སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་བཅུ་པ། ཚེས་ཞག་ལ་སྤྱོད་པའི་གྲུབ་ཐའི་གཟའ་ལྔ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་བཅུ་པ། ཚེས་ཞག་ལ་སྤྱོད་པའི་གྲུབ་ཐའི་གཟའ་ལྔ་བཤད་པ།

ད་ནི་སྐབས་བཅུ་པས་ཚེས་ཞག་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པར་བྱ་སྟེ། དེ་ཡང་རྟོག་པ་དང་ལྡན་པ་དག འགྲེལ་ཆེན་ལས། ད་ནི་བཀྲ་ཤིས་ལ་སོགས་པ་རྣམས་རྒྱུ་སྐར་ལ་ལོངས་སྤྱོད་པའི་དོན་དུ་ཉིན་ཞག་གི་ཚོགས་གསུངས་པ། ཞེས་པས་རྒྱུད་འགྲེལ་ལས་ཉིན་ཞག་ལ་སྤྱོད་པའི་ཆོ་ག་གསུངས་པ་བཞིན་དུ་སྔར་བཤད་མ་ཐག་པ་དེས་ཆོག་གི་རྒྱུད་འགྲེལ་ལས་མ་གསུངས་པའི་ཚེས་ལ་སྤྱོད་པའི་ཆོ་ག་བྲིས་པས་ཅི་ཞིག་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཞག་པའི་ངེས་པ་ལ་གུས་པར་བྱའོ་སྙམ་ན་བརྗོད་པར་བྱ་སྟེ། དེ་ཡང་རྒྱུད་འགྲེལ་ལས་གསུངས་ཚུལ་དེ་ནི་དྲག་གསུམ་གྱི་དལ་བར་དང༌། ཞི་གཉིས་ཀྱི་རྐང་འཛིན་ཉིན་ཞག་བདེ་བས་དེ་ལྟར་གསུངས་ཀྱི། དེ་ལྟར་ན་སྔར་སྨོས་པ་ལྟར་དྲག་གསུམ་རྐང་པ་དང་ཞི་བའི་དལ་བ་རྒྱུད་འགྲེལ་དུའང་ཉིན་ཞག་ཉི་བར་ལ་བྱ་བའི་རྣམ་གཞག་གསལ་བར་མ་གསུངས་པས་ཉི་ཚེས་ལོངས་སྤྱོད་ལས་བརྩམས་པས་མ་འགྲིག་པ་བྱུང་བ་ན་དེ་སྒྲིག་པའི་ཆེད་དུ་ཞལ་ལུང་མཁན་པོས་གཟའ་ལྔ་ཚེས་ལ་སྤྱོད་པའི་ངེས་པ་འདི་ཉིད་མཛད་དེ། ཞལ་ལུང་ལས། ཉི་མའི་ལོངས་སྤྱོད་ཉིན་ཞག་དང་སྦྱོར་བའམ། ཡང་ན་གཟའ་ལྔ་ཚེས་ལ་སྤྱོད་པའི་ལག་རྩིས་བྱ་བར་རིགས་པ་ལས། དང་པོའི་ཚུལ་ནི་འཆད་པར་འགྱུར་ལ། གཉིས་པ་ཡང་ཁོ་བོས་བྱས་པ་ཟུར་ན་ཡོད་པས་དེར་བལྟ་བར་བྱའོ། ཞེས་གསུངས་པས་སོ། དེ་བས་ན་ཚེས་ལ་སྤྱོད་པའི་ངེས་པ་གསར་དུ་མཛད་པ་འདི་ལ་རྒྱུད་འགྲེལ་དང་འགལ་བའི་སྐྱོན་མེད་དེ། རྩ་བའི་རྒྱུད་ལས། ཉི་མའི་ཞག་གསུམ་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