སྐབས་བཅུ་གཉིས་པ། ཉི་ཟླར་སྒྲ་གཅན་འཇུག་ཚུལ་བཤད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.02.2011 |
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་བཅུ་གཉིས་པ། ཉི་ཟླར་སྒྲ་གཅན་འཇུག་ཚུལ་བཤད་པ། |
༈ དེ་ནས་ཉི་མ་ཟླ་བ་ལ། །སྒྲ་གཅན་འཇུག་པ་བཤད་པར་བྱ། །སྤྱིར་ན་དཀར་ནག་ཚིགས་མཚམས་དང་། །ཁྱད་པར་ཟླ་བར་སྔར་བཟུང་ནས། །ཟླ་དྲུག་འདས་ཤིང་ཉི་མ་ལ། །དུས་ཚིགས་གསུམ་འདས་ཁྱིམ་ཟླ་ནི། །ལུག་འཁྲིག་ལ་སོགས་མི་མཉམ་པའི། །སྟོང་ལ་རྟེན་འབྲེལ་རེག་པའི་དབུས། །ཉི་རྐང་ཞུགས་པས་འཛིན་པར་གསུངས།། ༈ དེ་ཡང་སྒྲ་གཅན་སྐར་གནས་སུ། །ནམ་མཁའ་དབྱུག་གུར་གཟུགས་མེ་དང་། །སྲང་དུ་གཟུགས་ཆུ་དབུགས་རྒྱ་མཚོ། །མེ་མིག་ཆའི་གནས་མཁའ་ཟླ་རྣམས། །རྩ་བར་བྱིན་ཞིང་གདོང་མཇུག་ལ། །ཕྲི་བ་བསླུ་མེད་བརྟག་པའི་གཟེར།། ༈ དེ་ཕྱིར་ཉི་ཟླའི་ལོངས་སྤྱོད་དང་། །སྒྲ་གཅན་ནུར་བྱིན་གདོང་མཇུག་དག །གང་ཉེ་དེ་དང་བསྟུན་པར་བྱ།། ༈ དེ་ལ་ཐོག་མར་ཟླ་འཛིན་ནི། །བཅོ་ལྔའི་གྲུབ་མཐའི་ཚེས་འཁྱུད་ཀྱི། །ཟླ་སྐར་དང་ནི་གདོང་མཇུག་གཉིས། །གང་ཉེ་མང་ལ་ཉུང་གིས་སྦྱང་། །ལྷག་མ་སྐར་ཐིག་ཆུ་ཚོད་དུ། །མཁའ་འབྱུང་མན་ཆད་ངེས་པར་འཛིན།། ༈ ཆེ་ཆུང་སྦྱངས་ལྷག་ཆུ་ཚོད་ལ། །འབྱུང་བས་ཐོབ་ནོར་ཐིག་ལེ་ནས། །བཞི་ཡི་བར་ལ་རིལ་པོར་སྒྲིབ། །ལྔ་ཤར་དྲུག་ཆ་མ་གཏོགས་སྒྲིབ། །དྲུག་ལ་གསུམ་གཉིས་རི་ལ་ཕྱེད། །ཀླུ་ལ་གསུམ་ཆ་དགུར་དྲུག་ཆ། །བཅུ་ཐོབ་བརྒྱད་ཆ་ཙམ་ཞིག་སྒྲིབ།། ༈ སྒྲིབ་ཡུན་ཟླ་བ་བཅུ་དྲུག་ཆར། །གསུངས་ཕྱིར་གདོང་གིས་རིལ་འཛིན་ཚེ། །ཆུ་ཚོད་མི་བདག་མཇུག་འཛིན་ཚེས། །ཕྱེད་འཛིན་གདོང་ཀླུ་མཇུག་འཛིན་རི། །དེ་སོགས་རིག་པས་དཔྱད་དེ་སྨྲ།། ༈ ཕྱོགས་ནི་ཟླ་བས་གདོང་སྦྱངས་སམ། །དུས་མེས་ཟླ་བར་སྦྱངས་པའི་ཚེ། །ནམ་ཕྱེད་དབང་ལྡན་ནས་འཛིན་ཞིང་། །ནམ་སྟོང་བྱང་ཉེ་ནམ་སྨད་ལ། །དབང་ལྡན་ཤར་ཉེའི་ཕྱོགས་ནས་འཛིན། །གདོང་གིས་ཟླ་བའམ་ཟླ་བས་མཇུག །སྦྱངས་ཚེ་ནམ་ཕྱེད་ཤར་ལྷོ་དང་། །སྲོད་དུས་ཤར་ཉེ་ཐོ་རེངས་དུས། །ཤར་ལྷོ་ཤར་ཉེའི་ཕྱོགས་ནས་འཛིན། །མཉམ་ན་ནམ་ཕྱེད་ཤར་དྲང་པོ། །སྲོད་ལ་དབང་ལྡན་ཐོ་རེངས་ལ། །ཤར་ལྷོར་ཉེ་བའི་ཤར་ནས་འཛིན། །དུས་ནི་དཀར་ནག་ཚིགས་མཚམས་ཏེ། །གྲུབ་མཐའི་ཟླ་རྐང་ཞིབ་བཙལ་གྱིས། །བསྒྲུབས་པའི་ཚེས་ཀྱི་ལོངས་སྤྱོད་གྲངས། །ཟད་ཚེ་ཚེས་འཕོ་ཟླ་བ་འཛིན། །ཁྱད་པར་གནད་ཀྱི་ལག་ལེན་ནི། །ཚེས་ལོངས་སྔ་མས་མཁའ་རོ་ལ། །ཕྲི་ལྷག་ད་ལྟའི་ཚེས་ལོངས་དང་། །བསྲེས་པའི་ལོངས་སྤྱོད་གང་ཡིན་དེར། །ཆུ་རོ་ཤར་ན་དབྱུག་གུར་དབང་། །མེ་རོ་ཆུ་དབྱུག་མཁའ་མེའི་སྲང་། །མིག་དུས་ཤར་ན་དབྱུག་གུར་མཚོ། །གཟུགས་དུས་མེ་དབྱུག་སྲང་མཁའ་མེ། །མཁའ་རོར་ཆུ་ཚོད་རྩེ་མོ་ཅན། །ཀླུ་དབང་མིག་དབྱུག་མཁའ་མེའི་སྲང་། །རི་དབང་ལ་ནི་དབྱུག་གུར་ལག །དུས་འབྱུང་གཟུགས་དབྱུག་སྲང་མཁའ་མེ། །དབང་འབྱུང་དབྱུག་གུར་འོད་དཀར་ཅན། །མཚོ་དབང་ཤར་ཚེ་ནམ་མཁའ་རྣམས། །སྦྱིན་པ་ཟད་དུས་འཛིན་པར་ངེས།། ༈ ཁ་དོག་རིལ་པོར་སྒྲིབ་པ་ན། །གདོང་ལ་དམར་ནག་མཇུག་དམར་སྐྱ། །འཛིན་ཆ་ཆུང་ན་ནག་པོ་དང་། །རིལ་འཛིན་ལ་ནི་དམར་པོར་སྣང་། །སྐར་མ་མགོ་ལག་སྟེང་བཟུང་ན། །ནམ་མཁའི་མདོག་ཏུ་སྣང་ཞེས་གསུངས།། ༈ དེ་ནས་ཉི་འཛིན་བརྟག་པའི་ཕྱིར། །གྲུབ་མཐའི་གནམ་སྟོང་ཉི་དག་ནི། །གནས་གཉིས་བཀོད་པའི་ཕྱོགས་གཅིག་ལ། །སྔར་གྱི་སྒྲ་གཅན་བུལ་བ་བསྲེ། །གཅིག་དང་གདོང་མཇུག་གང་ཉེ་གཉིས། །ཉུང་གིས་མང་ལ་སྦྱང་བར་བྱ། །གདོང་གིས་ཉི་མར་སྦྱངས་བའི་ཚེ། །སྐར་གནས་སྟོངས་ཤིང་ཆུ་ཚོད་དུ། །མཁའ་འབྱུང་མན་ཆད་ངེས་པར་འཛིན། །གལ་ཏེ་ཉི་མས་གདོང་སྦྱངས་ལྷག །ཆུ་ཚོད་ལྔ་མན་འཛིན་ཟེར་ཀྱང་། །གདོང་ལ་གོ་ལོག་འཛིན་མི་སྲིད། །མཇུག་མས་ཉི་མར་སྦྱངས་པ་ན། །སྐར་ཐིག་ཆུ་ཚོད་ཀླུ་མན་ཆད། །གོ་ལོག་ཡིན་ཀྱང་འཛིན་པ་སྲིད། །ཉི་མས་མཇུག་མར་སྦྱངས་པའི་ཚེ། །སྐར་མ་སྟོངས་ཤིང་ཆུ་ཚོད་དུ། །མཁའ་མཚོ་མན་ཆད་ངེས་པར་འཛིན། །མདོར་ན་མཇུག་འཛིན་མ་ངེས་ཀྱང་། །གདོང་འཛིན་ཉི་མ་མང་བ་དགོས། །དེ་ཕྱིར་ཕན་ཚུན་སྦྱངས་ལྷག་དེས། །སྔར་གྱི་ཉི་བུལ་བསྲེས་དེ་ལ། །གདོང་འཛིན་སྦྱངས་ཞིང་མཇུག་འཛིན་བསྣན། །རང་འཁོར་སྒྲིལ་ལ་འཁོར་ཕྱེད་དོར། །གནས་ཀུན་སྟོངས་ན་ངེས་པར་འཛིན། །གཞན་ཡང་གོང་མའི་མྱོང་རྩིས་དང་། །བསྟུན་ན་བགྲོད་གཉིས་མཐར་ཉེ་ཚེ། །འཆར་ཀ་ནུབ་ཀར་ཉེ་བ་དང་། །དཔྱིད་མཉམ་ཕྱེད་གོང་ཡན་ཆད་དང་། །སྟོན་མཉམ་ཕྱེད་འོག་མན་ཆད་ལ། །འཛིན་པའི་རི་མོ་ཤར་ན་ངེས། །བར་རྣམས་རིག་པས་དཔྱད་ཅེས་གསུངས།། ༈ ཆེ་ཆུང་ཕན་ཚུན་སྦྱངས་ལྷག་ལ། །གདོང་འཛིན་ཉེར་གཉིས་ཉེར་གསུམ་དང་། །མཇུག་འཛིན་བཅུ་དགུ་ཉི་ཤུ་ཙམ། །བྱུང་ཚེ་རིལ་པོར་སྒྲིབ་པ་སྟེ། །དེ་ལས་ཆེ་འམ་ཆུང་ཡང་རུང་། །རིམ་པ་ཇི་བཞིན་འཛིན་ཆ་ཆུང་། །དེ་ཕྱིར་རིག་པས་དཔྱད་དེ་སྨྲ།། ༈ ཡུན་ནི་ཆ་རེས་ཆུ་ཚོད་རེ། །ཡིན་ཕྱིར་ཕྱེད་འཛིན་ཆུ་ཚོད་དྲུག །རིལ་འཛིན་ཆུ་ཚོད་ཉི་མ་སྟེ། །དེ་ཡིས་བར་རྣམས་འགྲེ་བར་བྱ།། ༈ ཕྱོགས་ནི་གདོང་དང་དུས་མེ་ཡིས། །ཉི་མར་སྦྱངས་ཚེ་ཉི་ཕྱེད་དུས། །ལྷོ་ནུབ་སྔ་དྲོ་ལྷོར་ཉེ་དང་། །ཕྱི་དྲོ་ནུབ་ཉེའི་ཕྱོགས་ནས་ཏེ། །གལ་ཏེ་ཉི་མས་དུས་མེ་ལ། །སྦྱངས་ཚེ་ཉི་ཕྱེད་ལ་ནུབ་བྱང་། །སྔ་དྲོ་བྱང་ཉེ་ཕྱི་དྲོ་དུས། །ནུབ་ལ་ཉེ་བའི་ཕྱོགས་ནས་འཛིན།། ༈ དུས་ནི་ནམ་ལངས་ནས་བཟུང་སྟེ། །གྲུབ་མཐའི་ཚེས་ལོངས་ཟད་ཚེ་འཛིན། །དེ་ཡང་ཟླ་རྐང་ཞིབ་རྩིས་དང་། །བགྲོད་པའི་འཕེལ་འགྲིབ་ནུར་སྟེར་མཚམས། །ཟླ་བར་བཤད་བཞིན་འདིར་ཡང་དྲན།། ༈ ཁ་དོག་མཇུག་དམར་གདོང་དམར་ནག །ཆུང་འཛིན་སྔོ་ནག་རིལ་འཛིན་དམར། །ཕྱེད་འཛིན་ལ་ནི་དམར་ནག་སྟེ། །མགོ་ལག་སྟེང་གཟུང་སྔོ་སྐྱར་སྣང་།། ༈ གཞན་ཡང་ཚེས་ཀྱི་ཆད་ལྷག་དང་། །ཤར་ནུབ་རི་བོའི་མཐོ་དམའ་དང་། །ཉིན་མཚན་རིང་ཐུང་ལ་སོགས་པ། །སྒྲིན་པོའི་བློ་ཡིས་བརྟག་པ་གཅེས། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །ཉི་ཟླར་སྒྲ་གཅན་འཇུག་ཚུལ་བཤད་པའི་སྐབས་ཏེ་བཅུ་གཉིས་པའོ།། །།
མཐའ་མའི་འདོན་ཐེངས་།: 08.02.2011 ཉིན། 10:10 AM
<< སྔ་མ།