སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་བཅུ་གསུམ་པ། ས་དང་ཁྱིམ་གྱི་གོ་ལ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་བཅུ་གསུམ་པ། ས་དང་ཁྱིམ་གྱི་གོ་ལ་བཤད་པ།

༈ གཟའ་རྣམས་གང་ལ་སྤྱོད་པའི་ཡུལ། །ཤེས་ཕྱིར་སྟེང་འོག་འཁོར་ལོ་བཤད། །དེ་ལ་སྤྱི་དང་བྱེ༌བྲག་སྟེ། །སྤྱི་ནི་སྣོད་བཅུད་འཇིག་རྟེན་དང་། །བྱེ༌བྲག་སྐར་ཁྱིམ་གོ་ལ་ཡིན། །སྤྱི་ལའང་སེམས་ཅན་སོ་སོ་ཡི། །ལས་སྣང་མཐུན་པའི་འཇིག་རྟེན་ཚད། །རྣམ་པ་དུ་མ་གསུངས་པ་ལས། །གང་འདིར་ཕྱི་ནང་གཞན་གསུམ་པོ། །དག་པ་གཅིག་འགྲིག་དུས་འཁོར་གྱི། །ལུགས་འདི་ཉིད་ཡིན་བཤད་པར་བྱ།། ༈ ཁམས་ལྔའི་རྡུལ་ཕྲན་སྤྱི་མཐུན་གྱི། །ལས་ཀྱིས་སོ་སོར་འདབ་འབྱར་བས། །ནམ་མཁའ་ལ་གནས་རླུང་དཀྱིལ་ནི། །ཐད་ཀར་དཔག་ཚད་འབུམ་ཕྲག་བཞི། །ཁོར་ཡུག་བཅུ་གཉིས་མཐུག་རྔམ་དུ། །སྟོང་ཕྲག་ལྔ་བཅུའོ་དེས་སྐྱོར་ནང་། །མེ་དཀྱིལ་ཐད་ཀར་འབུམ་ཕྲག་གསུམ། །ཁོར་ཡུག་དགུ་སྟེ་རི་བདུན་པ། །རྡོ་རྗེའི་རིའམ་རྟ་གདོང་མེ། །དེ་ནང་ཆུ་དཀྱིལ་ཐད་ཀའི་རྒྱར། །འབུམ་ཕྲག་གཉིས་དང་ཁོར་ཡུག་དྲུག །རྒྱ་མཚོ་བདུན་པ་ལན་ཚྭའི་མཚོ། །དེ་ནང་ས་དཀྱིལ་རྒྱར་ཆིག་འབུམ། །ཁོར་ཡུག་གསུམ་སྟེ་མཐུག་རྔམ་ཚད། །དཀྱིལ་འཁོར་གསུམ་ཀ་རླུང་དང་འདྲ། །དེ་ལྟར་དཀྱིལ་འཁོར་བཞི་པོ་ཡང་། །འོག་མ་འོག་མས་སྟེང་མའི་མཐའ། །སྐྱོར་ཏེ་བཞི་ཀའི་སྟེང་གི་ཆ། །ཁ་དེ་ཆད་མཉམ་དབྱིབས་ཟླུམ་པོ།། ༈ དེ་རྗེས་འཛིན་སྲུབ་དབྱིབས་བྱེད་པའི། །རླུང་གིས་རི་གླིང་སོགས་གྲུབ་སྟེ། །ས་དཀྱིལ་དབུས་སུ་ལྷུན་པོ་དཔངས། །དཔག་ཚད་འབུམ་ཕྲག་གཅིག་པ་དང་། །དེ་ནས་མགྲིན་གདོང་གཙུག་ཏོར་གྱི། །ཐ་སྙད་ཀྱིས་ཕྱེ་ཡིད་གཟུགས་ཀྱང་། །རིམ་པར་སྟོང་ཕྲག་ཉེར་ལྔ་དང་། །ལྔ་བཅུ་པ་དང་ཉེར་ལྔ་སྟེ། །དཔག་ཚད་འབུམ་ཕྲག་གཅིག་ཡིན་ནོ། །ལྷུན་པོའི་རྩ་བ་ཟླུམ་པོའི་ཚད། །དབུས་ནས་ཕྱོགས་རེར་སྟོང་ཕྲག་བརྒྱད། །ཐད་ཀར་སྟོང་ཕྲག་བཅུ་དྲུག་མཐར། །འགྲམ་སྟེགས་སྟོང་ཕྲག་གཅིག་གིས་བསྐོར། །ལྷུན་པོར་བཅིངས་པའི་རྭ་ལྔ་པོ། །རག་སྡེར་ཁ་འཕྱང་འོག་མ་ལས། །སྟེང་མ་ཇེ་ཆེར་རྒྱས་པ་ལྟའི། །རྭ་ལྔ་པ་སྟེ་ཁ་ཁྱེར་གྱི། །ཐད་ཀར་སྟོང་ཕྲག་ལྔ་བཅུ་དང་། །ཁོར་ཡུག་ཁྲི་ཕྲག་བཅོ་ལྔའོ། །དེས་ཁྱབ་ཁོངས་ཀྱི་འོག་མཐའ་ནས། །རྩ་བའི་འགྲམ་སྟེགས་ཐུག་གི་བར། །དཔག་ཚད་སྟོང་ཕྲག་བཅུ་དྲུག་པོ། །ཆ་མཉམ་བཅོ་བརྒྱད་དུ་བགོས་པར། །ནང་ནས་ཟླ་བ་འོད་དཀར་དང་། །ཀུ་ཤ་མིའམ་ཅི་ཁྲུང་ཁྲུང་། །དྲག་པོའི་གླིང་སྟེ་གླིང་དྲུག་གནས། །དེ་རེའི་ཕྱི་ནས་སྦྲང་རྩི་དང་། །མར་ཞོ་འོ་མ་ཆུ་ཆང་གི། །མཚོ་དྲུག་གིས་བསྐོར་རེ་རེའི་མཐར། །རིམ་བཞིན་འོད་སྔོན་མནྡ་ར། །ཎི་ཥ་ཌ་དང་ནོར་བུའི་འོད། །དྲོ་ཎ་བསིལ་རི་རྣམས་ཀྱིས་བསྐོར། །དེ་རྣམས་རེ་རེའིེ་ཞེང་དཔག་ཚད། །བརྒྱད་བརྒྱ་གྱ་བརྒྱད་ལྷག་དང་བཅས། །བསིལ་རིའི་རྩེ་དང་ལྷུན་པོའི་རྭ། །ལྔ་པ་མཐུར་འཕྱང་འཕྲད་པས་ན། །ནང་གི་རི་མཚོ་གླིང་གསུམ་ལ། །ཉི་ཟླའི་འོད་ཟེར་མི་ཕོག་ཀྱང་། །མི་རྣམས་རང་འོད་ཀྱིས་འཚོ་སོགས། །ལྷ་དང་ལོངས་སྤྱོད་མཉམ་པས་ན། །གླིང་དྲུག་ལོངས་སྤྱོད་ས་ཞེས་བྱ། །བསིལ་རིའི་ཕྱི་རོལ་གླིང་བདུན་པ། །འཛམ་གླིང་ཆེན་པོ་ལས་ཀྱི་ས། །ཁ་ཞེང་སྟོང་ཕྲག་ཉེར་ལྔ་པོ། །ཕྱོགས་རེར་གསུམ་གསུམ་བཅུ་གཉིས་བཅད། །ཤར་གླིང་ཤར་མ་དབུས་མ་དང་། །ནུབ་མེ་ཞེས་སོགས་ཀུན་ལ་འགྲེ། །རེ་རེའང་ཕྱི་མཐའི་སྲིང་དུ་ནི། །སྟོང་ཕྲག་ཉེར་ལྔ་ནང་མཐའ་ལ། །སྟོང་ཕྲག་ཕྱེད་དང་བཅུ་གསུམ་མོ། །དབུས་གླིང་བཞིའི་དཀྱིལ་མཚན་མ་ནི། །ཤར་ནས་རིམ་བཞིན་ཟླུམ་པོ་ཕྱེད། །གྲུ་གསུམ་གྲུ་བཞི་ཟླུམ་པོས་མཚན། །ཁྱད་པར་ལྷཱུ་གླིང་དབུས་མ་འདི། །ཕྱེད་བཅད་བྱང་མ་དྲུག་ཏུ་བགོ །བྱང་ནས་རིམ་བཞིན་གངས་ལྡན་དང་། །ཤམ་བྷ་ལ་དང་རྒྱ་ལི་བོད། །འཕགས་པའི་ཡུལ་ཏེ་ཡུལ་དྲུག་ཡིན།། ༈ དེར་གནས་བཅུད་ཀྱི་སེམས་ཅན་ནི། །གཟུགས་མེད་གཟུགས་དང་འདོད་ཁམས་གསུམ། །བཞི་དང་བཅུ་དྲུག་བཅུ་གཅིག་སྟེ། །སྲིད་པ་སུམ་ཅུ་རྩ་གཅིག་གོ །འདུ་ཤེས་མེད་མིན་ཅི་ཡང་མེ། །རྣམ་ཤེས་ནམ་མཁའ་མཐའ་ཡས་ཏེ། །གཟུགས་མེད་བཞི་པོ་རི་རབ་ཀྱི། །གཙུག་ཏོར་ནས་བཟུང་སྐྲ་མཚམས་བར། །དེ་འོག་གཟུགས་ཁམས་བཅུ་དྲུག་ནི། །དཔྲལ་བའི་ཆ་བཞི་རིམ་པ་བཞིན། །འོག་མིན་ཤིན་ཏུ་མཐོང་མི་གདུང་། །མི་ཆེ་བ་སྟེ་རླུང་བཞི་གནས། །སྣ་ཡི་ཆ་བཞིར་འབྲས་བུ་ཆེ། །བསོད་ནམས་སྐྱེས་དང་སྤྲིན་མེད་དང་། །དགེ་རྒྱས་ཞེས་བྱ་མེ་བཞིའོ། །ཀོས་ཀོའི་ཆ་བཞིར་ཚད་མེད་དགེ །དགེ་ཆུང་ཞེས་དང་འོད་གསལ་བ། །ཚད་མེད་འོད་དེ་ཆུ་བཞི་གནས། །མགྲིན་པའི་སུམ་གཉིས་ཆ་བཞི་ལ། །འོད་ཆུང་ཚངས་ཆེན་མདུན་ན་འདོན། །ཚངས་རིས་ཞེས་བྱ་ས་བཞི་གནས། །མགྲིན་པའི་སུམ་ཆ་བཞིར་བགོས་པར། །འདོད་ལྷ་དྲུག་ལས་གཞན་འཕྲུལ་དབང་། །འཕྲུལ་དགའ་དགའ་ལྡན་འཐབ༌བྲལ་བཞི། །རི་རབ་སྟེང་ན་སུམ་ཅུ་གསུམ། །དཔུང་པ་མན་ནས་ས་མཚམས་བར། །རྒྱལ་ཆེན་རིས་བཞིའི་ལྷ་གནས་སོ། །ལོངས་སྤྱོད་ལས་སར་བཅས་པ་ཡི། །གླིང་བདུན་པོ་ལ་མི་རྣམས་གནས། །འོག་གཞིའི་དཀྱིལ་འཁོར་བཞི་པོ་ཡང་། །ཕྱེད་ཕྱེད་བགོས་པའི་གནས་བརྒྱད་ལ། །ས་དཀྱིལ་ཕྱེད་གོང་ཆ་གཉིས་ཀྱི། །སྟེང་མ་ལྷ་མིན་འོག་མ་ཀླུ། །དེ་འོག་བདུན་ལ་དམྱལ་བ་སྟེ། །གསེག་མ་བྱེ་མ་འདམ་ཆུ་དང་། །དུ་བ་མེ་དང་མུན་པ་ཆེ། །ངུ་འབོད་ཆེ་སྟེ་བརྒྱད་པ་ཡང་། །དེ་མཐར་གནས་པས་གནས་གཞན་མེད།། ༈ དེ་ནས་འཇལ་བྱེད་རྡུལ་ཕྲ་རབ། །རྡུལ་ཕྲ་མོ་དང་སྐྲ་རྩེ་དང་། །སྐེ་ཚེ་ཤིག་ནས་སོར་མོ་རྣམས། །གོང་ནས་གོང་དུ་བརྒྱད་འགྱུར་ཏེ། །སོར་མོ་ཉེར་བཞི་ལ་ཁྲུ་གང་། །དེ་བཞི་གཞུ་འདོམ་གཞུ་ཉིས་སྟོང་། །རྒྱང་གྲགས་དེ་བཞི་དཔག་ཚད་དོ། །ཆུ་ཞིང་རྔམ་རྣམས་དཔག་ཚད་རེར། །མཉམ་པ་གྲུ་བཞིའི་དོང་སྐྲ་རྩེས། །བཀང་ལས་ལོ་བརྒྱར་སྐྲ་རྩེ་རེ། །ཕྱུང་སྟོངས་བསྐལ་ཆུང་ཞག་གཅིག་སྟེ། །དེ་ཡི་ལོ་བརྒྱ་བསྐལ་ཆུང་ཚད། །དེ་རྣམས་རིམ་བཞིན་རང་གིས་རང། །བསྒྱུར་བས་བར་བསྐལ་མཆོག་བསྐལ་དང་། །བསྐལ་པ་ཆེན་པོ་རྣམས་སུ་འགྱུར།། ༈ བྱེ༌བྲག་སྐར་ཁྱིམ་གོ་ལ་ལའང་། །སྤྱི་དང་ཁྱད་པར་རྣམ་པ་གཉིས། །སྤྱི་ནི་ལྷ་ཡི་གཞལ་མེད་ཁང་། །འདེགས་བྱེད་བརྟན་གཡོའི་རླུང་ཇི་སྙེད། །སྐྱེས་ལས་ཁྱིམ་གྱི་འཁོར་ལོའི་དབྱིབས། །དབུས་མཐོ་རི་རབ་ལ་ཉེ་ཞིང་། །མཐའ་གཞོལ་མེར་ཉེ་དམའ་བ་སྟེ། །རི་རབ་སྟེང་ངོས་གདུགས་ཕུབ་བཞིན། །སྒང་གཤོང་ཉིད་ཀྱིས་གཡས་སྐོར་རྒྱུ། །དེ་ལྟར་འཁོར་གཞི་ཁྱིམ་ཆགས་རྗེས། །དེ་སྟེང་རྒྱུ་སྐར་ཉེར་བརྒྱད་སྐྱེས། །དེ་མ་ཐག་ཏུ་གཡས་འཁོར་བས། །གླིང་འདིར་ཐོག་མར་ཐ་སྐར་ཉིད། །ཤར་བས་རྒྱུ་སྐར་དང་པོ་དང་། །ལུག་ཁྱིམ་ཁྱིམ་གྱི་ཐོག་མར་བཞག །གྲོ་བཞིན་བྱི་བཞིན་ཁོངས་གཅིག་ཏུ། །བསྡུས་པའི་རྒྱུ་སྐར་ཉེར་བདུན་ལ། །ཡུལ་ཁྱོན་ཆུ་ཚོད་དྲུག་ཅུ་རེར། །བྱས་པའི་སྐར་མ་གཉིས་གཉིས་དང་། །བཞི་ཆ་རེ་ལ་ཁྱིམ་རེ་རེ། །ཡིན་ཕྱིར་བཞི་ཆ་རེ་རེ་ལ། །ཆུ་ཚོད་བཅོ་ལྔའོ་ཁྱིམ་གཅིག་ལ། །དེ་འདྲ་དགུ་སྟེ་བརྒྱ་སོ་ལྔ། །འདི་དག་མིང་དང་མཚན་གཞི་ནི། །གླིང་བཞི་ཀུན་ན་འགྱུར་བ་མེད།། ༈ བགྲོད་བྱ་ཁྱིམ་སྐར་ཆགས་པའི་རྗེས། །བགྲོད་བྱེད་གཟའ་རྣམས་སྐྱེས་པ་སྟེ། །ཤར་གླིང་དབུས་མའི་ཚངས་ཐིག་སྟེང་། །ཀརྚའི་ཐོག་མར་ཉི་མ་སྐྱེས། །དེ་མ་ཐག་ཏུ་གཡོན་འཁོར་གྱིས། །ཉི་མ་སོ་སོའི་སྐྱེས་སྐར་སྟེང་། །སླེབས་པ་ཤར་གླིང་དབུས་མ་ཡི། །ཚངས་ཐིག་ཐད་དུ་སླེབས་པ་དང་། །ལྷན་ཅིག་གཟའ་གཞན་རིམ་པར་སྐྱེས། །ཟླ་བ་ཐ་སྐར་མིག་དམར་མཆུ། །ལྷག་པ་ལྷ་མཚམས་ཕུར་བུ་ནི། །མེ་བཞི་པ་སངས་ནབས་སོ་དང་། །སྤེན་པ་སྣྲུབས་ཀྱི་སྟེང་སྐྱེས་ནས། །རང་རང་སྐྱེས་པའི་ཉིན་ཞག་ལ། །དབང་བྱས་པས་ན་རེས་གཟར་གྲགས། །སྒྲ་གཅན་ནག་པ་མཇུག་ནམ་གྲུ། །མཇུག་རིང་ཆུ་སྨད་སྟེང་དུ་སྐྱེས། །རང་རང་ཞིང་དང་སྐྱེས་སྐར་ལ། །དགྲ་ཟླ་ཞུགས་ན་རྩོད་པར་བྱེད། །སྐར་ཁྱིམ་གོ་ལ་སྣང་འགྲོས་ཀྱིས། །གཡས་སྐོར་ཉིན་ཞག་རེ་ལ་འཁོར། །རང་འགྲོས་སྒྲ་གཅན་དུས་མེ་དག །གཡས་སྐར་གཟའ་གཞན་གཡོན་སྐར་གྱིས། །སྐར་ཁྱིམ་གཞི་ལ་སྤྱོད་པ་ཡིན། །དལ་རྐང་རང་རང་སྐྱེས་སྐར་དང་། །མྱུར་རྐང་དལ་བ་ལས་བརྩམས་ཏེ། །རིམ་དང་རིམ་མིན་རྐང་སྔ་ཕྱིས། །ནོར་དང་བུ་ལོན་དུ་སྤྱད་ནས། །སླར་ཡང་སྐྱེས་སྐར་ཉི་མའི་སྟེང་། །ནོར་དང་བུ་ལོན་ཁ་དག་འགྱུར། །ཟླ་ལྷག་པ་སངས་མཇུག་རིང་བཞི། །ཞི་བའི་གཟའ་ཡིན་གཡོན་ནས་ཏེ། །དྲག་གཟའ་དམར་ཕུར་སྤེན་པ་གསུམ། །ཉི་མའི་གཡས་ནས་འཆར་ནུབ་བྱེད། །འཕྲད་ཚེ་ཞི་གཡོན་དྲག་གཟའ་གཡས། །ནང་མཐུན་འཕྲད་ན་ངེས་མེད་རྒྱུ། །སྒྲ་གཅན་གདོང་ནས་དུས་མེའི་བར། །འཁོར་ཕྱེད་ལ་ཁྱབ་མཉམ་ལམ་རྒྱུ། །ཟེར་ཡང་ཉི་ཟླར་འཇུག་ཚུལ་ལ། །བརྟགས་ན་བགྲོད་གཉིས་ཡོད་པར་གོ།། ༈ འཁོར་ཚུལ་ཁྱིམ་དང་ཁྱིམ་ཅན་དག །གཉིས་ཀ་འཕྱུགས་མེད་འདོད་པ་དང་། །ཁྱིམ་ཅན་འབའ་ཞིག་འཕྱུགས་པ་རུ། །འདོད་ཚུལ་མི་འདྲ་རྣམ་པ་གཉིས། །དང་པོ་རྨོག་བརྩེགས་མའི་ལུགས་ཏེ། །ཁྱིམ་སྐར་བཞིན་དུ་ཁྱིམ་ཅན་ཀྱང་། །ལྷོ་བྱང་བགྲོད་གཉིས་མི་བྱེད་པར། །སྟེང་ནས་སྟེང་དུ་བརྩེགས་ཞེས་ལོ། །འཕྱུགས་པར་འདོད་པའི་ལུགས་ལ་ཡང་། །ཕྱིར་བསྐྱེད་སྟེང་བསྐྱེད་ལྕགས་སྒྲོག་མ། །གྲུ་ཆགས་མ་སྟེ་དང་པོ་གཉིས། །གླིང་བཞིར་དུས་བཞི་མཉམ་པར་འདོད། །གསུམ་པས་གླིང་གཉིས་དབྱར་དུས་གཅིག །གཞན་གཉིས་དགུན་དུ་གཅིག་ཅེས་ཟེར། །བཞི་པ་དུས་བཞི་འཁོར་བའི་ལུགས། །འདི་ལའང་འདོད་ཚུལ་གསུམ་ཡོད་དེ། །མཁའ་ལ་ཁྱིམ་དང་སར་དུས་བཞི། །གཉིས་ཀ་གཡོན་སྐོར་འདོད་པ་དང་། །དུས་གཡོན་ཁྱིམ་རྣམས་གཡས་སྐོར་དང་། །གཉིས་ཀ་གཡས་སྐོར་འདོད་པ་གསུམ། །དང་པོ་གཉིས་ལ་རྒྱུད་འགྲེལ་གྱི། །ལུང་དང་རིགས་པའི་གནོད་བྱེད་འབབ། །ཐ་མ་རྒྱུད་འགྲེལ་དགོངས་པ་ཡིན།། ༈ དེས་ན་ཚུལ་དེ་འདིར་གསལ་བྱ། །ཇི་ལྟར་རིགས་པའི་གཞི་ངོས་ལ། །ཚངས་ཟུར་ཐིག་བཏབ་ལྟེ་བ་ནས། །ཇི་ཙམ་འཚམས་པའི་ཟླུམ་པོར་སྐོར། །དེ་ཕྱེད་གཉིས་ཀའང་ཕྱེད་ཕྱེད་བསྐོར། །ཕྱི་ནས་རིམ་བཞིན་རླུང་མེ་ཆུ། །ལས་ས་རྣམས་ཀྱི་ཕྱི་ཐིག་ཡིན། །ནང་མ་ཕྱེད་བསྐོར་ལྷུན་པོ་ཡི། །སྟེང་གི་རྒྱ་སྟེ་དེའི་སུམ་ཆར། །ཉེ་བ་ནང་བསྐོར་རྩ་བ་དང་། །དེ་བརྒྱད་ཆར་བྱས་ཆ་གཅིག་ནི། །དེའི་ཕྱིར་བསྐོར་བ་འགྲམ་སྟེགས་ཏེ། །དེ་ལྷག་དུམ་བུ་བཅོ་བརྒྱད་དུ། །བགོས་པ་ལོངས་སྤྱོད་ས་ཡིན་ནོ། །ལས་སའི་མཐའ་དང་ཚངས་ཐིག་བཞི། །འཕྲད་པའི་ས་ནས་གཡས་གཡོན་དུ། །ཚངས་ཟུར་བར་གྱི་སུམ་ཆ་གཟུང་། །དེ་སྟེང་ཐིག་བརྒྱད་པདྨ་ཡི། །གཅུས་ཐིག་བཞིན་བཏབ་གླིང་བཅུ་གཉིས། །ལྷཱུ་གླིང་དབུས་མ་ཕྱེད་བཅད་པའི། །བྱང་མ་དྲུག་བགོས་ཡུལ་དྲུག་ཡིན། །གླིང་རྣམས་ཀུན་གྱི་ནང་མཐའ་ཡི། །ཟླུམ་ཐིག་སོ་སོའི་དབུས་དྲང་སྟེང་། །གཟུང་སྟེ་དུམ་བུ་བདུན་པ་ཡི། །ཕྱེད་མཚམས་ནས་བསྐོར་རང་རང་གི། །ལྷོ་བགྲོད་གཞན་ཕྱོགས་བྱང་བགྲོད་དང་། །ཕན་ཚུན་དཔྱིད་སྟོན་མཉམ་པ་སྟེ། །དེ་བཞིན་སྐོར་ཐེངས་བཅུ་གཉིས་ཀྱིས། །ཁྱིམ་ཟླ་བཅུ་གཉིས་འཁོར་ཚུལ་སྟོན། །ཁ་དོག་རི་རབ་དབུས་ལྗང་ཁུ། །ཤར་ནག་ལྷོ་དམར་ནུབ་སེར་པོ། །བྱང་དཀར་ལུག་དང་བུ་མོ་དཀར། །ཉ་སྲང་དམར་ཞིང་སྡིག་བུམ་ནག །གླང་སེང་སེར་ལ་ཀར་འཁྲིག་སྔོ། །གཞུ་དང་ཆུ་སྲིན་ལྗང་ཁུ་སྟེ། །གླིང་སོགས་ཇི་ལྟར་རིགས་པས་བསྒྱུར།། ༈ དེ་ཕྱིར་དུས་སྦྱོར་བཅུ་གཉིས་པོ། །རྒྱུ་ལམ་གཅིག་ལས་མི་འདའ་བར། །རྟག་ཏུ་འགྲོས་མཉམ་གཡས་སྐོར་རྒྱུ། །ལུག་ཁྱིམ་ཤར་དུ་བསིལ་རི་ལ། །ཉེར་མཐོ་ནུབ་ཏུ་མེར་ཉེ་དམའ། །ལྷོ་བྱང་གཉིས་སུ་མཉམ་པར་རྒྱུ། །ཀརྚ་ལྷོ་རུ་བསིལ་རི་ལ། །ཉེར་མཐོ་བྱང་དུ་མེར་ཉེ་དམའ། །ཤར་ནུབ་གཉིས་སུ་མཉམ་པར་རྒྱུ། །སྲང་ནི་ནུབ་ཏུ་བསིལ་རི་ལ། །ཉེར་མཐོ་ཤར་དུ་མེར་ཉེ་དམའ། །ལྷོ་བྱང་གཉིས་སུ་མཉམ་པར་རྒྱུ། །ཆུ་སྲིན་བྱང་དུ་བསིལ་རི་ལ། །ཉེར་མཐོ་ལྷོ་རུ་མེར་ཉེ་དམའ། །ཤར་ནུབ་གཉིས་སུ་མཉམ་པར་རྒྱུ། །དེ་བཞིན་ཁྱིམ་གཞན་བརྒྱད་ལའང་སྦྱར།། ༈ ཁྱད་པར་འཛམ་གླིང་ཆུང་ངུ་འདིའི། །སྟེང་ཐད་ཁྱིམ་གྱི་འགྲོ་ལམ་རྣམས། །རྟོགས་ཕྱིར་རྒྱ་མཚོའི་བཞི་ཆ་གཅིག །ནང་དོར་དེ་དང་ཚངས་ཐིག་གཉིས། །འཕྲད་སར་གཟུང་ནས་བསིལ་རི་དང་། །མེ་ལ་ཐུག་བར་ཟླུམ་པོར་བསྐོར། །དེ་ཡི་ཤར་ནུབ་དབུས་དྲང་པོར། །མཉམ་ལམ་མཚོན་བྱེད་རེ་ཁཱས་བཅད། །དེ་ཡི་ཤར་ཕྱེད་བྱང་མར་ལུག །ནུབ་ཕྱེད་བྱང་མར་བུ་མོའི་བར། །གཡོན་སྐོར་བཀོད་པ་བྱང་ཁྱིམ་དྲུག །དེ་བཞིན་ནུབ་ཕྱེད་ལྷོ་མར་སྲང་། །ཤར་ཕྱེད་ལྷོ་མར་ཉ་ཡི་བར། །གཡོན་སྐོར་བཀོད་པ་ལྷོ་ཁྱིམ་དྲུག །དེ་བས་ཉི་མ་ཁྱིམ་གང་དུ། །སླེབས་མ་ཐག་གི་ཉིན་མོ་དེའི། །ལྷོ་དབུས་ཚངས་ཐིག་སྟེང་ཐད་ཀྱི། །ཉི་མའི་ལམ་ཡང་དེ་དང་དེའི། །ཐོག་མའི་སྐར་མའི་འགྲོ་ལམ་ཉིད། །དེ་ཕྱིར་ལྷོ་བྱང་ཁྱིམ་དྲུག་དྲུག །ཟླུམ་པོ་ཕྱེད་པར་འདྲ་བ་ལ། །ལྷོ་ཁྱིམ་གཞུ་དབྱིབས་མེའི་ཕྱོགས་དང་། །བྱང་ཁྱིམ་པད་འདབ་བཟང་པོ་བཞིན། །བསིལ་རིའི་ཕྱོགས་སུ་གནས་ཞེས་གསུངས། །དུམ་བུ་ལྷག་མ་བཅུ་གཅིག་པོའི། །རང་རང་སྟེང་གི་གོ་ལ་ཡང་། །སྔར་བཞིན་ཟླུམ་སྐོར་མཉམ་ལམ་བཅད། །ལྷོ་གླིང་ཤར་ནས་གཡོན་སྐོར་གྱི། །སོ་སོའི་ཤར་ཕྱེད་བྱང་མ་རུ། །རིམ་བཞིན་ཉ་བུམ་ཆུ་སྲིན་གཞུ། །སྡིག་སྲང་བུ་མོ་སེང་ཀར་འཁྲིག །གླང་བཀོད་པ་ནས་འགོ་བརྩམས་ཏེ། །ཁྱིམ་རྣམས་གཡོན་སྐོར་བཀོད་པ་ཡིས། །དུམ་བུ་རང་རང་སྟེང་ཐད་ཀྱི། །འགྲོ་ལམ་མ་འདྲེས་རྟོགས་པར་འགྱུར།། ༈ ཚད་ལ་རྒྱ་དཔངས་མགྱོགས་བུལ་གསུམ། །རྒྱ་ཚད་མེ་ནས་བསིལ་རིའི་བར། །དཔག་ཚད་བདུན་ཁྲི་ལྔ་སྟོང་སྟེ། །སྐར་ཁྱིམ་འཁོར་བཅས་འགྲོ་བའི་ལམ། །དེ་ལས་ལྷོ་བྱང་དཔག་ཚད་ནི། །སྟོང་ཕྲག་ཕྱེད་དང་བཅུ་གསུམ་རེ། །དོར་དབུས་ལྔ་ཁྲི་ཉི་མའི་ལམ། །ཟླུམ་པོའི་མཐའ་ནི་སུམ་འགྱུར་ཡིན།། ༈ དཔངས་ལ་མཐོ་ཚད་བྱང་བགྲོར་མཐར། །ས་ལས་དཔག་ཚད་བརྒྱད་ཁྲི་དང་། །དྲུག་སྟོང་འཕགས་པའི་མཁའ་ལ་འཁོར། །དམའ་ཚད་ལྷོ་བགྲོད་མཐར་ཐུག་ཚེ། །བདུན་ཁྲི་ལྔ་སྟོང་འཕགས་པ་སྟེ། །སྟེང་འོག་མཐོ་དམན་བར་འགྱངས་ཁྱད། །སྟོང་ཕྲག་བཅུ་གཅིག་ཡོང་ཕྱིར་རོ། །གལ་ཏེ་ཉིན་མཚན་མཉམ་དུས་ཀྱི། །རི་མོའི་ལམ་དུ་འགྲོ་བའི་ཚེ། །བརྒྱད་ཁྲི་ལྔ་བརྒྱ་འཕགས་པར་འགྲོ། །ཕྱེད་བཅས་བརྒྱ་དང་གྱ་གཉིས་ཀྱི། །ཞག་ལ་སྟེང་འོག་ལྷོ་བྱང་འགྲོ། །དེ་ཡིས་སྟོང་ཕྲག་བཅུ་གཅིག་ལ། །བགོས་ཐོབ་ཞག་རེར་ཉི་མ་ཡི། །གདུང་བྱེད་སྟེང་འོག་འགྲོ་བའི་ཚད། །བདུན་ཁྲི་ལྔ་སྟོང་ལ་བགོས་ནོར། །གདུང་བྱེད་ལྷོ་བྱང་འགྲོ་བའི་ཚད། །ཞག་དེས་ལྔ་ཁྲིར་བགོས་པའི་ནོར། །ཉི་དཀྱིལ་ལྷོ་བྱང་འགྲོ་བའི་ཚད།། ༈ མགྱོགས་བུལ་སྣང་འགྲོས་གཡས་སྐོར་དུ། །རྒྱུ་བ་ཆུ་ཚོད་རེའི་ཡུན་ལ། །དཔག་ཚད་དྲུག་སྟོང་ཕྱེད་སུམ་བརྒྱ། །འགྲོ་ཕྱིར་ཉིན་ཞག་གཅིག་ཡུན་ལ། །དཔག་ཚད་གསུམ་འབུམ་བདུན་ཁྲི་དང་། །ལྔ་སྟོང་རེ་རེ་བགྲོད་པར་ནུས། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །ས་དང་ཁྱིམ་གྱི་གོ་ལ་བཤད་པའི་སྐབས་ཏེ་བཅུ་གསུམ་པའོ།། །།

མཐའ་མའི་འདོན་ཐེངས་།: 23.11.2024 ཉིན། 1:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།