་གསུངས་པའི་རིགས་པས། མིག་དམར་ལ་སོགས་དཀྱིལ་འཁོར་ནི། །རང་རང་རྒྱུ་བ་ལས་རབ་གྲུབ། །ཉིན་གཅིག་རྒྱུ་སྐར་རྣམས་ཀྱིས་བསྒྱུར། །དཀྱིལ་འཁོར་གྱིས་ནི་རྣམ་པར་དབྱེ། །ཐོབ་པ་དག་ནི་སྐར་མར་འགྱུར། །ལྷག་མ་སླར་ཡང་དྲུག་ཅུས་བསྒྱུར། །དཀྱིལ་འཁོར་ཆ་ཡི་ཆུ་ཚོད་དེ། །དེ་བཞིན་ཆུ་སྲང་དབུགས་དག་ཀྱང༌། །དཀྱིལ་འཁོར་ཆས་ཐོབ་གཟའ་རྣམས་ཀྱི། །ཉིན་ཞག་སོ་སོར་མི་ཡི་བདག །ཅེས་གསུངས་པའང་གཟའ་ལྔ་པོ་སོ་སོའི་ཞག་གསུམ་ཀའི་དཀྱིལ་འཁོར་དང་ལོངས་སྤྱོད་གསུངས་པར་འཆད་དགོས་པས་སོ། དེའི་ཕྱིར་གཟའ་ལྔ་པོ་སོ་སོའི་ཚེས་ཞག་ལ་སྤྱོད་པའི་རྟག་ལོངས་རྣམས་དང་ཁྱིམ་དང་སྐར་མའི་ལས་དག་པར་བྱེད་པའི་ཆོ་ག་རྣམས་ནི་རྒྱུད་འགྲེལ་ལས་གསུངས་པ་ལྟར་གྲུབ་ལ། རྩིས་འཕྲོའི་ངེས་པ་རྣམས་ནི་གྲུབ་མཐའི་རྩིས་དཔང་པོར་མཛད་དེ་སྟོང་འཇུག་གི་དཀྱིལ་འཁོར་ཐོག་མ་ནས་བཙལ་བར་མཛད་པའི་ཕྱིར་འདི་ཡང་བཅོམ་ལྡན་འདས་ཀྱི་ངེས་པ་ལས་གཞན་དུ་རྟོག་པར་མི་བྱའོ། དེ་ལྟ་ནའང༌། ཉིན་ཞག་སོ་སོར་མི་ཡི་བདག་ཅེས་པས་རྩ་རྒྱུད་ཀྱི་ལུང་འདིས་ཉིན་ཞག་གི་དཀྱིལ་འཁོར་དང་ལོངས་སྤྱོད་ཁོ་ན་སྟོན་གྱི། ཚེས་ཞག་ལ་སོགས་པ་མི་སྟོན་ནོ་སྙམ་ན། འོ་ན་རྩ་རྒྱུད་ལས། ཉི་མའི་ཚེས་ཞག་གི་དཀྱིལ་འཁོར་ཡང་མ་གསུངས་པར་ཐལ། ཉིན་ཞག་གི་དཀྱིལ་འཁོར་བཟོ་བའི་གཞིར་གྱུར་པ་དེ་ནི་ཚེས་ཞག་གི་དཀྱིལ་འཁོར་མ་ཡིན་པའི་ཕྱིར་ཏེ། ཉིན་ཞག་ཆུ་ཚོད་ཆུ་སྲང་རྣམས། དབུགས་སུ་བྱས་ནས་རྣམ་གསུམ་སླར། ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་རྒྱུུད་འགྲེལ་གྱི་དགོངས་པ་བཞིན་མཁས་པས་སྲོལ་འབྱེད་པར་མཛད་པ་ལ་འདུན་པར་བྱའོ། །ཁོ་བོས་ཀྱང་མཁས་པའི་ཕྱག་རྗེས་མི་ཉམས་པར་བྱ་བའི་ཕྱིར་ཉིན་ཞག་ལས་བརྩམས་ཏེ་བཤད་པའི་རྗེས་སུ་སླར་ཡང་ཚེས་ཞག་ལ་སྤྱོད་པའི་གཟའ་ལྔའི་ངེས་པ་འདི་ཉིད་བསྐྱར་ཏེ་གཞུང་འདིར་བྲིས་པ་ཡིན་ནོ། འདི་ལ་གསུམ་སྟེ། གཟའ་ལྔའི་ཐུན་མོངས་ཀྱི་གཞི་ལོ་ཟླ་དག་པ། སོ་སོའི་ངེས་པ་བཤད་པ། འགྲོས་བཞི་ངོས་བཟུང་བའོ། དང་པོ་ནི། བློ་ངན་ལས་འདས་ལོ་ཉི་མས་བསྒྱུར་ཞེས་བྱ་བ་ལ་སོགས་པ་ནི་ལོ་དག་ལས་ཚེས་ཟླ་སྒྲུབ་པའི་ལས་ཀྱི་བྱ་བ་སྟེ་སྔར་བཤད་གྲུབ་བོ། གཉིས་པ་སོ་སོའི་ངེས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རགས་པ་དལ་མྱུར་བར་པ། འབྲིང་པོ་ཁྱིམ་གྱི་རྩིས། ཞིབ་པ་སྐར་མའི་རྩིས་སོ། དང་པོ་ལ་གཉིས་ཏེ། དྷྲུ་ཝ་དང༌། དལ་མྱུར་བར་པ་དངོས་སོ། དང་པོ་ལ་གསུམ་སྟེ། སོ་སོའི་དྷྲུ་ཝ། ཟླ་རེའི་དྷྲུ་ཝ་སྤོ་ཚུལ། ཆ་ཤས་བསྡུ་ཚུལ་ལོ། དང་པོ་ནི་མིག་དམར་གྱི་དོན་དུ་ཟླ་དག་གནས་དྲུག་ཏུ་བཞག་ནས། ཡང་ནས་མར་གཟུགས་དང་བུ་ག་དང་གདེངས་ཀ་མེ་དང༌། ཐིག་ལེ་དང༌། མཚོ་ཐུབ་གཟུགས་དང་ཀླུ་རི་རྣམས་ཀྱིས་རིམ་པ་བཞིན་དུ་བསྒྱུར་དགོས་ཏེ། མིག་དམར་གྱི་གྲུབ་མཐའི་ཚེས་ཞག་རྟག་ལོངས། ཆུ་ཚོད་གཉིས། སྲང་བཅུ་དགུ། དབུགས་གཅིག བུག་མིག་ལག་པའི་ཆ་བརྒྱ་ཞེ་གསུམ། རི་མཁའ་རི་ཆ་བརྒྱ་ཞེ་བཞི་རྣམས་ཡོད་པ་དེ་ཟླ་བ་གཅིག་གི་བར་དུ་བསགས་པས་ཟླ་རེའི་ངེས་པ་ལ་དེ་ལྟར་འབྱུང་བའི་ཕྱིར་རོ། དེ་ལ་སྟེང་ནས་ཉི་མ་དང༌། བུག་མེ་དང༌། དུས་དང༌། མེ་དང༌། གཟུགས་མཁའ་མིག་དང༌། དུས་འབྱུང་རྒྱ་མཚོ་རྣམས་རིམ་པར་སྦྱིན་པ་ནི་རྩིས་འཕྲོའོ། །དེའི་མས་ནས་རིམ་པ་བཞིན་དུ་རི་མཁའ་རི་དང༌། བུག་མིག་ལག་པ་དང༌། བྲོ་བ་དང༌། མཁའ་རོ་ལན་གཉིས་དང༌། འཁོར་ལོ་རྣམས་ཀྱིས་གོང་ནས་གོང་དུ་དྲིལ་བའི་ལྷག་མ་ནི་བཀྲ་ཤིས་ཀྱི་དལ་བའི་དྷྲུ་ཝ་ཀར་ངེས་པའོ། །དེ་བཞིན་དུ་གཟའ་གཞན་རྣམས་ལའང་ཤེས་པར་བྱ་སྟེ། འདི་ལྟར། ལྷག་པའི་དྷྲུ་ཝའི་དོན་དུ། ཟླ་དག་གནས་དྲུག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་བུ་ག་ཡོན་ཏན་སོགས་ཀྱིས་བསྒྱུར་བ་ནི། ལྷག་པའི་ཚེས་ལོངས། ཆུ་ཚོད་བཅོ་བརྒྱད། སྲང་བདུན། དབུགས་གསུམ། རི་བུག་རི་ཀླུའི་ཆ་བདུན་སྟོང་སུམ་ཅུ་སོ་དྲུག