་བའི་ཆེད་དུ་འདས་ལོ་ཉུང་ངུར་བསྡུ་བར་བྱ་བའི་ཕྱིར་དུ་འདིར་ངེས་པ་གསར་དུ་སྤོ་བར་བྱའོ། །གཉིས་པ་ལ་གསུམ་སྟེ། ལོ་རེའི་ངེས་པ་སྒྲུབ་པ། ལོ་ཕྱི་མར་སྤོ་ཚུལ། དྲུག་ཅུ་སྐོར་ཕྱི་མ་རྣམས་ལ་ངེས་པ་སྤོ་བར་གདམས་པའོ། །དང་པོ་ནི། ལྕགས་བྱ་ལ་སོགས་པའི་འདས་ལོ་ཇི་སྙེད་པའི་ཚོགས་ནི་དག་པའི་ལོའོ། །དེ་ལ་བུག་མཚོ་མིག་སྟེ་ཉིས་བརྒྱ་ཞེ་དགུ་སྟེར་བ་ནི། ལོའི་རྩིས་འཕྲོ་སྟེ། དེ་ཡང་ལོ་ཉིས་བརྒྱ་ཉེར་གཅིག་ལ་དྲུག་ཅུ་སྐོར་བཅུ་དང་ལོ་རྐྱང་ང་བཞི་བསྲེས་པས་བརྒྱད་བརྒྱ་དོན་ལྔ་འབྱུང་ལ། དེ་སྔར་གྱི་བྱེད་པ་སྒྲིག་པའི་ལོ་བརྒྱད་ཀྱི་སྟེང་དུ་བསྣན་ནས་རི་ཟླ་མེས་དོར་བའི་ལྷག་མར་ཉིས་བརྒྱ་ཞེ་དགུ་འོང་པས་དེ་སྦྱིན་པའོ། །གནས་གཉིས་བཞག་ཅེས་སོགས་རྐང་པ་ཕྱེད་དང་དྲུག་ནི་ལོངས་སྤྱོད་ཙམ་དུ་སྒྲུབ་པར་བྱེད་པའི་ཆོ་ག་སྟེ་སྔར་བཤད་པ་ལྟར་རོ། །གཟའ་གནས་དང་དབྱུག་གུ་དང་ཆུ་སྲང་སྟེ་གནས་གསུམ་བོར། མེ་སྟེ་གསུམ་དང༌། སྐྱོན་ཏེ་བཅོ་བརྒྱད་དང༌། མིག་མཚོ་སྟེ་ཞེ་གཉིས་རིམ་པར་སྟེར་བ་ནི་སྐྱོན་འདོན་གྱི་ཁུངས་སུ་སྦྱིན་པ་སྟེ། ལོ་དྲུག་བརྒྱ་ང་བཞི་ཆུ་སྲང་ཞེ་གསུམ་གྱིས་བསྒྱུར་ཞིང་འཁོར་ལོས་དྲིལ་བས་གཟའ་ཐིག ཆུ་ཚོད་ཞེ་བརྒྱད། སྲང་ཞེ་གཉིས་འབྱུང་ལ། དེ་ཉིས་བརྒྱ་ཉེར་གཅིག་གི་ཉུང་ཆ་གཟའ་གཉིས་དང༌། ཆུ་ཚོད་སུམ་ཅུའི་སྟེང་དུ་བསྣན་པས་དེ་ལྟར་འབྱུང་བའི་ཕྱིར་རོ། །དེ་ལྟར་སྐྱོན་འདོན་ཁུངས་ཀྱི་ངེས་སྟེར་བྱས་རྗེས་རང་རང་གི་འཁོར་ལོས་དྲིལ་བའི་ལྷག་མས་ནི་ལོ་དྲུག་ཅུའི་བར་དུ་རགས་པའི་སྐྱོན་དང་བྲལ་བའི་བྱེད་པའི་ལོ་འཕོ་རྣམ་པར་དག་པ་འཆར་རོ། །གཉིས་པ་ལོ་ཕྱི་མའི་ངེས་པ་སྤོ་བའི་མགྱོགས་རྩིས་ནི། གཟུགས་ཚེས་གཟུགས་མེ་ཞེས་སོགས་ཏེ་སྔ་ལོའི་ལོ་འཕོ་རྣམ་དག་ལ་སྦྱིན་པས་འགྲུབ་བོ། །གསུམ་པ་དྲུག་ཅུ་སྐོར་ཕྱི་མ་རྣམས་ལ་ངེས་པ་སྤོ་བར་གདམས་པ་ནི། ལོ་འཕོའི་བྱེད་པ་འདི་ཡང་ངེས་པ་མི་རྟག་པས་ལོ་དྲུག་ཅུའི་མཐར་མཁས་པས་དྲུག་ཅུ་སྐོར་འདས་པ་ཡང་ཕུད་ནས་ངེས་པ་གསར་དུ་སྤོ་བའི་ཚུལ་ལེགས་པར་བརྟག་སྟེ་ལག་ཏུ་ལོངས་ཤིག་ཅེས་གདམས་སོ། །དེས་ན་འདིར་ལྕགས་བྱ་ཡན་གྱི་ཉེས་པ་དོར་གྲུབ་འདུག་པས་ཆུ་ཕོ་ཁྱི་ལོ་ནས་བཟུང་སྟེ་ལོ་དྲུག་འདས་པའི་རབ་བྱུང་བཅུ་གཉིས་པའི་འགོར་ངེས་པ་སྤོ་དགོས་སམ་མི་དགོས་སྙམ་ན། ལོ་དྲུག་གི་བར་དུ་ལོ་འཕོའི་ཉུང་ཆ་བསགས་པས་ཆུ་ཚོད་ལྔ་འོང་སྟེ། ལོ་དྲུག་པོ་ཞེ་གསུམ་གྱིས་བསྒྱུར་བ་ལ་ངེས་པ་སྔ་མའི་ཆུ་སྲང་ཞེ་གཉིས་བསྣན་ནས་མཁའ་རོས་དྲིལ་བས་ཆུ་ཚོད་ལྔ་ཐོབ་སྟེ་ལྷག་མ་མེད་པའི་ཕྱིར་རོ། །དེས་ན་ཆུ་ཚོད་ལྔ་ཙམ་གྱིས་ཉེས་པ་ཆེས་ཆེ་བ་མི་བསྐྱེད་པས་རབ་བྱུང་བཅུ་གཉིས་པའི་ཐོག་མར་ངེས་པ་གསར་དུ་མ་སྤོས་ཀྱང་ཆོག་ལ། གལ་ཏེ་སྤོ་ན། ཆུ་ཚོད་ལྔ་པོ་སྔ་མའི་ངེས་པ་ལ་བསྣན་པས། གཟའ་གསུམ་དང༌། ཆུ་ཚོད་ཉེར་གསུམ་འབྱུང་བ་ནི་སྐྱོན་འདོན་གྱི་ཁུངས་དང༌། ལོའི་འཕྲོ་སྔ་མའི་སྟེང་དུ་ཡང་ལོ་དྲུག་བསྣན་པས། ཉིས་བརྒྱ་ལྔ་བཅུ་ང་ལྔ་འབྱུང་སྟེ་ལོའི་འཕྲོའོ། །དེ་ནས་དྲུག་ཅུ་བསྐོར་བཅུ་གསུམ་པའི་ཐོག་མར་ངེས་པ་སྤོ་བའི་ཚེ། ལོའི་འཕྲོ་ལ། སུམ་བརྒྱ་བཅོ་ལྔ་སྐྱོན་འདོན་གྱི་ཁུངས་སུ། གཟའ་བཞི་དང༌། ཆུ་ཚོད་དྲུག་རྣམས་ཀྱིས་བརྗེ་བར་བྱ་སྟེ། དེ་བཞིན་དུ་དྲུག་ཅུ་སྐོར་ཕྱི་མ་རྣམས་ལའང་སྤོ་ཚུལ་ཤེས་པར་བྱའོ། །གཉིས་པ་ཟླ་འཕོ་ལའང་བསྟན་བཤད་གཉིས་ཀྱི། དང་པོ་ནི། དེ་ནས་ཟླ་བའི་འཕོ་བ་བཤད། ཅེས་སོ། །གཉིས་པ་ནི། བཤད་མ་ཐག་པའི་བྱེད་པ་ལོ་འཕོའི་གཟའ་གནས་དང༌། དབྱུག་གུ་གཉིས་པོ་གནས་བཅུ་གཉིས་སུ་བཀོད་པ་ལ། རིམ་པ་བཞིན་དུ། གཟར་གཅིག་དང་དབྱུག་གུར་རི་འབྱུང་སྟེ་ང་བདུན་བསྣན་པ་དེ་ནི་ལུག་གི་ཁྱིམ་དུ་འཕོ་མཚམས་ཀྱི་གཟའ་འཆར་བར་བྱེད་པའི་རི་མོའོ། །དེ་བཞིན་དུ་སྦྱར་ཏེ། བཞི་དང་ང་གསུམ་གླང་ཞེས་བྱ་བ་ལ་སོགས་ཏེ་ཁྱིམ་སོ་སོའི་འཕོ་མཚམས་ཀྱི་སྦྱིན་སྟེར་རྣམས་སྦྱིན་ལ། ལོངས་ན་མཁའ་རོའི་ནོར་སྟེང་མར་བསྲེ་ཞིང༌། དེ་ལ་རིས་དོར་བའི་ལྷག་མས་ནི་ཁྱིམ་རྣམས་སོ་སོར་སླེབས་མཚམས་ཀྱི་གཟའ་རྣམས་རགས་པ་རྟོགས་པའི་མན་ངག་གོ། །ད་ནི་ཟླ་འཕོའི་རྒྱུ་མཚན་ཅུང་ཟད་བཤད་པར་བྱའོ། །དེ་ཡང་ལུག་ཁྱིམ་དུ་སླེབས་པའི་རེས་གཟའ་དང་བསྒྲིག་པའི་ཕྱིར་ལོ་འཕོའི་སྟེང་དུ་གཅིག་དང་ང་བདུན་སྦྱིན་པ་ཡིན་མོད་ཀྱི། དེ་ལྟ་ནའང་རེས་གཟའ་དང་སྒྲིག་པའི་གནད་གང་ཞེ་ན། སྔར་བཤད་པ་ལྟར་རྩིས་འགོའི་གྲུབ་མཐའི་རི་མོར་ནག་པའི་ཉེར་དྲུག་ལ་ཉི་མ་ལུག་ཁྱིམ་དུ་སླེབས་པའི་རེས་གཟའ་དང་འགྲིག་པ་ཡིན་ལ། དེ་ཡང་སྔར་ལེའུ་བཞི་པར་བཤད་པ་ལྟར་ཟླ་བཤོལ་སྔ་སྣུར་ཏེ་རྩིས་འཕྲོ་རྣམས་ལ་སྣོན་འབྲིད་ཅི་རིགས་པ་བགྱིས་པའི་རྒྱུུད་དངོས་བསྟན་གྱིས་རྩིས་འཕྲོ་དང་སྦྱར་ཏེ་བཤད་ན། དབོ་ཟླ་ཕྱི་མའི་ཉེར་བརྒྱད་ལ་ལུག་ཁྱིམ་དུ་སླེབས་པའི་རི་མོ་འཆར་ཏེ། དེ་ཡང་དངོས་བསྟན་གྱི་གཟའ་ཉིའི་རྩིས་འཕྲོའི་སྟེང་ནས་ཞག་གཉིས་ཀྱི་རྟག་ལོངས་ཕྲི་བས། གཟའ་སྟོང་པ། ཆུ་ཚོད་སོ་གཅིག