སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་བཅུ་བདུན་པ། ཞག་གསུམ་གྱིས་དཀྱིལ་འཁོར་དང་རྟག་པའི་ལོངས་སྤྱོད་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་བཅུ་བདུན་པ། ཞག་གསུམ་གྱིས་དཀྱིལ་འཁོར་དང་རྟག་པའི་ལོངས་སྤྱོད་བཤད་པ།

ད་ནི་སྐབས་བཅུ་བདུན་པས་ཞག་གསུམ་གྱི་དཀྱིལ་འཁོར་དང་རྟག་པའི་ལོངས་སྤྱོད་བཤད་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། ཞེས་པ་ནས། འདི་ལས་མ་དག་རྣམ་པར་སྤངས། ཞེས་པའི་བར་ཚིགས་སུ་བཅད་པ་ཉི་ཤུའི་སྒོ་ནས་གསུངས་པའི་གྲུབ་མཐའི་རྟག་རྩིས་འཆད་པར་འདོད་ནས་གཟའ་རྣམས་ཡུལ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །གཉིས་པ་ལ། གཟའ་ཐམས་ཅད་ཀྱི་ཐུན་མོང་གི་གཞི་ཉི་མའི་དཀྱིལ་འཁོར་དང་ལོངས་སྤྱོད་བཤད་པ། དེ་ལས་གཞན་པའི་གཟའ་གཞན་རྣམས་ཀྱི་དཀྱིལ་འཁོར་དང་ལོངས་སྤྱོད་བཤད་པའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དང༌། ལོངས་སྤྱོད་དོ། དང་པོ་ལའང་ལུགས་འབྱུང་ལུགས་ལྡོག་གི་ཚུལ་གཉིས་ལས། དང་པོ་ལ་གསུམ་སྟེ། ཁྱིམ་ཞག ཚེས་ཞག ཉིན་ཞག་གི་དཀྱིལ་འཁོར་རོ། དང་པོ་ནི་རྩ་བའི་རྒྱུད་ལས་དཀྱིལ་འཁོར་གསུམ་གསུངས་པའི་རིམ་པ་དང་བསྟུན་ཏེ་ལུགས་འབྱུང་དུ་བཤད་པ་ནི། ཉི་མའི་རང་འགྲོས་ཀྱིས་ཐ་སྐར་ནས་བརྩམས་ཏེ་སླར་ཡང་ཐ་སྐར་གྱི་སྟེང་དུ་སླེབ་པའི་བར་གྱི་དུས་ནི་ལོ་གཅིག་ཅེས་བྱ་ལ། དེ་ཉིད་མཁའ་དུས་མེ་སྟེ་སུམ་བརྒྱ་དྲུག་ཅུས་བསྒྱུར་བས་ཞག་སུམ་བརྒྱ་དྲུག་ཅུ་འབྱུང་བ་ནི་ཉི་མའི་ཁྱིམ་ཞག་གི་དཀྱིལ་འཁོར་ཆད་ལྷག་དང་བྲལ་བ་ཡིན་ནོ། །གཉིས་པ་ནི། ཁྱིམ་ཞག་དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུ་པོ་དེ་གནས་གཉིས་སུ་བཀོད་ལ་འོག་མ་མིག་སྟེ་གཉིས་ཀྱིས་བསྒྱུར་བ་ལ། འབྱུང་བ་རོ་སྟེ་རེ་ལྔས་བགོས་པས་ཐོབ་པ་བཅུ་གཅིག་བྱུང་བ་སྟེང་གི་ཕུང་པོར་ནོར་དུ་སྦྱིན་ནོ། །ལྷག་མ་ལྔ་ལུས་པ་ཆུ་ཚོད་ཀྱི་དོན་དུ་དྲུག་ཅུས་བསྒྱུར་བ་ལ་མདའ་རོས་ཐོབ་ནོར་ཆུ་ཚོད་ཡིན་ཞིང༌། དེ་བཞིན་དུ་ལྷག་མ་རྣམས་མཁའ་རོ་ནས་འདོད་པའི་བར་རིམ་པར་གསིལ་བ་ལ་རེ་ལྔས་བགོས་པས་ཐོབ་པའི་ནོར་རྣམས་བརྩེགས་པས་གཟུགས་རི་རྩེ་མོའི་ཞག་ཅེས་སོགས་ཏེ། ཉི་མའི་ཚེས་ཞག་གི་དཀྱིལ་འཁོར་རྣམ་པར་དག་པ་ཡིན་ཏེ། དེ་ལྟ་ན་ཁྱིམ་ཚེས་ཀྱི་བར་ཁྱད་ཞག་བཅུ་གཅིག་ལ་སོགས་པ་དེ་ནི་ལོ་གཅིག་གི་ཁྱིམ་ཞག་ལས་ཚེས་ཞག་གྲངས་མང་བའི་ཆ་ཡིན་ཞིང༌། དེ་བསགས་པ་ལས་ཟླ་བ་ཕྱེད་བཅས་སོ་གཉིས་ན་ཟླ་ཐེབས་རེ་འབྱུང་བས་དེའི་རྒྱུ་ཡང་ཡིན་ནོ། ཡང་གནས་ཉུང་བ་ལ་མོས་ན་ཞག་བཅུ་གཅིག་པོ་ཐོབ་པའི་ལྷག་མ་འདོད་པས་བསྒྱུར་ལ། མདའ་རོས་བགོས་པའི་རྙེད་ནོར་གཅིག་འོང་བ་ཞག་གི་བཅུ་གསུམ་ཆ་གཅིག་ཡིན་ཏེ། དེ་ལྟར་ན་སོགས་ཏེ་འདི་ཙམ་གྱིས་ཀྱང་ཚེས་ཞག་དཀྱིལ་འཁོར་གྱི་སྐབས་དོན་འགྲུབ་བོ། གསུམ་པ་ནི། ཚེས་དཀྱིལ་སྔ་མ་གནས་དྲུག་མ་དེའི་ཞག་གི་གནས་མཁའ་རོས་བསྒྱུར་ལ་ཆུ་ཚོད་བཅུག་ཅིང༌། སླར་ཡང་མཁའ་རོས་བསྒྱུར་བ་སོགས་འདོད་ཆའི་བར་གསིལ་བའི་ཚོགས་དེ་གནས་གསུམ་གྱི་འོག་མ་གཉིས་ལྷག་མེད་དུ་བྱེད་པའི་རིགས་པས་སླར་ཡང་རི་མཁའ་རིས་བསྒྱུར་ལ་གནས་གསུམ་དུ་བཞག་པའི་འོག་མ་རི་མཁའ་རིས་བགོས་ཐོབ་ལྷག་མེད་དེ་དབུས་ཀྱི་ཕུང་པོར་ནོར་དུ་སྦྱིན་ཞིང༌། དེ་ལ་ཆུ་རོས་བགོས་པས་ཀྱང་ལྷག་མ་མེད་ལ་ཐོབ་ནོར་དེས་གནས་སྟེང་མ་ནས་སྦྱང་བར་བྱའོ། །དེ་ལྟར་སྦྱངས་པའི་ལྷག་རྣམས་རི་མཁའ་རི་དང་འདོད་པ་སོགས་ཀྱིས་ཞག་སར་དྲིལ་བ་རྣམས་བརྩེགས་པས་འབྱུང་དུས་མེ་ཡི་ཞག་སོགས་ཏེ། ཉི་མའི་ཉིན་ཞག་གི་དཀྱིལ་འཁོར་རྣམ་པར་དག་པ་ཡིན་ནོ། །ཉིན་ཞག་དཀྱིལ་འཁོར་དེ་ཡིས་ཚེས་ཞག་དཀྱིལ་འཁོར་ལ་ཕྲི་བའི་ལྷག་མ་ཞག་ལྔ་ལ་སོགས་པ་ནི་ལོ་གཅིག་གི་ཉིན་ཞག་ལས་ཚེས་ཞག་གྲངས་མང་བའི་བར་ཁྱད་ཀྱི་ཆ་ཡིན་ཞིང༌། ལོ་རེའི་ཞག་མི་ཐུབ་ཀྱི་ཆ་ཡང་ཡིན་ནོ། །ཡང་ཉིན་ཞག་དཀྱིལ་འཁོར་གནས་ཉུང་བ་ལ་མོས་ན། སྔར་གྱི་ཚེས་ཞག་དཀྱིལ་འཁོར་ཕྱི་མ་གནས་གཉིས་མ་དེ་འདོད་ཆར་གསིལ་བས་ཞག་སར་ཆུ་མིག་ཀླུ་མཚོ་འོང་བ་གནས་གསུམ་དུ་བཞག་པའི་འོག་མར་དུས་ལག་པ་སྟེ་ཉེར་དྲུག་གིས་བསྒྱུར་ལ་མིག་ཀླུ་མེ་སྐྱོན་གྱིས་བགོས་པའི་ཐོབ་ནོར་བར་མར་སྦྱིན། དེ་ལ་ཆུ་རོས་བགོས་ནོར་གྱིས་སྟེང་མར་སྦྱང་ཞིང༌། དེ་ལས་གཅིག་ཕབ་ལ་གནས་འོག་མ་གཉིས་ཀྱི་རང་རང་གི་ཆས་རིམ་པར་སྦྱང་ཞིང་གནས་སྟེང་མ་འདོད་པས་ཕུད་པ་རྣམས་བརྩེགས་པས་མདའ་དུས་རྩེ་མོའི་ཞག་སོགས་ཏེ། དེ་ཡང་ཉིན་ཞག་དཀྱིལ་འཁོར་རྣམ་དག་ཡིན་ཏེ། དེ་ནི་ལུགས་འབྱུང་གི་རིམ་པའོ། གཉིས་པ་ལོངས་སྤྱོད་ཀྱི་སྐབས་སུ་ཐོག་མར་ཉིན་ཞག་ལས་བརྩམས་ཏེ་བསྒྲུབས་པའི་པའི་རིམ་པ་བཞིན་དུ་སྔ་མ་དེ་ལས་ལུགས་ལྡོག་སྟེ་འཆད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་ལུགས་ལྡོག་ཅེས་སོགས་སོ། གཉིས་པ་ལའང་ཉིན་ཞག ཚེས་ཞག ཁྱིམ་ཞག་གོ། དང་པོ་ནི། ཉིན་ཞག་དཀྱིལ་འཁོར་ཞེས་བྱ་བ་སྟེ་བཤད་མ་ཐག་པ་དེའོ། །གཉིས་པ་ནི། དེའི་ཞག་གི་གནས་མཁའ་རོས་བསྒྱུར་ལ་ཆུ་ཚོད་བཅུག་ཅེས་སོགས་ཏེ་སྲང་དབུགས་འདོད་ཆ་རི་མཁའ་རིའི་བར་དུ་གསིལ་བའི་ཉིན་ཞག་གི་ཚོགས་དེ་ཉིད་གནས་བཞིར་བཞག་པའི་འོག་མ་ལ་འབྱུང་འདོད་དྲག་པོས་བགོས་པས། ཐོབ་པའི་རྙེད་ནོར་སྟེང་མ་ལ་བསྲེས་པའི་ཚོགས་དེ་ལའང་རོ་བུག་རོས་བགོས་པའི་ཐོབ་ནོར་གནས་སྟེང་མར་བསྲེས་པ་དེ་ལ་མེ་རོས་ཐོབ་པའི་ནོར་གནས་སྟེང་མར་བསྲེས་པའི་ཚོགས་དེ་ཉིད་རི་མཁའ་རི་དང་འདོད་དུས་སོགས་ཀྱིས་སྟེང་དུ་དྲིལ་བས། ཟླ་རི་མེའི་ཞག་སོགས་ཏེ་ཉི་མའི་ཚེས་ཞག་དཀྱིལ་འཁོར་རྣམ་དག་ཡིན་ནོ། །གསུམ་པ་ནི། ཚེས་དཀྱིལ་སོགས་ཏེ། དེ་ཉིད་འདོད་ཆའི་བར་དུ་གསིལ་བ་གནས་གཉིས་སུ་བྱས་པའི་འོག་མ་མིག་གིས་བསྒྱུར་ཏེ་རི་རོས་ཐོབ་པས་གནས་སྟེང་མ་ལ་སྦྱང་ཞིང༌། སྦྱངས་པའི་ལྷག་མ་འདོད་པ་སོགས་ཀྱིས་སྟེང་དུ་དྲིལ་བས་ཞག་སར་སུམ་བརྒྱ་དྲུག་ཅུ་དང༌། ལྷག་མ་མེད་པའི་གནས་སྲུང་གི་ཐིག་ལེ་རིམ་བརྩེགས་རྣམས་ནི་ཉི་མའི་འཕོ་ཞག་ཁྱིམ་དཀྱིལ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། དུས་ཀྱི་རྟག་ལོངས་དང༌། ཡུལ་གྱི་རྟག་ལོངས་སོ། དང་པོ་ལའང་གཉིས་ཏེ། ལུགས་འབྱུང་དང༌། ལུགས་ལྡོག དང་པོ་ནི། དཀྱིལ་འཁོར་བཤད་པའི་རྗེས་དེ་ནས་སོགས་ཏེ། འདི་ལ་གསུམ། ཉིན་ཞག ཚེས་ཞག ཁྱིམ་ཞག་གོ། དང་པོ་ནི། ཉིན་གཅིག་སོགས་ཏེ། ཉིན་ཞག་ཕྲུགས་རེ་ལ་མིའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་ལ། དེ་དྲིལ་བས་ཆུ་ཚོད་དྲུག་ཅུ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། ཉིན་ཞག་གི་ཚད་དེ་ཉིད་མཁའ་རོས་བསྒྱུར་བ་ནི་ཞེས་སོགས་སྲང་དབུགས་རི་མཁའ་རིའི་ཆའི་བར་དུ་གསིལ་བ་གནས་གསུམ་དུ་བཞག་ལ་འོག་ནས་རི་མཁའ་རི་དང་ཆུ་རོས་དྲིལ་བའི་ནོར་གྱིས་སྟེང་མར་ཕྲི་བའི་ལྷག་མ་རི་མཁའ་རི་དང་རོ་སོགས་ཀྱིས་དྲིལ་བས་བུག་མདའི་དབྱུག་སོགས་ཏེ། ཚེས་ཞག་དུས་ཀྱི་རྟག་ལོངས་རྣམ་དག་ཡིན་ནོ། གསུམ་པ་ནི། ཚེས་ལོངས་དེ་ཉིད་སོགས་ཏེ། ཆའི་བར་དུ་གསིལ་བའི་ཚོགས་དེ་གནས་གཉིས་འོག་མ་མིག་གིས་བསྒྱུར་ལ་མདའ་རོས་ཐོབ་ནོར་གནས་སྟེང་མ་ལ་བསྲེས་ཏེ་དེ་ཉིད་རི་མཁའ་རི་སོགས་རང་རང་འཁོར་ལོས་དྲིལ་བས། ལྷག་རྣམས་བརྩེགས་པས་སོགས་ཏེ་ཁྱིམ་ཞག་དུས་ཀྱི་རྟག་ལོངས་ཡིན་ནོ། གཉིས་པ་ལུགས་ལྡོག་ནི། སླར་ཡང་རྩ་རྒྱུད་སོགས་ཏེ། འདི་ལ་གསུམ། ཁྱིམ། ཚེས། ཉིན་ཞག་དུས་ལོངས་སོ། དང་པོ་ནི། ཁྱིམ་དཀྱིལ་ཞེས་སོགས་ཏེ། ཉིན་དཀྱིལ་ལ་ཁྱིམ་དཀྱིལ་གྱིས་བགོས་པའི་ཐོབ་ནོར་བརྩེགས་པས་མཁའ་རོའི་དབྱུག་སོགས་འོང་སྟེ་ཁྱིམ་ཞག་དུས་ལོངས་ཡིན་ནོ། ཡང་ཁྱིམ་ལོངས་སྔ་མ་ཡི་སོགས་ཏེ། ལུགས་འབྱུང་གི་ཆོ་གར་བཤད་པའི་ཁྱིམ་ལོངས་ཀྱི་རི་མཁའ་རི་ཆ་དང་མདའ་རོའི་ཆ་གཉིས་གློ་བུར་དུ་འདོད་ཆ་དང་རི་མཁའ་རི་ཆར་བྱེད་པའི་ཆོ་གའོ། གཉིས་པ་ནི། ཁྱིམ་ལོངས་དེ་ཉིད་སོགས་རང་རང་གི་ཆར་གསིལ་ལ་གནས་གཉིས་ཀྱི་འོག་མ་མིག་གིས་བསྒྱུར་ནས་རི་རོས་ཐོབ་པའི་ནོར་གྱིས་སྟེང་མར་སྦྱང་ཞིང༌། ལྷག་མ་རི་མཁའ་རི་སོགས་རང་རང་གི་འཁོར་ལོས་དྲིལ་བའི་ཚོགས་བརྩེགས་པས་ང་དགུའི་དབྱུག་སོགས་ཚེས་ཞག་དུས་ཀྱི་རྟག་ལོངས་འཆར་བ་ཡིན་ནོ། །གསུམ་པ་ནི། ཚེས་ལོངས་དེ་ཉིད་སོགས་ཏེ་རང་ཆར་གསིལ་བ་གནས་བཞིར་བཀོད་པའི་འོག་ནས་ཡར། འབྱུང་འདོད་དྲག་པོ་དང༌། རོ་བུག་རོ་དང༌། མེ་རོ་རྣམས་ཀྱིས་སྟེང་དུ་དྲིལ་བའི་ཚོགས་དེ་ཉིད་རི་མཁའ་རི་དང་འདོད་དུས་སོགས་རང་རང་འཁོར་ལོས་ཆུ་ཚོད་སར་དྲིལ་བས་དྲུག་ཅུ་འབྱུང་སྟེ། ཉིན་ཞག་དུས་ཀྱི་རྟག་ལོངས་ཡིན་ནོ། ད་ནི་རི་མོ་དེ་རྣམས་ཀྱི་རྒྱུ་མཚན་ཅུང་ཟད་ཅིག་སྐབས་འདིར་བརྗོད་པར་བྱ་སྟེ། དེ་ཡང་ཞག་གང་དང་གང་གི་གྲངས་ལས་ཞག་དེ་དང་དེའི་གྲངས་འཚོལ་བའི་ཚེ། ཞག་གཉིས་པོའི་བར་ཁྱད་བསགས་པ་ལས་བཙལ་བྱར་གྱུར་པའི་ཞག་དེ་ཇི་ཙམ་ན་ལོངས་པའི་གྲངས་དེས་བགོད་པ་ཡིན་ཞིང༌། ཡང་ཞག་གང་དང་གང་གིས་ལོངས་སྤྱོད་ལས་ཞག་དེ་དང་དེའི་ལོངས་སྤྱོད་འཚོལ་བའི་ཚེ། ཞག་གཉིས་པོའི་བར་ཁྱད་དེ་འཚོལ་གཞིར་གྱུར་པའི་ཞག་དེའི་ལོངས་སྤྱོད་ཀྱི་གྲངས་ཇི་ཙམ་ཞིག་ཡིན་པའི་གྲངས་དེས་བགོད་པ་ནི་རྩ་བའི་ངེས་པ་ཡིན་ནོ། དེས་ན་འདི་ལྟར་སྦྱར་ཏེ། ཁྱིམ་ཞག་གི་གྲངས་ལས་ཚེས་ཞག་གི་གྲངས་ལས་འཚོལ་བའི་ཚེ་རེ་ལྔས་བགོ་དགོས་ཏེ། ཞག་གཉིས་པོའི་བར་ཁྱད་ཆུ་ཚོད་གཅིག ཆུ་སྲང་ཞེ་དགུ། དབུགས་སྟོང་པ། རི་མཁའ་རི་ཆ་བརྒྱ་ང་གཉིས། རེ་ལྔ་ཆ་བཅུ་པོ་དེ་ཕྱེད་བཅས་སོ་གཉིས་སུ་བསགས་པ་ལས་ཚེས་ཞག་ཏུ་ལོངས་པའི་ཕྱིར་རོ། ཡང་ཚེས་ཞག་གི་གྲངས་ལས་ཉིན་ཞག་གི་གྲངས་འཚོལ་བའི་ཚེ། རི་མཁའ་རི་དང་རེ་བཞིས་བགོ་དགོས་ཏེ། ཞག་གཉིས་པོའི་བར་ཁྱད་ཆུ་སྲང་ང་དྲུག དབུགས་གཅིག རི་མཁའ་རི་ཆ་དྲུག་བརྒྱ་གོ་གཅིག་རྣམས་བསགས་པ་ལས་ཞག་རེ་བཞིན་ཉིན་ཞག་གཅིག་དང༌། ཉིན་ཞག་གཅིག་གི་རི་མཁའ་རིའི་ཆ་གཅིག་ཏུ་ལོངས་པའི་ཕྱིར་རོ། ཡང་ཉིན་ཞག་གི་གྲངས་ལས་ཚེས་ཞག་གི་གྲངས་འཚོལ་བའི་ཚེ། འབྱུང་འདོད་དྲག་པོ་དང༌། རོ་བུག་རོ་དང༌། རེ་གསུམ་རྣམས་ཀྱིས་བགོ་དགོས་ཏེ། ཞག་གཉིས་པོའི་བར་ཁྱད་ཆུ་སྲང་ང་དྲུག་ལ་སོགས་པ་དེ་བསགས་པ་ལས་ཞག་རེ་གསུམ་ན་ཚེས་ཞག་གཅིག་དང༌། ཚེས་ཞག་གཅིག་གི་རོ་བུག་རོའི་ཆ་གཅིག་དང་རོ་བུག་རོ་ཆའི་འབྱུང་འདོད་དྲག་པོའི་ཆ་གཅིག་རྣམས་སུ་ལོངས་པའི་ཕྱིར། ཡང་ཚེས་ཞག་གི་གྲངས་ལས་ཁྱིམ་ཞག་གི་གྲངས་འཚོལ་བའི་ཚེ་རི་རོས་བགོ་དགོས་ཏེ། ཞག་གཉིས་པོའི་བར་ཁྱད་ཆུ་ཚོད་གཅིག ཆུ་སྲང་ཞེ་དགུ་ལ་སོགས་པ་དེ་བསགས་པ་ལས་ཞག་ཕྱེད་བཅས་སོ་གསུམ་ན་ཁྱིམ་ཞག་ཏུ་ལོངས་པའི་ཕྱིར་རོ། །ཡང་ལོངས་སྤྱོད་ལས་ལོངས་སྤྱོད་འཚོལ་བའི་ཚེ་འདི་ལྟར་ཤེས་པར་བྱ་སྟེ། ཉིན་ཞག་གི་ལོངས་སྤྱོད་ལས་ཚེས་ཞག་གི་ལོངས་སྤྱོད་འཚོལ་བའི་ཚེ་རི་མཁའ་རི་དང་རེ་བཞིས་བགོ་དགོས་ཏེ། དེ་གཉིས་ཀྱི་བར་ཁྱད་ཆུ་སྲང་ང་དྲུག་ལ་སོགས་པ་དེ། ཉིན་ཞག་ལོངས་སྤྱོད་ཀྱི་རེ་བཞི་ཆ་གཅིག་དང༌། རེ་བཞི་ཆ་གཅིག་ཀྱང་རི་མཁའ་རིས་གཏུབས་པའི་ཆ་གཅིག་ཡིན་པའི་ཕྱིར་རོ། །ཡང་ཚེས་ཞག་གི་ལོངས་སྤྱོད་ལས་ཁྱིམ་ཞག་གི་ལོངས་སྤྱོད་འཚོལ་བའི་ཚེ་རེ་ལྔས་བགོ་དགོས་ཏེ། དེ་གཉིས་པོའི་བར་ཁྱད་ཆུ་ཚོད་གཅིག ཆུ་སྲང་ཞེ་དགུ་ལ་སོགས་པ་དེ་ཚེས་ཞག་ལོངས་སྤྱོད་ཀྱི་ཕྱེད་བཅས་སོ་གཉིས་ཆ་གཅིག་ཡིན་པའི་ཕྱིར་རོ། །ཡང་ཁྱིམ་ཞག་གི་ལོངས་སྤྱོད་ལས་ཚེས་ཞག་ལོངས་སྤྱོད་འཚོལ་བའི་ཚེ་རེ་བདུན་གྱིས་བགོ་དགོས་ཏེ། དེ་གཉིས་པོའི་བར་ཁྱད་ཆུ་ཚོད་གཅིག ཆུ་སྲང་ཞེ་དགུ་ལ་སོགས་པ་དེ་ཁྱིམ་ཞག་གཅིག་གི་ལོངས་སྤྱོད་ཀྱི་ཕྱེད་བཅས་སོ་གསུམ་གྱི་ཆ་གཅིག་ཡིན་པའི་ཕྱིར་རོ། །ཡང་ཚེས་ཞག་ལོངས་སྤྱོད་ལས་ཉིན་ཞག་ལོངས་སྤྱོད་འཚོལ་བའི་ཚེ། འབྱུང་འདོད་དྲག་པོ་དང༌། རོ་བུག་རོ་དང༌། རེ་གསུམ་རྣམས་ཀྱིས་བགོ་དགོས་ཏེ། དེ་གཉིས་ཀྱི་བར་ཁྱད་སྲང་ང་དྲུག དབུགས་གཅིག་ལ་སོགས་པ་དེ་ཚེས་ཞག་གཅིག་གི་ལོངས་སྤྱོད་ཀྱི་རེ་གསུམ་ཆ་གཅིག་དང༌། རེ་གསུམ་ཆའི་རོ་བུག་རོ་ཆ་གཅིག་དང༌། རོ་བུག་རོ་ཆའི་འབྱུང་འདོད་དྲག་པོར་གཏུབས་པའི་ཆ་གཅིག་རྣམས་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཞག་གསུམ་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་ལ་ནོར་བུ་ལོན་དུ་འགྱུར་ཚུལ་ཡང་ཤེས་པར་བྱ་སྟེ། ཞག་གང་དང་གང་གི་ལོངས་སྤྱོད་ལ་ནོར་དུ་གྱུར་ན་དཀྱིལ་འཁོར་ལ་བུ་ལོན་དུ་འགྱུར། དཀྱིལ་འཁོར་ལ་ནོར་དུ་གྱུར་ན་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་ཏེ། དཔེར་ན། ཁྱིམ་ཚེས་གཉིས་ལོངས་སྤྱོད་ཁྱིམ་ཞག་ཆེ་བའི་རྒྱུ་མཚན་གྱིས་དཀྱིལ་འཁོར་ཁྱིམ་ཞག་གྲངས་ཉུང་ལ། ལོངས་སྤྱོད་ཚེས་ཞག་ཆུང་བས་དཀྱིལ་འཁོར་ཚེས་ཞག་གྲངས་མང་བ་དང༌། དེ་བཞིན་དུ་ཉིན་ཚེས་གཉིས་ཀྱང་དེ་དང་འདྲའོ། །དེ་ལྟར་རིགས་པའང་ཡིན་ཏེ། ལོ་གཅིག་གི་ཕུང་པོ་གཅིག་ལ་འཇལ་བྱེད་ཆེ་བའི་ཚེ་གྲངས་ཉུང་བ་དང༌། འཇལ་བྱེད་ཆུང་བའི་ཚེ་གྲངས་མང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ད་ནི་ཞག་སོ་སོའི་བར་ཁྱད་རྣམས་བདེ་བླག་ཏུ་རྟོགས་པའི་ཕྱིར་ཆའི་ཚད་རྣམས་བརྗོད་པར་བྱ་སྟེ། འདི་ལ་གཉིས། ཁྱིམ་ཚེས་ཀྱི་བར་ཁྱད་དུ་གྱུར་པའི་ཆ་དང༌། ཉིན་ཚེས་གཉིས་ཀྱི་བར་ཁྱད་དུ་གྱུར་པའི་ཆའོ། །དང་པོ་ནི། ཆུ་ཚོད་གཅིག་སྲང་བུག་མཚོ། དབུགས་ཐིག རི་སོགས་ཆ་མིག་འབྱུང་ཟླ་བ། རེ་ལྔ་ཆ་མཁའ་མདའ་སྟེ་ཁྱིམ་ཚེས་ཀྱི་བར་ཁྱད་འདི་ནི། ཁྱིམ་ཞག་གི་ཕྱེད་བཅས་མེ་མེ་ཆའམ། རི་རོ་ཆ་ཉིས་འགྱུར་རམ། ཚེས་ཞག་ཕྱེད་བཅས་སོ་གཉིས་ཆའམ། མདའ་རོ་ཆ་ཉིས་འགྱུར་རམ། ཁྱིམ་ཞག་གི་སོ་བཞི་ཆ་དང༌། དེའི་རི་རོ་ཆ་བསྡོམས་པའམ། ཚེས་ཞག་གི་མེ་མེ་ཆ་དང༌། དེའི་མདའ་རོ་ཆ་བསྡོམས་པ་སྡེ་དྲུག་ཀའི་གཞི་མཐུན་གྱི་ཚད་དོ། ཡང་ཆུ་སྲང་ང་བཞི་དབུགས་གསུམ། རི་སོགས་ཆ་རོ་ཐུབ། མདའ་རོ་ཆ་ཉེར་ལྔ་རྣམས་ནི་ཁྱིམ་ཞག་གི་ཕྱེད་བཅས་མེ་མེ་ཆའི་ཕྱེད་དམ་རི་རོ་ཆའམ། ཚེས་ཞག་གི་ཕྱེད་བཅས་སོ་གཉིས་ཆའི་ཕྱེད་དམ། མདའ་རོ་ཆ་སྟེ་བཞི་ཀའི་ཚད་དོ། ཡང་ཆུ་ཚོད་གཅིག སྲང་ཐུབ་ཆུ། དབུགས་གཉིས། རི་སོགས་ཆ་མཁའ་ཉི། མདའ་རོ་ཆ་ང་ལྔ་རྣམས་ནི་ཁྱིམ་ཞག་གི་སོ་བཞི་ཆའོ། ཡང་སྲང་གཅིག དབུགས་གསུམ། རི་སོགས་ཆ་ཀླུ་མེ་རྒྱ་མཚོ། མདའ་རོ་ཆ་དྲུག་ཅུ་རྣམས་ནི་ཁྱིམ་ཞག་གི་སོ་བཞི་ཆའི་རི་རོ་ཆའོ། ཡང་ཆུ་ཚོད་གཅིག སྲང་ཐུབ་ཆུ། དབུགས་མིག་རི་སོགས་ཆ་ཡིད་མིག མདའ་རོ་ཆ་ཐུབ་ཆུ། མེ་མེ་ཆ་དགུ་རྣམས་ནི། ཚེས་ཞག་གི་མེ་མེ་ཆའོ། ཡང་སྲང་གཅིག དབུགས་གསུམ། རི་སོགས་ཆ་དབང་པོ་ཡིད། མདའ་རོ་ཆ་གཉིས། སོ་གསུམ་ཆ་རྒྱལ་བ་རྣམས་ནི་ཚེས་ཞག་གི་མེ་མེ་ཆའི་མདའ་རོ་ཆའོ། །གཉིས་པ་ཉིན་ཚེས་བར་ཁྱད་དུ་གྱུར་པའི་ཆ་ནི། ཆུ་སྲང་ང་དྲུག དབུགས་གཅིག རི་སོགས་ཆ་གཟུགས་བུག་རོ་སྟེ། ཉིན་ཚེས་ཀྱི་བར་ཁྱད་འདི་ནི་ཉིན་ཞག་གི་ཐུབ་རི་ཟླ་བའི་ཆ་བརྒྱ་རེ་གཅིག་དང་བཅས་པའི་མེ་རོ་ཆའམ། ཉིན་ཞག་གི་ཉི་མ་འདོད་ཟླའི་ཆ་ཐུབ་རི་ཟླ་བའམ། ཚེས་ཞག་གི་ཐུབ་རི་ཟླ་བའི་ཆ་བརྒྱ་རེ་གཅིག་དང་བཅས་པའི་མིག་དུས་ཆའམ། ཚེས་ཞག་གི་འབྱུང་འདོད་དྲག་པོའི་ཆ་ཐུབ་རི་ཟླ་བའམ། ཉིན་ཞག་གི་རེ་བཞི་ཆ་དང༌། དེའི་རི་མཁའ་རི་ཆ་བསྡོམས་པའམ། ཚེས་ཞག་གི་མེ་རོ་ཆ་དང༌། དེའི་རོ་བུག་རོ་ཆ་དང༌། དེའི་ཡང་འབྱུང་འདོད་དྲག་ཆ་རྣམས་བསྡོམས་པ་སྟེ་དྲུག་ཀའི་གཞི་མཐུན་གྱི་ཚད་དོ། །ཡང་ཆུ་སྲང་ང་དྲུག དབུགས་གཅིག རི་སོགས་ཆ་མེ་འབྱུང་རྩེ་མོ། ཆུ་རོ་ཆ་སོ་གཉིས་རྣམས་ནི་ཉིན་ཞག་གི་ཆུ་རོ་ཆའོ། ཡང་དབུགས་གཅིག རི་སོགས་ཆ་རི་མེ་ཡོན་ཏན། ཆུ་རོ་ཆ་སོ་གཉིས་རྣམས་ནི་ཉིན་ཞག་གི་ཆུ་རོ་ཆའི་རི་མཁའ་རི་ཆའམ། རི་མཁའ་རི་ཆའི་ཆུ་རོ་ཆའམ། ཚེས་ཞག་གི་རོ་བུག་རོ་ཆ་དང༌། དེའི་འབྱུང་འདོད་དྲག་ཆ་བསྡོམས་པའི་ཆུ་རོ་ཆ་སྟེ། གསུམ་ཀའི་གཞི་མཐུན་གྱི་ཚད་དོ། ཡང་སྲང་ལྔ༌། དབུགས་ཐིག རི་སོགས་ཆ་ཁ་བུག་ཡོན་ཏན་རྣམས་ནི་ཉིན་ཞག་གི་རི་མཁའ་རི་ཆའམ། ཚེས་ཞག་གི་རོ་བུག་རོ་ཆ་དང༌། དེའི་འབྱུང་འདོད་དྲག་ཆ་བསྡོམས་པའི་ཆུ་རོ་ཆ་སྟེ། གསུམ་ཀའི་གཞི་མཐུན་གྱི་ཚད་དོ། ཡང་སྲང་ལྔ༌། དབུགས་ཐིག རི་སོགས་ཆ་མཁའ་བུག་ཡོན་ཏན་རྣམས་ནི་ཉིན་ཞག་གི་རི་མཁའ་རི་མཁའ་རི་ཆའམ། ཚེས་ཞག་གི་རོ་བུག་རོ་ཆ་དང་དེའི་འབྱུང་འདོད་དྲག་ཆ་བསྡོམས་པའམ། ཉིན་ཞག་གི་ཉི་མ་འདོད་ཟླའི་ཆ་བཅུ་དྲུག་གམ། ཚེས་ཞག་གི་འབྱུང་འདོད་དྲག་ཆ་བཅུ་དྲུག་སྟེ་བཞི་ཀའི་གཞི་མཐུན་གྱི་ཚད་དོ། ཡང་སྲང་ཉི་ཤུ། དབུགས་གཉིས། རི་སོགས་ཆ་མེ་མིག དེའི་ཐུབ་རི་ཟླ་བའི་ཆ་གཟུགས་རི་ཟླ་བ་རྣམས་ནི། ཉིན་ཞག་གི་ཐུབ་རི་ཟླ་བའི་ཆའོ། ཡང་དབུགས་གཅིག