རི་མཁའ་རི་ཆ་དོན་གསུམ་རྣམས་ཟླ་བ་གཅིག་གི་བར་དུ་བསགས་པའི་ཚེས་ཟླའི་རྟག་ལོངས་སོ། དེ་ལ་སྟེང་ནས་བུ་ག་དང༌། མེ་མཚོ་སོགས་སྟེར་བ་ནི་རྩིས་འཕྲོའོ། དེའི་མས་ནས་རི་མཁའ་རི་དང༌། རི་བུག་རི་ཀླུ་སོགས་ཀྱིས་གོང་དུ་ཕུད་པའི་ལྷག་ནི་ཟླ་བུའི་མྱུར་དྷྲུ་འོ། ཡང་ཟླ་དག་གནས་དྲུག་ཅེས་བྱ་བ་ལ་སོགས་པ་ནི་ཕུར་བུའི་དྷྲུ་ཝའི་དོན་དུ་སྟེ། དེ་ཡང་ཐིག་ལེ་དྲག་པོ་སོགས་ཀྱིས་བསྒྱུར་བ་ནི། ཕུར་བུའི་ཚེས་ལོངས། ཆུ་སྲངཉེར་གཉིས། དབུགས་ཐིག གཟུགས་དུས་མེའི་ཆ་བརྒྱ་གྱ་བདུན། མ་ནུ་ཡིད་ཀྱི་ཆ་བདུན་བརྒྱ་དོན་དགུ་རྣམས་ཟླ་རེའི་བར་དུ་བསགས་པའི་ཚེས་ཟླའི་རྟག་ལོངས་སོ། སྟེང་ནས་རིག་བྱེད་དང་གདེངས་ཀ་རྒྱ་མཚོ་སོགས་སྟེར་བ་ནི་རྩིས་འཕྲོའོ། མས་ནས་རིམ་བཞིན་མ་ནུ་ཡིད་དང༌། གཟུགས་དུས་མེ་རྣམས་ཀྱིས་དྲིལ་བའི་ལྷག་མ་ནི་ཕུར་བུའི་དལ་བའི་དྷྲུ་ཝ་ཀ་ཡིན་ནོ། ཡང་ཟླ་དག་སོགས་ནི་པ་ཝ་སངས་ཀྱི་དྷྲུ་ཝའི་དོན་དུ་སྟེ། མེ་དང་གཉིས་སྐྱེས་སོགས་ཀྱིས་བསྒྱུར་བ་ནི། པ་སངས་ཀྱི་ཚེས་ལོངས། ཆུ་ཚོད་བདུན། སྲང་ལྔ། དབུགས་བཞི། བུག་མཚོ་ཐུབ་པའི་ཆ་དྲུག་བརྒྱ་སོ་དྲུག རི་མཁའ་རི་ཆ་ཉེར་དྲུག་རྣམས་སུམ་ཅུས་བསྒྱུར་བའི་ཚེས་ཟླའི་རྟག་ལོངས་སོ། སྟེང་ནས་བུ་ག་དང༌། ལག་མིག་སོགས་སྟེར་བ་ནི་རྩིས་འཕྲོའོ། མས་ནས་རི་མཁའ་རི་དང༌། བུག་མཚོ་ཐུབ་པ་སོགས་ཀྱིས་རིམ་པར་དྲིལ་བའི་ལྷག་མ་ནི་དཀར་པོའི་མྱུར་དྷྲུ་འོ། །ཡང་ཟླ་དག་སོགས་ནི་སྤེན་པའི་དྷྲུ་ཝའི་དོན་དུ་སྟེ། མཁའ་མཚོ་སོགས་ཀྱིས་བསྒྱུར་བ་ནི། སྤེན་པའི་ཚེས་ལོངས། སྲང་བརྒྱད། དབུགས་ལྔ། མེ་ཀླུ་མེ་འབྱུང་ཆ་སྟོང་བདུན་བརྒྱ་སོ་བརྒྱད། རི་མཁའ་རི་ཆ་ཉིས་བརྒྱ་བཅུ་དྲུག་རྣམས་སུམ་ཅུས་བསྒྱུར་བའི་ཚེས་ཟླའི་རྟག་ལོངས་སོ། སྟེང་ནས་དུས་དང་ཀླུ་ལག་སོགས་སྟེར་བ་ནི་རྩིས་འཕྲོའོ། མས་ནས་རིམ་བཞིན་རི་མཁའ་རི་དང༌། མེ་ཀླུ་མེ་འབྱུང་སོགས་ཀྱིས་ཕུད་པའི་ལྷག་མ་ནི་ཉི་སྐྱེས་ཀྱི་དལ་བའི་དྷྲུ་ཝ་ཀ་ཡིན་ནོ། ཡང་ཟླ་དག་གནས་དྲུག་སོགས་ནི་དྲག་གཟའི་མྱུར་དྷྲུ་དང་ཞི་གཟའི་དལ་དྷྲུ་འི་དོན་དུ་སྟེ། མིག་ཕྱོགས་ཀླུ་དབང་སོགས་ཀྱིས་བསྒྱུར་བ་ནི་ཉི་མའི་ཚེས་ལོངས་ཆུ་ཚོད་བཞི། སྲང་ཉེར་གཅིག དབུགས་ལྔ། འདོད་ཆ་བརྒྱད། རི་རོ་ཆ་ཉེར་གསུམ་རྣམས་སུམ་ཅུས་བསྒྱུར་བའི་ཚེས་ཟླའི་རྟག་ལོངས་སོ། དུས་མིག་རི་འབྱུང་སོགས་སྟེར་བ་ནི་རྩིས་འཕྲོའོ། དེ་ལ་རི་རོ་འདོད་དུས་སོགས་ཀྱིས་དྲིལ་བའི་ལྷག་མ་དྲག་གསུམ་གྱི་མྱུར་དྷྲུ་དང་ཞི་གཉིས་ཀྱི་དལ་བའི་གཞིར་གྱུར་པའི་ཉི་ཚེས་ཀྱི་དྷྲུ་ཝ་ཀ་རྣམ་པར་དག་པའོ། གཉིས་པ་ཟླ་རེའི་དྷྲུ་ཝ་སྤོ་བའི་མགྱོགས་རྩིས་ནི། སོ་སོའི་སྔ་དྷྲུ་ར་རང་རང་སྒྱུར་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། གསུམ་པ་ནི། དེ་ཡང་མྱུར་དག་གི་སྐབས་སུ་དྲག་གཟའི་སྦྱང་བྱ་དང་ཞི་བའི་སྦྱོང་བྱེད་གཉིས་ཀྱི་ཆ་གོང་མ་འདོད་ཆར་བྱས་པས། དེ་དང་ཤེད་མཚུངས་པར་བྱ་བའི་ཕྱིར་དུ། དྷྲུ་ཝ་རྣམ་པར་དག་པ་བསྒྲུབས་ཟིན་པ་དེ་ནས་དྲག་གསུམ་གྱི་དལ་དྷྲུ་དང་ཞི་གཉིས་ཀྱི་མྱུར་དྷྲུའི་དབུགས་དང་སོ་སོའི་དཀྱིལ་འཁོར་ཆའི་བར་དུ་དབུགས་ཀྱི་འདོད་ཆ་གློ་བུར་དུ་བཟོ་བར་འདོད་ན། སོ་སོའི་ཆ་གོང་འོག་གཉིས་ཀ་འདོད་པས་བསྒྱུར་ལ་རི་མཁའ་རི་དང་བུག་མིག་ལག་པ་སོགས་གནས་དེ་རང་གི་ཆ་ཤས་ཀྱི་འཁོར་ལོ་སོ་སོས་དྲིལ་བས་དབུགས་ཀྱི་འོག་ཏུ་ཐོབ་པའི་ནོར་གང་བྱུང་བ་དེ་ཉིད་འདོད་པའི་ཆ་ཡིན་ལ། ལྷག་མ་གང་བྱུང་དཀྱིལ་འཁོར་ཆ་སོགས་སོ། དེའི་རི་མཁའ་རི་ཆ་དང་དཀྱིལ་འཁོར་ཆ་སྟེ། འདོད་ཆའི་འོག་གི་གཟའ་ལྔ་པོའི་ཆ་གཉིས་དང༌། ཉི་དྷྲུའི་རེ་བདུན་ཆ་ཡང་དོར