སྲང་ང་གསུམ་ཙམ་དང༌། ཉི་སྐར་ལ་ཉེར་དྲུག་ཆུ་ཚོད་ཞེ་དགུ། སྲང་བཅུ་དྲུག་རྣམས་འཆར་ལ། དེ་ལ་ཉི་དག་བསྒྲུབས་པས་སྐར་དབྱུག་སྟོང་པ་དང་སྲང་བཅུ་གཅིག་ཙམ་འཆར་རོ། །དེ་ནས་ལྔ་བསྡུས་ཀྱི་བྱེད་པ་དང་ལོ་འཕོ་བསྒྲིག་པའི་ཕྱིར་ལོ་བརྒྱད་ཀྱི་ངེས་པ་ལ་མིག་སུམ་ཅུ་བསྣན་པའི་ལོ་འཕོའི་ངེས་པ། གཟའ་ལྔ་དང༌། ཆུ་ཚོད་སོ་བཞིའི་སྟེང་དུ་དམིགས་བསལ་ཉ་ཁྱིམ་དུ་འཇུག་པའི་ལོངས་སྤྱོད།  གཅིག་དང༌། ང་བདུན་བསྣན་པས། གཟའ་སྟོང་པ་དང༌། ཆུ་ཚོད་སོ་གཅིག་འཆར་ཏེ་དེ་དུས་ཀྱི་རེས་གཟའ་དང་འགྲིག་གོ། །དེས་ན་སྔར་ལེའུ་བཞི་པར་བཤད་པ་ལྟར་གཟའ་ཉི་ལ་བྱེད་པ་བསྒྲིག་པའི་ཕྱིར་ཉེས་པ་ཡོངས་རྫོགས་མི་འདོན་པའི་རྒྱུ་མཚན་ཡང་ལྔ་བསྡུས་དང་ལོ་འཕོ་སྣ་མཉམ་དུ་སྒྲིག་ཚུལ་དེའི་དབང་གིས་སོ། །དེ་ལྟར་ན་ལོ་འཕོ་དང་ལུག་ཁྱིམ་དུ་སླེབས་པའི་གཟའ་ཚེས་རགས་པ་འགྲིག་ནའང༌། ཉི་མའི་ཉེས་པ་མ་བཏོན་པ་དེའི་དབང་ལས་བྱེད་པའི་རི་མོའི་ལོ་འཕོ་དང༌། ལུག་ཁྱིམ་དུ་སླེབས་པའི་རེས་གཟའ་མ་འགྲིག་པ་སྒྲིག་པ་ལ་སོགས་པའི་ཆེད་དུ་ཉ་ཁྱིམ་གྱི་ཞག་གཉིས་ཀྱི་ལོངས་སྤྱོད་རགས་པ། གཟའ་གཅིག་དང༌། ཆུ་ཚོད་ང་བདུན་ལོ་འཕོ་ལ་བསྣན་པས་ཉ་སྤངས་ནས་ལུག་ཁྱིམ་དུ་ཐོག་མར་སླེབས་པའི་རི་མོ་འཆར་ཏེ། ཨ་བྷ་ཡས། གཅིག་དང་ང་བདུན་སྦྱིན་པས་ཉི་མ་ཉ་སྤངས་ནས་ལུག་གི་ཁྱིམ་དུ་འགྲོ་བར་འགྱུར་རོ། །ཞེས་གསུངས་པའི་དོན་ནོ། །དེ་བཞིན་དུ་ཁྱིམ་གྱི་རྟག་ལོངས་གཟའ་སུམ་ཅུ། ཆུ་ཚོད་ཉེར་བཞི། ཆུ་སྲང་ཉི་ཤུ་རྣམས་ལ་ཁྱིམ་སྔ་མ་སྔ་མའི་རྐང་པའི་ལོངས་སྤྱོད་དབྲི་བསྣན་བྱས་པ་དེ་སྔ་མ་སྔ་མའི་སྣོན་བྱེད་ཀྱི་སྟེང་དུ་བྱིན་པས་ཕྱི་མ་ཕྱི་མའི་སྣོན་བྱེད་འཆར་རོ། །དཔེར་ན་ཁྱིམ་གྱི་རྟག་ལོངས་དེའི་སྟེང་དུ། རྐང་པའི་ལོངས་སྤྱོད་སོ་གཅིག་དང་སྲང་བཞི་བཅུ་བསྣན་པས་གཟའ་སུམ་ཅུ། ཆུ་ཚོད་ང་དྲུག་ལུག་ཁྱིམ་གྱི་ལོངས་སྤྱོད་དུ་འགྱུར་ལ། དེ་སྔ་མའི་རྒྱུན་གཟའ་གཅིག་དང༌། ཆུ་ཚོད་ང་བདུན་གྱི་སྟེང་དུ་བསྣན་པས། གཟའ་བཞི་དང༌། ཆུ་ཚོད་ང་གསུམ་འོང༌། དེ་ལོའི་ངེས་པ་ལ་བསྣན་པས་གླང་ཁྱིམ་དུ་སླེབས་པ་དང༌། དེ་བཞིན་དུ། གཞན་རྣམས་འདྲ་བ་ལས། མི་འདྲ་བའི་ཁྱད་པར་རྐང་ལོངས་ནི། ཆུ་ཚོད་ང་དགུ། སྲང་བཞི་བཅུས་འཁྲིག་པར་སླེབ། ཆུ་ཚོད་དོན་གཅིག་སྲང་བཞི་བཅུས་ཀརྐ་ཊར། ཆུ་ཚོད་རེ་བཞི། སྲང་བཞི་བཅུས་སེང་གེར། ཆུ་ཚོད་སོ་བདུན། སྲང་བཞི་བཅུས་བུ་མོར། ཆུ་ཚོད་གཉིས། སྲང་བཞི་བཅུས་སྲང་ཁྱིམ་དུ་སླེབ་པ་དང༌། རྐང་ལོངས་དེ་ཡན་ཆད་རྟག་ལོངས་ལ་བསྣན་ཏེ་སྣོན་བྱེད་སྔ་མའི་སྟེང་དུ་སྦྱིན་པས་ཕྱི་མ་འཆར་རོ། །ཡང་ཆུ་ཚོད་ཉེར་བརྒྱད་དང༌། སྲང་ཉི་ཤུས་རྟག་ལོངས་ལ་ཕྲི་བས་སྡིག་པར། དེ་བཞིན་དུ། ཆུ་ཚོད་ང་ལྔ་དང༌། སྲང་ཉི་ཤུས་གཞུར། ཆུ་ཚོད་རེ་གསུམ། སྲང་ཉི་ཤུས་ཆུ་སྲིན་དུ། ཆུ་ཚོད་ང་བདུན། སྲང་ཉི་ཤུས་བུམ་པར། ཆུ་ཚོད་སོ་དྲུག སྲང་ཉི་ཤུས་ཉ་ཁྱིམ་དུ་སླེབས་པ་སྟེ། རྐང་ལོངས་དེ་རྣམས་ནི་རྟག་ལོངས་ལ་ཕྲི་སྟེ། སྣོན་བྱེད་སྔ་མའི་སྟེང་དུ་བསྣན་པས་ཕྱི་མ་འཆར་ལ། དེ་ལྟ་བུའི་སྣོན་བྱེད་རྣམས་ལོ་འཕོའི་ངེས་པ་ལ་བསྣན་པས་ཁྱིམ་སོ་སོར་སླེབ་པའི་རི་མོ་འཆར་རོ། །འོ་ན་འདིར་ཁྱིམ་རེའི་རྟག་ལོངས་ལ་གཟའ་སུམ་ཅུ། ཆུ་ཚོད་ཉེར་བཞི། ཆུ་སྲང་ཉི་ཤུ་རེ་བྱེད་པ་གང་ཞེ་ན། སྔར་བཤད་པ་ལྟར་བྱེད་པའི་ཚེས་ཞག་དཀྱིལ་འཁོར་སུམ་བརྒྱ་དོན་གཅིག