རི་སོགས་ཆ་མེ་མཚོ་རོ་རྣམས་ནི་ཉིན་ཞག་གི་ཉི་མ་འདོད་ཟླའི་ཆའམ། ཚེས་ཞག་གི་འབྱུང་འདོད་དྲག་པོའི་ཆ་སྟེ་གཉིས་ཀའི་གཞི་མཐུན་གྱི་ཚད་དོ། །ཡང་སྲང་ང་དྲུག དབུགས་གཅིག རི་སོགས་ཆ་ཀླུ་མཚོ་མེ། བདུན་ཆ་གཅིག་རྣམས་ནི་ཚེས་ཞག་གི་མེ་རོ་ཆའོ། ཡང་དབུགས་ཀྱི་རི་སོགས་ཆ་མིག་མཚོ་ཡོན་ཏན། བདུན་ཆ་ལྔ༌། དེའི་དུས་དྲག་ཆ་གཟུགས་བུག་རྣམས་ནི། ཚེས་ཞག་གི་མེ་རོ་ཆའི་རོ་བུག་རོ་ཆའོ། །ཡང་དབུགས་ཀྱི་རི་སོགས་ཆ་བདུན་ཆའི་དུས་དྲག་ཆ་མདའ་མིག་ནི། ཚེས་ཞག་གི་མེ་རོ་ཆའི་རོ་བུག་རོ་ཆའི་འབྱུང་འདོད་དྲག་ཆའོ། །ཡང་སྲང་ལྔ༌། དབུགས་ཐིག རི་སོགས་ཆ་ཀླུ་སྦྲུལ་ཡོན་ཏན། བདུན་ཆ་ཐིག་དུས་དྲག་ཆ་བུག་མཚོ་རྣམས་ནི་ཚེས་ཞག་གི་རོ་བུག་རོ་ཆའོ། །ཡང་དབུགས་ཀྱི་རི་སོགས་ཆ་གཅིག བདུན་ཆ་དྲུག དུས་དྲག་ཆ་རི་རོ་རྣམས་ནི་ཚེས་ཞག་གི་རོ་བུག་རོ་ཆའི་འབྱུང་འདོད་དྲག་ཆའོ། །ཡང་སྲང་མཁའ་མིག དབུགས་ཐིག རི་སོགས་ཆ་ཐུབ་པ་གདེངས་ཀ་དེའི་ཐུབ་རི་ཟླ་བའི་ཆ་གཟུགས་རི་ཟླ་བ་ནི་ཚེས་ཞག་གི་ཐུབ་རི་ཟླ་བའི་ཆའོ། །དེ་དག་ནི་ཞལ་ལུང་དུ་གསུངས་པའི་ཆའི་ཚད་ཙམ་ཞིག་བཏུས་ནས་ཚོམས་སུ་བརྗོད་པ་སྟེ། ཇི་ལྟར་རིགས་པ་གོང་འོག་ཀུན་ཏུ་ཁྱེར་ཤེས་པར་བྱའོ། །དེ་ལྟར་ན་ཞལ་ལུང་ལས། ཞག་གསུམ་གྱི་རྣམ་པར་དབྱེ་བ་འདི་ནི། སྤྱིར་རྩིས་ཀྱི་ཚུལ་ལུགས་རྣམས་ཕྱིན་ཅི་མ་ལོག་པར་རྟོགས་པའི་སྒོ་དང༌། ཁྱད་པར་དུ་གྲུབ་པའི་མཐའི་རྩིས་གང་ལས་བྱུང་བའི་འབྱུང་ཁུངས་ལྟ་བུ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་ཞིབ་ཏུ་གཏན་ལ་ཕབ་སྟེ་གཟའ་སོ་སོའི་ཡུལ་གྱི་ལོངས་སྤྱོད་དང་དཀྱིལ་འཁོར་ལའང་ཇི་ལྟར་རིགས་པ་སྦྱར་བར་བྱའོ། །ཞེས་གསུངས་པ་ལྟར་ཕྱོགས་འདི་ལ་མངོན་པར་དགའ་བ་རྣམས་ཀྱིས་ཞིབ་ཏུ་བརྩིས་ནས་སྦྱར་བར་བྱ་ཡི། འདིར་ནི་ཡི་གེས་འཇིགས་ནས་སྤྲོས་པ་མ་བྱས་ལ། འོན་ཀྱང་བསྒྱུར་བྱ་སྒྱུར་བྱེད་ཀྱི་རི་མོའི་བྱེད་ཚུལ་གྱི་ལྷན་ཐབས་ཞིབ་མོ་ཞིག་སླར་བྱེད་པར་འདོད་དོ། གཉིས་པ་ཡུལ་གྱི་རྟག་ལོངས་ནི། རྒྱུ་སྐར་ཉེར་བདུན་མཁའ་རོས་བསྒྱུར་བས་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་འབྱུང་སྟེ། དེ་ནི་གཟའ་རྣམས་ཀྱིས་བགྲོད་པར་བྱ་བའི་ཡུལ་རྒྱུ་སྐར་འཁོར་ལོའི་ཆུ་ཚོད་ཀྱི་གྲངས་ཡིན་ནོ། དེ་ལ་གཟའ་སོ་སོའི་ཞག་གསུམ་གྱི་དཀྱིལ་འཁོར་གྱིས་བགོས་པས་གཟའ་རང་རང་གི་ཞག་གསུམ་གྱི་ཡུལ་གྱི་རྟག་པའི་ལོངས་སྤྱོད་དུ་འགྱུར་བ་དེས་ན་དེའི་ཆ་དབྱེ་བ་བཤད་ཀྱིས་ཉོན་ཅིག་པའོ། བགོད་གཞི་དེ་ལས་ཉི་མའི་ཡུལ་ལོངས་འཚོལ་བ་ལ་གསུམ་སྟེ། ཁྱིམ། ཚེས། ཉིན་ཞག་གི་ཡུལ་ལོངས་སོ། དང་པོ་ནི། རྒྱུ་སྐར་ཆུ་ཚོད་སྟོང་དང་དྲུག་བརྒྱ་ཉི་ཤུ་ལ་ཉི་མའི་ཁྱིམ་ཞག་དཀྱིལ་འཁོར་མཁའ་དུས་མེས་བགོས་པས། ཐོབ་པའི་རྙེད་པ་ནི་ཆུ་ཚོད་ཡིན་ལ། ལྷག་མ་མཁའ་རོས་བསྒྱུར་བ་ལ་དཀྱིལ་འཁོར་གྱིས་བགོས་པས་ཐོབ་པ་ཆུ་སྲང་སྟེ་ལྷག་མེད་དོ། །དེ་ལྟར་ན་ཆུ་ཚོད་རྒྱ་མཚོ་སོགས་ཏེ་ཁྱིམ་ཞག་ཡུལ་ལོངས་སོ། གཉིས་པ་ནི། རྒྱུ་སྐར་ཆུ་ཚོད་ལ་ཚེས་དཀྱིལ་གྱིས་བགོད་མི་བདེ་བས་ཚེས་ཞག་དཀྱིལ་འཁོར་གནས་མང་པོའི་གནས་རྣམས་འདོད་པ་སོགས་ཀྱིས་ཞག་སར་དྲིལ་བས། ཆུ་མིག་ཀླུ་མཚོ་འོང་སྟེ་བགོད་བྱེད་དོ། དེ་ཡིས་རྒྱུ་སྐར་ཆུ་ཚོད་ཀྱང་ཤེད་མཚུངས་ཀྱི་རིགས་པས་འདོད་པས་བསྒྱུར་ཏེ། དེ་ལ་བགོས་པས་ཐོབ་པ་ཆུ་ཚོད་དང་ལྷག་མ་རྣམས་མཁའ་རོ་སོགས་ཏེ་རང་རང་གི་ཆས་བསྒྱུར་ལ་ཐོབ་པ་སོ་སོའི་ཆ་དང༌། དེ་ལྟར་ན་བརྩེགས་པས་སོགས་ཏེ་ཉི་མའི་ཚེས་ཞག་ཡུལ་ལོངས་ཡིན་ནོ། །གསུམ་པ་ནི། བགོད་གཞི་ལ་ཉིན་ཞག་གི་དཀྱིལ་འཁོར་གནས་མང་པོས་བགོད་མི་བདེ་བས། དཀྱིལ་འཁོར་གྱི་གནས་རྣམས་མིག་ཀླུ་སོགས་ཀྱིས་ཞག་སར་དྲིལ་བས་མདའ་མཁའ་མཚོ་ཡིད་རི་མཚམས་འོང་སྟེ་བགོད་བྱེད་དོ། དེ་ཡིས་སོགས་ཀྱི་རྒྱུ་སྐར་ཆུ་ཚོད་ཀྱང་ཤེད་མཚུངས་སུ་བྱས་པ་ལ་བགོས་པས་ཐོབ་པ་ཆུ་ཚོད། ལྷག་རྣམས་རང་ཆར་གསིལ་ཏེ་བགོས་པས་ཐོབ་པ་སོ་སོའི་ཆ་སྟེ། དེ་ལྟར་ན་བརྩེགས་པས་མཚོར་དབྱུགས་སོགས་ཏེ་ཉིན་ཞག་ཡུལ་གྱི་རྟག་ལོངས་ཡིན་ནོ། །གཉིས་པ་གཟའ་གཞན་རྣམས་ཀྱི་དཀྱིལ་འཁོར་དང༌། ལོངས་སྤྱོད་བཤད་པ་ལ་གསུམ་སྟེ། ཟླ་བའི་དཀྱིལ་འཁོར་དང་ལོངས་སྤྱོད་བཤད་པ། སྒྲ་གཅན་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་བཤད་པ། གཟའ་ལྔའི་དཀྱིལ་འཁོར་དང་ལོངས་སྤྱོད་བཤད་པའོ། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་ཟླ་བའི་དཀྱིལ་འཁོར་དང༌། ཞེས་སོགས་ཏེ། རྩ་རྒྱུད་ལས། ཟླ་བའི་དཀྱིལ་འཁོར་བཤད་བྱ་ལ། འཁོར་ལོའི་ཆུ་ཚོད་ཉི་ཆུ་ཚོད། ཟླ་བའི་ལོངས་སྤྱོད་བསྲེས་པ་དག སུམ་ཅུའི་ཆས་ཐོབ་ཟླ་ལོངས་སྤྱོད། ཉིན་ཞག་སོ་སོའི་ཆུ་ཚོད་འགྱུར། ཟླ་བས་ཉིན་ཞག་ཆུ་ཚོད་དང༌། ཆུ་སྲང་དབུགས་ནི་གང་དག་གིས། འཁོར་ལོའི་ཆུ་ཚོད་མཐར་སྤྱོད་པ། དེ་ནི་དེ་ཡི་དཀྱིལ་འཁོར་འགྱུར། ཞེས་གསུངས་པའི་རིམ་པ་ལྟར་བཤད་པར་བྱ་ཞེས་སོ། གཉིས་པ་ལ་གསུམ་སྟེ། ཐོག་མར་ཟླ་བའི་ཚེས་ལོངས་སླ་ཐབས་ཀྱིས་འཚོལ་བ། དེའི་སྒོ་ནས་དཀྱིལ་འཁོར་གསུམ་བཤད་པ། ཞག་གཞན་གཉིས་ཀྱི་ཡུལ་ལོངས་བཤད་པའོ། །དང་པོ་ནི། ཉི་མའི་ཚེས་ལོངས་སོགས་ཀྱིས། དེ་ཟླ་བ་གཅིག་ཏུ་བསགས་པས་དབྱུག་གུར་མཁའ་མེ་གཟུགས་སོགས་འོང་དེའི་དབྱུག་གུར་རྒྱུ་སྐར་གྱི་ཆུ་ཚོད་བསྣུན་པ་ནི་བགོད་གཞིའོ། དེ་ལ་བགོད་བྱེད་མཁའ་མེས་བགོས་པས་ཐོབ་ནོར་དབྱུག་གུ་དང༌། ལྷག་མ་མཁའ་རོ་སོགས་རང་ཆར་གསིལ་བ་ལ་རིམ་པར་བགོས་པས་ཐོབ་པ་ནི་སོ་སོའི་ཆའོ། དེ་ལྟར་ཆུ་ཚོད་ང་བརྒྱད་སོགས་ཏེ་ཟླ་བའི་ཚེས་ཞག་རྟག་ལོངས་ཡིན་ནོ། གཉིས་