་བར་བྱས་ལ། སྐར་དབྱུག་སྲང་དབུགས་འདོད་པའི་ཆ་དང་བཅས་ཏེ་གནས་ལྔར་བསྡུས་ཀྱང་ལག་རྩིས་ལ་ཉེས་པ་མི་སྐྱེད་ཅིང་དེ་ཙམ་གྱིས་དགོས་པ་འགྲུབ་བོ། ད་ནི་འཕྲོས་དོན་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་གཟའ་ལྔ་ཚེས་སྤྱོད་མའི་རྟག་ལོངས་ཀྱི་ཆའི་སྐབས་འདིར་ཕལ་ཆེ་བ་ན།  དབུགས་ཀྱི་འདོད་ཆ་དང༌། ཚེས་ཞག་གི་དཀྱིལ་འཁོར་ཆ་སྟེ་གནས་དྲུག་མར་མཛད་པ་དང༌། ཡང་འདོད་ཆའི་འོག་ཏུ་མིག་དམར་ལ་ཚེས་ཞག་དཀྱིལ་འཁོར་གྱི་ཞེ་བརྒྱད་ཆ་དང༌། ལྷག་སངས་གཉིས་ལ་བཅུ་དྲུག་ཆ། ཕུར་སྤེན་གཉིས་ལ་སོ་གཉིས་ཆ་སྟེ་གནས་དྲུག་མ་བྱ་ལུགས་གཅིག་དང༌། ཁ་ཅིག་ཏུ། དབུགས་ཀྱི་འདོད་ཆ་དང༌། དེའི་དཀྱིལ་འཁོར་ཆ་དང༌། དེའི་ཡང་རི་མཁའ་རིའི་ཆ་སྟེ་གནས་བདུན་དུ་བྱས་པ་དང༌། རབ་བྱུང་བརྒྱད་པའི་ཐོག་མར་ཞལ་ལུང་མཁན་པོ་ཉིད་ཀྱིས་འགོད་པར་མཛད་པའི་རྩིས་འཕྲོའི་ཤོག་ཁྲར་ཆ་ཤས་འདམ་ཁ་ཕྲན་བུ་མཛད་དེ། འདིར་བཤད་པ་དང་མཐུན་པའི་གནས་དྲུག་མ་གཅིག་དང༌། དྲག་གཟའ་གསུམ་གནས་བདུན་མ་དང༌། ཞི་གཉིས་ལ་གནས་དྲུག་མར་མཛད་པ་གཅིག་སྟེ་ལུགས་གཉིས་སྣང་མོད་ཀྱི། དེ་ལྟ་ནའང༌། རབ་བྱུང་དགུ་པའི་འགོར་དཔལ་མགོན་འཕྲིན་ལས་པས་སྤོས་པ་དང༌། རབ་བྱུང་བཅུ་པའི་མེ་བྱ་ལ་ཆོས་རྫོང་རབ་འབྱམས་པས་སྤོས་པ་དང༌། རབ་བྱུང་བཅུ་གཅིག་པའི་འགོར་མཁས་དབང་ལྡུམ་པོ་བ་དོན་གྲུབ་དབང་རྒྱལ་གྱིས་སྤོ་བར་མཛད་པའི་རྩིས་འཕྲོའི་ཁྲ་མ་རྣམས་སུ་གཟའ་ལྔ་ཀ་མཐུན་པར་གནས་དྲུག་མ་ལ་ཕྱག་ལེན་མཛད་འདུག་པས་ཡི་གེ་འདིར་ཡང་དེ་བཞིན་དུ་བཀོད་དོ། ཞེས་པའང་ཞར་ལས་འཕྲོས་པའོ། གཉིས་པ་དལ་མྱུར་བར་པ་དངོས་ནི། དྷྲུ་ཝ་བཤད་པའི་རྗེས་དེ་ནས་དལ་མྱུར་བར་པ་སྒྲུབ་པའི་ཆེད་དུ་གཟའ་ལྔ་ཉི་མ་དང་བཅས་པ་སོ་སོའི་དྷྲུ་ཝ་ཀ་ལ་རང་རང་གི་རྟག་པའི་ལོངས་སྤྱོད་སྟེར་བ་ནི། བཀྲ་ཤིས་དབྱུག་མིག་སྲང་བུག་གཟུགས། ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་གང་རྩིའི་ཚེས་གྲངས་ཀྱིས་བསྒྱུར་ལ་བྱིན་པར་བྱེད་དམ། ཡང་ན་སོ་སོའི་རྟག་ལོངས་ཀྱི་རེའུ་མིག་དག་པ་ལས་སྟེར་བའང་རུང་སྟེ་ཁྱད་པར་མེད་ལ། ཆོ་ག་དེས་ནི་གཟའ་ལྔའི་དལ་བ་བར་པ་དང༌། མྱུར་བ་བར་པ་རྣམ་པར་དག་པ་འགྲུབ་བོ། གཉིས་པ་འབྲིང་པོ་ཁྱིམ་གྱི་རྩིས་ནི། དྲག་གསུམ་སོ་སོའི་དལ་བར་དང༌། ཞེས་བྱ་བ་ལ་སོགས་པ་དལ་བའི་ལས་ཀྱི་ཆོ་གས་གཟའ་ལྔ་པོ་རང་རང་གི་དལ་བ་དག་པར་བྱེད་པའོ། །འདིར་ཞལ་ལུང་མཁན་པོ་ཉིད་ཀྱིས་མཛད་པའི་རྩིས་གཞི་ལས། བཀྲ་ཤིས་ཀླུ་དང་དབྱུག་སྐྱོན་སྦྱང༌། ལྷག་པ་ཚེས་དང་དབྱུག་སྐྱོན་སྦྱང༌། ཕུར་བུ་ཕྱོགས་དང་ཀླུ་མཚོ་སྦྱང༌། པ་སངས་ཆུ་དང་ཀླུ་མཚོ་སྦྱང༌། །སྤེན་པ་མི་བདག་ཀླུ་མཚོ་སྦྱང༌། །ཞེས་གསུངས་མོད་ཀྱི། འདིར་བཀྲ་ཤིས་དགུ་དང་མཁའ་མེ་སྦྱང་ཟེར་བ་གང་ཞེ་ན། འདི་ལྟར་སྦྱོང་དགོས་པའི་འཐད་པ་སྔར་ལེའུ་དྲུག་པར་བཤད་པ་ལྟར་རོ། གསུམ་པ་ཞིབ་པ་སྐར་མའི་རྩིས་ནི། རང་རང་དལ་དག་གནས་གཉིས་བཀོད། ཅེས་བྱ་བ་ལ་སོགས་པ་མྱུར་རྐང་གི་ལས་ཀྱི་གཟའ་ལྔ་པོ་རང་རང་གི་མྱུར་བ་དག་པར་བྱེད་པའི་ཆོ་གའོ། གསུམ་པ་འགྲོས་བཞི་ངོས་བཟུང་བས་མཇུག་བསྡུ་བ་ནི། རིམ་པའི་སྔ་རྐང་མྱུར་འགྲོས་ཤར། ཞེས་བྱ་བ་ལ་སོགས་པའོ། དེ་ལྟར་གཟའ་ལྔ་པོའི་དལ་མྱུར་དག་པར་བྱེད་པའི་ཆོ་ག་འདི་དག་གི་རྒྱུ་མཚན་ནི་ལེའུ་སྔ་མར་བཤད་མ་ཐག་པ་ལྟར་ཡིན་པས་འདིར་བསྐྱར་ཀྱང་ཡི་གེ་མང་བ་ཙམ་དུ་ཟད་པའི་ཕྱིར་དེ་ཙམ་མོ། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཚེས་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པའི་སྐབས་ཏེ་བཅུ་པའི་འགྲེལ་པའོ། ཞེས་སྐབས་བསྡུས་སོ།། །།

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 10:54 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།