ཆུ་ཚོད་གསུམ་ཡོད་པའི་ཞག་གནས་ལོངས་སྤྱོད་རགས་པ་ང་དགུས་བསྒྱུར་ལ། ཆུ་ཚོད་བཅུག་ནས་དྲུག་ཅུས་ཕུད་པས་ལོ་གཅིག་ལ་གཟའ་སུམ་བརྒྱ་རེ་བཞི་དང༌། ཆུ་ཚོད་ང་གཉིས་འོང་ཞིང༌། ཁྱིམ་རེའི་རྟག་ལོངས་དེ་བཅུ་གཉིས་སུ་བསགས་ཀྱང་དེ་ལྟར་འོང་བའི་ཕྱིར་རོ། །དེ་ལྟར་ན་ལོ་འཕོའི་ཉིན་ཞག་དཀྱིལ་འཁོར་ལ་འདིའི་གཟའ་སུམ་བརྒྱ་རེ་བཞི་སོགས་ཀྱིས་སྦྱངས་པའི་ལྷག་ཆུ་ཚོད་ཕྱེད་དང་ཉེར་བཞི་ལྷག་ཙམ་ཡོད་པའི་ཕྱིར་ཁྱིམ་རེ་ལ་ཆུ་ཚོད་རེ་དང༌། ཆུ་སྲང་ང་བདུན་ལྷག་ཙམ་གྱི་ཁྱད་པར་ཡོད་པས་བྱེད་པ་ལ་ལྟོས་ནས་ཀྱང་ཟླ་འཕོ་མ་དག་པ་སྟེ། དེའི་དགོས་པ་ནི་ཉི་མའི་ངེས་པ་ལ་ཅུང་ཟད་མང་བས་དེའི་གཉེན་པོར་དགོངས་སོ། །འདིར་ཉ་ཁྱིམ་ལ་ལོངས་སྤྱོད་དངོས་སུ་མ་གསུངས་ཀྱང་རྟག་ལོངས་ལས་རྐང་པའི་ཆུ་ཚོད་ཉེར་བདུན་དང༌། ཆུ་སྲང་ཉི་ཤུ་ཕྲི་བ་དེ་ཉིད་ཉ་ཁྱིམ་གྱི་ལོངས་སྤྱོད་དུ་རིགས་ཞེས་གསུངས་སོ། །དེ་ལྟར་ན་ལུག་སོགས་རིམ་པ་བཞིན་དུ་ཁྱིམ་གསུམ་གསུམ་གྱི་རྐང་ལོངས་བསྡོམས་པས་སྔ་རྐང་ཕྱི་རྐང་ལ་ལྟོས་ནས་རྐང་པའི་ནོར་བུ་ལོན་མ་བསྒྲིགས་ཀྱང༌། ཁྱིམ་དྲུག་དྲུག་བསྡོམས་པས་གཟའ་བཞི་དང༌། ཆུ་ཚོད་ཉེར་བརྒྱད་རེ་འབྱུང་བའི་ཕྱིར་བྱང་ཁྱིམ་དྲུག་གི་ཡུལ་ལ་བུ་ལོན་དང༌། ལྷོ་ཁྱིམ་དྲུག་གི་ཡུལ་ལ་ནོར་དུ་འགྱུར་བའི་ནོར་བུ་ལོན་ཙམ་བསྒྲིགས་པས་རྒྱུད་ལ་ལྟོས་ནས་རགས་པའི་དབང་དུ་བྱས་པའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བྱེད་པའི་ལོ་འཕོ་དང་ཟླ་འཕོ་བཤད་པའི་སྐབས་ཏེ་བདུན་པའི་འགྲེལ་པའོ།། །།

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 10:59 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།