སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་དང་པོ། སྔོན་འགྲོའི་རིམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.02.2011
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་དང་པོ། སྔོན་འགྲོའི་རིམ་པ།

༄༅། །རྒྱ་གར་སྐད་དུ། །ག་ཎི་ཏོ་པ་དེ་ཤ་དི་བཱ་ཀ་རཱ་བ་བྷཱ་ས་ནཱ་མ། བོད་སྐད་དུ། །རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ། །བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་སུ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །གང་གི་གསུང་ཟེར་ཆ་ཙམ་ལྷུངས་པས་ཀྱང་། །དཔག་ཡས་སྙིང་གི་མུན་པ་རབ་བསལ་ནས། །ཡང་དག་བློ་ཡི་སྣང་བ་རྒྱས་མཛད་པ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་ལརྒྱ་་འདུད། །མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་དུས། །སྲིད་འདིའི་འཁོར་ལོ་ཀུན་འགྲོ་ཁྱབ་བདག་ཆེ། །གཉིས་མེད་ཡེ་ཤེས་དཔལ་ལྡན་དུས་འཁོར་ལོ། །དད་བརྒྱའི་གཙུག་གི་པདྨོས་རྟག་ཏུ་མཆོད། །རྒྱལ་ཕྲན་དགུ་བཅུ་རྩ་དྲུག་སྤྱི་བོ་ཡིས། །རབ་བརྟེན་གདོང་ལྔའི་ཁྲི་ལ་ཞབས་བཀོད་ནས། །གསང་ཆེན་རྡོ་རྗེའི་རྣལ་འབྱོར་གསལ་མཛད་པ། །ཆོས་རྒྱལ་རིགས་ལྡན་ཚོགས་ལའང་ཕྱག་བགྱིའོ། །རྣམ་དག་རྩིས་ཀྱི་གྲུབ་མཐའ་སྟོན་པའི་གཞུང་། །སྐྱེ་དགུ་ཀུན་གྱིས་བདེ་བླག་རྟོགས་པའི་ཆེད། །རྒྱུད་འགྲེལ་ལུང་རིགས་བླ་མའི་མན་ངག་ལ། །བརྟེན་ནས་ལེགས་བཤད་ཉིན་བྱེད་སྣང་བ་བརྩམས། །གང་འདི་ཕྱི་ནང་ཉུང་ངུའི་བྱེད་པ་ལ། །ཞེན་པའི་མཁས་རློམ་རྣམས་ཀྱི་སྤྱོད་ཡུལ་མིན། །བརླིང་ཞིང་རྟོགས་དཀའ་གྲུབ་མཐའ་སྐར་རྩིས་གནད། །འདི་ཡིས་གསལ་བར་སྟོན་ཕྱིར་བརྩམ་པར་རིགས།། ༈ སྔོན་འགྲོ་བྱ་བའི་རིམ་པ་དང་། །ཐ་སྙད་རྣམ་གྲངས་བསྟན་པ་དང་། །བསྟན་པའི་རྩིས་དང་རྩིས་འཕྲོ་དང་། །བྱེད་པ་གྲུབ་པའི་ཡན་ལག་ལྔ། །ལོ་བདག་ཟླ་འཕོ་སྒྲ་གཅན་དང་། །གཟའ་ལྔའི་ཉིན་ཞག་དལ་མྱུར་ལས། ཁྱིམ་ཚེས་དེས་མཚོན་དུ་བ་དང་། །ཉི་ཟླར་སྒྲ་གཅན་འཇུག་པའི་ཚུལ། །ས་དང་ཁྱིམ་གྱི་གོ་ལ་དང་། །དུས་བཞི་དུས་སྦྱོར་ཡུལ་དུས་སྒྲིག །ཞག་གསུམ་དཀྱིལ་འཁོར་ལོངས་སྤྱོད་དང་། །ངེས་པ་སྡུད་དང་སྐྱེ་བའི་ཚུལ། །ཞར་བྱུང་ཡར་ལོག་ངེས་པ་དང་། །རེའུ་མིག་སྤེལ་བའི་ཁ་བྱང་དང་། །རཱྀ་ཐུ་སྦྱོར་གྲོལ་རྩིས་འབྲས་ཀྱི། །གནད་རྣམས་ལེགས་བཏུས་གོ་བདེ་བར། །དོན་གཉེར་རྣམས་ལ་བཤད་ཀྱི་ཉོན།། ༈ སྔོན་འགྲོ་བྱ་བའི་རིམ་པ་ནི། །འདྲི་བགྲང་སྣོན་པ་གཡས་ནས་བརྩམ། །བསྒྱུར་བགོད་འབྲིད་པ་གཡོན་ནས་སོ། །སྒྱུར་བྱེད་མཐའི་ཐིག་གྲལ་མཐར་དགོད། །བགོད་བྱེད་ཐིག་ལེས་མ་མཐའ་བཀག །སྒྱུར་བྱེད་སྟོངས་ན་བསྒྱུར་བྱ་དབྱི། །བགོད་བྱེད་སྟོངས་ན་བགོ་ནུས༌མེད། །བསྒྱུར་བགོད་བར་སྟོངས་ཐིག་ལེས་འཛིན། །བསྒྱུར་བྱའི་འོག་ཏུ་སྒྱུར་བྱེད་ཀྱི། །ཐ་མ་བཞག་ནས་རིམ་བཞིན་བསྒྱུར། །རྐྱང་བགོད་ཇི་ཙམ་ཐོབ་པ་ཁྱེར། །སྦྲགས་བགོད་འོག་མའི་ཚོད་དང་སྦྱོར། །གཉིས་ལ་སོགས་པས་བསྒྱུར་བ་ན། །སྒྱུར་བྱེད་གྲངས་སུ་བསྒྱུར་བྱ་འཕེལ། །གཅིག་གིས་བསྒྱུར་ལ་འཕེལ་འགྲིབ་མེད། །བགོད་པའི་དོན་ནི་བགོ་བྱ་དེ། །བགོད་བྱེད་གྲངས་སུ་སྡུད་པ་ཡིན།། ༈ དགུ་གཅིག་གཅིག་དགུ་དགུ་རང་ཡིན། །དགུ་གཉིས་གཉིས་དགུ་བཅོ་བརྒྱད་ལ། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། །དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ། །དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དགུ་བདུན་བདུན་དགུ་དྲུག་ཅུ་གསུམ། །དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ །བརྒྱད་གཅིག་གཅིག་བརྒྱད་བརྒྱད་རང་ཡིན། །བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་སྟེ། །བརྒྱད་གསུམ་གསུམ་བརྒྱད་ཉི་ཤུ་བཞི། །བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། །བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ། །བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། །བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག །བརྒྱད་བརྒྱད་དྲུག་ཅུ་རེ་བཞིའོ། །བདུན་གཅིག་གཅིག་བདུན་བདུན་རང་ཡིན། །བདུན་གཉིས་གཉིས་བདུན་བཅུ་བཞི་ལ། །བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག །བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། །བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ། །བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས། །བདུན་བདུན་བཞི་བཅུ༌ཞེ་དགུའོ། །དྲུག་གཅིག་གཅིག་དྲུག་དྲུག་རང་ཡིན། །དྲུག་གཉིས་གཉིས་དྲུག་བཅུ་གཉིས་ལ། །དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་དོ། །དྲུག་བཞི་བཞི་དྲུག་ཉི་ཤུ་བཞི། །དྲུག་ལྔ་ལྔ་དྲུག་སུམ་ཅུ་ཐམ། །དྲུག་དྲུག་སུམ་ཅུ་སོ་དྲུག་གོ །ལྔ་གཅིག་གཅིག་ལྔ་ལྔ་རང་ཡིན། །ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ། །ལྔ་གསུམ་གསུམ་ལྔ་བཅོ་ལྔ་སྟེ། །ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ། །ལྔ་ལྔ་ཉི་ཤུ་རྩ་ལྔའོ། །བཞི་གཅིག་གཅིག་བཞི་བཞི་རང་ཡིན། །བཞི་གཉིས་གཉིས་བཞི་བརྒྱད་ཡིན་ནོ། །བཞི་གསུམ་གསུམ་བཞི་བཅུ་གཉིས་ལ། །བཞི་བཞི་དག་ནི་བཅུ་དྲུག་གོ །གསུམ་གཅིག་གཅིག་གསུམ་གསུམ་རང་ཡིན། །གསུམ་གཉིས་གཉིས་གསུམ་དྲུག་ཏུ་འགྱུར། །གསུམ་གསུམ་ལ་ནི་དགུ་ཡིན་ནོ། །གཉིས་གཅིག་གཅིག་གཉིས་གཉིས་རང་ཡིན། །གཉིས་གཉིས་བཞི་རུ་ཤེས་པར་བྱ། །གཅིག་གཅིག་གཅིག་ཉིད་ཐིག་ལེ་སྟོང་། ། ༈ གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་ཏེ། །དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་རྟེན་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་བྱུང་སྟོབས་མིག་བྱམས་སྙིང་དགའ། །བཏང་སྙོམས་རྣམས་ཏེ་ཆེན་པོར་བཅས། །ལྔ་བཅུ་ཁུག་པའི་གྲངས་ཡིན་ཏེ། །གྲངས་མེད་པ་ནི་ཐ་མའོ། །གོང་ནས་གོང་དུ་བཅུ་འགྱུར་བསྒྲེ།། ༈ དབུགས་ནི་ཁུག་པ་དྲུག་ལ་སྲང་། །ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད། །ཆུ་ཚོད་དྲུག་ཅུར་ཉིན་ཞག་གཅིག །འབྱུང་སྟེ་དུས་ཀྱི་ཆུ་ཚོད་ཡིན། །ཁྱིམ་ཚེས་ཞག་ཀྱང་ཉིན་ཞག་དང་། །བསྟུན་ནས་བརྩི་བར་བྱ་དགོས་ཕྱིར། །སྒྱུར་བགོད་དེ་དང་མཐུན་པར་མཛད། །ཆུ་སྲང་ང་དྲུག་རྐང་བཅས་ལ། །ཆུ་ཚོད་གཅིག་ཏུ་མཛད་པ་ནི། །དུ་བའི་རྩིས་སོགས་གནས་སྐབས་འགར། །དགོངས་ནས་གསུངས་ཀྱི་གཞན་དུ་མིན། །རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི། །སྐར་ཁོངས་རེ་རེའི་ས་ཁྱོན་ལ། །དྲུག་ཅུར་བྱས་པའི་ཆུ་ཚོད་དེ། །ཡུལ་གྱི་དབང་དུ་བྱས་པ་ཡིན། །དེ་རེའི་ཁྱོན་ལ་དཔག་ཚད་གྲངས། །ཉིས་བརྒྱ་སོ་གཅིག་ལྷག་དང་བཅས། །དེ་ལས་སྔ་མ་ཆུ་ཚོད་དངོས། །ཕྱི་མ་བཏགས་མིང་ཆུ་ཚོད་ཡིན། །དེ་ལྟར་གྲངས་དང་རི་མོ་ལ། །འཇུག་པའི་ཡན་ལག་བཤད་པ་སྟེ། །བྱིས་པ་རྣམས་ཀྱི་དོན་དུའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །སྔོན་འགྲོ་བྱ་བའི་རིམ་པ་བཤད་པའི་སྐབས་ཏེ་དང་པོའོ།། །།

མཐའ་མའི་འདོན་ཐེངས་།: 10.02.2011 ཉིན། 3:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།