སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་དང་པོ། རྩིས་ལ་ཐོག་མར་འཇུག་པའི་སྦྱོར་བ་རྣམས་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་དང་པོ། རྩིས་ལ་ཐོག་མར་འཇུག་པའི་སྦྱོར་བ་རྣམས་བཤད་པ།

༄༅། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ་ཞེས་བྱ་བ།  བླ་མ་དང་འཇམ་དཔལ་དབྱངས་ལ་གུས་པར་ཕྱག་འཚལ་ལོ། དཔལ་ལྡན་འགྱུར་མེད་བདེ་ཆེན་ལྷན་ཅིག་སྐྱེས། །རྣམ་པ་ཀུན་གྱི་མཆོག་ལྡན་རྣམ་མེད་པའི། །སྟོང་ཉིད་སྣ་ཚོགས་ཡུམ་དེར་དགྱེས་རོལ་བ། །ཁྱབ་བདག་དང་པོའི་སངས་རྒྱས་རྒྱལ་གྱུར་ཅིག །མཁྱེན་པའི་ཡེ་ཤེས་ཉིན་མོར་བྱེད་པ་འབུམ་གྱིས་འགྲན་པར་མི་བཟོད་ཅིང། །བདག་མེད་རྟོགས་པའི་རྣམ་འབྱེད་རལ་གྱི་ཨིནྡྲ་ནཱི་ལ་ལྟར་སྔོ་བས། །མི་ཤེས་རྨོངས་མུན་དྲ་བ་མ་ལུས་ཡོངས་སུ་གཅོད་མཛད་ལྷག་པའི་ལྷ། །འཇམ་པའི་རྡོ་རྗེར་གུས་པས་འདུད་དོ་མི་ཟད་སྤོབས་པའི་མཆོག་སྩོལ་ཅིག །ལྷ་མིས་ཕྱག་བྱས་ཉི་ཟླའི་གཟི་འཕྲོག་མི་འཇིགས་སེང་གེའི་ཁྲི་ཆེན་པོར། །རིམ་པར་ཞབས་བཀོད་གསང་ཆེན་ཆོས་ཀྱི་སྒྲ་སྐད་ཆད་པ་མེད་སྒྲོག་པའི། །རྡོ་རྗེའི་ལྗགས་ལྡན་ཁྲོ་བོའི་རྒྱལ་དང་བྱང་ཆུབ་སེམས་པའི་ངོ་བོ་ཉིད། །ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་གཉིས་མཚན་དབྱངས་སྲིད་འདིར་འབར་གྱུར་ཅིག །ངག་ཚིག་གཟུངས་དང་སྤོབས་པར་དབང་ཕྱུག་པའི། །རྨད་བྱུང་བློ་གཏེར་མགུར་གྱི་བུམ་བཟང་ནས། །སངས་རྒྱས་རྒྱ་མཚོའི་ཆོས་དཀར་བདུད་རྩིའི་རྒྱུན། །རྣམ་མང་འགྲོ་ལ་སྩོལ་མཁས་ཁྱོད་རྒྱལ་ལོ། །མཁྱེན་བརྩེའི་ཆུ་གཏེར་གཏིང་མཐའ་དཔག་ཡས་ཤིང། །རྣམ་གྲོལ་ཡིད་བཞིན་རིན་ཆེན་འབྱུང་བའི་གནས། །ཕན་བདེའི་རླབས་ཕྲེང་ཕྱོགས་བཅུར་གཡོ་བའི་གཉེན། །གཏེར་ཆེན་བླ་མ་མཆོག་ཏུ་བསྟོད་པར་བགྱི། །ཕུལ་བྱུང་གཙུག་ལག་བྱེ་བའི་དངོས་པོ་ལས། །ལེགས་བྱས་རིན་ཆེན་གསེར་གྱི་གདན་ཁྲི་ཆེར། །བཞུགས་ནས་རྒྱུད་དོན་ཇི་བཞིན་འཆད་མཁས་པ། །རྒྱ་བོད་མཁས་གྲུབ་ཇི་སྙེད་ཕྱག་གི་ཡུལ། །གྲུབ་མཐའི་ལེགས་བཤད་སྲོལ་འབྱེད་རྒྱ་མཚོའི་སྡེ། །དྲི་མེད་མཁྱེན་པའི་སྤྱན་ལྡན་ནོར་བུ་བཟང། །སྐར་ནག་རྩིས་ཚུལ་ཀུན་གཟིགས་འཕྲིན་ལས་པ། །ཕུག་ལུགས་ཤིང་རྟ་ཆེན་པོ་རྣམ་གསུམ་རྒྱལ། །བློ་གྲོས་མིག་སྟོང་ལྡན་པའི་དཀྱུས་རིང་པོས། །རྒྱ་ཆེན་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཀུན། །ལེགས་གཞལ་གསང་བའི་དེ་ཉིད་མངོན་གྱུར་པ། །མདོ་སྔགས་བསྟན་འཛིན་བཟང་པོས་འགྲོ་འདི་སྐྱོངས། །ཟབ་མོའི་དོན་གཟིགས་བློ་གྲོས་རྟ་ལྗང་ཅན། །ཉེར་འཚེའི་སྒྲ་གཅན་གདོང་ལས་རྣམ་རྒྱལ་ཞིང། །རྨད་བྱུང་ཡོན་ཏན་སྣང་བྱེད་འོད་བརྒྱ་པ། །ཐུབ་བསྟན་རྒྱ་མཚོ་སྨྲ་བའི་ཉི་མར་འདུད། །རྩིས་ཚུལ་ཕྱོགས་རེར་སྦྱངས་རློམ་གོམ་སྟབས་ཀྱིས། །གྲགས་པའི་དོ་རར་གར་བསྒྱུར་གླང་ཆེན་ཁྱུ། །མཐར་བྱེད་སྨྲ་བའི་སེང་གེ་ཟླུམ་པོ་བ། །རྗེ་རིགས་དོན་གྲུབ་དབང་རྒྱལ་ལ་བཏུད་དེ། །དཔལ་ལྡན་རྒྱུད་འགྲེལ་ཆུ་གཏེར་ལས་ཐོན་པའི། །རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་དཔྱིད། །རྣམ་འགྲེལ་གསེར་གྱི་ཤིང་རྟས་འདིར་དྲངས་ནས། །ལེགས་བཤད་སྣང་བ་ཕྱོགས་བཅུར་འགྱེད་པར་བྱ། །ཞེས་མཆོར་པར་བརྗོད་ཅིང་བརྩམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། །འདིར་གང་བཤད་པར་བྱ་བའི་ཆོས་ནི། དཔལ་མཆོག་གི་དང་པོའི་སངས་རྒྱས་ལས་ཕྱི་རོལ་ཤེས་པའི་ཡན་ལག་ཏུ་གསུངས་པའི་སྐར་རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ཞེས་བྱ་བའི་བསྟན་བཅོས་དེའོ། ཇི་ལྟར་བཤད་པ་ནི། རྒྱུད་འགྲེལ་གྱི་དགོངས་པ་བཞིན་རང་ལུགས་ཀྱི་བྱེད་པ་དང། གྲུབ་པའི་མཐའ་རྣམ་པར་དག་པ་སྟོན་པའི་ལེགས་བཤད་དཔལ་ལྡན་ཕུག་པ་བའི་བཞེད་གཞུང་ཇི་ལྟ་བ་བཞིན་དུའོ། དུས་ནམ་གྱི་ཚེ་བཤད་པ་ནི། གྲོང་དུ་འཕྱན་པའི་བླ་མཁྱེན་དང། རྩིས་རིག་ལ་སྦྱང་པར་རློམས་པ་ཆེས་མང་པོ་དག་གི་བྱེད་པ་དང་གྲུབ་པའི་མཐའ་ལས་བརྩམས་པའི་རི་མོའི་འབྱུང་ཚུལ་རྣམས་སྒྲུབ་དཀའ་བར་བཟུང་ནས། རྩིས་གཞུང་ཐོར་བུ་ཙམ་ལ་བློ་སྦྱོང་བར་བྱེད་པས། སྐར་རྩིས་ཀྱི་ལག་ལེན་ཕལ་ཆེན་ཉམས་པར་གྱུར་པ་དེང་སང་གི་དུས་སུའོ། འདི་འཆད་པ་ལ་གསུམ་སྟེ། ཀླད་ཀྱི་དོན་དང། གཞུང་གི་དོན་དང། མཇུག་གི་དོན་ནོ། དང་པོ་ལ་གསུམ་སྟེ། མཚན་གྱི་དོན། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའོ། དང་པོ་ནི། རྒྱ་གར་སྐད་དུ། ག་ཎི་ཏོ་པ་དེ་ཤ་དི་བཱ་ཀ་རཱ་ལོ་ཀཱ་ནཱ་མ། ཞེས་པ། བོད་སྐད་དུ། རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ། ཞེས་པ་སྟེ། རང་ཉིད་ལེགས་སྦྱར་གྱི་སྐད་ལ་བག་ཆགས་འཇོག་པའི་ཕྱིར་མཚན་སྐད་གཉིས་སུ་