སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་བཅོ་བརྒྱད་པ། རང་རང་གི་འཁོར་ལོས་སྟོངས་པར་ངེས་པ་སྡུད་པའི་ཚུལ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.11.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་བཅོ་བརྒྱད་པ། རང་རང་གི་འཁོར་ལོས་སྟོངས་པར་ངེས་པ་སྡུད་པའི་ཚུལ་བཤད་པ།

༈ གཟའ་རྣམས་རང་འཁོར་རྫོགས་པ་ལས། །ངེས་པ་དག་ཚུལ་བརྗོད་པར་བྱ། །དཔལ་ལྡན་རྒྱུད་ལས་གཟའ་ཐམས་ཅད། །མི་ལོ་ས་ཡ་ཕྲག་བཞི་དང་། །སུམ་འབུམ་ཉི་ཁྲིའི་ཚོགས་ལ་ལྔས། །ཐོབ་པ་གནས་བཞིར་བཀོད་པ་ཡི། །སྟེང་ནས་ཆུ་དང་མེ་དང་མིག །གཟུགས་ཀྱིས་བསྒྱུར་བས་རིམ་པ་བཞིན། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དང་། །རྩོད་དུས་ཚད་ཡིན་བསྡོམས་པའི་མཐར། །དག་པའི་སྟོང་རྩིས་གསུངས་པ་ནི། །དགོས་པའི་དབང་གིས་མ་དག་པ། །བྱེད་པ་བརྗོད་པའི་རྩིས་སུ་སྣང་།། ༈ འདིར་ནི་གྲུབ་མཐའ་ལས་བརྩམས་ཏེ། །དུས་མེ་མ་གཏོགས་གཟའ་ཀུན་གྱི། །ངེས་པའི་ཚོགས་རྣམས་ཟད་བྱེད་ལོའི། །དབོ་ཟླའི་སྟོང་ལ་ཉ་ཁྱིམ་མཐར། །ལྷན་ཅིག་རྣམ་པར་དག་ཚུལ་བཤད།། ༈ དེ་ལ་ཐོག་མར་སྟོང་རྩིས་ལ། །འཇུག་པའི་སྒོ་ནི་ཞག་གསུམ་པོ། །ལོ་ཡི་མཚམས་སུ་སྣ་མཉམ་ཞིང་། །དེ་སྟེང་རང་རང་འཁོར་ཚད་དང་། །དེ་ཡང་ཟད་བྱེད་ལོ་ཡི་མཐར། །ལྷན་ཅིག་འགྲིག་པ་ཞིག་དགོས་ཏེ། །སྟོང་ཆེན་དཀྱིལ་འཁོར་ཞེས་བཤད་པ། །ངེས་པའི་ཚོགས་རྣམས་ལྷན་ཅིག་ཏུ། །སྟོང་པར་ཞུགས་ལ་འཇོག་དགོས་ཕྱིར།། ༈ དེ་ལྟར་ངེས་པས་བྱེད་པ་ཡི། །ལོ་མཚམས་དང་བསྟུན་བརྩི་ཚུལ་ནི། །ཉི་མའི་ཚེས་དྷྲཱུ་ཟླ་བཤོལ་བཅས། །དྲུག་ཅུ་རྩ་ལྔའི་ལོ་མཐར་དག །ཚུལ་དེ་བཅུ་གཉིས་ཟློས་པ་ཡིས། །མཁའ་ཀླུ་རི་བོའི་ལོ་ཡི་མཐར། །དྲུག་ཅུ་བསྐོར་དང་མཐུན་པར་འཁོར།། ༈ ཟླ་རྐང་དག་ཚུལ་ཀླུ་ལག་ནི། །དུས་ཉིས་བསྒྱུར་བའི་ཚེས་ཟླའི་ཚོགས། །མདའ་རོས་བསྒྱུར་ལ་ཉི་མ་ཡིས། །ཐོབ་པ་མཁའ་དྲག་བུག་གཟུགས་ཀྱི། །ལོ་མཐར་ཆ་རིལ་འཁོར་བ་ཡིན། །ལོ་དེ་མིག་གིས་བསྒྱུར་བའམ། །མཁའ་ཀླུ་རི་བོ་ཞེ་དགུས་བསྒྱུར། །མཁའ་མིག་མིག་ཀླུ་མེའི་ལོ་མཐར། །ཟླ་བཤོལ་ཉི་མ་ཟླ་རྐང་བཅས། །དྲུག་ཅུ་སྐོར་དང་མཐུན་པར་འཁོར།། ༈ གཟའ་ཚེས་ངེས་པ་དག་ཚུལ་ནི། །ནམ་མཁའ་མིག་ཀླུ་མེ་སྐྱོན་ལོར། །ཉིན་ཚེས་འགྲིགས་སྟེ་ཉི་མ་ཡི། །ཉིན་ཞག་ངེས་པའང་ལོ་མཚམས་སུ། །རྣམ་པར་དག་མོད་གཟའ་འཁོར་ནི། །མ་དག་དག་ཕྱིར་རི་ཡིས་བསྒྱུར། །མཁའ་མཚོ་ཐུབ་རོ་ཀླུ་ཉིའི་ལོར། །གཟའ་དྷྲཱུ་དག་ཅིང་ལོ་དེ་ལ། །མིག་གིས་བགོས་ཐོབ་ལོ་དེའི་ཕྱེད། །མཁའ་རི་མེ་མེ་ཆུ་རོ་ཡི། །ལོར་ཡང་དག་སྟེ་འདྲ་བ་ཡིན། །ལོ་ཚོགས་སྔ་མ་མེས་བསྒྱུར་རམ། །ཕྱི་མ་རོ་ཡིས་བསྒྱུར་ཡང་རུང་། །མཁའ་མིག་མིག་མཁའ་དུས་ཀླུ་མེའི། །ལོ་མཐར་གཟའ་ཚེས་ངེས་པ་ནི། །དྲུག་ཅུ་སྐོར་གྱི་མཚམས་སུ་དག །སྔ་མ་རྣམས་དང་སྒྲིག་པའི་ཕྱིར། །མཁའ་མིག་མིག་ཀླུ་མེ་ཡི་ལོ། །གཟུགས་མཁའ་ཆུ་གཟུགས་བསྒྱུར་བྱས་པས། །སྔར་ལྟར་མཁའ་མིག་མིག་མཁའ་སོགས། །འཆར་ཏེ་འདི་ལ་ལྔ་བསྡུས་རྣམས། །དྲུག་ཅུ་སྐོར་དང་མཐུན་པར་འཁོར།། ༈ སྒྲ་གཅན་ཆེད་དུ་མཁའ་མེ་ལག །མིག་མཁའ་ཆུ་བོས་བསྒྱུར་བ་ལ། །ཟླ་བཤོལ་འཁོར་གྲངས་ཆུ་མཁའ་ཀླུས། །བགོས་པས་ལོར་འདྲིལ་འབྱུང་གཟུགས་ཟླ། །ལོ་དེ་མདའ་རོས་བསྒྱུར་བ་ཡིས། །འབྱུང་རི་མཚོ་ཐུབ་ལོ་ཡི་མཐར། །སྒྲ་གཅན་ཚེས་ཀྱི་ངེས་པ་དག །ལོ་དེ་ཉི་མས་བསྒྱུར་བ་ཡིས། །མཁའ་མཁའ་རི་བུག་ཀླུའི་ལོ་མཐར། །སྒྲ་གཅན་ཟད་བྱེད་ལོ་མཐར་འཁོར། །སྔ་མ་རྣམས་དང་སྒྲིག་པའི་ཕྱིར། །ལྔ་བསྡུས་འཁོར་བའི་ལོ་ཚོགས་དེ། །འབྱུང་གཟུགས་ཟླས་བསྒྱུར་མཁའ་མཁའ་མེ། །དེ་ཉིད་བུག་མེ་ཆུ་མཚོ་ཡི། །ལོ་མཐར་ལྔ་སྒྲ་ལྷན་ཅིག་ཏུ། །དྲུག་ཅུ་སྐོར་དང་མཐུན་པར་འཁོར།། ༈ བཀྲ་ཤིས་ཆེད་དུ་རི་ཀླུ་རོ། །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །དབང་མཚོ་རི་བུག་ཆུ་རོ་ཐུབ། །འབྱུང་མཁའ་ཕྱོགས་ཀྱིས་བསྒྱུར་བ་ལ། །ཉིན་ཚེས་འགྲིག་ནས་ལོར་འདྲིལ་བའི། །ཉིན་ཞག་དེ་ཉིད་མཁའ་མིག་རི། །དབང་མེ་མེས་ཐོབ་བུག་མིག་ལག །དེ་ནི་ཉིན་ཚེས་འགྲིགས་པའི་ལོ། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །མཁའ་བུག་མེ་རི་མཚོ་ཕྱོགས་མིག །ཡང་ན་ཉིན་ཞག་རི་ཀླུ་རོ། །ཉི་མ་འདོད་ཟླས་བསྒྱུར་བ་ཡིས། །ཆུ་མཚོ་འདོད་རི་ཐུབ་ཐུབ་ནི། །འཆར་བ་ཚེས་ཞག་གྲངས་ཡིན་དེ། །ལྔས་བསྒྱུར་མཁའ་མེས་ཐོབ་པའི་ཚོགས། །གཟུགས་མཁའ་ལག་གིས་བསྒྱུར་བ་ལ། །ཆུ་མཁའ་ཀླུས་ཐོབ་ཚོགས་མདའ་རོས། །བསྒྱུར་བས་མཁའ་བུག་མེ་རི་སོགས། །སྔར་ལྟར་འཆར་ཏེ་ལོ་འདིའི་མཐར། །བཀྲ་ཤིས་ངེས་པ་རྣམ་པར་དག །ལོ་དེ་རོས་བསྒྱུར་མཁའ་མཚོ་མེ། །ཆུ་ཀླུ་ལག་དུས་ཉི་མའི་ལོར། །དྲུག་ཅུ་སྐོར་གྱི་མཚམས་སུ་དག །སྔར་དང་སྒྲིག་ཕྱིར་ལྔ་སྒྲ་རྣམས། །འཁོར་གྲངས་མཁའ་མཁའ་མེ་སོགས་ལ། །བུག་མིག་ལག་པས་བསྒྱུར་བ་ཡིས། །སྟོང་པ་ཐིག་ལེ་ཐུབ་པ་མེ། །བུ་ག་ཀླུ་ནོར་དབང་པོ་དང་། །རྒྱལ་བ་ཕྱོགས་ཀྱི་ལོ་ཡི་མཐར། །བཀྲ་ཤིས་དང་བཅས་ལྔ་སྒྲ་རྣམས། །ཟད་པའི་ལོ་མཐར་སྟོང་པར་འཇུག ༈ ཕུར་བུ་སོ་མེ་རྒྱ་མཚོ་ནི། །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །མཁའ་མིག་ཀླུ་དུས་མེ་ལག་ནོར། །མཚོ་འཆར་འབྱུང་མཁའ་ཕྱོགས་ཀྱིས་བསྒྱུར། །དེ་ཉིད་མཁའ་མིག་རི་སོགས་ཀྱིས། །ཐོབ་པ་རིག་བྱེད་རྒྱ་མཚོ་ཡིད། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་ལོ། །མཁའ་མཚོ་ཐིག་སྐྱོན་འཁོར་ལོ་འདོད། །འདིའི་མཐར་ཕུར་བུའི་ངེས་པ་དག །ལོ་དེ་མེས་བསྒྱུར་མཁའ་ཉི་ཆུ། །ཚེས་ཀླུ་བུག་མེའི་ལོ་ཡི་མཐར། །ཟད་བྱེད་མཐའ་རུ་རྣམ་པར་དག །སྔར་དང་སྒྲིག་ཕྱིར་ལྔ་སྒྲ་དམར། །འཁོར་བའི་སྟོང་པ་ཐིག་ལེ་སོགས། །ལག་མིག་ཐུབ་པས་བསྒྱུར་བ་ཡིས། །སྟོང་པ་མཁའ་ཡིད་དེ་ཉིད་གཟུགས། །མིག་རི་རི་བུག་མེ་མེ་རིའི། །ལོ་མཐར་ལྔ་སྒྲ་མིག་ཕུར་འཁོར།། ༈ སྤེན་པར་དུས་མཚམས་རི་ཕྱོགས་ནི། །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །ཕྱོགས་མཚོ་བུག་རི་ཀླུ་བུག་དྲག །འཆར་བ་ཚེས་མཁའ་མེས་བསྒྱུར་བར། །དེ་ཉིད་མཁའ་མིག་རི་སོགས་ཀྱིས། །བགོས་ཐོབ་དུས་རོ་རི་ཕྱོགས་དེ། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །མཁའ་རོ་མཁའ་མེ་མཁའ་དབང་རྩ། །ཀླུ་བུག་ལོ་མཐར་དལ་འགྲོ་དག །ཚོགས་དེ་མེས་བསྒྱུར་མཁའ་སྐྱོན་བུག །མཁའ་དབང་ཀླུ་རོ་བུག་མིག་ལོར། །དྲུག་ཅུ་སྐོར་དང་མཐུན་པར་འཁོར། །སྔར་དང་སྒྲིག་ཕྱིར་ལྔ་སྒྲ་དང་། །དམར་ཕུར་འཁོར་བའི་སྟོང་པ་མཁའ། །ཡིད་སོགས་བུག་རོ་རིས་བསྒྱུར་བས། །མཁའ་མཁའ་དུས་རོ་སོ་མིག་མཚོ། །དུས་རི་མཚོ་ཀླུ་ལག་པ་ཆུ། །རིག་བྱེད་དུས་འབྱུང་ལོ་ཡི་མཐར། །ལྔ་སྒྲ་དམར་ཕུར་སྤེན་པར་བཅས། །དྲུག་ཅུ་སྐོར་གྱི་ལོ་མཐར་དང་།། ༈ པ་ཝ་སངས་ལ་རི་རྒྱལ་མིག །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །དབང་མཚོ་མེ་མཁའ་མིག་ཐིག་འབྱུང་། །ལག་འཆར་འབྱུང་མཁའ་ཕྱོགས་ཀྱིས་བསྒྱུར། །དེ་ཉིད་མཁའ་མིག་རི་སོགས་ཀྱིས། །བགོས་པས་བུག་མཚོ་རི་ཐོབ་པ། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །མཁའ་བུག་དབང་མཁའ་རིག་བྱེད་སྦྲུལ། །ཀླུ་རོའི་ལོ་འཆར་དཀར་པོ་ཡི། །མྱུར་བར་ལོ་མཚམས་རྣམ་པར་དག །ལོ་ཚོགས་དེ་རྣམས་རོས་བསྒྱུར་བས། །མཁའ་མཚོ་དབང་མེ་རིག་བྱེད་མཁའ། །ཡོན་ཏན་གཟུགས་ཆུའི་ལོ་གྲངས་མཐར། །དྲུག་ཅུ་སྐོར་གྱི་མཚམས་སུ་དག །སྔར་དང་སྒྲིག་ཕྱིར་ལྔ་སྒྲ་དང་། །དྲག་གསུམ་འཁོར་བའི་ལོ་གྲངས་ནི། །མཁའ་མཁའ་དུས་སོགས་རི་ཕྱོགས་ཀྱིས། །བསྒྱུར་བས་མཁའ་སྟོང་མིག་དུས་ཆུ། །བུག་ཀླུ་ལག་ཐུབ་རི་བུག་རོ། །ཆུ་ཀླུ་མེ་བུག་མེ་མཁའ་རོར། །ལྔ་སྒྲ་དྲག་གསུམ་དཀར་པོར་བཅས། །ཟད་པའི་ལོ་མཐར་སྟོང་པར་འཇུག ༈ ལྷག་པའི་རི་བུག་རི་ཀླུ་ནི། །འབྱུང་འདོད་དྲག་བསྒྱུར་ཉིན་ཞག་གྲངས། །མདའ་བུག་དབང་མཚོ་མདའ་བུག་དང་། །རི་བུག་འཆར་དེ་ཚེས་མཁའ་མེས། །བསྒྱུར་ལ་དེ་ཉིད་མཁའ་སོགས་ཀྱིས། །བགོས་ཐོབ་རི་བུག་རི་ཀླུ་དེ། །ཕྱོགས་བུག་གཟུགས་བུག་གིས་བསྒྱུར་བས། །ནམ་མཁའ་འཁོར་ལོ་སོ་དབང་ནོར། །མཁའ་ཀླུའི་ལོ་འཆར་ལྷག་པ་ཡི། །མྱུར་བར་ལོ་མཚམས་རྣམ་པར་དག །ཚོགས་དེ་རོ་ཡིས་བསྒྱུར་བ་ཡིས། །མཁའ་མིག་དུས་མེ་བུ་ག་དྲག །འབྱུང་ཀླུ་མཚོ་ཡི་ལོ་གྲངས་མཐར། །དྲུག་ཅུ་སྐོར་དང་མཐུན་པར་འཁོར། །སྔར་དང་སྒྲིག་ཕྱིར་ལྔ་སྒྲ་དྲག །པ་སངས་འཁོར་བའི་ལོ་གྲངས་ནི། །མཁའ་སྟོང་མིག་སོགས་མེ་རོ་ཆུས། །བསྒྱུར་བས་མཁའ་མཁའ་དུས་མཁའ་བུག །མཁའ་མིག་ཐིག་དབང་ཀླུ་མཚོ་ཐིག །དབང་དྲག་འབྱུང་མེ་མིག་རོ་བུག །འཁོར་ལོ་འཆར་ཏེ་ལོ་འདིའི་མཐར། །ལྔ་སྒྲ་དྲག་གསུམ་ཞི་གཉིས་ཀྱི། །ངེས་པའི་ཚོགས་རྣམས་ཕྱོགས་གཅིག་ཏུ། །ཟད་བྱེད་ལོ་མཐར་རྣམ་པར་དག །དེ་ལས་འཁོར་ཚུལ་གན་མེད་པས། །སླར་ཡང་སྔར་བཞིན་འཁོར་བ་ཡིན།། ༈ དེ་ལྟར་རང་རང་ཟད་བྱེད་མཐར། །སྟོང་པར་འཇུག་ཐེངས་རེའི་ཡུན་ལ། །ལོ་མཚམས་དག་ཐེངས་འདི་ལྟ་སྟེ། །ཉི་མ་སྒྲ་གཅན་ལན་བཅུ་གཉིས། །རིལ་པོ་ཆ་ཤས་ལན་གཉིས་ཏེ། །ཚེས་གཟའི་དྷྲཱུ་བ་མིག་དམར་དང་། །ལྷག་པ་པ་སངས་ལན་དྲུག་རེ། །ཕུར་བུ་སྤེན་པ་ལན་གསུམ་མོ།། ༈ ཉི་མ་དག་པས་ཟླ་བ་དང་། །དུ་བ་ཞི་གཉིས་བཅས་པ་ཡི། །རྩ་བའི་ལོངས་སྤྱོད་དག་འགྱུར་ཞིང་། །དུས་མེ་དེ་ཚེ་ནག་པ་ཡི། །ཕྱེད་ན་གནས་པས་དག་པ་མེད། །དེ་ཕྱིར་རྩ་བའི་ལོངས་སྤྱོད་ལ། །བརྟེན་ནས་སྟོང་རྩིས་ལ་འཇུག་ན། །ལྔ་སྒྲ་དྲག་གསུམ་ལྷན་ཅིག་ཏུ། །དག་པའི་ལོ་གནས་བཅུ་བདུན་པས། །ཆོག་མོད་འོན་ཀྱང་རྩིས་འཕྲོ་ཡི། །ངེས་པ་རྟོགས་ཕྱིར་ཞི་གཉིས་ཀྱི། །རྐང་པ་དང་བཅས་ལྷན་ཅིག་ཏུ། །འཁོར་བའི་ལོ་གནས་ཉེར་གཉིས་བཀོད། །འདི་ལས་ད་ལྟའི་ཤིང་རྟ་ཡན། །འདས་ལོ་ཇི་ཙམ་སོང་བའི་གྲངས། །ལེའུ་བཞི་པར་སྔར་བཤད་དོ། །དེ་དག་སྟེང་དུ་འདས་ལོའི་གྲངས། །བསྣན་ཏེ་རྩིས་འཕྲོའི་ངེས་པ་འཚོལ། །དེ་ཡིས་སྟོང་ཆེན་ལོ་ཚོགས་ལ། །ཕྲི་བས་ད་ནས་ཇི་ཙམ་ན། །སྟོང་པར་འཇུག་པའི་དུས་ངེས་འགྱུར། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །རང་རང་གི་འཁོར་ལོས་སྟོངས་པས་ངེས་པ་སྡུད་པའི་ཚུལ་བཤད་པའི་སྐབས་ཏེ་བཅོ་བརྒྱད་པའོ།། །།

མཐའ་མའི་འདོན་ཐེངས་།: 22.11.2024 ཉིན། 2:26 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།