སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་བཅུ་གཉིས་པ། ཉི་ཟླ་ལ་སྒྲ་གཅན་འཇུག་པའི་རྣམ་གཞག་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་བཅུ་གཉིས་པ། ཉི་ཟླ་ལ་སྒྲ་གཅན་འཇུག་པའི་རྣམ་གཞག་བཤད་པ།

ད་ནི་སྐབས་བཅུ་གཉིས་པས་ཉི་ཟླ་ལ་སྒྲ་གཅན་འཇུག་པའི་རྣམ་གཞག་ལ་བསྟན་བཤད་གཉིས་ལས། དང་པོ་ནི། དེ་ནས་ཉི་མ་ཟླ་བ་ལ། ཞེས་བྱ་བ་ལ་སོགས་པ་སྟེ། འདིར་འགྲེལ་ཆེན་ལས། དེ་ཉིད་སྒྲ་གཅན་འཁོར་བའི་དབང་གིས་ཤེས་པ་བྱ་སྟེ། བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་པའི་ཕྱིར། འདིར་བཅོམ་ལྡན་འདས་འཇམ་དཔལ་གྱིས་འབད་པ་མ་མཛད་དོ། །ཞེས་དང་རྩ་བའི་རྒྱུད་དེ་གཞན་གྱི་བྱེད་པ་གཞན་ལའང་སྒྲ་གཅན་འཁོར་བ་ལ་སོགས་པ་ཤེས་པར་བྱའོ། །ཞེས་ཉི་ཟླ་ལ་སྒྲ་གཅན་འཇུག་ཚུལ་ཇི་ལྟ་བ་ཤེས་པ་སྒྲག་གཅན་འཁོར་ཚུལ་ཤེས་པ་ལ་ལྟོས་དགོས་པ་དང༌། འཁོར་ཚུལ་རྩ་རྒྱུད་དང༌། བྱེད་པ་གཞན་ལ་ཁ་འཕང་བར་མཛད་ནས་རྒྱུད་འགྲེལ་དུ་འཛིན་ཚུལ་དང་འཁོར་ཚུལ་རགས་པ་ཙམ་ལས་མ་གསུངས་པའི་ཕྱིར་ལུང་རིགས་ཁོ་ནས་འཆད་དཀའ་བར་སྣང་བས་མཁས་པའི་གསུང་རྒྱུན་དང་རང་གི་ཉམས་མྱོང་ཅུང་ཟད་ཀྱིས་ཀྱང་རྣམ་པར་བརྒྱན་ཏེ་བཤད་པར་བྱ་ཞེས་ཁས་བླང་ངོ༌། །གཉིས་པ་ལ་གསུམ་སྟེ། འཛིན་པའི་དུས་ངོས་བཟུང་བ། འཛིན་ཚུལ་རྒྱས་པར་བཤད་པ། ཡུལ་དུས་གནས་སྐབས་ལ་ལྟོས་ནས་བརྟག་དགོས་པར་གདམས་པའོ། །དང་པོ་ནི། སྔར་བཟུང་བ་གཅིག་ནས་ཟླ་དྲུག་དང༌། དུས་ཚིགས་ལ་དྲུག་དུ་ཕྱེ་བའི་དུས་ཚིགས་གསུམ་འདས་པའི་ཚེས་གྲངས་དཀར་པོའི་ཚེས་བཅོ་ལྔ་དང་ནག་པོའི་ཚེས་གཅིག་གི་ཚིགས་མཚམས་དང༌། ནག་པོའི་གནམ་གང་དང་དཀར་པོའི་ཚེས་གཅིག་གི་ཚིགས་མཚམས་སུ་ཉི་ཟླ་སྒྲ་གཅན་གྱིས་འཛིན་པར་བྱེད་དོ། །དེ་ཡང་སྤྱིར་སྒྲིབ་བྱེད་སྒྲ་གཅན་ལ་ལུང་རྣམས་ལས་དགོངས་པ་མི་མཐུན་པ་དུ་མ་འབྱུང་སྟེ། མདོ་དྲན་པ་ཉེར་བཞག་ཏུ། ལྷ་དང་ལྷ་མིན་འཐབ་པ་དང་རང་ཉིད་ལྷའི་གྲོང་ཁྱེར་ལ་བལྟ་བ་ལ་སོགས་པའི་ཕྱིར་ལྷ་མིན་དབང་པོ་སྒྲ་གཅན་གྱི་ལག་གིས་ཉི་ཟླ་ལ་འགེབ་པར་བཤད་པ་དང༌། ཟླ་བའི་མདོར། ལྷའི་བུ་ཟླ་བ་ལྷ་མིན་སྒྲ་གཅན་གྱིས་བཟུང་བར་གྱུར་པ་ན་འཇིགས་ཤིང་སྐྲག་པས་བཅོམ་ལྡན་འདས་ལ་སྐྱབས་གསོལ་བར་བཤད་པ་སོགས་ནི་དྲང་དོན་དགོངས་པ་ཅན་ཡིན་ལ། ངེས་པའི་དོན་ལ། ནང་དུ་དབུ་མ་སྟོང་པའི་རང་བཞིན་ནམ་མཁའི་ཁམས་སྒྲིབ་ཐོགས་དང་བྲལ་བ། ཡར་སྣ་ཆུའི་ཁམས་དཔྱིད་ཀྱི་གོང་བུ་དང༌། མར་སྣ་མེའི་ཁམས་འབར་བའི་ཐིག་ལེ་དང་ལྡན་པའི་གནད་ཀྱིས། ཕྱི་རོལ་དུ་ཡང་སྒྲ་གཅན་གྱི་ལུས་སྟོང་པ་ནམ་མཁའི་ཁམས་ཡིན་པས་དེས་མི་སྒྲིབ་ལ། འདིར་སྒྲིབ་བྱེད་ནི་གདོང་ཆུའི་རང་བཞིན་ནག་པོ་མུན་པའི་བདག་ཉིད་དང༌། མཇུག་མ་མེའི་ཁམས་དམར་པོ་འབར་བའི་རང་བཞིན་ཅན་གཉིས་སོ། །འཛིན་པའི་དུས་ལ་ཟླ་དྲུག་དུས་གསུམ་འདས་དགོས་པ་ནི། རྒྱུད་ལས། ཟླ་བ་དྲུག་དང་དུས་གསུམ་གྱིས་ནི་འཛིན་པར་འགྱུར་ཏེ། ཞེས་སོ། །འོ་ན་ཟླ་བ་དྲུག་དང༌། དུས་ཚིགས་གསུམ་འདས་པ་གཉིས་ཟླ་བའི་གྲངས་མཉམ་པས་གནད་གཅིག་མོད། འདིར་སོ་སོར་གསུངས་བ་གང་ཞེ་ན། དེ་ནི་ནང་དུ་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་རྫོགས་པ་ན་མུན་པ་ཆེན་པོའི་རླུང་གིས་རྐྱང་མའི་སྟོབས་འཕྲོག་པས་ཕྱིར་ཟླ་འཛིན་ལ་ཟླ་བ་དྲུག་འདས་དགོས་པ་དང༌། ནང་དུ་སྙིང་སྟོབས་དང༌། རྡུལ་དང་མུན་པའི་མཐར་མུན་པ་ཆེན་པོའི་རླུང་གིས་རོ་མའི་སྟོབས་འཕྲོག་པས་ཕྱི་རོལ་དུ་ཉི་མ་འཛིན་པ་ལ་དུས་གསུམ་ཟད་དགོས་པར་གསུངས་ཏེ། འགྲེལ་ཆེན་ལས། འདིར་དང་པོའི་དུས་ནི་སྙིང་སྟོབས་ཀྱི་ཆོས་ཅན། གཉིས་པ་ནི་རྡུལ་གྱི་ཆོས་ཅན། གསུམ་པ་ནི་མུན་པའི་ཆོས་ཅན་ཏེ། དེས་ན་མུན་པ་འཇུག་གོ །དེ་བཞིན་དུ་ཟླ་བ་ལའང་ཁམས་དྲུག་གི་དབྱེ་བས་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་ཐུག་པར་ཟླ་བ་དྲུག་པའོ། །ཞེས་སོ། །འོ་ན་འདིར་དུས་གསུམ་ཞེས་གསུངས་པའི་གནད་ཀྱིས་དུས་དྲུག་ཏུ་ཅིའི་ཕྱིར་འབྱེད་ཅེ་ན། དུས་རེ་ལ་ཟླ་བ་གཉིས་གཉིས་གསུངས་པས་ཏེ། འགྲེལ་ཆེན་ལས། ཕྱི་རོལ་ཏུ་ཟླ་བ་གཅིག་དང་དབྱུག་གུ་བརྒྱ་ཕྲག་བཅོ་བརྒྱད་ཀྱི་ཡན་ལག་གཅིག་གོ། །ཟླ་བ་གཉིས་དང་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་དུས་སོ། །ཡན་ལག་གཉིས་གཉིས་ཀྱིས་དུས་དྲུག་རྣམས་སོ། །ཞེས་སོ། །དཀར་ནག་གི་ཚེས་མཚམས་སུ་འཇུག་པའི་རྒྱུ་མཚན་ནི། སྒྲ་གཅན་གདོང་མཇུག་དང་ཉི་ཟླ་སྐར་མ་གཅིག་གི་སྟེང་དུ་ཚོགས་པ་ནི་མང་དུ་འབྱུང་མོད་ཀྱི། འོན་ཀྱང་ནང་དུ་ཐབས་ཤེས་ཀྱི་རྟེན་འབྲེལ་གྱི་མཐུ་ལས་ཟླ་བའི་དཀར་ནག་གི་ཆ་ཡོངས་སུ་གང་བའི་མཚམས་ལས་གཞན་དུ་མི་འཛིན་ཏེ། རྩ་རྒྱུད་ལས། ཚིགས་མཚམས་དཀར་པོ་ནག་པོ་ལ། ཚེས་གྲངས་གཉིས་ཀའི་དབུས་སུ་ནི། ཉི་མ་ཟླ་བ་རྣམ་འཇོམས་པ། །སྒྲ་གཅན་འཇུག་པའི་ཚེས་གྲངས་སོ། །ཞེས་དང༌། བསྡུས་རྒྱུད་ལས། ཚིགས་མཚམས་དག་ལ་རི་བོང་ཅན་གྱི་དཀྱིལ་འཁོར་ལ་ནི་སྒྲ་གཅན་རབ་ཏུ་འཇུག་སྟེ། ཞེས་སོ། །ཁྱད་པར་ཉི་འཛིན་ལ་ནི། དུས་ཚིགས་གསུམ་ཟད་དགོས་པར་མ་ཟད། རྟེན་འབྲེལ་རེག་པའི་དབུས་སུ་ཉི་རྐང་ཞུགས་པ་ཡང་དགོས་ཏེ། རྒྱུད་ལས། རེག་པའི་ཡན་ལག་དབུས་དེར་སྒྲ་གཅན་རྒྱུ་བ་དེ་ཡིས་ཟླ་བ་ཉི་མ་དག་ནི་འཛིན་པར་འགྱུར། ཞེས་སོ། །དེས་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་རིམ་པར་འཁོར་བའི་རེག་པའི་རྟེན་འབྲེལ་གནམ་སྟོང་ལ་འཆར་བ་དགོས་པ་འདི་ཁམས་ལེར་གསུངས་པའི་རྟེན་འབྲེལ་འཆར་རྩིས་ལ་མི་བཟུང་གི་ཡེ་ཤེས་ལེའུའི་འགྲེལ་ཆེན་ལས། དེ་ལྟར་ཡན་ལག་བཅུ་གཉིས་རྣམས་ལ་ཉིན་ཞག་དང་པོ་ལ་མ་རིག་པ་དང༌། ཞེས་སོགས་གསུངས་པ་ལྟར། ལུག་གི་ཁྱིམ་ཟླ་ནས་བརྩམས་ཏེ་ཟླ་བ་གཉིས་གཉིས་ལ་ཡན་ལག་རེར་བཞག་པའི། ཡན་ལག་རེ་རེའི་ཉིན་ཞག་དང་པོ་ལ་མ་རིག་པ་འཆར་བ་ནས་བརྩམས་ཏེ། གཉིས་པ་ལ་འདུ་བྱེད་སོགས་ལུགས་འབྱུང་དུ་འཁོར་བ་ལས་དེའི་གནམ་གང་ལ་རེག་པ། ཡང་ཚེས་གཅིག་ལ་ཚོར་བ་ནས་གནམ་གང་ལ་རྒ་ཤི་སྟེ། མདོར་ན་གནམ་གང་ལ་རེག་པ་དང་རྒ་ཤི་སྤེལ་མར་ཡོད་པའི་རེག་པ་འཆར་བའི་ཚེ་འཛིན་པས་དེ་བཞིན་དུ་རྩིའོ། །དེ་ལྟར་ན་བཤད་མ་ཐག་པའི་དུས་དེ་དག་ཚོགས་པ་ལ་སྒྲ་གཅན་གྱིས་ཉི་ཟླའི་དཀྱིལ་འཁོར་འཛིན་པར་འགྱུར་ཏེ། འོན་ཀྱང་གླིང་གི་དབང་གིས་མཐོང་བ་ཐ་དད་པའོ། །གཉིས་པ་འཛིན་ཚུལ་རྒྱས་པར་བཤད་པ་ལའང༌། བསྟན་བཤད་གཉིས་ལས། དང་པོ་ནི། དེའི་ཕྱིར་ཉ་དང་གནམ་སྟོང་གི། ཞེས་སོགས་ཏེ། ཉི་ཟླའི་ལོངས་སྤྱོད་རྫོགས་པ་ནི་ཉ་སྟོང་གི་ལྔ་བསྡུས་ཆ་ཤས་ཕྲ་མོའི་བར་དུ་དག་པར་བརྩིས་པའི་ཉི་ཟླའི་སྐར་མའོ། །དེ་དག་རང་རང་གང་ཉེ་བའི་གདོང་དང་མཇུག་མ་དེ་ལ་འཇུག་སྟེ། བསྒྲིབ་བྱ་སྒྲིབ་བྱེད་གཉིས་སྐར་མ་གཅིག་གི་སྟེང་དུ་ཚོགས་དགོས་པས་སོ། །འོན་ཀྱང་སྐར་མ་གཅིག་ཁྱད་འདུག་ཀྱང་བརྟག་པར་བྱ་སྟེ། དཔེར་ན། བསྒྲིབ་བྱ་སྒྲིབ་བྱེད་ཀྱི་སྐར་མ་གང་རུང་གཅིག་གི་སྐར་གནས་ལ་བཅུ་གཅིག་དང་ཆུ་ཚོད་གསུམ་ལྟ་བུ་ཡོད་ལ། གཅིག་ཤོས་ཀྱི་སྐར་གནས་སུ་བཅུ་དང༌། ཆུ་ཚོད་དུ་ལྔ་བཅུ་ལྟ་བུ་ཡོད་པ་གཅིག་ལ་བརྟག་པས་ཤེས་སླའོ། །གཉིས་པ་ལ་གཉིས་ཏེ། ཟླ་བ་དང༌། ཉི་མ་འཛིན་ཚུལ་ལོ། །དང་པོ་ལ་དྲུག་སྟེ། འཛིན་མི་འཛིན་བརྟག་པ། ཇི་ཙམ་སྒྲིབ་པའི་ཆ། ཇི་ཙམ་སྒྲིབ་པའི་ཡུན། གང་ནས་འཛིན་པའི་ཕྱོགས། ནམ་གྱི་ཚེ་འཛིན་པའི་དུས། ཇི་ལྟར་བཟུང་བའི་ཁ་དོག་གོ། དང་པོ་ནི། ཚེས་བཅོ་ལྔའི་གྲུབ་མཐའི་ཟླ་སྐར་ཏེ། དེའང་ཚེས་འཕོ་མཚམས་དང་སྒྲ་གཅན་འཇུག་པ་དུས་མཉམ་པའི་གནད་ཀྱིས་ཚེས་འཁྱུད་ཀྱི་ཟླ་སྐར་དགོས་པར་བསྟན་ཅིང༌། དེའི་དབྱུག་གུར་མིག་མེ་བསྣན་པ་ནི་སྔར་བྱེད་རྩིས་ཀྱི་ལག་ལེན་ལ་གཟེར་བརྟག་པ་དང་བསྟུན་ཏེ་ཕྱིས་སྐྱོན་གྱིས་མི་འཆུག་པའི་སླད་དུ་གྲུབ་རྩིས་ལ་གཏན་འབེབས་བྱས་པའི་གནད་སྒྲིག་པ་སྟེ། འོག་ཏུ་ཉི་འཛིན་དུས་བཤད་པ་ལྟར་སྒྲ་གཅན་ལ་སྟེར་ཕྲི་བྱས་ཀྱང་དོན་འདྲའོ། །དེས་ན་གྲོང་རྩིས་པ་ཕལ་ཆེར། གཟའ་འཛིན་གྲུབ་རྩིས་ལས་བྱེད་རྩིས་བཙན་ཞེས་ཟེར་བའང་སྔར་བྱེད་པའི་རི་མོ་ལ་མྱོང་རྩིས་ཀྱི་གཟེར་བཅོས་པའི་གནད་མ་གོ་བའི་འཆོལ་གཏམ་མོ། །དེ་ལྟར་མིག་མེ་བསྣན་པའི་ཟླ་སྐར་དེ་དང་གདོང་མཇུག་ལོངས་སྤྱོད་དང་བཅས་པ་ཕན་ཚུན་བསྡུར་བས་གང་ཉེ་གཉིས་ཉུང་གིས་མང་བ་ལ་སྦྱངས་བའི་ལྷག་མར་སྐར་གནས་ནམ་མཁའ་སྟེ་སྟོང་པ་ལ་བསྒྲིབ་བྱ་སྒྲིབ་བྱེད་གཉིས་སྐར་ཁོངས་གཅིག་ཏུ་ཚོགས་པ་དང༌། ཆུ་ཚོད་ལྔ་བཅུ་མན་ཏེ་བར་འགྱངས་དེ་ཙམ་ལ་ངེས་པར་འཛིན་ཅིང༌། མྱོང་རྩིས་པ་ཁ་ཅིག ང་ལྔ་ཚུན་ཆོད་ལ་འཛིན་པར་འདོད་ཀྱང་སྲིད་པ་ཙམ་སྟེ་མཐའ་མ་བཀག་གོ། གཉིས་པ་ཇི་ཙམ་སྒྲིབ་པའི་ཆ་ཆེ་ཆུང་ལ་བརྟག་པ་ནི། ཕན་ཚུན་སྦྱངས་ལྷག་གི་ཆུ་ཚོད་ལ་འབྱུང་བ་སྟེ་ལྔས་ཐོབ་ནོར་ལ་བརྟག་སྟེ། དེའང་ནོར་ཐིག་ལེ་ནས་བཞིའི་བར་ཐོབ་པ་སྟེ་དོན་ལ་སྦྱངས་ལྷག་ཉི་ཤུ་མན་ལ་རིལ་པོར་སྒྲིབ། དེ་ནས་ནོར་ལྔའི་བར་ཤར་བ་སྟེ་སྦྱངས་ལྷག་ཉེར་ལྔ་མན་ལ་དྲུག་ཆ་མ་གཏོགས་སྒྲིབ། ནོར་དྲུག་སྟེ་སྦྱངས་ལྷག་སུམ་ཅུ་མན་ལ་སུམ་གཉིས། རི་སྟེ་སོ་ལྔ་མན་ལ་ཕྱེད་འཛིན། ཀླུ་སྟེ་བཞི་བཅུ་མན་ལ་སུམ་ཆ་གཅིག་དགུ་སྟེ་ཞེ་ལྔ་མན་ལ་དྲུག་ཆ། ནོར་བཅུ་ཐོབ་སྟེ་སྦྱངས་ལྷག་ལྔ་བཅུ་མན་ལ་བརྒྱད་ཆ་ཙམ་ཞིག་སྒྲིབ་ཅེས་པ་སྟེ། འདིར་སྦྱངས་ལྷག་ལ་ལྔས་བགོ་བ་ནི་གོང་མ་རྣམས་ཀྱིས་མྱོང་རྩིས་སུ་མཛད་པ་སྟེ། རྒྱུད་འགྲེལ་གྱི་དགོངས་པ་ནི། རྒྱུད་ལས། རྣམ་དག་གྱུར་ན་ཐམས་ཅད་འཛིན་ཏེ། ཞེས་དང༌། ཕྱེད་དག་གྱུར་ན་ཕྱེད་འཛིན། ཞེས་པས་སྦྱངས་ལྷག་སྟོངས་ན་རིལ་འཛིན་དང་སུམ་ཅུ་ལ་ཕྱེད་འཛིན་གསུངས་པའི་ལུང་དང་བསྟུན་ན་ཕན་ཚུན་སྦྱངས་ལྷག་གི་ཆུ་ཚོད་ཀྱིས་མཁའ་རོར་ཕྲི་ལྷག་ལ་བཞིས་བགོས་པའི་ནོར་བཅོ་ལྔ་ཙམ་བྱུང་ན་རིལ་འཛིན་དང༌། བདུན་ཙམ་ལ་ཕྱེད་འཛིན་སོགས་འགྲོས་རྩིས་ཏེ་ཁ་དམར་བཏགས་ན་སྔར་ལས་ཞིབ་པར་འགྱུར་རོ། །གསུམ་པ་ཇི་ཙམ་སྒྲིབ་པའི་ཡུན་ལ་བརྟག་པ་ནི། རྒྱུད་ལས། ཆ་བཅུ་དྲུག་གི་བདག་ཉིད་དུ་རིག་པར་བྱའོ། །ཞེས་ཟླ་བ་བཅུ་དྲུག་ཆར་གསུངས་ཤིང༌། འཛིན་ཡུན་ཀྱང༌། འགྲེལ་ཆེན་ལས། ཆ་གཅིག་གི་བཞི་ཆའི་བར་དུ་གཟའ་དང་འགྲོགས་པར་ཤེས་པར་བྱའོ། །ཞེས་པའི་བཞི་ནི་ཆུ་ཚོད་དྲུག་ཅུར་བྱས་པའི་བཞི་ཆ་སྟེ། རྒྱུད་ལས། རི་བོང་ལྡན་པའི་དབང་གིས་དཀྱིལ་འཁོར་ཆུ་ཚོད་དྲུག་ཅུའོ། །ཞེས་པས་རིལ་འཛིན་ལ་དྲུག་ཅུའི་བཞི་ཆ་ཆུ་ཚོད་བཅོ་ལྔའི་ཡུན་དང༌། ཕྱེད་འཛིན་ལ་ཆུ་ཚོད་ཕྱེད་དང་བརྒྱད་ཡིན་ནའང༌། གདོང་འཛིན་དང་མཇུག་འཛིན་ལ་ཡུན་ཅུང་ཟད་རིང་ཐུང་འབྱུང་བ་མྱོང་བས་གྲུབ་པའི་ཕྱིར་འདིར་གདོང་གིས་རིལ་པོར་འཛིན་པའི་ཚེ་ཟླ་བའི་ཆ་རེ་དང་ཆུ་ཚོད་རེ་སྦྱར་ནས་ཡུན་ཆུ་ཚོད་མི་བདག་སྟེ་བཅུ་དྲུག་དང༌། མཇུག་འཛིན་ལ་དེ་ལས་གཅིག་ཕྲི་ནས་ཚེས་ཏེ་ཆུ་ཚོད་བཅོ་ལྔ་དང༌། དེ་བཞིན་ཕྱེད་འཛིན་གྱི་ཚེ་གདོང་ལ་བརྒྱད་དང་མཇུག་འཛིན་ལ་བདུན་བྱས་ཏེ། དེ་གཉིས་དངོས་སུ་སྨོས་པའི་སོགས་ཁོངས་ནས་དྲུག་ཆ་དང་སུམ་ཆ་སོགས་ཀྱི་ཡུན་ཀྱང་རིག་པས་དཔྱད་དེ་སྨྲའོ། །བཞི་པ་འཛིན་པའི་ཕྱོགས་ལ་བརྟག་པ་ནི། སྤྱིར་བཅོ་ལྔ་ལ་ཟླ་བའི་དཀར་ཆ་ཤར་དུ་རྫོགས་པས་ཟླ་བ་ཤར་ནས་འཛིན་ལ། དེ་ལྟ་ནའང་བསྒྲིབ་བྱ་སྒྲིབ་བྱེད་གཉིས་མཉམ་པ་ན་ནམ་ཕྱེད་ལ་ཤར་དྲང་པོ་དང༌། སྲོད་ཀྱི་དུས་དབང་ལྡན་ལ་ཉེ་བའི་ཤར་དང་ཐོ་རེངས་ཀྱི་དུས་ཤར་ལྷོར་ཉེ་བའི་ཤར་སྨད་ནས་འཛིན་པ་ནི་གླིང་སོ་སོའི་ཐད་ཀར་དཀྱིལ་འཁོར་གྱིས་སླེབས་པ་ན་དེ་དང་དེའི་ཐད་ཀའི་ཤར་ནས་ཟིན་པ་སྟེ་རིགས་པས་ཐོབ་ཅིང༌། ཁྱད་པར་ཟླ་བས་གདོང་ལ་སྦྱངས་སམ་དུས་མེས་ཟླ་བར་སྦྱངས་ཀྱང་རུང་སྟེ་གདོང་འཛིན་ལ་སྒྲིབ་བྱེད་དང་མཇུག་འཛིན་བསྒྲིབ་བྱ་མང་བ་དེའི་ཚེ་སྒྲ་གཅན་ཟླ་བའི་གཡོན་ལམ་རི་རབ་ངོས་སུ་འགྲོ་བས་ཕྱོགས་བྱང་ལ་ཅུང་ཟད་འཆུས་ཏེ་ནམ་ཕྱེད་ལ་དབང་ལྡན་ཕྱོགས་དྲང་པོ་ནས་འཛིན་ཅིང༌། ནམ་སྟོད་བྱང་ཉེའི་དབང་ལྡན་དང་ནམ་སྨད་ལ་དབང་ལྡན་ཤར་ཉེའི་ཕྱོགས་ནས་འཛིན་པ་དང༌། དེ་ལས་ལྡོག་སྟེ་གདོང་གིས་ཟླ་བའམ་ཟླ་བས་མཇུག་གི་ལོངས་སྤྱོད་ལ་སྦྱངས་ཚེ་སྒྲ་གཅན་ཟླ་བའི་གཡས་ལམ་དུ་འགྲོ་བས་ལྷོར་འཆུས་ཏེ་ནམ་ཕྱེད་ལ་ཤར་ལྷོ་མེ་མཚམས་དང༌། སྲོད་དུས་ཤར་ཉེའི་མེ་དང༌། ཐོ་རེངས་ཀྱི་དུས་ཤར་ལྷོ་ལྷོར་ཉེའི་ཕྱོགས་ནས་འཛིན་ཏེ། འགྲེལ་ཆེན་ལས། ཟླ་གཅན་གདོང་དང་ཟླ་བ་མཉམ་པོར་འགྲོ་སྟེ་མངོན་དུ་ཕྱོགས་པར་འཛིན་པ་ཁོ་ནར་འགྱུར་རོ། །འདིར་མངོན་དུ་ཕྱོགས་པ་ནི་ཤར་དུ་འཛིན་པའོ། །ཞེས་དང༌། གཡོན་དུ་སྒྲ་གཅན་འཁོར་བ་ལ་གཡས་མིན་གཡོན་དུ་ཟླ་བ་འཛིན་པར་འགྱུར་རོ། །ཞེས་སོགས་གསུངས་པས་སོ། །དེས་ན་ཉ་ལ་ཟླ་བ་ནུབ་ཀྱི་ཕྱོགས་ནས་འཛིན་པ་མི་སྲིད་ཅིང༌། གཞན་དུ་ན་ཟླ་བ་ནུབ་ནས་འཛིན་པའང་ཡོད་དེ། འགྲེལ་ཆེན་ལས། འབྱུང་བ་དག་ནི་ནུབ་ཏུ་འཁོར་བས་རྒྱབ་ནས་འཛིན་ནོ། །ཞེས་པ་ལྟར་སྟོང་ལ་དཀར་ཆའི་དང་པོ་ནུབ་ནས་འཆར་བས་ཕྱོགས་དེ་ནས་ཉི་མ་དང་ལྷན་ཅིག་འཛིན་པའི་ཕྱིར་རོ། །ལྔ་པ་འཛིན་པའི་དུས་བརྟག་པ་ནི། གླིང་འདི་ནས་མཐོང་བ་ལ་ཚེས་ལོངས་ཉིན་ཚད་ལས་མང་བ་ཞིག་དགོས་པས་གྲུབ་མཐའི་གཟའ་ཚེས་ཀྱི་ལོངས་སྤྱོད་ཀྱི་གནས་ན་གང་འདུག་པ་དེ་ལ་ཉིན་མོའི་ཚད་ཀྱིས་འཕྲི་བས་ལྷག་མ་གང་བྱུང་གིས་གྲངས་དེ་མཚན་གྱི་ཐོག་མ་ནས་བརྩམས་ཏེ་ཟད་པའི་ཚེ་ཚེས་འཕོ་བའི་མཚམས་ཡིན་པས་དཀར་ནག་གི་ཚིགས་མཚམས་དེ་ནས་བརྩམས་ཏེ་ཟླ་བ་འཛིན་ནོ། །སྤྱིར་དེ་ལྟར་ཡིན་ཀྱང་མྱོང་རྩིས་དང་བསྟུན་པའི་གནད་གཞན་ཡང་ཡོད་དེ། གདོང་འཛིན་ལས་མཇུག་མས་འཛིན་པ་ཆུ་ཚོད་གཉིས་ཙམ་གྱིས་བུལ་ཞིང༌། འཛིན་ཆའང་ཅུང་ཟད་ཆུང་བར་སྣང་བ་དང༌། ཟླ་བ་བྱང་བགྲོད་གྱུར་པ་ན་ཆུ་ཚོད་གཅིག་ཙམ་གྱིས་བུལ་བ་སོགས་ནི་བླ་མ་གོང་མའི་མྱོང་རྩིས་དེ་འདྲའི་མན་ངག་གིས་བརྒྱན་ཏེ་སྟེར་སྦྱིན་བྱ་བ་ཡིན་ཞེས་གསུང་མོད། རང་གི་མྱོང་བས་གཏན་འབེབས་ཀྱི་ངེས་པའི་གནད་ནི་འདི་ཡིན་ཏེ། ཚེས་ལོངས་འཕེལ་བ་མཐར་ཐུག་པ་ཚེས་ཞག་རེ་བཞིར་སྤྱོད་དུས་ཤིན་ཏུ་འགོར་བས་ཚེས་ལོངས་ཀྱི་སྟེང་དུ་ནུར་ལྔ་སྣོན་པ་དང༌། ཡང་འགྲིབ་པ་མཐར་ཐུག་པ་ཚེས་ཞག་ང་བཞིར་སྤྱོད་དུས་ཚེས་ལོངས་རྫོགས་པ་དང་འཛིན་པར་སྣང་བའི་ཕྱིར་སྟེར་འཕྲི་མེད་པར་རང་སར་བཞག་ཅིང༌། བར་རྣམས་རིག་པས་དཔྱད་དེ་ལུང་བསྟན་པར་བྱ་སྟེ། དེ་བདེ་བླག་ཏུ་རྟོགས་ཕྱིར་སྨྲས་པ། ཚེས་ལོངས་སྔ་མས་མཁའ་རོ་ལ། ཕྲི་ལྷག་ད་ལྟའི་ཚེས་ལོངས་དང༌། བསྲེས་པའི་ལོངས་སྤྱོད་གང་ཡིན་དེར། །ཆུ་རོ་ཤར་ན་དབྱུག་གུར་དབང༌། །མེ་རོར་ཆུ་དབྱུག་མཁའ་མེའི་སྲང༌། །མིག་དུས་ཤར་ན་དབྱུག་གུར་མཚོ། །གཟུགས་དུས་མེ་དབྱུག་སྲང་མཁའ་མེ། །མཁའ་རོར་ཆུ་ཚོད་རྩེ་མོ་ཅན། །ཀླུ་དབང་མིག་དབྱུག་མཁའ་མེའི་སྲང༌། །རི་དབང་ལ་ནི་དབྱུག་གུར་ལག །དུས་འབྱུང་གཟུགས་དབྱུག་སྲང་མཁའ་མེ། །དབང་འབྱུང་དབྱུག་གུར་འོད་དཀར་ཅན། །མཚོ་དབང་ཤར་ཚེ་ནམ་མཁའ་རྣམས། །སྦྱིན་པས་ཟད་དུས་བསླུ་བ་མེད། །ཅེས་གདམས་སོ། །དྲུག་པ་ཁ་དོག་ལ་བརྟག་པ་ནི། སྒྲིབ་བྱེད་གདོང་ལ་མུན་པ་དང་མཇུག་ལ་མེ་ཡོད་པའི་དབང་གིས་རིལ་པོར་སྒྲིབ་པ་ན་གདོང་འཛིན་ལ་དམར་ནག་དང༌། མཇུག་འཛིན་ལ་དམར་སྐྱ། བྱེ་བྲག་མ་བསྒྲིབས་པའི་འོད་ཀྱིས་བསྒྲིབས་པའི་འོད་མནན་མ་མནན་གྱི་ཁྱད་པར་གྱིས་འཛིན་ཆ་ཆུང་ན་ཁ་དོག་ནག་པོ་དང༌། རིལ་འཛིན་ལ་དམར་པོར་སྣང་བས་དེའི་བར་གྱི་ཆ་རྣམས་ལའང་རིགས་པས་དཔྱད་པར་བྱའོ། །གལ་ཏེ་སྐར་མ་མགོ་ལག་གི་སྟེང་དུ་བཟུང་ན་ཁ་དོག་ནམ་མཁའི་མདོག་ཏུ་སྣང་ཞེས་གོང་མ་རྣམས་ཀྱི་མྱོང་རྩིས་སུ་གསུང་ངོ༌། །གཉིས་པ་ཉི་མ་འཛིན་ཚུལ་ལའང་སྔར་ལྟར་དྲུག་ལས། དང་པོ་འཛིན་མི་འཛིན་བརྟག་པ་ནི། ཟླ་འཛིན་བཤད་པའི་རྗེས་དེ་ནས་ཉི་འཛིན་བརྟག་པའི་ཆེད་དུ་སྒྲ་གཅན་གྱི་ཟླ་བ་ཕྱེད་དང་ལྔའི་ལོངས་སྤྱོད་སྐར་ཐིག་དབྱུག་གུར་གཟུགས་མེ་སོགས་བུལ་བར་སྦྱིན་ཞིང་གདོང་མཇུག་ལ་ཕྲི་བས་ནི་བྱེད་པའི་གཟེར་གྲུབ་པར་ཕབ་སྟེ་བསླུ་བ་མེད་པར་བརྟག་པ་ལ་མི་འགྱུར་བའི་གཟེར་དུ་བྱས་པའོ། །དེ་ནས་གྲུབ་མཐའི་གནམ་སྟོང་གི་ཉི་མ་དག་པའི་རི་རོ་ཆའི་གོང་དུ་མེ་མིག་ཆ་གློ་བུར་དུ་བཏོན་པ་གནས་གཉིས་བཀོད་པའི་ཕྱོགས་གཅིག་ལ་གོ་ལོག་འཛིན་དཀའ་བས་དེ་བརྟག་པའི་གཞིར་སྔར་ནུར་སྦྱིན་པའི་སྒྲ་གཅན་གྱི་བུལ་བ་དེ་ཉིད་བསྲེ་ཞིང་ཉི་དག་གནས་གཅིག་དང་སྔར་གྱི་གདོང་མཇུག་བསྡུར་ལ་གང་ཉེའི་བསྒྲིབ་བྱ་སྒྲིབ་བྱེད་གཉིས་ཉུང་གིས་མང་བ་ལ་སྦྱང་བར་བྱ་ཞིང༌། དེ་ལྟར་སྦྱངས་པའི་ལྷག་མར་གདོང་གིས་ཉི་མར་སྦྱངས་པའི་ཚེ་སྐར་གནས་སྟོངས་ཤིང་ཆུ་ཚོད་དུ་ཞེ་ལྔ་མན་ཆད་བྱུང་ན་ངེས་པར་འཛིན་ལ། ལྔ་བཅུ་ཙམ་ལའང་འཛིན་པ་སྲིད་དོ། །གལ་ཏེ་ཉི་མས་གདོང་སྦྱངས་ན་གོ་ལོག་སྟེ་སྐར་མ་སྟོངས་ཤིང་ཆུ་ཚོད་དུ་འབྱུང་བ་མན་ཆད་དང༌། མཇུག་མས་ཉི་མ་སྦྱངས་བ་ནའང་གོ་ལོག་པའི་སྐར་གནས་ཐིག་དང་ཆུ་ཚོད་དུ་བརྒྱད་མན་བྱུང་ན་འཛིན་ཅེས་གསུང་བ་ནི་སྔར་བྱེད་པའི་གཟེར་གྲུབ་པ་དང་བསྟུན་ནས་བརྟགས་པའི་མྱོང་རྩིས་ཏེ། བྱེད་རྩིས་སོར་བཞག་དང་གྲུབ་པར་ཕབ་པའི་ཆོ་ག་འདི་ལྟ་བུ་ལ་གོ་ལོག་འཛིན་པ་སྲིད་པ་ཙམ་སྟེ་བཏང་སྙོམས་སུ་བཞག་ན་ལེགས་སོ། །ཉི་མས་མཇུག་མར་སྦྱངས་པའི་ཚེ་སྐར་མ་ནམ་མཁའ་དང་ཆུ་ཚོད་དུ་བཞི་བཅུ་ཚུན་ཆད་བྱུང་ན་ངེས་པར་འཛིན་པ་ཡིན་ཏེ། མདོར་ན་གདོང་འཛིན་ལ་ཉི་མ་མང་བ་དང་མཇུག་འཛིན་ལ་མཇུག་མ་མང་བ་ན་མི་སླུ་བར་མྱོང་བས་གྲུབ་པས་ངེས་པར་འཛིན་པ་ཡིན་ལ། རྒྱུ་མཚན་དེས་ན་གདོང་གིས་ཉི་མ་དང་ཉི་མས་མཇུག་མར་སྦྱངས་ལྷག་གང་ཡོད་དེས་སྔར་གྱི་ཉི་བུལ་བསྲེས་ནས་ཕྱོགས་གཅིག་ཏུ་བཞག་པ་དེ་ལ་གདོང་འཛིན་གྱི་ཚེ་སྦྱངས་ཞིང་མཇུག་འཛིན་གྱི་ཚེ་སྦྱིན་ལ་རང་རང་གི་གནས་ཀྱི་འཁོར་ལོར་གང་ལོངས་སྟེང་དུ་དྲིལ་ཞིང༌། རྒྱུ་སྐར་གྱི་འཁོར་ཕྱེད་ལྷག་ནའང་དོར་བས་གནས་ཀུན་སྟོངས་ཏེ་ཐིག་ལེ་དྲུག་བརྩེགས་ཤར་ན་ངེས་པར་འཛིན་ལ། དེ་ལས་ལོག་སྟེ་གདོང་ལ་སྟེར་བ་དང་མཇུག་ལ་ཕྲི་བས་གནས་ཀུན་སྟོངས་ནའང་མི་འཛིན་ནོ། །མཁས་པ་ཁ་ཅིག དོན་ལ་གཟས་འཛིན་པ་བྱས་ཀྱང་སྒྲ་གཅན་གདོང་མཇུག་གང་རུང་དང་ཉི་ཟླ་མཉམ་པོར་འགྲོའོ་ཞེས་གསུངས། དེ་ལྟར་ན་ཚེས་བཅོ་ལྔ་ལའང་ཉི་མ་འཛིན་པར་ཐལ། ཉ་ལ་ཟླ་བ་བཟུང་བའི་གདོང་མཇུག་གང་རུང་དེ་ལས་གཅིག་ཤོས་ཀྱིས་ཉི་མ་འཛིན་པར་འདོད་དགོས་པའི་ཕྱིར་ཏེ། བྱང་གླིང་དབུས་མའི་ཚངས་ཐིག་ཏུ་བཅོ་ལྔའི་ཟླ་བ་སླེབས་པ་གདོང་གིས་ཟིན་པ་དེའི་ཚེ་ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་ཉི་མ་དང་དུས་མེ་མཉམ་དུ་འགྲོ་བའི་ཕྱིར་རོ། །གཉིས་པ་སྒྲིབ་པའི་ཆ་ཆེ་ཆུང་ནི། བསྒྲིབ་བྱ་དང་སྒྲིབ་བྱེད་གཉིས་ཕན་ཚུན་སྦྱངས་ལྷག་གི་ཆུ་ཚོད་ལ་བདུན་མན་ཆད་བྱུང་ན་གདོང་འཛིན་གྱི་དུས་སུ་ཕྱོགས་དང་མཇུག་འཛིན་གྱི་དུས་སུ་ཚེས་སྦྱིན་པར་བྱ་ཞིང༌། སྦྱངས་ལྷག་ཆུ་ཚོད་དེ་ལ་བདུན་ལས་མང་བར་གྱུར་ཚེ་གདོང་འཛིན་ལ་ཡོན་ཏན་དང་མཇུག་འཛིན་ལ་མིག་སྟེར་བ་ནི་རགས་པ་སྟེ། ཞིབ་པར་ན་ཕན་ཚུན་སྦྱངས་ལྷག་སྟོངས་པ་སོགས་ལ་ནུར་སྟེར་བཅུ་དང་བཅོ་ལྔས་ཀྱང་ཉུང་སྐྱོན་དང༌། སྦྱངས་ལྷག་ཞེ་ལྔ་དང་བཞི་བཅུ་སོགས་ལ་དེའི་སྟེང་ནས་ད་དུང་དབྲི་དགོས་པའང་སྣང་བས་ཆ་བརྩིས་ནས་སྟེར་འབྲི་བྱ་དགོས་ཏེ། རྒྱུ་མཚན་གདོང་འཛིན་གྱི་ཚེ་སྔར་ཕན་ཚུན་སྦྱངས་ལྷག་ལ་ཆུ་ཚོད་ཉེར་གཉིས་དང་ཉེར་གསུམ་ཙམ་དང༌། མཇུག་འཛིན་གྱི་ཚེ་ཆུ་ཚོད་བཅུ་དགུ་དང་ཉི་ཤུ་ཙམ་ལ་རིལ་པོར་བཟུང་བ་མྱོང་བས་གཏན་ལ་ཕབས་ཤིང་མི་སླུ་བའི་ཕྱིར་རོ། །དེ་ལྟར་སྐབས་སུ་བབས་པའི་ནུར་སྦྱིན་རྗེས་གདོང་མཇུག་གང་ཡིན་ཀྱང་རུང་སྟེ། སྦྱིན་པའི་ཚོགས་དེས་མཁའ་རོར་སྦྱངས་ལྷག་ཉི་མས་བསྒྱུར་བ་ལ་མཁའ་རོས་བགོས་པས་ཐོབ་ནོར་གང་བྱུང་བའི་གྲངས་དེས་ཇི་ཙམ་སྒྲིབ་པའི་ཆ་གྲངས་སྟོན་ཏེ། འགྲེལ་ཆེན་ལས། དེའང་ཐམས་ཅད་འཛིན་པའི་དབང་གིས་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་དང༌། ཞེས་པས་ཉི་མ་ཆ་བཅུ་གཉིས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ནོར་ལ་དྲུག་ཐོབ་ན་ཉི་དཀྱིལ་གྱི་ཕྱེད་ཆ་དང་བཅུ་གཉིས་ཐོབ་ན་རིལ་འཛིན་ཏེ། དེས་བར་གྱི་ནོར་གང་ཐོབ་ཀྱི་ཆ་གཞན་རྣམས་ལའང་འགྲེ་ཤེས་པར་བྱའོ། །གསུམ་པ་ཡུན་ཇི་ཙམ་འཛིན་པའང་ཉི་དཀྱིལ་ཆ་བཅུ་གཉིས་སུ་བྱས་པའི་ཆ་རེ་རེས་ཆུ་ཚོད་རེའི་ཡུན་འཛིན་པ་སྟེ། དཔེར་ན་ཕྱེད་འཛིན་ཆུ་ཚོད་དྲུག་དང༌། རིལ་འཛིན་ལ་ཆུ་ཚོད་བཅུ་གཉིས་ཀྱི་ཡུན་འཛིན་པ་སྟེ། བར་རྣམས་རིག་པས་དཔྱད་དེ་ལུང་སྟོན་ནོ། །བཞི་པ་གང་ནས་འཛིན་པའི་ཕྱོགས་ནི། གདོང་དང་དུས་མེ་ཡིས་སོགས་ཏེ། སྒྲིབ་བྱེད་ཀྱིས་བསྒྲིབ་བྱ་ལ་སྦྱངས་པའི་ཚེ་ལྷོ་ནུབ་ཕྱོགས་ནས་སྔ་ཕྱི་གཡས་སྐོར་དང༌། ཡང་ཉི་མས་གདོང་མཇུག་སོགས་ཏེ། བསྒྲིབ་བྱས་སྒྲིབ་བྱེད་ལ་སྦྱངས་ཚེ་ནུབ་བྱང་ནས་སྔ་ཕྱི་གཡོན་སྐོར་དུ་འཛིན་པ་དང༌། མཉམ་ན་ནུབ་ཀྱི་ཕྱོགས་དྲང་པོ་ནས་འཛིན་པ་སྟེ་འཕྲིན་ལས་པ་དང་ཀོང་རམས་པའི་མྱོང་རྩིས་སོ། །ཡང་ཟླ་བའི་ཕྱོགས་ཀྱི་རིག་པ་འདིར་ཁྱེར་ན། གདོང་གིས་ཉི་མའམ་ཉི་མས་མཇུག སྦྱངས་ཚེ་ལྷོ་ནུབ་ཕྱོགས་ནས་འཛིན། མཇུག་གིས་ཉི་མའམ་ཉི་མ་ཡིས། གདོང་སྦྱངས་གོ་ལོག་སྲིད་པའི་ཚེ། རླུང་ཕྱོགས་མཉམ་ན་ནུབ་དྲང་པོ། ཞེས་པ་འདི་སྔར་གྱི་མྱོང་བྱང་རྣམས་དང་བསྟུན་ན་བཙན་པར་སྣང་ངོ༌། །དེ་ལ་སྤྱིར་ཉི་མ་ནུབ་ནས་འཛིན་པ་ལ་གོང་མ་རྣམས། འགྲེལ་ཆེན་དུ། དེ་ལྟར་ཟླ་བ་གཟས་ཟིན་པ་རྣམ་པ་གཉིས་ཏེ། ཉ་ལ་ཆ་རྫོགས་པའི་མཐར་དང༌། གནམ་སྟོང་ལ་ཆ་དང་པོ་འཆར་བའི་ཐོག་མར་སྒྲ་གཅན་གྱིས་འཛིན་ནོ། །ཞེས་པས་ཉ་ལ་ཟླ་བའི་དཀར་ཆ་ཤར་དུ་རྫོགས་པ་དང་སྟོང་ལ་དཀར་ཆ་དང་པོ་ནུབ་ནས་འཆར་བས་ཟླ་བ་དེ་དང་དེའི་ཕྱོགས་ནས་འཛིན་དགོས་པའི་ཕྱིར་དང༌། དེའང་ཐོག་མར་ཟླ་བ་ལ་ཞུགས་ནས་ཉི་མ་ལ་འཇུག་དགོས་པས་ཟླ་སྟོབས་ཀྱིས་ཉི་མ་ནུབ་ནས་ཟིན་པ་ཡིན་གསུང་བའང་སྒྲིག་ཏུ་རུང་མོད། འོན་ཀྱང་ཉི་མ་ནུབ་ནས་འཛིན་པའི་རྩ་བ་ནི་འདི་ལ་ཐུག་སྟེ། ཟླ་བ་ནུབ་ནས་འཕེལ་ཏེ་ཤར་དུ་འཕེལ་བ་རྫོགས་པ་ལྟར་ཉི་མ་ཤར་ནས་འཕེལ་བ་ནུབ་ཏུ་རྫོགས་ཏེ། རྫོགས་པའི་མཐར་སྒྲ་གཅན་འཇུག་པས་ཟླ་བའི་ཤར་དང་ཉི་མའི་ནུབ་ནས་འཛིན་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་ཟླ་བ་ལ་འཕེལ་འགྲིབ་འབྱུང་བ་བདེན་མོད། ཉི་མ་ལ་འཕེལ་འགྲིབ་ཡོད་པ་ཇི་ལྟར་འཐད་ཅེ་ན། ཉི་མར་གྲིབ་མའི་ཆས་འགྲིབ་པ་ཟླ་བ་ལྟ་བུ་མེད་ནའང་དོན་ལ་ཉི་ཟླ་གཉིས་ཀ་ལ་ཚེས་པ་དང་ཉ་བའི་ཐ་སྙད་གྲུབ་སྟེ། རྩ་རྒྱུད་ལས། མདུན་གྱི་ཉ་བ་ཟླ་བ་སྟེ། །རྒྱབ་ཀྱི་ཉ་བ་ཉི་མ་ལའོ། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་ནམ་འཛིན་པའི་དུས་ནི། གྲུབ་མཐའི་ཚེས་ལོངས་ཀྱི་སྟེང་དུ་ནུར་ཁྱད་ཆུ་ཚོད་བཞི་སྣོན་ཞེས་གོང་མའི་མྱོང་རྩིས་སུ་གསུངས་ནའང༌། འདིར་རང་ལུགས་ངེས་པའི་གནད་ནི། ཚེས་ཀྱི་ལོངས་སྤྱོད་འཕེལ་འགྲིབ་ཀྱི་དབང་གིས་ནུར་མང་ཉུང་གང་རིགས་སྐབས་དང་བསྟུན་ཏེ་སྟེར་བའམ་རང་སར་འཇོག་པའི་མཚམས་སྔར་ཟླ་བར་བཤད་པ་བཞིན་འདིར་ཡང་དྲན་པར་བྱས་ཏེ་ལག་ལེན་ལ་བཏབ་ན་མི་བསླུ་བ་མྱོང་བས་གྲུབ་པ་ཡིན་ནོ། །དྲུག་པ་བཟུང་བའི་མདོག་ལ་བརྟག་པ་ནི། སྒྲིབ་བྱེད་ཀྱི་དབང་དུ་བྱས་ཏེ་མཇུག་འཛིན་དམར་སྐྱ་དང་གདོང་འཛིན་དམར་ནག་ཏུ་སྣང་མོད། དེའང་ཆའི་དབང་གིས་ཆ་ཆུང་ངུ་འཛིན་ཚེ་སྔོ་ནག་གི་མདངས་དང་རིལ་འཛིན་ལ་དམར་མདངས་ཤས་ཆེ་ཞིང༌། ཕྱེད་འཛིན་ལ་དམར་ལ་ནག་ངམས་འབྱུང་སྟེ་ལྟོ་སྦྱར་ནས་བཤད་དོ། །མགོ་ལག་གི་སྟེང་དུ་བཟུང་ན་ཟླ་འཛིན་ལྟར་འདིར་ཡང་སྔོན་པོར་སྣང་ཞེས་གསུང་ངོ༌། །མདོར་ན་ལོ་བརྒྱའི་ཡེ་རླུང་ལོ་གསུམ་ཕྱོགས་གསུམ་ལས་གཟའ་ལྔའི་དལ་རྐང་གིས་མ་སྤྱད་པའི་ཟླ་བ་གཅིག་པོ་ཉིད་ཉི་ཟླ་དང་མཇུག་རིང་གི་རྐང་པ་དང་སྦྱར་ཞིང༌། མཇུག་རིང་གི་རྐང་པ་སྒྲ་གཅན་གྱི་ལོངས་སྤྱོད་ལས་འབྱུང་བས་ཉི་ཟླའི་རྐང་པ་ལས་ཕྱུངས་བའི་སྒྲ་གཅན་གྱི་ཁྱིམ་ཟླའི་རྟག་ལོངས་ཆུ་ཚོད་ཕྱེད་དང་བརྒྱད་པོ་དེ་ཉིད་ཟླ་བ་དྲུག་གམ་དུས་གསུམ་དུ་བསགས་པས་ཕྱོགས་ཞག་ཞེ་ལྔར་ལོངས་བའི་ཚེ་ཉི་ཟླ་ལ་སྒྲ་གཅན་འཇུག་པའི་སྣང་བ་འབྱུང་བར་གསུངས་པ་ཡིན་ནོ། །གསུམ་པ་ཡུལ་དུས་གནས་སྐབས་ལ་ལྟོས་ནས་བརྟག་དགོས་པར་གདམས་པ་ནི། གཞན་ཡང༌། གྲུབ་མཐའི་རྩིས་བཞིན་དུ་ཚེས་ཀྱི་ཆད་ལྷག་མ་བརྩིས་པ་དང༌། ཤར་ཁ་དང་ནུབ་ཁར་འཛིན་གཏོང་སོགས་ལ་རང་གང་གནས་ཀྱི་ལུང་པའི་ཤར་ནུབ་ཀྱི་རི་བོའི་དཔངས་མཐོ་དམའ་དང༌། ས་ཁད་ཡངས་དོག་དང༌། རང་གནས་ཉིན་མཚན་རིང་ཐུང་གི་ཚད་གང་དུ་གཏོགས་པ་དང༌། ཉི་ཟླའི་བགྲོད་གཉིས་སོགས་ཡུལ་དུས་གནས་སྐབས་གཞན་དང་གཞན་དུ་མ་བརྟགས་པར་ཧམ་ཤུར་གྱིས་སྨྲས་ན་བསླུ་བར་འགྱུར་བས་བློ་ལྡན་རྣམས་ཀྱིས་ཞིབ་མོར་དཔྱོད་ཅིག་པའོ། །དེ་ལྟར་གཟའ་འཛིན་གྱི་སྐོར་འདི་ལ་མཁས་པ་གོང་མའི་མྱོང་ཡིག་དང་རང་མྱོང་བསྟུན་ཞིང༌། ཁྱད་པར་རྒྱུད་འགྲེལ་དཔང་པོར་བཞག་སྟེ་བརྗོད་པར་བྱ་བ་མང་དུ་འདུག་ཀྱང་འདིར་ཡི་གེ་མངས་ཀྱི་དོགས་པས་ཟུར་དུ་འདྲི་བར་སྤྲོའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཉི་མ་དང་ཟླ་བར་སྒྲ་གཅན་འཇུག་པ་བཤད་པའི་སྐབས་ཏེ་བཅུ་གཉིས་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 10:49 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།