སྦྱར་རོ། དེ་ལ་རྩིས་ནི་རྒྱུད་འགྲེལ་ལས་གསུངས་པའི་བྱེད་པ་དང། གྲུབ་པའི་མཐའི་རྩིས་ལ་སོགས་པ་གཞུང་འདིའི་བརྗོད་བྱ་རྣམས་སོ། དེ་རྗོད་བྱེད་ཀྱི་ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་སྟོན་པའི་ཕྱིར་དང། ཟབ་ཅིང་བརླིང་བའི་གནད་རྣམས་འདིས་གསལ་བར་སྟོན་པའི་ཕྱིར་མན་ངག་སྟེ། རྟགས་དང་པོས་ནི་ཉི་མའི་དཀྱིལ་འཁོར་གཅིག་གི་སྣང་བ་ཁོ་ནས་སའི་དུམ་བུ་ཆེན་པོ་འདིའི་ཁྱོན་མ་ལུས་པ་གསལ་ནུས་པ་དང་འདྲ་ལ། རྟགས་ཕྱི་མས་ནི་ཤིན་ཏུ་མུན་ནག་གཏུག་པོ་ཉིད་སྐད་ཅིག་ལ་སེལ་ནུས་པའི་སྣང་བ་མཐུ་ཆེ་བ་དེ་དང་འདྲ་བས། དོན་དང་མཐུན་པའི་མཚན་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བའོ། གཉིས་པ་ནི། མཚན་དེ་ལྡན་གྱི་བསྟན་བཅོས་བརྩམ་པར་འདོད་ནས་རང་ཉིད་ཡ་རབས་ཀྱི་ཚུལ་དང་མཐུན་ཅིང། བརྩམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་མཆོད་པར་བརྗོད་པ་ལ་གསུམ་སྟེ། རྩ་བའི་བླ་མར་ལ་བསྟོད་ནས་ཕྱག་བྱ་བ་དང། དུས་ཀྱི་འཁོར་ལོ་ལ་བསྟོད་ནས་ཕྱག་བྱ་བ་དང། ཆོས་རྒྱལ་རིགས་ལྡན་རྣམས་ལ་བསྟོད་ནས་ཕྱག་བྱ་བའོ། དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་སུ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། ཞེས་མདོར་བསྟན་ནས། གཉིས་པ་ལ་བསྟོད་པ་དང་ཕྱག་འཚལ་བའོ། དང་པོ་ནི། རང་དོན་ཐོགས་མེད་ཀྱི་མཁྱེན་པ་དང། དམིགས་མེད་ཀྱི་ཐུགས་རྗེ་མངའ་བའི་གཏེར་ཆེན་བླ་མ་གང་གི་གཞན་དོན་གྱི་འཕྲིན་ལས་ནི། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བདག་ཉིད་ཅན་གྱི་གསུང་ཉི་མའི་དཀྱིལ་འཁོར་ལྟ་བུ་དེ་ལས། འགྲོ་བའི་ཉོན་མོངས་པ་དེ་དང་དེའི་གཉེན་པོར་གྱུར་པའི་གསུང་གི་འོད་ཟེར་ཆ་ཙམ་ཞིག་ལྷུངས་བས་ཀྱང་། དཔག་ཡས་སྙིང་གི་མུན་པ་སྟེ་མ་རིག་པའི་རྩ་བ་དེ་ཉིད་དྲུངས་ནས་འབྱིན་ནུས་པས་ན་རབ་ཏུ་བསལ་ནས་ཞེས་པའི་ཐ་སྙད་ཀྱིས་བརྗོད་པ་དང། སྤངས་པ་དེས་རབ་ཏུ་ཕྱེ་བའི་རྟོགས་བྱ་ཡང་དག་པའི་ཡེ་ཤེས་ཀྱི་བློའི་སྣང་བ་རྒྱས་པར་མཛད་པའི་ནུས་པ་དང་ལྡན་ན། གསུང་གི་འོད་ཟེར་མཐའ་དག་ཞུགས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། གཉིས་པ་ནི། གཏེར་སྟོན་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་ནང་ན་རི་བོང་འཛིན་པ་ལྟར་འགྲན་ཟླ་དང་བྲལ་བས་ན་ཆེན་པོ་དང། ངག་ཚིག་བརྗོད་པ་ཀུན་ལ་དབང་འབྱོར་བས། ཤེས་བྱར་ཆོས་ཀྱི་རྒྱལ་སྲིད་མཐའ་དག་ལ་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་སྟེ། བདག་ཅག་གི་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ་འགྲོ་འདུལ་གཏེར་བདག་གླིང་པའི་སྐུའི་དམའ་ཤོས་ཞབས་ལ་རང་གི་ཡན་ལག་གི་མཆོག་མགོ་བོས་སོ། ཇི་ལྟར་ཞེ་ན། ཀུན་རྫོབ་ཀྱི་ཕྱག་འཇིག་རྟེན་དུ་གྲགས་པ་ལྟར་དང་། དོན་དམ་པའི་ཕྱག་ཡུལ་དང་འཚལ་མཁན་རོ་གཅིག་པར་ཤེས་པའོ། འདིར་ཕྱག་གི་ཚིག་མ་སྨོས་པའི་ཕྱིར་ཕྱག་ཏུ་མི་རུང་ཞེ་ན། རུང་སྟེ། ཕྱག་དང་འདུད་པ་ནི་ཚིག་གི་ཁྱད་པར་ཙམ་ཡིན་པའི་ཕྱིར་རོ། གཉིས་པ་དུས་ཀྱི་འཁོར་ལོ་ལ་བསྟོད་པ་དང་མཆོད་པར་བརྗོད་པའོ། དང་པོ་ནི། མཆོག་ཏུ་འགྱུར་བ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་གཞོམ་གཞིག་དང་བྲལ་བས་ན་རྡོ་རྗེའི་དུས་ཏེ། དེ་ཉིད་སྲིད་པ་དང་ཞི་བ་ཀུན་ལ་ཁྱབ་བྱེད་དུ་འགྲོ་བའི་བདག་ཉིད་ཅན་ཡིན་པས་ན་འཁོར་ལོའོ། གཞི་ལམ་འབྲས་བུའི་རྡོ་རྗེ་འཆང་དེའི་ཆེ་བའི་ཡོན་ཏན་གྱི་ཁྱད་པར་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཐར་འདོད་ཀྱི་བརྟེན་བྱ་ཡིན་པས་ན་དཔལ་ལྡན་དུ་བརྗོད་དེ། ཧེ་བཛྲ་ལས། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། ཞེས་གསུངས་པས་སོ། ཡང་ན་འཁོར་འདས་གཉིས་སུ་མེད་པས་ན་སྲིད་ཞིའི་དཔལ་དུ་གྱུར་པ་ཞེས་བྱའོ། གཉིས་པ་ནི། ཕྱི་ནང་གཞན་དེ་ཁོ་ན་ཉིད་དོན་དམ་པའི་དུས་ཀྱི་འཁོར་ལོ་ལས། འདིར་མཆོད་བརྗོད་ཀྱི་ཡུལ་གྱི་གཙོ་བོ་ནི། དག་པ་གཉིས་ལྡན་གྱི་ཆོས་ཉིད། ཆེན་པོ་དོན་དམ་འབྲས་བུ་དུས་ཀྱི་འཁོར་ལོའོ། དེའི་ཞབས་ལ་རང་གི་དད་བརྒྱའི་ཀུན་སློང་དང་ལྡན་པའི་གཙུག་སྟེ་ཡན་ལག་གི་མཆོག་པདྨའི་ངོ་བོར་བཀོད་པ་དེས་དུས་ཉི་ཚེ་བ་མ་ཡིན་གྱི་རྟག་ཏུ་མཆོད་དོ། གསུམ་པ་ཆོས་རྒྱལ་རིགས་ལྡན་རྣམས་ལ་བསྟོད་པ་དང་ཕྱག་འཚལ་པའོ། དང་པོ་ནི། ཤམ་བྷ་ལའི་ཡུལ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པའི་རྣམ་པར་གནས་པ་ལས། འདབ་མ་རེ་རེ་ལ་གྲོང་ཁྱེར་བྱེ་བ་བྱེ་བས་བརྒྱན་པའི་ཡུལ་ཆེན་པོ་བཅུ་གཉིས་བཅུ་གཉིས། དེ་རེ་རེ་ལ་དབང་བའི་རྒྱལ་པོ་རེ་རེ་སྟེ་བསྡོམས་པས་རྒྱལ་ཕྲན་དགུ་བཅུ་དྲུག་དེ་ཐམས་ཅད་ཀྱི་སྤྱི་བོས་རབ་ཏུ་བསྟེན་བྱའི་རྒྱལ་པོ་ནི། པདྨའི་ལྟེ་བའི་དབུས་སུ་ལྷས་བརྩིགས་པའི་ཕོ་བྲང་ཀ་ལཱ་པར་གདོང་ལྔས་བཏེག་པའི་ཁྲི་ལ་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོའི་སྤྲུལ་པ་ཆོས་རྒྱལ་རྒྱུན་ཆད་པ་མེད་པར་འབྱོན་པ་རྣམས་ཀྱི་ཞབས་བཀོད་ནས་སྐལ་པ་དང་ལྡན་པ་རྣམས་ལ་ཐུན་མོང་གི་ཡུལ་མ་ཡིན་པ་གསང་ཆེན་རྡོ་རྗེའི་རྣལ་འབྱོར་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་སྟོན་ཅིང། བསྡུད་པ་དང། དགོངས་འགྲེལ་ལ་སོགས་པའི་སྒོ་ནས་གསལ་བར་མཛད་པའོ། གཉིས་པ་ནི། ཤམ་བྷ་ལར་སྤྲུལ་པའི་ཆོས་རྒྱལ་རིམ་པར་འབྱོན་པ་ལས། འདིར་བསྟོད་ཕྱག་གི་ཡུལ་དུ་གྱུར་པ་ནི། རྩ་རྒྱུད་བསྡུད་ཅིང་འགྲེལ་པ་མཛད་པ་པོ་ཟླ་བཟང་། འཆད་པ་པོ་ཆོས་རྒྱལ་དྲུག བསྡུས་རྒྱུད་བསྡུད་པ་པོ་གྲགས་པ། འགྲེལ་མཛད་པད་དཀར། འཆད་པ་པོ་བཟང་པོ་ནས། ཀླ་ཀློའི་དགྲ་བོ་འཁོར་ལོ་ཅན་གྱི་བར་ཉེ་གསུམ་སྟེ། ཆོས་རྒྱལ་རིགས་ལྡན་གྱི་ཚོགས་སུམ་ཅུ་རྩ་གཉིས་ལ་གུས་པར་ཕྱ་བགྱིའོ། གསུམ་པ་བརྩམ་པར་དམ་བཅའ་བ་ལ་གཉིས་ཏེ། དངོས་དང། བརྩམས་རིགས་པའི་འཐད་པའོ། དང་པོ་ནི། འགྲན་སེམས་ཀྱིས་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་དག་པའི་སྐར་རྩིས་ཀྱི་གྲུབ་པའི་མཐའ་སྟོན་པའི་གཞུང་སྔ་མ་རྣམས་ཀྱི་ཚིག་དོན་གྱི་གནད་བརླིང་ཞིང་རྟོགས་དཀའ་བ་རྣམས་གསལ་བར་ཕྱེ་ནས་སྐྱེ་རྒུ་ཀུན་གྱིས་བདེ་བླག་ཏུ་རྟོགས་པའི་སླད་དུ་བརྩམ་མོ། དེ་ཡང་རང་བཟོས་མ་ཡིན་ཏེ། དང་པོའི་སངས་རྒྱས་ལས་ཕྱུངས་པ་བསྡུས་པའི་རྒྱུད་འགྲེལ་པ་དང་བཅས་པའི་ལུང་དང། རྣམ་པར་དཔྱོད་པའི་རིགས་པ་དང། རྒྱ་བོད་ཀྱི་མཁས་གྲུབ་བླ་མ་རྣམས་ཀྱི་མན་ངག་གི་ཡེ་གེ་དང་ལག་ལེན་ལ་བརྟེན་ནས་སོ། མི་ཤེས་པས་ཀྱང་མ་ཡིན་ཏེ། གྲུབ་མཐའི་སྐར་རྩིས་ཀྱི་ཚིག་དོན་མ་ལུས་པ་གསལ་བར་ནུས་པའི་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་ལྟ་བུ་འཆད་པའི་བློ་གྲོས་དང་ལྡན་པས་སོ། དེ་བས་ན་རྒྱུ་དེ་དག་དང་ལྡན་པའི་ཕྱིར་སྒྱིད་ལུག་པ་སྤངས་ཏེ་ཅི་ནུས་ཀྱིས་བརྩམ་ཞེས་ཁས་བླང་ངོ་། གཉིས་པ་ནི། བརྩམ་པར་རིགས་ཏེ། རྒྱུ་མཚན་གྲུབ་མཐའི་རྩིས་གང་འདི་ཕྱི་ནང་གི་ཉུང་ངུའི་བྱེད་པ་ལ་མངོན་པར་ཞེན་པའི་མཁས་རློམ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའིི་ཕྱིར་དང་། བརླིང་ཞིང་རྟོགས་དཀའ་གྲུབ་མཐའི་དོན་མ་ལུས་པ་བསྟན་བཅོས་འདི་ལས་གསལ་བར་སྟོན་པའི་ཕྱིར་དང་། དེ་ལྟ་བས་ན་སྐྱེ་བོ་རྣམས་གྲགས་པ་ཙམ་གྱི་རྗེས་སུ་འབྲང་བར་མི་བྱའོ། ཞེས་གོ་བར་བྱ་བའི་ཕྱིར་དང་། རང་གཞན་ལ་ཕན་པའི་ཕྱིར་གཞུང་བརྩམ་པ་ལ་སྤྲོ་བ་སྐྱེད་ནས་བསྟན་པས་སོ། གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ལུས་མདོར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པའོ། དང་པོ་ནི། །སྔོན་འགྲོ་བྱ་བའི་རིམ་པ་དང། །ཐ་སྙད་རྣམ་གྲངས་བསྟན་པ་དང་། །བསྟན་པའི་རྩིས་དང་རྩིས་འཕྲོ་དང་། །བྱེད་པ་གྲུབ་པའི་ཡན་ལག་ལྔ། །ལོ་བདག་ཟླ་འཕོ་སྒྲ་གཅན་དང་། །ཉིན་ཚེས་གཟའ་ལྔ་དུ་བ་དང་། །ཉི་ཟླ་སྒྲ་གཅན་འཇུག་པའི་ཚུལ། །ས་དང་ཁྱིམ་གྱི་གོ་ལ་དང་། །དུས་བཞི་དུས་སྦྱོར་ཡུལ་དུས་སྒྲིག །ཞག་གསུམ་དཀྱིལ་འཁོར་ལོངས་སྤྱོད་དང་། །ངེས་པ་བསྡུད་དང་སྐྱེ་བའི་ཚུལ། །ཞར་བྱུང་ཡར་ལོག་ངེས་པ་དང་། །རིའུ་མིག་སྤེལ་བའི་ཁ་བྱང་དང་། །ལི་ཐུ་སྦྱོར་དགྲོལ་རྩིས་འབྲས་ཀྱི། །ཟབ་མོའི་གནད་རྣམས་ལེགས་བཀྲོལ་ནས། །དོན་གཉེར་རྣམས་ལ་བཤད་ཀྱི་ཉོན། །ཞེས་མདོར་བསྟན་པའི་སྒོ་ནས་མཉན་པར་བསྐུལ་བའི་ཚིགས་སུ་བཅད་པ་བཞི་པོ་འདི་ནི། སྔོན་འགྲོ་བྱ་བའི་རིམ་པ་ནི་ཞེས་སོགས་སྐབས་ཉི་ཤུ་རྩ་གསུམ་གྱིས་འཆད་པར་འགྱུར་བའི་ཕྱིར་འདིར་མ་བཀྲོལ་ལོ། །གཉིས་པ་ཡན་ལག་རྒྱས་བཤད་ལ་སྐབས་ཉི་ཤུ་རྩ་གསུམ་ལས། སྐབས་དང་པོས་རྩིས་ལ་ཐོག་མར་འཇུག་པའི་སྦྱོར་བ་རྣམས་འཆད་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། སྔོན་འགྲོ་བྱ་བའི་རིམ་པ་ནི། ཞེས་སྨྲོས་སོ། གཉིས་པ་ནི། དེ་ཡང་རྩིས་ལ་སྦྱོང་བར་འདོད་པ་རྣམས་ཀྱིས་ཐོག་མ་ཁོ་ནར་མ་བྲལ་བ་རྣམ་པ་གསུམ་དང་ལྡན་པའི་སྒོ་ནས་རྟོགས་པར་བྱའོ། ཞེས་རྩིས་པ་རྣམས་ཀྱི་ཁ་སྐད་དུ་འབྱུང༌བས༌དང་པོ་ལུས་ཀྱི་ལས་ལག་པ་བྲིས་དང་མ་བྲལ་བ་སྟེ། ཤེས་བྱ་མཐའ་དག་རྩི་ནའང་། འདྲི་བྱའི་ཡི་གེ་བཅུ་རུ་ཤེས། ཞེས་པས་གཅིག་ནས་དགུའི་བར་དང་གནས་འཛིན་ཐིག་སྟེ། ཡི་གེ་བཅུ་པོའི་གཟུགས་བརྙན་རྣམས་ལེགས་པར་བསླབས་ནས་འབྲི་བ་དང་བསྒྱུར་བ་དང་བགོད་པ་སོགས་བག་དང་ལྡན་པས་བྱའོ། ཇི་ལྟར་བྱ་ཞེ་ན།སྤྱིར་ཨངྐི་འབྲི་བགྲང་སྣོན་པ་རྣམས་རང་གི་གཡས་ཕྱོགས་ནས་བརྩམས་ཏེ་བྱ་ལ། བསྒྱུར་བགོད་འབྲིད་པ་རྣམས་ནི་གཡོན་ཕྱོགས་ནས་བྱ་སྟེ། དེ་ལས་གཞན་པའི་བྱ་བས་དོན་མི་འགྲུབ་པ་དང་བྱ་དཀའ་བས་སོ། བྱེ་བྲག་ཏུ། བཅུ་སོགས་ཀྱིས་བསྒྱུར་བའི་ཚེ་གཞིའི་ཕུང་པོ་ཉིད་བཅུ་ཆར་སྤེལ་བའི་དོན་གྱིས་སྒྱུར་བྱེད་ཀྱི་མཐའི་ཐིག་ལེ་ནི་བསྒྱུར་བྱའི་གྲལ་མཐར་སྒྲིགས་ཏེ་བཞག་གོ བགོད་བྱེད་བཅུ་སོགས་ཀྱི་མཐའི་ཐིག་ལེས་བགོ་བྱའི་གནས་གཞན་གྱི་མས་མཐའ་དགག་སྟེ་དེ་ལས་གཞན་པའི་བྱ་བ་ལ་དོན་མེད་པའི་ཕྱིར་རོ། སྒྱུར་བྱེད་སྟོངས་ན་དེའི་དོན་མེད་པ་ཡིན་པས་བསྒྱུར་བྱའི་ཚོགས་དབྱི་བར་བྱས་ཏེ་གནས་བསྲུང་དགོས་ན་ཐིག་ལེས་བསྲུང་ངོ་། བགོད་བྱེད་སྟོངས་ན་དེས་བགོ་བྱ་མེད་པས་ཐོབ་ནོར་གྱི་གནས་སུ་ཐེག་ལེ་བྲིའོ། བསྒྱུར་བྱ་སྒྱུར་བྱེད་དང་བགོ་བྱ་བགོ་བྱེད་ཀྱི་བར་དང་ཐ་མར་སྟོངས་པའི་ཐིག་ལེས་ནི་སོ་སོའི་གནས་གཞན་གྱི་གོ་ས་འཛིན་པ་ཙམ་ལས་དོན་གཞན་མེད་ཅིང་གྲལ་འགོར་འབྱུང་བ་ནི་མི་སྲིད་དོ། བསྒྱུར་བ་ལ་བརྐྱང་སྦྲག་གཉིས་ལས། བརྐྱང་བསྒྱུར་གནས་གཞན་གཅིག་གིས་རང་གིས་སྒྱུར་བྱའི་ཐད་དྲངས་ཏེ་བསྒྱུར་ཞིང་། སྦྲག་བསྒྱུར་ནི་བསྒྱུར་བྱའི་འོག་གི་ཐད་དྲངས་སུ་སྒྱུར་བྱེད་ཀྱི་ཐ་མ་བཞག་ནས་བསྒྱུར་གཞི་གཅིག་ཉིད་སྒྱུར་བྱེད་ཀུན་གྱིས་རིམ་བཞིན་བསྒྱུར་ཏེ་བསྒྱུར་བྱ་དེ་ཉིད་སྒྱུར་བྱེད་ཀྱི་གྲངས་སུ་སྤེལ་བའི་གནད་ཀྱིས་སོ། བགོད་པ་ལའང་བརྐྱང་སྦྲག་གཉིས་ལས། བརྐྱང་བགོད་རང་གཅིག་པོས་ཇི་ཙམ་ཐོབ་པ་ཁྱེར་བས་ཆོག་ལ། སྦྲགས་བགོད་གནས་གཞན་འོག་མའི་ཚད་དང་སྦྱོར་གྱིན་ཁྱེར་དགོས་ཏེ། བགོད་བྱེད་གནས་གཞན་སྦྲགས་མས་ཐོབ་བྱ་གཅིག་ཡིན་པས་སོ། སྒྱུར་བྱེད་གཉིས་ལ་སོགས་པས་བསྒྱུར་བ་ན་མང་དུ་འགྲོ་སྟེ། སྒྱུར་བྱེད་ཀྱི་གྲངས་སུ་བསྒྱུར་བྱ་འཕེལ་བའི་ཕྱིར། བསྒྱུར་བས་ཉུང་ངུ་འགྲོ་བ་ནི། ཕྱེད་ཀྱིས་བསྒྱུར་ན་སྟེ། ཕྱེར་ཆར་འགྱུར་བའི་ཕྱིར་སྒྱུར་བྱེད་བསྒྱུར་བྱར་འཕོས་པའོ། སྐྱེ་འབྲི་མེད་པ་ནི་གཅིག་གིས་བསྒྱུར་ན་སྟེ། མང་པོར་འཕེལ་བ་དང་ཉུང་ངུར་བྲི་བ་མེད་པ་ཡིན་པས་སོ། གཞན་ཡང་། བསྲེ་དང་སྣོན་པ་རང་རང་གི །གནས་གཞན་དེ་ཡི་ཐད་ནས་བྱ། །འོག་ཏུ་བཅུར་ལོངས་གོང་དུ་འཕོ། །ལྷག་གམ་མ་ལོངས་རང་སར༌བཞག །དབྲི་དང་བགོད་ཚེ་རང་ཐད་ནས། །མ་ལྡངས་གོང་ནས་གཅིག་ཕོབ་གང། །འོག་ཏུ་བཅུར་འགྱུར་དེ་ལ་དབྲི། །བརྒྱ་སོགས་འབེབས་པའང་རིག་པས་སྤྱད། ཅེས་སོ། གཉིས་པ་ངག་དགུ་མཐའ་དང་མ་བྲལ་བ་ནི། དགུ་གཅིག་གཅིག་དགུ་དགུ་ཡིན་ཏེ། ཞེས་པ་ནས། གཅིག་གཅིག་གཅིག་ཡིན་ཐིག་ལེ་སྟོང་། ཞེས་པའི་བར་རྐང་པ་གཅིག་དང་བཅས་པའི་ཚིགས་སུ་བཅད་པ་བཅུ་གཅིག་གི་དོན་ནི་གོ་བར་ཟད་ལ། དེ་ཡང་ངག་གི་དགུ་མཐའ་དག་པ་ཤིན་ཏུ་བཅེས་པས་དེ་ཉིད་ལེགས་པར་བཟུང་ནས་བྱང་ཆུབ་པར་བྱའོ། གསུམ་པ་ཡིད་གནས་གཞན་དང་མ་བྲལ་བ་ནི། མཛོད་རང་འགྲེལ་གྱི་ལུགས་བཞིན་སྡེབས་པ་འདི་ལྟར་རིག་པར་བྱ་སྟེ། འདི་ལ་གཉིས། བརྐྱང་པ་དང་། ཁུག་པའོ། དང་པོ་ནི། གཅིག བཅུ། བརྒྱ། སྟོང་། ཁྲི། འབུམ་དང་། ས་ཡ། བྱེ་བ། དུང་ཕྱུར་ཏེ། དགུ་པོ་བརྐྱང་པའི་གྲངས་སུ་བརྗོད། གཉིས་པ་ཁུག་པ་ལ་གནས་གསུམ་སྟེ། ཐེར་འབུམ། ཁྲག་ཁྲིག རབ་བཀྲམ། གཏམས། དཀྲིགས། མི་འཁྲུག ཁྱད་འབྱིན། སྤང་རྟེན། དེད་འདྲེན་ཞེས་པ་དགུ་ལ་ཆེན་པོ་དགུ་བསྣན་པའི་བཅོ་བརྒྱད་ནི་ཁུག་པ་དང་པའོ། མཐའ་སྣང་དང་། རྒྱུ་རིག འོད་མཛེས། དབང་པོ་དང་། ལེགས་འབྱིན། རྟོགས་འགྲོ། འབྱིངས་རྟུལ་དང་། རྒྱ་རྟགས། སྟོབས་འཁོར་ཏེ་དགུ་སྔ་མ་ལྟར་ཆེན་པོའི་ཟླ་དང་བཅས་པའི་བཅོ་བརྒྱད་ནི་ཁུག་པ་གཉིས་པའོ། བརྡ་ཤེས་དང། རྣམ་བྱུང་དང་། སྟོབས་མིག་གསུམ་ལ་ཆེན་པོ་གསུམ་བསྣན་པའི་དྲུག་ནི་ཁུག་པ་གསུམ་པའོ། གནས་གཞན་དྲུག་ཅུའི་དབང་དུ་བྱས་ན་ཟུང་བཞི་མ་ཚང་བ་ལ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ཆེན་པོའི་ཟླ་དང་བཅས་པ་སྟེ་བརྒྱད་བསྣན་པས་ཁུག་པ་གསུམ་པའི་གནས་སུ་གྲངས་བཅུ་བཞིའོ། དེ་དག་ཀྱང་། ཐེར་འབུམ་དང་། ཐེར་འབུམ་ཆེན་པོ་ཞེས་སོགས་ཆེན་པོ་དང་བཅས་པའི་གཉིས་གཉིས་ཀྱི་བགྲང་ཚུལ་ནི་ཁུག་པ་ཀུན་པ་འགྲེ་བ་ཡིན་ནོ། གྲངས་མེད་པ་ནི་གྲངས་དེ་དག་ཀུན་གྱི་ཐ་མ་སྟེ། དེ་ལྟར་གནས་གཞན་དྲུག་ཅུ་པོ་ཐམས་ཅད་ཀྱང་གོང་ནས་གོང་དུ་བཅུ་འགྱུར་དུ་བསྒྲེས་པའོ། དེ་ཡང་དབྱིག་གཉེན་ཞབས་ཀྱིས། དེ་ལྟར་ན་བརྐྱང་པ་དགུ་དང་། ཁུག་པའི་གནས་གསུམ་ལ་གྲངས་བཞི་བཅུ་རྩ་གཉིས་ཏེ། བསྡུས་ན་ལྔ་བཅུ་རྩ་གཅིག་ནི་མངོན་པ་ན་སྣང་ངོ་། ལྷག་མ་གྲངས་བརྒྱད་མ་ཚང་བ། ཁུག་པའི་གནས་སུ་བརྒྱད་བསྣན་ན་ལྔ་བཅུ་རྩ་དགུ་ནི་གྲངས་མིང་དུ་བཏགས་ལ། དྲུག་ཅུ་བ་ནི་དེ་ལྟ་བུའི་མིང་ལས་འདས་པས་གྲངས་མེད་པ་ཞེས་བྱའོ། ཞེས་གསུངས་སོ། འདིར་ཁ་༼ཤཱཀྱ་དབང་ཕྱུག༽ཅིག་གྲངས་ཀྱི་གནས་གཞན་དྲུག་ཅུ་ལ། ཞེས་བྲིས་ནས། སྟོབས་མིག་གི་མཐར་ཁྱད་བྱུང་ཞེས་པ་བསྣོན་པ་ནི་མི་ལེགས་ཏེ་དེ་ལྟར་ན་གནས་གཞན་རེ་གཅིག་འབྱུང་བའི་ཕྱིར་རོ། གཞན་ཡང་གྲངས་ཀྱི་རྣམ་གཞག་ལ། ཕལ་ཆེན། རྒྱ་རོལ། འཇམ་དཔལ་རྩ་རྒྱུད། འཇིག་རྟེན་པའི་ལུགས་དང་བཞི་ལས། དང་པོ་ནི། བྱེ་བ་ཁོད་ཁོད་ཐད་གུ་དང་ཁྲིག་ཁྲིག་ཐམས་ཐམས་མྱད་མྱིད་དང་། །གང་ཡ་བན་བུན་ཕྱར་ཕྱུར་དང་། །ལྕག་ལྕིག་བྱང་བྱིང་ཆེམ་ཆེམ་དང་། །ཕྱལ་ཕྱོལ་ཁྱད་ཁྱུད་ཟར་ཟེར་དང་། །ཁྲིབ་ཁྲིབ་ཡ་གངས་ཆོ་མ་དང་། །ཁྲམ་ཁྲིམ་ནབ་ནུབ་སང་སང་དང་། །བརྒྱུད་ཡས་བཏང་ཡས་བཀྲ་ཡར་དང་། །གསའ་ཡས་མཚུངས་མེད་ལ་ལུམ་དང། །ཡལ་ཡོལ་ཁྲལ་ཁྲུལ་ཐུད་ཐུད་དང་། །བསམ་ཕྱོད་བྲང་བྲེང་སྒྲོད་ཡས་དང་། །སྔོ་ཡས་ཟང་ཡག་འཕྲོ་བཀྱེ་དང་། །རྩེ་འཕྱོ་ཡོངས་བསྟན་བྲུག་གཡོས་དང། །སང་ཡལ་ཐེད་ཡུག་ཡིད་འཕྱོ་དང་། །ནབ་ནེབ་ཁྲིག་ཐམ་ཡལ་ཡལ་དང་། །བགྲང་ཡས་ཐུག་ཡལ་ཤང་ཤང་དང་། །ཡག་ཡག་ཐིམ་ཐིམ་རློམ་སྙལ་དང་། །གཞལ་འཕྱོས་གཞལ་ཡས་གཞལ་ལད་དང་། །གཞལ་འཁོར་གཞལ་ཐིམ་གར་གཞལ་དང་། །གཞལ་སངས་གཞལ་ཐག་གཞལ་ཕུལ་དང་། །གཞལ་གཞི་འཕྱོང་འགྱུར་ཉ་ཉེར་དང་། །ཕྱག་ཕྱིག་ཟལ་ཟུལ་སལ་སལ་དང་། །གཡོ་ལྡེག་ཕན་ཕུན་གདང་ཡས་དང་། །རེམ་གྲོལ་རྫི་ང་རྫི་རྡུལ་དང་། །ཕུན་ཡོལ་ངད་ངད་བགྲང་རྩི་དང་། །ཟབ་བགྲང་དགའ་རྐྱང་གཞུང་འདལ་དང་།  །ཁྲུག་ཕྱད་འོལ་ཕྱོད་གདབ་ཡས་དང་། །གཅའ་ཡས་བགྲང་ཡས་ཀྱི་འཕྱོ་དང་། །ཡ་མེ་སྙལ་ཡས་འདབ་འདེབ་དང་། །འབན་ཅང་ཕང་ཕུང་ཁེའུ་ཚང་། །ཞུན་བཟུང་མཆོག་ཡལ་མཐའ་བརྟུལ་དང་། །ཡུན་འགྱངས་བུན་ལོབ་ལམ་ལོམ་དང་། །བསྙད་ཡས་ལང་ལིང་ལྗབ་ལྗིབ་དང་། །མི་བཅའ་མཇམ་ཡས་ང་སྒྲང་དང་། །སྨོས་ཡལ་བཀྲ་ཚལ་ལོ་རྒྱས་དང་། །འབུམ་རྟིག་གམ་གུམ་ལ་ལོ་དང་། །བགྲང་འཕྱོས་བགྲང་འཕྱོས་ལ་བསྒྲེས་པ། །དཔག་ཡས་དེ་བསྒྲེས་ཡལ་འཕྱོང་དང་། །དེ་བསྒྲེས་མུ་ཡལ་མུ་ཡལ་བསྒྲེས། །བགྲང་ཡོལ་གཉིས་དང་མི་འཇལ་གཉིས། །བསམ་ཕྱོད་གཉིས་དང་མཐའ་འབྱམས་གཉིས། །དཔག་ཐག་གཉིས་དང་བརྗོད་མེད་གཉིས། །བརྗོད་མེད་པའི་ཡང་བརྗོད་མེད་ལ། །སྒྲེས་པ་ཤིན་ཏུ་བརྟན་པའོ། འདི་ལ་གྲངས་གནས་བརྒྱ་དང་ཉི་ཤུ་རྩ་བརྒྱད་ཡོད་ཅིང་། བརྒྱ་སྟོང་ཕྲག་བརྒྱ་ལ་བྱེ་བ་དང་། དེ་ནས་བྱེ་བ་བྱེ་བ་ལ་ཁོད་ཁོད་སོགས་སྡེས་བསྒྱུར་བ་ཡིན་ནོ། །གཉིས་པ་རྒྱ་རོལ་ལས་གསུངས་པ་ནི། །བྱེ་བ་ཐེར་འབུམ་ཁྲག་ཁྲིག་དང། གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། སྤང་རྟེན་མང་འཛིན་གླང་པོའི་སྟོབས། །ངོགས་ཐོབ་རྣམ་བཞག་གདགས་རྒྱུ་རིག །ལག་སྦྱིན་རྒྱུ་དབང་རྫོགས་འཐོབ་དང་། །བགྲང་རྟོགས་སྒྲིབ་པ་སྟོབས་ཀུན་སྟོབས། །རྣམ་བརྡ་ཤེས་ལྡན་བརྡ་ཤེས་ཀུན། །རྣམ་འབྱུང་དེ་ཡི་མཚན་ཉིད་ཅན། །རྒྱལ་མཚན་རྩེ་མོའི་ནོར་བུ་དང་། །རྒྱལ་མཚན་རྩེ་མོ་ངེས་པར་སྒྲོགས། །དེད་འདྲེན་ཞེས་གདགས་གཏན་ལ་འབེབས། །གཅོད་རྟོགས་གཅོད་རྟོགས་ལྡན་དང་ནི། །ཐམས་ཅད་རྣམ་འབྱེད་སྙིང་པོ་མཆོག །ཕྲ་རབས་རྡུལ་གྱི་རྗེས་སུ་འཇུག །གྲངས་གནས་སུམ་ཅུ་རྩ་གཉིས་ཏེ། །གོང་ནས་གོང་དུ་བརྒྱ་འགྱུར་བསྒྲེ། ཞེས་བྱའོ། གསུམ་པ་འཇམ་དཔལ་རྩ་རྒྱུད་ལས་གསུངས་པ་ནི། །བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ། །དུང་ཕྱུར་ཐེར་འབུམ་ཐེར་འབུམ་ཆེ། །ཤུ་རྔོག་མཆོག་ཉལ་རྐྱང་ཕྱེ་དང་། །རྐྱང་ཕྱེ་ཆེ་དང་ཁྱད་འབྱིན་གཉིས། །སྒྱུ་མ་གཉིས་དང་མཚོ་ཡས་གཉིས། །དུག་ཅན་རྒྱ་མཚོ་ཆེ་དང་བཅས། །མཆོག་ཡས་བན་བུན་མ་ལུས་པ། མ་ལུས་ཆེ་དང་གྲངས་མེད་དང། །དཔག་མེད་གཉིས་དང་འཇིག་རྟེན་གཉིས། །མུན་པ་སྣང་བ་སྣང་བ་ཆེ། །ཕུང་པོ་གཉིས་དང་ཟབ་པ་དང། །བརྟན་པ་རབ་བརྟན་འགྲོ་མང་ལྡན། །གནས་དང་གནས་ཆེན་དཔག་མེད་གཉིས། །དོན་ཆེན་རྒྱ་མཚོ་མཆོག་གཙོ་ཁྱིམ། །བསམ་མི་ཁྱབ་དང་མི་ཟད་གཟུགས། །རྒྱལ་ཐབས་གཏེར་དང་དགེ་བ་དང་། །སེམས་བྱུང་གཉིས་དང་བརྗོད་པ་དང་། །བརྗོད་མེད་བསྙད་ཡས་བསྙད་ཡས་ཆེ། །ཕྱར་ཕྱུར་གཉིས་དང་ཤུ་རྔོག་དང་། །ཤུ་རྔོག་ཆེ་དང་ཞི་བ་དང་། །ཆུ་འབྱུང་སེམས་འཁྲུལ་དམ་པ་ཉིད། །སངས་རྒྱས་ཡུལ་དང་འཕེལ་བྱེད་པ། །དེ་ལྟར་གྲངས་གནས་དྲུག་ཅུ་དགུ། །གོང་ནས་གོང་དུ་བཅུ་འགྱུར་ཡིན། །དེ་ཡན་སངས་རྒྱས་ཉིད་ཀྱི་ཡུལ། །དེ་ཕྱིར་འགྲོ་བས་བགྲང་མི་ནུས། ཞེས་བྱའོ། །བཞི་པ་འཇིག་རྟེན་པའི་གྲངས་གནས་ནི། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང། །ས་ཡ་བྱེ་བ་དུང་ཕྱུར་དང་། །ཐེར་འབུམ་ཤུ་རྔོག་མཆོག་ཉལ་དང་། །སྐྱ་འཕྱིས་བྱེ་མ་ནབ་ནུབ་དང། །མཚོ་ཡས་ལྷབས་ཕྱོར་རྫི་ཞེས་གནས། །བཅོ་བརྒྱད་གོང་དུ་བཅུ་འགྱུར་བསྒྲེ། །གཞན་ཡང་སྡོང་པོ་བཀོད་པའི་མདོ་དང་། འདུས་བྱས་འདུས་མ་བྱས་རྣམ་པར་ངེས་པའི་བསྟན་བཅོས་ལས་གནས་གཞན་དྲུག་ཅུ་ཚང་བ་སོགས་གྲངས་ཀྱི་རྣམ་གཞག་མང་དུ་མཐོང་ཡང་བྲིར་མ་ལང་ངོ་། །དེ་ལྟར་བཤད་མ་ཐག་པ་ལྟར་མ་བྲལ་བ་གསུམ་གྱི་སྒོ་ནས་བསྒྱུར་བགོད་སོགས་བྱས་པའི་མཐར་རི་མོ་འཁྲུལ་མ་འཁྲུལ་བརྟག་པར་བྱ་བའི་ཕྱིར། །རི་མོ་གང་འཐད་བློ་འདོད་བྲིས། །སྒྱུར་བྱེད་གང་ཡིན་དེ་ཡིས་སྒྱུར། །སླར་ཡང་སྒྱུར་བྱེད་དེ་ཉིད་ཀྱིས། །བགོས་པས་སྔར་གྱི་གཞི་དེ་འཆར། །དཀའ་ཚེགས་མེད་པར་འདི་འབྱུང་ན། །རི་མོ་བྱང་བའི་ཚད་ཡིན་པས། །དེ་རྗེས་ཡན་ལག་ལྔ་ལ་སོགས། །རྩིས་ཀྱི་གཞུང་ལ་འཇུག་པར་བྱ། ཞེས་གདམས་སོ། ད་ནི་འཕྲོས་དོན་ཆུ་ཚོད་ལ་སོགས་པའི་ཚུལ་ཤེས་པར་བྱ་བའི་ཕྱིར་བརྗོད་པ་ནི། སྐྱེས་བུ་ཁམས་སྙོམས་པའི་དབུགས་འབྱུང་འཇུག་གི་ཁུག་པ་གཅིག་ལ་དབུགས་གཅིག་དང་། དེ་དྲུག་ལ་སྲང་གཅིག སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག ཆུ་ཚོད་དྲུག་ཅུར་ཉིན་ཞག་གཅིག་རྣམས་འབྱུང་བ་ཡིན་ཏེ། བསྡུས་པའི་རྒྱུད་ལས། དབུགས་དྲུག་གིས་ནི་ཆུ་སྲང་གཅིག་ཏུ་རབ་ཏུ་འགྱུར་ཏེ་ཆུ་སྲང་དྲུག་ཅུ་ཡིས་ཀྱང་ཆུ་ཚོད་དོ། ཆུ་ཚོད་དྲུག་ཅུས་ཉིན་ཞག་ཏུ་འགྱུར། ཞེས་གསུངས་པས་སོ། དེ་ལྟར་ཉིན་ཞག་རེ་ལ་ཆུ་ཚོད་དྲུག་ཅུར་བྱས་པ་དེ་ནི་དུས་ཀྱི་ཆུ་ཚོད་ཡིན་ཏེ། དུས་ཡུན་རིང་ཐུང་འདི་ཙམ་ཞིག་ལ་ལོངས་སྤྱོད་པའི་ཚད་སྟོན་བྱེད་ཡིན་པས་སོ། །འོ་ན་ཆུ་ཚོད་དྲུག་ཅུ་ཉིན་ཞག་གཅིག་གི་ལོངས་སྤྱོད་ཡིན་ན། ཁྱིམ་ཚེས་ཞག་གི་བསྒྱུར་བགོད་ལའང་ཆུ་ཚོད་དྲུག་ཅུ་སོགས་ཀྱིས་བྱེད་པ་སྣང་བས་སྐྱོན་དུ་མི་འགྱུར་རམ་ཞེ་ན། སྐྱོན་མེད་དེ། བྱ་སླར་དགོངས་ནས་དེ་ཉིད་དང་རྗེས་སུ་མཐུན་པ་ཙམ་དུ་མཛད་པ་ཡིན་པའི་ཕྱིར་ཏེ། ཉིན་ཞག་དང་མ་བསྟུན་ན་ཁྱིམ་ཚེས་གཉིས་རྩི་མི་ཤེས་པའི་ཕྱིར། ཞིབ་པར་འོག་ཏུ་སོ་སོར་འཆད་པར་འགྱུར་བ་ལས་ཤེས་པ་ཡིན་པས། འདིར་མི་སྤྲོའོ། །ཡང་ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དུ་བྱེད་པ་ལས་གཞན་ཆུ་སྲང་ང་དྲུག་རྐང་བཅས་ལའང་ཆུ་ཚོད་གཅིག་ཏུ་མཛད་པ་འདུག་པས། དེ་གཉིས་མི་འགལ་ལམ་ཞེ་ན་མི་འགལ་ཏེ། ང་དྲུག་རྐང་བཅས་ལ་ཆུ་ཚོད་དུ་བྱེད་པ་དེ་ནི་དུ་བའི་རྩིས་སོགས་གནས་སྐབས་འགར་དགོངས་ནས་གསུངས་ཀྱི་དེ་ལས་གཞན་དུ་གསུངས་པ་མིན་པའི་ཕྱིར་དང་། རྒྱུད་ལས་དང་པོ་ནི་འཕོ་བ་བཅུ་གཉིས་དང་ཕྱི་མ་ནི་འཕོ་བ་བཅུ་དྲུག༼ཉིན་ཞག་གཅིག་གི་ཆུ་སྲང་ ༣༦༠༠ བཞིས་བསྒྱུར་བས ༡༤༤༠༠ དེ་ལ་ཆུ་སྲང་ང་དྲུག་བཞིས་བསྒྱུར་བ་ལ་རྐང་པ་གཅིག་པོ་བསྲེས་པས། ༢༢༥ འབྱུང་བས་ཐོབ་པ་དབྱུག་གུ་ ༦༤ སྟེ་ལྷག་མེད་དོ།༽སྟེ་ནང་གི་དུས་སྦྱོར་བཅུ་གཉིས་དང་འཁོར་ལོ་བཞི་སོ་སོའི་འབྱུང་བ་བཞི་སྟེ་དཀྱིལ་འཁོར་བཅུ་དྲུག་གི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ།  །དེས་ན་ཆུ་ཚོད་གཅིག་ལ་ཆུ་སྲང་དྲུག་ཅུར་བྱས་པ་ནི་གྲགས་ཆེ་ཞིང་རྒྱུད་འདིར་དེ་ཉིད་ཤས་ཆེ་བའི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི་མཐའ་གཅིག་ཏུ་མ་ངེས་སོ། གཞན་ཡང་། སྟག་སྣའི་མདོ་ལས་ནི། བུད་མེད་རས་བལ་གྱི་ལ་བ་གཅིག་ཤིན་ཏུ་རིང་བ་དང་ཐུང་བ་མ་ཡིན་པར་འདྲེན་པའི་ཡུན་ནི་སྐད་ཅིག་ཐུང་ངུ་གཅིག དེ་བརྒྱ་ཉི་ཤུ་ལ་སྐད་ཅིག་རིང་པོ། དེ་དྲུག་ལ་ཐང་ཅིག དེ་སུམ་ཅུ་ལ་ཡུད་ཙམ་ཅིག་དང་། ཡང་ན་མིག་འཛུམ་གཉིས་ལ་ཐང་ཅིག་དེ་བཞི་ལ་མཆོག་དགའ། དེ་བཅུ་དྲུག་ལ་དུས་ཚོད་གཅིག དེ་རེ་བཞི་ལ་ཡུད་ཙམ་གཅིག་དང་། ཡང་ཡུད་ཙམ་གྱི་ཕྱེད་ལ་ཆུ་ཚོད་གཅིག་ཏུ་བྱེད་པར་བཤད་ཅིང་། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་ཏུ་བྱེད་པ་མངོན་པ་དང་མཐུན་ཡང། འདིར་བཞི་མཐོན་ཞེས་སོགས་ཡུད་ཙམ་སུམ་ཅུ་པོ་ལ་མིང་ཐ་དད་དུ་བརྗོད་པར་བྱེད་དོ།  །མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། ཞེས་སོགས་ཀྱི་དོན་ནི། ཀུན་མཁྱེན་ཆོས་རྗེས་ཡིན་བཞིན་རིན་པོ་ཆེའི་མཛོད་དུ། དུས་མཐའི་སྐད་ཅིག་མ་སྟེ་སེ་གོལ་གྱི། དྲུག་ཅུ་རྩ་བཞིའི་ཆ་གཅིག་བརྒྱ་ཉི་ཤུ། དེ་ཡི་སྐད་ཅིག་དྲུག་ཅུ་ཐང་ཅིག་སྟེ། སུམ་ཅུ་ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག ཅེས་གསལ་བར་མཛད་དེ་མངོན་པའི་ལུགས་སོ། འཆི་མེད་མཛོད་ལས། མིག་འཛུམ་བཅོ་བརྒྱད་དེ་ཡི་གནས། དེ་ནི་སུམ་ཅུ་ཆ་ཤས་སོ། དེ་སུམ་ཅུ་ལ་སྐད་ཅིག་གོ དེ་ནི་བཅུ་གཉིས་ཡུད་ཙམ་ཡིན། དེ་སུམ་ཅུ་ལ་ཉིན་ཞག་གོ ཞེས་སོ། འདིར་ཁ་ཅིག དྭགས་པཎ་མིག་འཛུམ་བཅོ་བརྒྱད་ལ་མཐར་གནས། དེ་སུམ་ཅུ་ལ་སྐད་ཅིག་ཏུ་བྱེད་པ་ནི་ནོར་བ་སྟེ། དེ་གཉིས་ཀྱི་བར་ན་ཀ་ལ་ཤ་ཞེས་པ་ཆ་ཤས་ཀྱི་མིང་རྒྱ་དཔེ་ལ་ཡོད་པའི་ཕྱིར་རོ། རྡོ་རྗེ་མཁའ་གྲོ་ལས་ནི། མིག་འཛུམ། ཆ་ཤས་སམ་ཡུད་ཙམ། སྐད་ཅིག ཐང་ཅིག ཅུང་ཟད་ཅེས་པ་རྣམས་གོང་ནས་གོང་དུ་དྲུག་འགྱུར་དང་། ཅུང་ཟད་སུམ་ཅུས་ཡི་གེ་ལྕི་བའི་དུས། དེ་བཅུས་སྲོག དེ་ཉེར་དྲུག་གིས་སྲང་། དེ་དྲུག་ཅུས་ཆུ་ཚོད། དེ་བརྒྱད་ཀྱིས་ཐུན་གཅིག དེ་བརྒྱད་ཀྱིས་ཞག་གཅིག་ཏུ་གསུངས་ཏེ། དེ་ཉིད་ལས། །མིག་འཛུམ་མིག་ནི་བརྩུམས་པ་སྟེ། །མིག་བརྩུམས་དྲུག་ལ་ཆ་ཤས་ནི། །གཅིག་ཅེས་བྱ་བར་བརྗོད་པ་ཡིན། །ཡུད་ཙམ་དྲུག་ནི་སྐད་ཅིག་སྟེ། །སྐད་ཅིག་དྲུག་ནི་ཐང་ཅིག་ཡིན། །ཐང་ཅིག་དྲུག་ནི་ཅུང་ཟད་ཡིན། །དུས་ཀྱི་གོ་རིམ་བྱ་བ་འདིས། །སུམ་ཅུ་ཐམས་པར་བསྒྱུར་བ་ལ། །ཡི་གེ་ལྕི་བའི་དུས་ཞེས་བརྗོད། །ཡི་གེ་ལྕི་བ་བཅུ་ལ་ནི། །སྲོག་གཅིག་ཅེས་བྱའི་དུས་སུ་བཤད། །དེ་ནི་བཅུ་གསུམ་བསྒྱུར་བ་ལས། །དེ་ཡང་གཉིས་སུ་བསྒྱུར་བ་ནི། །སྲང་ཅིག་ཅེས་ནི་བརྗོད་པ་ཡིན། །སྲང་ནི་དྲུག་ཅུ་ཐམ་པ་ལ། །ཆུ་ཚོད་གཅིག་ཏུ་བཞེད་པ་ཡིན། །དེ་བརྒྱད་ཐུན་གཅིག་ཅེས་བྱའོ། །དེ་བཞི་ལ་ནི་ཉིན་གཅིག་གོ །ཉིན་མཚན་དུས་ནི་མཉམ་པ་ལ། །མཚན་མོའང་དེ་དང་མཉམ་པར་བཤད། ཅེས་སོ། ཀྱེ་རྡོ་རྗེར། དབྱུག་གུ་དྲུག་ཅུ་རྩ་བཞི་དང་། ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། ཞེས་ཞག་གཅིག་ལ་དབྱུག་གུ་རེ་བཞི་དང་ཆུ་ཚོད་སོ་གཉིས་སུ་གསུངས་པ་དང་། སྡོམ་འབྱུང་ལས། །ཉིན་དང་མཚན་མོ་ཞག་ཡིན་ཏེ། །མེལ་ཚེ་ཐུན་ཞེས་བརྗོད་པ་ཡིན། །ཐུན་བཞི་ཉིན་མོར་ཤེས་པར་བྱ། །དེ་བཞིན་མཚན་མོའང་ཐུན་བཞིའོ། །ཞག་གཅིག་ལ་ནི་འཕོ་བ་ཡི། །ཡན་ལག་བཅུ་དྲུག་རྣམས་ཡིན་ཏེ། ཞེས་དང་། །ཐུན་རེ་ཡི་ནི་བཞི་ཆ་རྣམས། །ཆུ་ཚོད་དུ་ནི་བརྗོད་པས་ན། །ཉིན་ཞག་གཅིག་ལ་རྩ་རྣམས་ཀྱི། །སུམ་ཅུ་རྩ་གཉིས་ཤེས་པར་བྱ། །ཉིན་ཞག་གཅིག་ལ་དབྱུག་གུ་ནི། །དྲུག་ཅུ་རྩ་བཞིའི་ཚད་ཀྱིས་ནི། །ཞེས་ཞག་གཅིག་ལ་ཐུན་ཆེན་བརྒྱད། འཕོ་བ་བཅུ་དྲུག ཆུ་ཚོད་སོ་གཉིས། དབྱུག་གུ་རེ་བཞིར་གསུངས་ཤིང་། ཀུན་མཁྱེན་ཆེན་པོས་ཀྱང་ཐེག་མཆོག་མཛོད་ཀྱི་རིམ་ཁང་བཅུ་གཉིས་པར་བརྟེན་པ་རླུང་གི་རབ་དབྱེ་འཆད་པའི་སྐབས་བཤད་པའང་དེ་དང་མཐུན་ཏེ། དེ་ཉིད་ལས། དེ་ཡང་ཆུ་ཚོད་དང་དབྱུག་གུའི་རྩིས་དང་སྦྱར་ན། ཞག་གཅིག་ལ་ཐུན་བརྒྱད། ཆུ་ཚོད་སུམ་ཅུ་རྩ་གཉིས། དབྱུག་གུ་དྲུག་ཅུ་རྩ་བཞི། འཕོ་བ་བཅུ་དྲུག་སྟེ། འཕོ་བ་རེ་རེ་ལ་རླུང་སྟོང་དང་སུམ་བརྒྱ་དང་ལྔ་བཅུའོ། དབྱུག་གུ་རེ་རེ་ལ་སུམ་བརྒྱ་དང་སུམ་ཅུ་སོ་ཕྱེད་དང་བརྒྱད་བརྒྱད་རྒྱུའོ། ཐུན་རེ་རེ་ལ་ཉིས་སྟོང་བདུན་བརྒྱ་རྒྱུའོ། ཞེས་གསུངས་སོ། དུས་ཀྱི་འཁོར་ལོ་འདིར་ནི་སྔར་བཤད་པ་ལྟར་འཕོ་བ་བཅུ་གཉིས་དང་བཅུ་དྲུག་པའི་ཚུལ་གཉིས་གསུངས་པ་ལས་སྲང་ནས་ཆུ་ཚོད་དུ་རྩི་ཚུལ་ལ་མི་གཅིག་ཀྱང་། གཉིས་ཀའང་དབུགས་དྲུག་ལ་སྲང་དུ་མཚུངས་ཤིང་དབྱུག་གུ་དང་ཆུ་ཚོད་དོན་གཅིག་པར་འཆད་དོ། ཆུ་ཚོད་ཆུ་སྲང་ལ་སོགས་པར་མིང་འདོགས་པའི་རྒྱུ་མཚན་ཡང་འཇའ་བ་པོ་རྣལ་འབྱོར་པ་ལ་སོགས་པའི་དབང་དུ་བྱས་ནས་དབུགས་ཞེས་བཏགས་ཏེ། ནང་དབུགས་ལ་བརྟེན་ནས་གཞལ་བས་སོ། རྒྱལ་པོ་ལ་སོགས་པའི་དབང་དུ་བྱས་ནས་དབྱུག་གུའི་ཆུ་ཚོད་དང་ཆུ་སྲང་ཞེས་བཏགས་ཏེ། ཕྱིའི་འཇལ་བྱེད་ལ་བརྟེན་ནས་གཞལ་བས་སོ། དེ་ལ་ནང་གི་འཇལ་བྱེད་ནི། བསྡུས་རྒྱུད་ལས། ཕྲ་དབུགས་རྒྱུ་ཞེས་གསུངས་པའི་འགྲེལ་པར། མིའི་དབུགས་གཅིག་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་གཅིག་ལ་ཕྲ་མོའི་དབུགས་གཅིག་དེ་འདྲའི་དབུགས་དྲུག་ལ་སྲིན་བུའི་རིགས་སོགས་ཀྱི་སྲང་གཅིག དེ་འདྲ་དྲུག་ཅུ་ལ་ཆུ་ཚོད་གཅིག དེ་འདྲ་དྲུག་ཅུ་ལ་སྲིན་པོའི་རིགས་ལ་སོགས་པའི་ཉིན་ཞག་གཅིག དེ་འདྲའི་ཉིན་ཞག་གཅིག་ལ་མིའི་དབུགས་གཅིག དེ་འདྲའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མིའི་ཉིན་ཞག་གཅིག་གི་ཚད་དུ་བཤད་དེ། རྩ་རྒྱུད་ལས། །དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ། ཞེས་དང། བསྡུས་རྒྱུད་ལས། དབུགས་དྲུག་གི་ནི་ཆུ་སྲང་ཞེས་སོགས་སྔར་དྲངས་པ་དང་། རྫོགས་པ་ཆེན་པོའི་རྒྱུད་ཐལ་འགྱུར་ལས་ཀྱང་། །རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་པོའི་རླུང་དུ་འདོད། ཅེས་དང་། སྡོམ་འབྱུང་ལས་ཀྱང་དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི། སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས། ཞེས་སོགས་རྒྱུད་དང་མདོ་སྡེ་དག་ལས་མཐུན་པར་འབྱུང་ཞིང་། ཕྱི་རྒྱུད་དབྱངས་འཆར་ལས་ཀྱང་། །ལུས་ཅན་རྣམས་ཀྱི་ཞག་གཅིག་ལ། ཞེས་སོགས་འདི་དང་མཐུན་པར་བཤད་དོ། དེའི་ཕྱིར་དབུགས་གྲངས་དེ་ཉིད་དྲུག་གི་བགོས་པས་སྲང་། དེ་དྲུག་ཅུ་ལ་ཆུ་ཚོད། དེ་དྲུག་ཅུ་ལ་ཉིན་ཞག་གཅིག་ཏུ་བརྩི་བ་ནི་ནང་རླུང་སེམས་ལ་གཙོ་བོར་བྱེད་པའི་རྣལ་འབྱོར་བ་རྣམས་ཀྱི་བྱ་བའོ། ཕྱིའི་འཇལ་བྱེད་ནི། རྡོ་རྗེ་མཁའ་འགྲོ་ལས། །ཟངས་མ་སྲང་ནི་བཅུ་གཉིས་ལ། །སྣོད་ནི་དཔངས་སུ་སོར་བརྒྱད་དང་། །རྒྱར་ནི་སོར་མོ་བཅུ་གཉིས་པ། །ལེགས་པ་ཉིད་དུ་བརྡུང་བར་བྱ། །གསེར་ནི་འོ་སེ་༼འོ་སེ་གཉིས་ལ་སེ་བ་གང་ཡིན་པས་དོན་ལ་སེ་བ་བཅོ་ལྔ་༽སུམ་ཅུ་ལས། སོར་དྲུག་པ་ཡི་ཚད་དག་ཏུ། ཐུར་མ་ལེགས་པར་བརྡུངས་ནས་ནི། །ཐུར་མ་དེ་ཡི་བུ་ག་ནི། ཟངས་མའི་སྣོད་ལ་མཁས་པས་དབུགས། །ཆུ་ནི་རྙོག་མ་མེད་པ་ལས། །སྲང་ནི་དྲུག་ཅུའི་ཚད་དུ་བྱ། །སྲང་འདིས་ཆུ་ཚོད་ཚད་ཡིན་ཏེ། །སྐྱེ་བོ་རྣམས་ལ་ཕན་ཕྱིར་བཤད། ཅེས་གསུངས་པ་ལྟར་རྒྱ་གར་ན་རྒྱལ་པོའི་མེལ་ཚེ་བ་རྣམས་ཀྱིས་ཆུ་ཚོད་བགྲང་བའི་ཚེ། འདི་ལྟ་བུའི་ཟངས་སྣོད་དུ་གསེར་ཐུར་བཅུག་པ་དེ་ཉིད་ཀྱི་ཕྱོགས་བཞིར་སྲད་བུ་བཏགས་ལ། སྣོད་ཆུ་གཙང་གིས་བཀང་བའི་སྟེང་དུ་ལྡིང་ཐབས་སུ་བཞག་པས་བུ་ག་ནས་གྱེན་དུ་འོངས་པའི་ཆུས་སྣོད་གང་བ་ན་ཆུའི་གཏིང་དུ་བྱིང་བར་འགྱུར་ལ། དེའི་ཚེ་རྔ་ལ་དབྱུག་གུ་གཅིག་བསྣུན། ཡང་སྲད་བུ་ནས་བཟུང་སྟེ་སྣོད་སྟོང་པ་ཤིང་གི་དྲ་བས་ཁ་བཅད་པའི་སྟེང་དུ་བཞག་ནས་ཆུ་ཟགས་སུ་བཅུག་པ་ལས་ཟད་པར་གྱུར་པ་ན་རྔ་ལ་དབྱུག་གུ་གཅིག་བསྣུན་པའི་ཚུལ་གྱིས་སྣོད་གང་སྟོང་གཉིས་གཉིས་ལ་ཆུ་ཚོད་རེ་རེར་བྱས་ནས་རྩི་བར་གྲགས་ལ། ཆུ་སྲང་ནི་གཞོང་པའི་ནང་ལ་རི་མོ་བྱས་ཏེ་དེར་ཆུས་སླེབ་པ་ལ་ཚད་འཛིན་པར་ཁ་གཅིག་ནས་བཤད་དོ། འདི་ལྟར་ཆུ་ཚོད་དྲུག་ཅུར་འདོད་པའི་ལུགས་ལའང་གཉིས་ཏེ། དུས་ཀྱི་ཆུ་ཚོད་དང་། ཡུལ་གྱི་ཆུ་ཚོད་དོ།  །དང་པོ་ནི། བཤད་མ་ཐག་པ་ཉིད་ཡིན་ལ། གཉིས་པ་ནི། རྩ་རྒྱུད་ལས། ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང་། ཆུ་ཚོད་དྲུག་ཅུས་དེ་བཞིན་ཏེ། ཞེས་གསུངས་པ་ལྟར། གྲོ་བཞིན་བྱི་བཞིན་གཉིས་གཅིག་ཏུ་སྡོམས་པའི་རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་སྐར་ཁོངས་རེ་རེའི་སའི་ཁྱོན་ལ་ཆུ་ཚོད་དྲུག་ཅུ་རེར་བྱས་ནས་བཞག་པས་ཁྱོན་བསྡོམས་ན་སྟོང་དང་དྲུག་བརྒྱ་ཉི་ཤུར་འགྱུར་བའི་ཆུ་ཚོད་དེ་ལ་ནི་ཡུལ་གྱི་ཆུ་ཚོད་ཅེས་བྱ་སྟེ། ཡུལ་ལམ་གཞི་གང་ལ་ལོངས་སྤྱོད་པར་བྱ་བའི་ཚད་སྟོན་བྱེད་ཀྱི་དབང་དུ་བྱས་ནས་བཞག་པར་བཞེད་པ་ཉིད་རྒྱུད་འགྲེལ་གྱི་དགོངས་པ་ཡིན་པའི་ཕྱིར། མདོར་ན་ཡུལ་དུས་ཀྱི་ཆུ་ཚོད་ཆུ་སྲང་དབུགས་ཆ་རྣམས་མིང་འདྲ་ཡང་དོན་གཏན་ནས་མི་འདྲ་སྟེ། རེས་ཀྱི་གཟའ་དེས་དུས་ཀྱི་ཆུ་ཚོད་དྲུག་ཅུ་རྫོགས་པར་སྤྱོད་ནུས་ཀྱང་དེའི་བར་ལ་ཡུལ་གྱི་ཆུ་ཚོད་དྲུག་ཅུ་རྫོགས་པར་སྤྱོད་མི་ནུས་པའི་ཕྱིར་དང་དུས་ཀྱི་ཆུ་ཚོད་ནི་སྐད་ཅིག་ལ་སོགས་པས་གཞལ་བར་བྱ་བ་ཡིན་ལ། ཡུལ་གྱི་ཆུ་ཚོད་ནི་དཔག་ཚད་ལ་སོགས་པས་གཞལ་བྱ་ཡིན་པས་སོ། འོ་ན་ཡུལ་གྱི་ཆུ་ཚོད་དེ་དཔག་ཚད་སོགས་ཀྱིས་ཇི་ལྟར་གཞལ་ཞེ་ན། ཉི་མས་ཉིན་ཞག་གཅིག་ལ་འཁོར་བའི་གོ་ལའི་རི་མོ་ཟླུམ་པོའི་ཁྱོན་ལ་དཔག་ཚད་སུམ་འབུམ་བདུན་ཁྲི་ལྔ་སྟོང་ཡོད་ཅིང་། དེ་ལ་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུས་བགོས་པའི་ནོར་ནི་ཡུལ་གྱི་ཆུ་ཚོད་རེའི་རྒྱའི་ཚད་དུ་འགྱུར་ཏེ། དེ་ལ་དཔག་ཚད་ཉིས་བརྒྱ་དང་སོ་གཅིག རྒྱང་གྲགས་གཅིག གཞུ་འདོམ་སྟོང་བརྒྱད་བརྒྱ་དང་ང་གཅིག ཁྲུ་གསུམ། སོར་དགུ་ནས་དྲུག་ལྷག་ཙམ་རེ་འོང་ཞིང་། དེ་ལྟ་བུའི་དཔག་ཚད་ལ་སོགས་པའི་གྲངས་དེ་ལ་དྲུག་ཅུས་བགོས་པས་ཡུལ་གྱི་ཆུ་སྲང་རེའི་ས་ཁྱོན་ལ་དཔག་ཚད་གསུམ། རྒྱང་གྲགས་གསུམ། གཞུ་འདོམ་བརྒྱད་བརྒྱ་རེ་བཞི། མཐོ་གང། སོར་དྲུག་ནས་བདུན་ལྟག་ཙམ་འོང། དེ་ལ་སྔར་བཞིན་དྲུག་གིས་བགོས་པས། ཡུལ་གྱི་དབུགས་རེའི་ས་ཁྱོན་ལ་རྒྱང་གྲགས་གཉིས། གཞུ་འདོམ་སྟོང་ཆིག་བརྒྱ་ཞེ་བཞི་སོར་གསུམ། ནས་གཅིག་ལྷག་ཙམ་འོང། དེ་ལ་སྔར་བཞིན་བུག་མཁའ་མིག་བུག་ཡིད་ཀྱིས་བགོས་བས། ཡུལ་གྱི་བུག་སོགས་ཀྱིས་ཁྱོན་རེ་ལ། སོར་གསུམ་དང་། ནས་གཉིས་ལྷག་ཙམ་འོང་བ་ཡིན་ནོ། དེ་དག་གི་ཕྱིར་ན་གཉིས་པོ་དེ་ལས་སྔ་མ་དུས་ཀྱི་ཆུ་ཚོད་ཆུ་སྲང་དབུགས་རྣམས་ནི་དངོས་མིང་ཡིན་ལ། ཕྱི་མ་ཡུལ་གྱི་ཆུ་ཚོད་དང་ཆུ་སྲང་དབུགས་རྣམས་ནི་ཟླའོ་དུས་ཀྱིས་བཏགས་པས་བཏགས་མིང་གི་ཆུ་ཚོད་སོགས་ཡིན་གྱི་དངོས་མ་ཡིན་ཞིང་། ཡུལ་དུས་གཉིས་ཀའི་ཆ་ཤས་ནི་དུམ་བུའམ་ཡན་ལག་སྟེ་དངོས་མིང་གིས་བཏགས་པའོ། གསུམ་པ་བསྡུ་བ་ནི། དེ་ལྟར་གྲངས་དང་རི་མོ་ལ་ཐོག་མར་འཇུག་པའི་ཡན་ལག་མདོ་ཙམ་ཞིག་བཤད་པ་སྟེ། ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་ཀྱི་དོན་དུའོ། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། སྔོན་འགྲོ་བྱ་བའི་རིམ་པ་བཤད་པའི་སྐབས་ཏེ་དང་པོའི་འགྲེལ་པའོ། ཞེས་ལེའུའི་སྐབས་བསྡུས་སོ།། །།

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 11:25 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།