པ་ལ་གསུམ་སྟེ། ཚེས། ཁྱིམ། ཉིན་ཞག་དཀྱིལ་འཁོར་བཤད་པའོ། དང་པོ་ནི། ཅི་སྟེ་ཟླ་བའི་ཚེས་ལོངས་ཀྱི་བགོད་བྱེད་སུམ་ཅུས་བྱེད་ན་དེ་ཉིད་ཟླ་བའི་དཀྱིལ་འཁོར་དུ་འགྱུར་བས་དཀྱིལ་འཁོར་ཟུར་པ་འཚོལ་མི་དགོས་སམ་སྙམ་ན། དེ་ཉིད་ཟླ་བའི་དཀྱིལ་འཁོར་མ་ཡིན་ཏེ། གལ་ཏེ་ཡིན་ན་རྩ་རྒྱུད་ལས། ཟླ་བས་ཉིན་ཞག་ཆུ་ཚོད་དང༌། ཞེས་སོགས་གསུངས་པས་ཟླ་བས་རྒྱུ་སྐར་འཁོར་བའི་ཞག་ཁ་གཙང་དཀྱིལ་འཁོར་དུ་འགྱུར་བ་ལས། ཞག་སུམ་ཅུ་ལ་ནི་འཁོར་ལྷག་དང་བཅས་པའི་ཕྱིར་རོ། དེས་ན་ཚེས་ལོངས་དེ་རྣམས་ཀྱི་རྒྱུ་སྐར་ཆུ་ཚོད་ལ་བགོས་པས་དཀྱིལ་འཁོར་འཆར་བ་ཡིན་ཏེ། ལོངས་སྤྱོད་དེའི་གནས་རྣམས་ཀུན་ཆུ་འདོད་ཀྱིས་བསྒྱུར་ལ་རི་རོ་སོགས་ཀྱིས་དྲིལ་བས་གཟུགས་མིག་ཀླུ་རི་འོང་བ་བགོད་བྱེད་ཡིན་ནོ། དེ་ཡིས་རྒྱུ་སྐར་སོགས་ཏེ། འཁོར་ལོའི་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས་ཐོབ་པ་ནི་ཞག་གོ། ལྷག་མ་མཁའ་རོ་སོགས་ཀྱིས་རང་ཆར་གསིལ་བ་ལ་རིམ་པར་བགོས་པས་ཐོབ་པ་ནི་སོ་སོའི་ཆའོ། དེ་ལྟར་ན་ཉེར་བདུན་ཞག་ལ་ཞེས་སོགས་ཏེ་ཟླ་བའི་ཚེས་ཞག་དཀྱིལ་འཁོར་ཡིན་ནོ། །ཡང་གནས་ཉུང་བ་ལ་མོས་ན། ཚེས་དཀྱིལ་འདི་ཉིད་སོགས་ཏེ། ཞག་ཐོབ་པའི་ལྷག་མ་དེ་བུག་རོ་ཀླུ་ཆར་བྱས་པའོ། དེ་ལྟར་ན་ལོངས་སྤྱོད་འཚོལ་བའི་ཚེ་རྒྱུ་སྐར་ཆུ་ཚོད་དང་ཉི་མའི་ཚེས་ཟླ་གཅིག་གི་ལོངས་སྤྱོད་བསྲེས་པ་ལ་སུམ་ཅུས་བགོད་པའི་རྒྱུ་མཚན་ནི། ཟླ་བས་ཚེས་ཞག་གཉིས་དང༌། ཚེས་ཞག་གི་བུག་རོ་ཀླུ་ཆ་ཉིས་བརྒྱ་བཅུ་གཉིས་ལ་སྤྱོད་པའི་ཁྱོན་དང༌། ཉི་མས་ཚེས་ཟླ་གཅིག་ལ་སྤྱོད་པའི་ཁྱོན་མཚུངས་པའི་ཕྱིར་བགོ་བྱ་དང་ཤེད་མཚུངས་ཀྱི་རིགས་པས་བགོད་བྱེད་ཚེས་ཞག་དཀྱིལ་འཁོར་གྱི་སྟེང་དུ་ཞག་གཉིས་དང༌། ཞག་གི་བུག་རོ་ཀླུ་ཆ་ཉིས་བརྒྱ་དང་བཅུ་གཉིས་མཁའ་རོས་བསྒྱུར་ཏེ་བུག་རོ་ཀླུས་བགོ་བ་སོགས་བྱས་པས། ཆུ་ཚོད་བཅུ་བཞི། སྲང་བཅོ་བརྒྱད། དབུགས་གཅིག བུག་རོ་ཀླུ་ཆ་བཞི་བརྒྱ་སོ་དགུ་རྣམས་འོང་བ་བསྣན་ཏེ་དྲིལ་བས་ཞག་སུམ་ཅུ་འབྱུང་བ་བགོད་བྱེད་དུ་བྱས་པ་ཡིན་ཏེ། ཚེས་དཀྱིལ་གནས་མང་བ་བུག་རོ་ཀླུ་ཆར་དྲིལ་བས་རྒྱུ་སྐར་འཁོར་ལོ་ཤེད་མཚུངས་སུ་བྱས་པ་ལ་བགོས་པས་སྔར་བཞིན་ཚེས་ལོངས་རྣམ་དག་འཆར་བའི་ཕྱིར་རོ། །གཉིས་པ་ནི། དེ་ཡི་ཞག་གནས་སོགས་ཏེ། ཚེས་དཀྱིལ་གནས་ཉུང་བ་བུག་རོ་ཀླུ་ཆར་གསིལ་བ་གནས་གཉིས་སུ་བཞག་པའི་འོག་མ་མིག་བསྒྱུར་རི་རོས་བགོས་ནོར་གྱིས་སྟེང་མར་སྦྱངས་ལྷག་བུག་རོ་ཀླུས་བགོས་པས་ཐོབ་པ་ཉེར་དྲུག་སོགས་ཏེ་ཟླ་བའི་ཁྱིམ་དཀྱིལ་ལོ། །གསུམ་པ་ནི། ཟླ་བའི་ཚེས་དཀྱིལ་སོགས་ཏེ། ཚེས་དཀྱིལ་གནས་མང་བ་བུག་རོ་ཀླུ་ཆར་དྲིལ་བའི་ཚོགས་གནས་གསུམ་བཞག་པའི་སོགས་ཏེ་གནས་གསུམ་འོག་མ་མིག་གིས་བསྒྱུར། འོག་ནས་མ་ནུ་མ་ནུ་དང་རེ་བཞིས་དྲིལ་བའི་ནོར་གྱིས་སྟེང་མར་སྦྱངས་པ་ལས་ཀྱང་གཅིག་ཕབ་སྟེ་བར་འོག་གི་ཆས་རིམ་པར་སྦྱངས་མཐར་སྟེང་མ་བུག་རོ་ཀླུས་ཕུད་པས་ཉེར་བདུན་ཞག་ལ་སོགས་པ་སྟེ་ཟླ་བའི་ཉིན་ཞག་དཀྱིལ་འཁོར་རོ། ཡང་དཀྱིལ་འཁོར་འདིའི་གནས་ཀྱང་བསྡུ་འདོད་ན་སོགས་ཏེ། གནས་འོག་མ་གསུམ་པོ་དུས་དུས་རི་ཀླུ་མིག་ཉི་མའི་ཆར་དྲིལ་བས་ཉེར་བདུན་ཞག་ལ་དུས་སོགས་ཆ་ཞེས་སོགས་སོ། །གསུམ་པ་ལ་གཉིས་ཏེ། ཁྱིམ་ལོངས་དང༌། ཉིན་ལོངས་སོ། དང་པོ་ནི། དཀྱིལ་འཁོར་བཤད་པའི་རྗེས་དེ་ནས་རྟག་པའི་ལོངས་སྤྱོད་བཤད་ཅེས་ཁས་བླངས་ནས་ཁྱིམ་དཀྱིལ་བུག་རོ་ཀླུ་ཆར་སོགས་ཏེ། ཁྱིམ་དཀྱིལ་བུག་རོ་ཀླུ་ཆར་གསིལ་བས་རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པའི་ཐོབ་ནོར་བརྩེགས་པས་མཁའ་རོའི་སོགས་ཏེ་ཟླ་བའི་ཁྱིམ་ཞག་རྟག་ལོངས་སོ། གཉིས་པ་ནི། ཉིན་ཞག་དཀྱིལ་འཁོར་གནས་རྣམས་སོགས་ཏེ། ཉིན་དཀྱིལ་དུས་དུས་རི་ཀླུ་མིག་ཉི་མའི་ཆར་གསིལ་བས་ཤེད་མཚུངས་ཀྱི་རྒྱུ་སྐར་ཆུ་ཚོད་ལ་བགོས་པའི་ཐོབ་ནོར་བརྩེགས་པས་ང་དགུའི་སོགས་ཏེ་ཟླ་བའི་ཉིན་ཞག་རྟག་ལོངས་སོ། །འོ་ན་ཟླ་བའི་ཚེས་ཞག་གི་རྟག་ལོངས་ཐོག་མར་བཙལ་ནས་ད་བཟོད་དཀྱིལ་འཁོར་བཟོ་བའི་དགོས་པ་གང་ཞེ་ན། དེ་ནི་བྱ་སླ་བའི་ཆེད་དེ། ཞལ་ལུང་ལས། གཟའ་རྣམས་ཀྱི་དཀྱིལ་འཁོར་དང་ལོངས་སྤྱོད་དག་ལས་ཐོག་མར་གང་གོ་སླ་བ་དག་བསྟན་ནས་རྗེས་སུ་གཞན་དག་ལ་འཇུག་པར་བཞེད་པ་ཡིན་ཏེ། ཉི་མའི་ཁྱིམ་ཞག་དཀྱིལ་འཁོར་དང༌། ཟླ་བའི་ཚེས་ཞག་ལོངས་སྤྱོད་དང༌། སྒྲ་གཅན་གྱི་ཚེས་ཞག་དཀྱིལ་འཁོར་དང༌། དྲག་གཟའ་གསུམ་གྱི་དལ་བའི་ཉིན་ཞག་དཀྱིལ་འཁོར་དང༌། ཞི་གཟའ་གཉིས་ཀྱི་མྱུར་བའི་ཉིན་ཞག་དཀྱིལ་འཁོར་བསྟན་པ་རྣམས་ཀྱིས་ཤེས་སོ། ཞེས་གསུངས་པ་ལྟར་རོ། གཉིས་པ་སྒྲ་གཅན་གྱི་རྟག་རྩིས་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་སྒྲ་གཅན་སོགས་སོ། གཉིས་པ་ལ་གཉིས་ཏེ། དཀྱིལ་འཁོར་དང༌། རྟག་ལོངས་སོ། དང་པོ་ལ་གསུམ་སྟེ། ཚེས་ཞག ཁྱིམ་ཞག ཉིན་ཞག་དཀྱིལ་འཁོར་རོ། དང་པོ་ལའང་གསུམ་སྟེ། ཚེས་ཞག ཚེས་ཟླ་རིལ་པོ། ཚེས་ཟླ་ཕྱེད་པའི་དཀྱིལ་འཁོར་རོ། དང་པོ་ནི། དྲུག་སྟོང་དགུ་བརྒྱ་སོགས་སོ། །གཉིས་པ་ནི། དེ་ལ་སུམ་ཅུས་སོགས་སོ། གསུམ་པ་ནི། ཚེས་དཀྱིལ་བཅོ་ལྔས་སོགས་སོ། གཉིས་པ་ཁྱིམ་ཞག་དཀྱིལ་འཁོར་ནི། ཚེས་ཞག་དཀྱིལ་འཁོར་གནས་གཉིས་སུ་བཀོད་པའི་འོག་མ་ཆུས་བསྒྱུར་བ་ལ་རི་རོ་ཉིས་འགྱུར་ཆུ་འདོད་ཀྱིས་ཐོབ་པའི་ནོར་གྱིས་སྟེང་མར་སྦྱང་ཞིང༌། དེ་ལས་གཅིག་ཕབ་སྟེ་འོག་མའི་ལྷག་གིས་སྦྱངས་ལྷག་མཁའ་རོ་སོགས་རང་རང་གི་ཆར་བྱས་པ་ལ་རིམ་བཞིན་ཆུ་འདོད་ཀྱིས་བགོས་ནོར་བརྩེགས་པས་ཆུ་བུག་དུས་དུས་སོགས་ཏེ་སྒྲ་གཅན་གྱི་ཁྱིམ་དཀྱིལ་ལོ། གསུམ་པ་ནི། ཚེས་ཞག་དཀྱིལ་འཁོར་གནས་གཉིས་བཀོད་པའི་འོག་མ་ཐུབ་རི་ཟླ་བས་བསྒྱུར་ལ་ཉི་མ་འདོད་ཟླས་བགོས་པའི་ནོར་གྱིས་གནས་སྟེང་མ་ནས་ཕྲི་ལ། དེ་ལས་གཅིག་ཕབ་སྟེ་སྦྱང་བ་སོགས་བྱ་ཞིང༌། སླར་ཡང་སོགས་ཀྱིས་གནས་འོག་མ་དེ་ཀླུ་ལག་ཀླུ་ལག་གིས་བསྒྱུར་ཏེ་ཉི་མ་འདོད་ཟླས་བགོས་ནོར་མཁའ་རོ་སོགས་སོ་སོའི་ཆར་བྱས་པ་ལ་ཀླུ་ལག་ཀླུ་ལག་གིས་རིམ་པར་བགོས་པའི་ཐོབ་ནོར་རྣམས་བརྩེགས་པས་མིག་བུག་རི་རོའི་ཞག་སོགས་ཏེ་སྒྲ་གཅན་གྱི་ཉིན་དཀྱིལ་ལོ། གཉིས་པ་ལ་གསུམ་སྟེ། ཚེས། ཁྱིམ། ཉིན་ལོངས་སོ། དང་པོ་ལའང་ཞག ཟླ་བ། ཟླ་ཕྱེད་གསུམ་ལས། དང་པོ་ནི། སྒྲ་གཅན་ཚེས་ཞག་སོགས་ཏེ། ཚེས་དཀྱིལ་གྱིས་རྒྱུ་སྐར་ཆུ་ཚོད་ལ་བགོས་པས་མ་ཐོབ། ལྷག་རྣམས་མཁའ་རོ་ལ་སོགས་པས་བསྒྱུར་ལ་བགོས་པས་བགོས་ཐོབ་མ་ནུའི་སོགས་ཏེ་སྒྲ་གཅན་ཚེས་ཞག་རྟག་ལོངས་སོ། གཉིས་པ་ནི། སྒྲ་གཅན་ཚེས་ཟླའི་སོགས་ཏེ། ཟླ་དཀྱིལ་གྱིས་རྒྱུ་སྐར་ཆུ་ཚོད་ལ་བགོས་པས་རི་དབྱུག་སོགས་ཏེ་ཚེས་ཟླའི་ལོངས་སྤྱོད་དོ། །གསུམ་པ་ནི། སྒྲ་གཅན་ཟླ་ཕྱེད་སོགས་ཏེ། དེས་རྒྱུ་སྐར་ཆུ་ཚོད་ལ་བགོས་ནོར་རྩེ་མོའི་ཆུ་ཚོད་སོགས་ཏེ་ཚེས་ཟླ་ཕྱེད་པའི་རྟག་ལོངས་སོ། །གཉིས་པ་ཁྱིམ་ལོངས་ནི། ཁྱིམ་ཞག་སོགས་ཏེ། ཁྱིམ་དཀྱིལ་རི་རོ་ཆར་དྲིལ་བའི་ཚོགས་ཀྱིས་རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་ནོར་བརྩེགས་པས་ཆུ་སྲང་བཅུ་བཞི་སོགས་ཏེ་ཁྱིམ་ཞག་རྟག་ལོངས་སོ། གསུམ་པ་ཉིན་ལོངས་ནི། ཉིན་ཞག་སོགས་ཏེ། ཉིན་དཀྱིལ་ཀླུ་ལག་ཀླུ་ལག་གི་ཆར་དྲིལ་བའི་ཚོགས་ཀྱིས་རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་ནོར་བརྩེགས་པས་མ་ནུའི་ཆུ་སྲང་སོགས་ཏེ་ཉིན་ཞག་རྟག་ལོངས་སོ། གསུམ་པ་གཟའ་ལྔའི་དཀྱིལ་འཁོར་དང་ལོངས་སྤྱོད་ལ་བསྟན་བཤད་གཉིས་ལས། དང་པོ་ནི། སྒྲ་གཅན་བཤད་པའི་རྗེས་དེ་ནས་གཟའ་ལྔའི་ཞག་གསུམ་གྱི་རྟག་རྩིས་འཆད་དེ། དེ་ཡང་སྤྱིར་གཟའ་ལྔ་པོ་རེ་རེ་ལའང་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་དང༌། མྱུར་རྐང་རྫོགས་པའི་དཀྱིལ་འཁོར་གཉིས་གཉིས་སུ་ངེས་པ་ལ། དྲག་གསུམ་གྱི་རྐང་དཀྱིལ་དང་ཞི་གཟའ་གཉིས་ཀྱི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་གཉིས་དང༌། དེ་གཉིས་ཀྱི་རྒྱུ་སྐར་ཆུ་ཚོད་ལ་བགོས་པའི་དྲག་གསུམ་གྱི་རྐང་འཛིན་ལོངས་སྤྱོད་དང༌། ཞི་གཉིས་ཀྱི་དལ་བའི་ལོངས་སྤྱོད་དེ། དཀྱིལ་འཁོར་དང་རྟག་ལོངས་དེ་དག་ནི་སྔར་བཤད་པ་ལྟར་ཉི་མ་དང་ཐུན་མོང་བ་ཡིན་པའི་ཕྱིར་འདིར་བརྟགས་ཟིན་མ་ཐག་པའི་བྱ་བ་མི་རྩོམ་མོ། དེ་ལས་གཞན་དྲག་གསུམ་གྱི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་དང་ཞི་གཉིས་ཀྱི་རྐང་འཛིན་གྱི་དཀྱིལ་འཁོར་སོ་སོའི་རྟག་པའི་ལོངས་སྤྱོད་དང་བཅས་པ་རྣམས་འདིར་བཤད་པར་བྱ་ཞེས་མདོར་བསྟན་པའི་སྒོ་ནས་ཁས་བླངས་པའོ། གཉིས་པ་ལ་ལྔ་སྟེ། མིག་དམར་གྱི་དལ་བའི་རྟག་རྩིས། ལྷག་པའི་མྱུར་བའི་རྟག་རྩིས། ཕུར་བུའི་དལ་བའི་རྟག་རྩིས། པ་སངས་ཀྱི་མྱུར་བའི་རྟག་རྩིས། སྤེན་པའི་དལ་བའི་རྟག་རྩིས་སོ། དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དང་ལོངས་སྤྱོད་དོ། དང་པོ་ལའང་གསུམ་སྟེ། ཉིན་ཞག ཁྱིམ་ཞག ཚེས་ཞག་དཀྱིལ་འཁོར་རོ། དང་པོ་ནི། རི་ཀླུ་རོ་ནི་མིག་དམར་གྱི་སོགས་ཏེ། ཞག་དྲུག་བརྒྱ་དང་གྱ་བདུན་ནི་མིག་དམར་གྱི་ཉིན་དཀྱིལ་ལོ། གཉིས་པ་ལ། ཉིན་ཞག་དཀྱིལ་འཁོར་དེ་གནས་གཉིས་སུ་བཞག་པའི་འོག་མ་མེ་ཚེས་ལག་པས་བསྒྱུར་བ་ལ། བུག་མཁའ་མིག་བུག་ཡིད་ཀྱིས་བགོས་པའི་ཐོབ་ནོར་གྱིས་སྟེང་མར་སྦྱང་ཞིང༌། དེ་ལས་སོགས་ཀྱིས་ཕབ་ནས་ལྷག་མས་ཀྱང་སྦྱངས་པས། ཞག་སར་ཐུབ་རི་དུས་སོགས་ཏེ་མིག་དམར་གྱི་ཁྱིམ་དཀྱིལ་ལོ། གསུམ་པ་ནི། ཉིན་ཞག་དཀྱིལ་འཁོར་གནས་གཉིས་སུ་བཞག་པའི་འོག་མ་དེ་ཐུབ་རི་ཟླ་བས་བསྒྱུར་ལ་འབྱུང་འདོད་དྲག་པོས་བགོས་པས་ཐོབ་པའི་ནོར་སྟེང་མར་སྦྱིན་པས། རི་བུག་རི་ཡི་སོགས་ཏེ་མིག་དམར་གྱི་ཚེས་དཀྱིལ་ལོ། གཉིས་པ་ལ་གསུམ་སྟེ། ཉིན་ཞག ཁྱིམ་ཞག ཚེས་ཞག་རྟག་ལོངས་སོ། དང་པོ་ནི། ཉིན་ཞག་དཀྱིལ་འཁོར་སོགས་ཏེ། རི་ཀླུ་རོས་རྒྱུ་སྐར་ཆུ་ཚོད་ལ་རིམ་པར་བགོས་པས། ཆུ་ཚོད་བགྲོད་པ་སོགས་ཏེ་མིག་དམར་གྱི་ཉིན་ལོངས་སོ། གཉིས་པ་ནི། ཁྱིམ་དཀྱིལ་བུག་སོགས་ཆར་གསིལ་སོགས་ཏེ། དེས་རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས། ལག་པའི་ཆུ་ཚོད་སོགས་ཏེ་མིག་དམར་ཁྱིམ་ལོངས་སོ། གསུམ་པ་ནི། ཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ་སོགས་ཏེ། དེས་ཤེད་མཚུངས་ཀྱི་རྒྱུ་སྐར་ཆུ་ཚོད་ལ་རིམ་པར་ཕྱེ་བའི་ནོར་བརྩེགས་པས་ཆུ་ཚོད་ཟུང་སོགས་ཏེ་མིག་དམར་གྱི་ཚེས་ལོངས་སོ། འདིར་གཟའ་ལྔའི་ཚེས་ལོངས་ཀྱི་ཆ་རྣམས་འདོད་ཆ་དང་བགོད་བྱེད་ཆར་གོང་མ་རྣམས་ཀྱིས་མཛད་པ་ལྟར་བྱས་ཀྱི། ཞིབ་མོར་འདོད་ན་འདོད་ཆའི་འོག་ཏུ་བུག་མིག་ལག་པས་སོགས་རང་རང་གི་ཆ་དང༌། དེའི་ཡང་འོག་ཏུ་དམར། ལྷག སངས། སྤེན་བཞི་ལ་རི་མཁའ་རི་དང༌། ཕུར་བུ་ལ་དེ་ཉིད་ཉིས་འགྱུར་མ་ནུ་མ་ནུར་བྱས་ཏེ་གནས་བདུན་མའམ། ཡང་ན་བར་གནས་འདོད་ཆ་བོར་ཏེ་གནས་དྲུག་མ་བྱས་ཀྱང་རྣམ་པར་དག་སྟེ། ལག་ཏུ་བླངས་པས་ཤེས་སོ། གཉིས་པ་ལྷག་པའི་མྱུར་བའི་རྟག་རྩིས་ལ་གཉིས་ཏེ། དཀྱིལ་འཁོར་དང༌། ལོངས་སྤྱོད་དོ། དང་པོ་ལའང་གསུམ་སྟེ། ཉིན་ཞག ཁྱིམ་ཞག ཚེས་ཞག་དཀྱིལ་འཁོར་རོ། དང་པོ་ནི། རི་བོ་གདེངས་ཀའི་སོགས་ཏེ། ཞག་གྱ་བདུན། ཞག་གི་བརྒྱ་ཆ་གོ་བདུན་ནི་ལྷག་པའི་རྐང་དཀྱིལ་ཡིན་ལ། དེ་གནས་གཅིག་ཏུ་བྱ་བའི་དོན་དུ་ཞག་ས་བརྒྱས་བསྒྱུར་ལ་རང་ཆ་བཅུག་པས་རི་བུག་རི་ཀླུ་ལྷག་པའི་བརྒྱ་ཆའི་ཉིན་དཀྱིལ་ལོ། ཡང་ན་ཞག་གྱ་བདུན། ཆུ་ཚོད་ང་བརྒྱད། ཆུ་སྲང་བཅུ་གཉིས་རྣམས་རྐང་དཀྱིལ་དུ་བྱས་ལ་གནས་གསུམ་ཀ་བརྒྱས་བསྒྱུར་ཏེ་དྲིལ་ནའང་དོན་འདྲའོ། གཉིས་པ་ནི། རི་བུམ་རི་ཀླུ་གནས་གཉིས་སུ་བཞག་པའི་འོག་མ་མེ་ཚེས་ལག་པས་བསྒྱུར་བ་སོགས་མིག་དམར་བཞིན་བྱས་པའི་མཐར་གནས་སྟེང་མ་བརྒྱས་ཕུད་པས། དུས་ཀླུའི་ཞག་སོགས་ཏེ་ལྷག་པའི་ཁྱིམ་དཀྱིལ་ལོ། །གསུམ་པ་ནི། རི་བུག་རི་ཀླུ་གནས་གཉིས་སུ་བཞག་པའི་འོག་མ་ཐུབ་རི་ཟླ་བས་བསྒྱུར་བ་སོགས་མིག་དམར་བཞིན་བྱས་པའི་མཐར་སྟེང་མ་བརྒྱས་ཕུད་པས། ཚེས་ཞག་བུ་ག་གདེངས་ཀ་སོགས་ཏེ་ལྷག་པའི་ཚེས་དཀྱིལ་ལོ། གཉིས་པ་ལའང་གསུམ་སྟེ། ཉིན། ཁྱིམ། ཚེས་ལོངས་སོ། དང་པོ་ནི། རྒྱུ་སྐར་ཆུ་ཚོད་སོགས་ཏེ་བརྒྱ་ཆའི་དཀྱིལ་འཁོར་རི་བུག་ཀླུས་རྒྱུ་སྐར་ཆུ་ཚོད་བརྒྱས་བསྒྱུར་བ་ལ་རིམ་པར་ཕྱེ་བས། ཆུ་ཚོད་བཅོ་བརྒྱད་སོགས་ཏེ་ལྷག་པའི་ཉིན་ལོངས་སོ། གཉིས་པ་ནི། ཁྱིམ་ཞག་སོགས་ཏེ། ཁྱིམ་དཀྱིལ་རང་ཆར་གསིལ་བས་ཤེད་མཚུངས་ཀྱི་འཁོར་ལོའི་ཆུ་ཚོད་ལ་བགོས་ནོར་བརྩེགས་པས་དབྱུག་སྐྱོན་སོགས་ཏེ་ལྷག་པའི་ཁྱིམ་ལོངས་སོ། །གསུམ་པ་ནི། ཚེས་ཞག་སོགས་ཏེ་ཚེས་དཀྱིལ་གྱི་གནས་རྣམས་མཁའ་མཁའ་འབྱུང་འདོད་དྲག་པོས་བསྒྱུར་ཏེ་དྲིལ་བས། རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས་ཆུ་ཚོད་ཉེས་པ་སོགས་ཏེ་ལྷག་པའི་ཚེས་ལོངས་སོ། །གསུམ་པ་ཕུར་བུའི་དལ་བའི་རྟག་རྩིས་ལའང་དཀྱིལ་འཁོར་དང༌། ལོངས་སྤྱོད་གཉིས་ལས། དང་པོ་ལའང་ཉིན། ཁྱིམ། ཚེས་དཀྱིལ་གསུམ་མོ། དང་པོ་ནི། བཞི་སྟོང་སུམ་བརྒྱ་སོ་གཉིས་སོགས་སོ། །གཉིས་པ་ནི། ཉིན་དཀྱིལ་དེ་ཉིད་གནས་གཉིས་བཞག་སོགས་མིག་དམར་བཞིན་བྱས་པས། བུག་རོ་ལག་པ་རྒྱ་མཚོའི་ཞག་སོགས་ཏེ་ཕུར་བུའི་ཁྱིམ་དཀྱིལ་ལོ། གསུམ་པ་ནི། ཉིན་དཀྱིལ་གནས་གཉིས་སོགས་མིག་དམར་བཞིན་བྱས་པས་མཁའ་མཁའ་རྒྱ་མཚོ་སོགས་ཏེ་ཕུར་བུའི་ཚེས་དཀྱིལ་ལོ། གཉིས་པ་ལའང་གསུམ་སྟེ། ཉིན། ཁྱིམ། ཚེས་ལོངས་སོ། དང་པོ་ནི། ཉིན་ཞག་སོགས་ཏེ། ཉིན་དཀྱིལ་གྱིས་རྒྱུ་སྐར་ཆུ་ཚོད་ལ་བགོས་ནོར་བརྩེགས་པས་དབྱུག་མཁའ་སོགས་ཏེ་ཕུར་བུའི་ཉིན་ལོངས་སོ། གཉིས་པ་ནི། ཁྱིམ་དཀྱིལ་སོགས་ཏེ། ཁྱིམ་དཀྱིལ་རང་ཆར་གསིལ་བས་འཁོར་ལོའི་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་ནོར་བརྩེགས་པས་དབྱུག་མཁའ་སོགས་ཏེ་ཕུར་བུའི་ཁྱིམ་ལོངས་སོ། །གསུམ་པ་ནི། ཚེས་དཀྱིལ་སོགས་ཏེ། ཚེས་དཀྱིལ་རང་ཆར་གསིལ་བས་འཁོར་ལོའི་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས་ཐིག་དབྱུག་སོགས་ཏེ་ཕུར་བུའི་ཚེས་ལོངས་སོ། །བཞི་པ་པ་སངས་ཀྱི་མྱུར་བའི་རྟག་རྩིས་ལའང་དཀྱིལ་འཁོར་དང༌། ལོངས་སྤྱོད་གཉིས། དང་པོ་ལའང་ཉིན། ཁྱིམ། ཚེས་དཀྱིལ་གསུམ་ལས། དང་པོ་ནི། ཉིས་བརྒྱ་ཉེར་བཞི་སོགས་ཏེ། ཞག་ཉིས་བརྒྱ་ཉེར་བཞི་དང༌། ཞག་གི་བཅུ་ཆ་བདུན་ནམ། ཡང་ན་ཞག་ཉིས་བརྒྱ་ཉེར་བཞི་དང༌། ཆུ་ཚོད་ཞེ་གཉིས་སུ་བྱས་ཀྱང་དོན་འདྲའོ། །རྐང་དཀྱིལ་དེ་གནས་གཅིག་ཏུ་བསྡུ་བའི་དོན་དུ་སྔ་མ་བཅུ་ཆར་གསིལ་བའམ། ཕྱི་མའི་གནས་གཉིས་ཀ་བཅུས་བསྒྱུར་ཏེ་དྲིལ་བས་རི་རྒྱལ་མིག་འོང་སྟེ་པ་སངས་ཀྱི་ཉིན་དཀྱིལ་ལོ། གཉིས་པ་ནི། རི་རྒྱལ་མིག་གནས་གཉིས་བཞག་པ་སོགས་མིག་དམར་བཞིན་བྱས་མཐར་སྟེང་མ་བཅུས་ཕུད་པས་གཟུགས་མིག་ལག་པའི་སོགས་ཏེ་པ་སངས་ཀྱི་ཁྱིམ་དཀྱིལ་ལོ། །གསུམ་པ་ནི། རི་རྒྱལ་མིག་ཀྱང་གནས་གཉིས་སོགས་མིག་དམར་བཞིན་བྱས་མཐར་སྟེང་མ་བཅུས་བགོས་པས། གདེངས་ཀ་སོགས་ཏེ་པ་སངས་ཀྱི་ཚེས་དཀྱིལ་ལོ། གཉིས་པ་ལའང་གསུམ་སྟེ། ཉིན། ཁྱིམ། ཚེས་ལོངས་སོ། དང་པོ་ནི། རྒྱུ་སྐར་ཆུ་ཚོད་སོགས་ཏེ་བཅུ་ཆའི་དཀྱིལ་འཁོར་རི་རྒྱལ་མིག་གིས་ཤེད་མཚུངས་ཀྱི་འཁོར་ལོའི་ཆུ་ཚོད་བཅུས་བསྒྱུར་བ་ལ་རིམ་པར་བགོས་པས་དབྱུག་རི་སོགས་ཏེ་པ་སངས་ཀྱི་ཉིན་ལོངས་སོ། །གཉིས་པ་ནི། ཁྱིམ་དཀྱིལ་ཞག་གནས་སོགས་ཏེ། ཁྱིམ་དཀྱིལ་རང་ཆར་གསིལ་བའི་ཚོགས་ཀྱིས་འཁོར་ལོའི་ཆུ་ཚོད་ཤེད་མཚུངས་སུ་བྱས་པ་ལ་བགོས་པས། རི་དབྱུག་སོགས་ཏེ་པ་སངས་ཀྱི་ཁྱིམ་ལོངས་སོ། གསུམ་པ་ནི། ཚེས་ཞག་སོགས་ཏེ། ཚེས་དཀྱིལ་རང་ཆར་གསིལ་བས་རྒྱུ་སྐར་གྱི་ཆུ་ཚོད་ཤེད་མཚུངས་སུ་བྱས་པ་ལ་རིམ་པར་བགོས་ནོར་ཐུབ་པའི་དབྱུག་སོགས་ཏེ་པ་སངས་ཀྱི་ཚེས་ལོངས་སོ། །ལྔ་པ་སྤེན་པའི་དལ་བའི་རྟག་རྩིས་ལའང་དཀྱིལ་འཁོར་དང༌། ལོངས་སྤྱོད་གཉིས། དང་པོ་ལའང་ཉིན། ཁྱིམ། ཚེས་དཀྱིལ་གསུམ་ལས་དང་པོ་ནི། དུས་མཚམས་རི་ཕྱོགས་སོགས་སོ། །གཉིས་པ་ནི། ཉིན་ཞག་དཀྱིལ་འཁོར་གནས་གཉིས་བཞག་སོགས་མིག་དམར་བཞིན་བྱས་པས་མཁའ་ཀླུ་དུས་ཕྱོགས་སོགས་ཏེ་སྤེན་པའི་ཁྱིམ་དཀྱིལ་ལོ། གསུམ་པ་ནི། དུས་མཚམས་རི་ཕྱོགས་གནས་གཉིས་སོགས་མིག་དམར་བཞིན་བྱས་པས། རི་མེ་བུག་ཕྱོགས་སོགས་ཏེ་སྤེན་པའི་ཚེས་དཀྱིལ་ལོ། གཉིས་པ་ལའང་གསུམ་སྟེ། ཉིན། ཁྱིམ། ཚེས་ལོངས་སོ། དང་པོ་ནི། ཉིན་དཀྱིལ་དུས་མཚམས་སོགས་ཏེ། ཉིན་དཀྱིལ་གྱིས་རྒྱུ་སྐར་ཆུ་ཚོད་ལ་རིམ་པར་ཕྱེ་བས་ཆུ་སྲང་བུ་ག་སོགས་ཏེ་སྤེན་པའི་ཉིན་ལོངས་སོ། གཉིས་པ་ནི། ཁྱིམ་དཀྱིལ་སོགས་ཏེ། ཁྱིམ་དཀྱིལ་རང་ཆར་གསིལ་བས་འཁོར་ལོའི་ཆུ་ཚོད་ཤེད་མཚུངས་སུ་བྱས་པ་ལ་བགོས་པས། བུག་སྲང་སོགས་ཏེ་སྤེན་པའི་ཁྱིམ་ལོངས་སོ། གསུམ་པ་ནི། ཚེས་དཀྱིལ་སོགས་ཏེ། ཚེས་དཀྱིལ་རང་ཆར་གསིལ་བའི་ཚོགས་ཀྱིས་རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་སུ་བྱས་པ་ལ་བགོས་ཐོབ་བརྩེགས་པས་ཆུ་སྲང་ཀླུ་སོགས་ཏེ་སྤེན་པའི་ཚེས་ཞག་རྟག་ལོངས་སོ། གསུམ་པ་བསྡུ་བ་ལ་གཉིས་ཏེ། ཞག་གསུམ་སོ་སོའི་ཐ་སྙད་དང༌། ཕྱི་ནང་གི་གྲུབ་པ་དང་བྱེད་པ་ལ་སྤང་བླང་བྱ་བར་གདམས་པའོ། དང་པོ་ནི། ཞག་གསུམ་སོ་སོའི་སོགས་ཏེ། ཁྱིམ་ཞག་ཅེས་པ་ནི་ཉི་མ་བར་པས་ཁྱིམ་རེ་རྫོགས་པར་སྤྱོད་པའི་ཡུན་ལ་ཁྱིམ་ཟླ་རེར་བྱས་ནས། དེ་ཉིད་སུམ་ཅུ་ཆར་ཕྱེ་བའི་ཆ་གཅིག་ལ་ཁྱིམ་ཞག་ཏུ་བཞག་པ་ཡིན་ཏེ། འདི་ལ་ཆུ་ཚོད་དྲུག་ཅུ། སྲང་ང་གཉིས། དབུགས་བཞི། རི་མཁའ་རི་ཆ་བརྒྱ་རེ་བརྒྱད། རེ་ལྔ་ཆ་ལྔ་བཅུ་རྣམས་ཡོད་དོ། ཉིན་ཞག་ནི་ད་ལྟ་འཇིག་རྟེན་ན་ཡོངས་སུ་གྲགས་པ་བཞིན་ནམ་ལངས་ནས་ནམ་ལངས་ཀྱི་བར་ཉིན་ཞག་ཕྲུགས་གཅིག་དག་ལ་བརྗོད་དེ། འདི་ལ་རྒྱུད་འགྲེལ་དུ་མིའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་ཡོད་པར་གསུངས་ཤིང༌། དེ་སྲང་དུ་གྲིལ་བས་སུམ་སྟོང་དྲུག་བརྒྱ། དེ་ཆུ་ཚོད་དུ་གྲིལ་བས་ཆུ་ཚོད་དྲུག་ཅུ་ཡོད་དོ། འདིར་ཕྱིས་ཀྱི་མཁས་པའི་དབང་པོ་དག དེ་ལ་ཁྱིམ་ཞག་ནི་ཆུ་ཚོད་དྲུག་ཅུ་ལྷག་ཆད་མེད་པར་ངེས་ལ། ཉིན་ཞག་ནི། སྐྱ་རེངས་དང་པོའི་བར་ལྟ་བུ་ལ་ཆུ་ཚོད་དྲུག་ཅུ་ཡོད་པར་བཤད་མོད་ཀྱང༌། ཞིབ་མོར་ན་ཅུང་མ་ལོངས་པར་མངོན་ཏེ། གཞན་དུ་ཁྱིམ་ཞག་དང་ཉིན་ཞག་ཡུན་མཉམ་པས་དཀྱིལ་འཁོར་མཚུངས་པར་ཐལ་བའི་ཕྱིར་རོ། ཞེས་གསུངས་པ་ནི་ཁྱིམ་ཞག་ཆུ་ཚོད་དྲུག་ཅུ་ཁོ་ནར་བཞེད་པའི་དམ་བཅའ་དེས་ཞག་གཉིས་པོའི་དབྱེ་བ་མ་ཕྱེད་པའི་འཁྱོག་བཤད་བཟང་མོའོ། །ཚེས་ཞག་ནི། ཟླ་བའི་དཀར་ཆ་དང་ནག་ཆ་འཕེལ་འགྲིབ་ཀྱི་དབང་གིས་བཞག་པ་སྟེ། ཡར་ངོར་དཀར་ཆ་འཕེལ་ཞིང་ནག་ཆ་འགྲིབ་པའི་ཆ་དང༌། མར་ངོར་དཀར་ཆ་འགྲིབ་ཅིང་ནག་ཆ་འཕེལ་བའི་ཆ་བཅོ་ལྔ་བཅོ་ལྔ་རེ་ཡོད་པ་དེའི་ཆ་རེའི་འཕེལ་འགྲིབ་ཀྱི་ཡུན་ཚད་དེ་ལ་ཚེས་ཞག་ཅེས་བཏགས་པར་ཟད་དེ། འདི་ལ་ཆུ་ཚོད་ང་དགུ། སྲང་གསུམ། དབུགས་བཞི། རི་མཁའ་རིའི་ཆ་བཅུ་དྲུག་ཡོད་དོ། དེ་ལྟར་ན་ཁྱིམ་ཞག་ནི་ཁྱིམ་ཟླ་བཅུ་གཉིས་ཀྱི་དབང་གིས་བཞག་པའི་ཉི་མའི་འཕོ་ཞག་དང༌། ཉིན་ཞག་ནི་རེས་གཟའ་འཕོ་མཚམས་ཀྱི་དབང་གིས་བཞག་པ་དང༌། ཚེས་ཞག་ནི་ཟླ་བའི་འཕེལ་འགྲིབ་ཀྱི་དབང་གིས་བཞག་པ་ལ་དེ་ལྟར་ཐ་སྙད་བྱས་སོ། །ཞག་དེ་གསུམ་པོའི་དུས་ཀྱི་ཡུན་ཉི་མས་རྒྱུ་སྐར་འཁོར་བའི་གྲངས་ལ་ཁྱིམ་ལོ་དང༌། ཉིན་ལོ་དང༌། ཚེས་ལོ་ཞེས་ཐ་སྙད་འཇོག་ལ། ལོ་དེ་གསུམ་པོ་དོན་ལ་རིང་ཐུང་མེད་དེ། ཉི་མས་རྒྱུ་སྐར་འཁོར་ལོ་འཁོར་བའི་ཡུན་ཚད་གཅིག་ལ་གསུམ་དུ་ཕྱེ་བའི་ཕྱིར། འོན་ཀྱང་ལོ་གསུམ་པོའི་གྲངས་མི་མཉམ་སྟེ། ཞག་གསུམ་པོའི་རྟག་ལོངས་ལ། ཁྱིམ་ཞག་ཡུན་རིང༌། ཉིན་ཞག་འབྲིང༌། ཚེས་ཞག་ཐུང་བས་ལོར་ལོངས་བའི་ཚེ་ཁྱིམ་ཞག་གྲངས་ཉུང༌། དེ་ལས་ཉིན་ཞག་མང༌། དེ་ལས་ཚེས་ཞག་མང་བའི་ཕྱིར། དཔེར་ན་ནས་ཀྱི་ཕུང་པོ་གཅིག་ཉིད་ལ་བྲེ་ཆེ་འབྲིང་ཆུང་གསུམ་གྱིས་གཞལ་བ་ན་ཆུང་རིམ་ནས་གྲངས་མང་བ་བཞིན་ནོ། ཡོངས་གྲགས་དང་བསྟུན་ན་ཞག་གསུམ་པོ་དེ་གང་ཤུགས་ཆེ་ཞེ་ན། ཟླ་བར་མ་ལོངས་ཀྱི་བར་དུ་ཉིན་ཞག་ཤུགས་ཆེ་སྟེ། འཇིག་རྟེན་དུ་ནམ་ལངས་ནས་ནམ་ལངས་ཀྱི་བར་གྱི་ཞག་ཙམ་སོང་རྩི་བའི་ཕྱིར་རོ། ཟླ་བར་ལོངས་ནས་ཚེས་ཞག་ཤུགས་ཆེ་སྟེ། ཟླ་བའི་ཉ་ནས་ཉའི་བར་ཚེས་ཞག་སུམ་ཅུར་བྱས་པས་ཉིན་ཞག་སུམ་ཅུར་མ་ལོངས་ཀྱང་ཟླ་བ་རྫོགས་པར་འདོད་དེ། ཟླ་བ་གཉིས་གཉིས་ལ་ཞག་རེ་འདོར་དགོས་པས་ལོ་གཅིག་ལ་ཞག་མི་ཐུབ་དྲུག་རེ་འདོར་པའི་ཕྱིར་རོ། དེ་ཡང་མཛོད་ལས། ཟླ་བ་ཕྱེད་དང་གཉིས་འདས་ཤིང༌། ཟླ་བ་ཕྱེད་ནི་ལུས་པ་ན། མཁས་པས་ཞག་མི་ཐུབ་པ་དོར། ཞེས་སོ། འོན་ཀྱང་འདི་ནི་རགས་པ་སྟེ་ཞིབ་པར་ན་ལོ་རེ་ལ་ཞག་མི་ཐུབ་ཀྱི་ཆ། ཞག་ལྔ༌། ཆུ་ཚོད་ཞེ་བརྒྱད། ཆུ་སྲང་ཉེར་གཉིས་སོགས་ཡོད་པས་ཟླ་བ་གཉིས་ན་ཞག་རེ་བག་མེད་རེ་འདོར་བའི་ཕྱིར་རོ། །ལོར་ལོངས་ནས་ཁྱིམ་ཞག་ཤུགས་ཆེ་སྟེ། ཁྱིམ་ཟླ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་ཞག་སུམ་བརྒྱ་དྲུག་ཅུ་ཉིད་ལོ་མཚན་ཉིད་པ་ཡིན་པས་ཉིན་ཚེས་ཀྱི་ལོ་གཉིས་དེ་དང་བསྟུན་དགོས་པའི་ཕྱིར་ཏེ། ཉིན་ཚེས་ཀྱི་ཞག་སུམ་ཅུའི་བདག་ཉིད་ཅན་གྱི་ཟླ་བ་བཅུ་གཉིས་རེ་རྫོགས་པ་ན་ལོ་མི་རྫོགས་པའི་ཕྱིར་རོ། དེས་ན་འཇིག་རྟེན་དང་བསྟན་བཅོས་ཕལ་ཆེ་བར་ལོ་རེ་ལ་ཞག་སུམ་བརྒྱ་དྲུག་ཅུ་ཡོད་པར་གྲགས་པ་ཡང་འདིའི་གནད་ཀྱིས་སོ། །གཉིས་པ་ནི། དེ་ལྟར་རྩ་རྒྱུད་ལས་གསུངས་པ་བཞིན་དུ་གྲུབ་པའི་མཐའི་རྣམ་པར་བཞག་པའི་ཚུལ་འདི་ལེགས་པར་ཤེས་པར་བྱས་ནས། འདི་ལས་རྣམ་པ་གཞན་དུ་ཕྱི་རོལ་པའི་གྲུབ་པའི་མཐའི་རྩིས་སུ་རློམ་པ་རྣམས་དང་ཉུང་ངུའི་བྱེད་པའི་རྩིས་ཀྱི་ལོངས་སྤྱོད་ལ་སོགས་པས་གཟའ་རྣམས་ཀྱི་རྒྱུ་བ་ཕྱིན་ཅི་མ་ལོག་པར་མི་རྟོགས་པས། དེ་རྣམས་ཀྱི་སྐྱོན་རྣམ་པར་སྤངས་ཏེ་འདིར་བཤད་པ་རྒྱུད་འགྲེལ་གྱི་ལུགས་གང་ཡིན་པ་འདི་ཉིད་འབད་པས་བཟུང་བར་བྱས་ཏེ་ངལ་བ་དོན་ཡོད་པར་བྱ་བ་ཉིད་གཅེས་སོ། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། གྲུབ་པའི་མཐའི་ཞག་གསུམ་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་རྣམ་པར་དབྱེ་བ་བཤད་པའི་སྐབས་ཏེ་བཅུ་བདུན་པའི་འགྲེལ་བའོ། ཞེས་སྐབས་བསྡུས་སོ།། །།

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 10:03 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།