སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་ཉེར་གསུམ་པ། རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་ཉེར་གསུམ་པ། རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པ།

ད་ནི་སྐབས་ཉི་ཤུ་རྩ་གསུམ་པས་རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པ་ལ་སྦྱོར་དངོས་གཉིས་ལས། དང་པོ་ལའང་གཉིས་ཏེ། མཆོད་བརྗོད་དང་། དམ་བཅའོ། དང་པོ་ནི། ཤེས་བྱ་ཇི་ལྟ་བ་གཤིས་ཀྱི་ གནས་ལུགས་སྟོང་པ་ཉིད་དང་། ཇི་སྙེད་པ་སྣང་བ་སྣ་ཚོགས་པའི་ངོ་བོ་རྒྱུ་དང་འབྲས་བུའི་ཆོས་ཀུན་མ་འདྲེས་པར་སོ་སོར་མཁྱེན་པའི་ཡེ་ཤེས་མངའ་བས། ཕྱི་ནང་གི་སྣང་བ་བདེ་སྡུག་ལ་སོགས་པའི་འབྲས་བུ་འབྱིན་ནུས་ཀྱི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བའི་བླང་དོར་མ་ལུས་པ་ཀུན་སྟོན་པར་མཛད་པ་པོ་རྗེ་བཙུན་བླ་མའི་ཞབས་ལ་མགོ་བོས་འདུད་དོ། གཉིས་པ་ནི། བཏུད་ནས་ཅི་བྱ་ཞེ་ན། ད་ནི་རྩིས་ཀྱི་འབྲས་བུ་བསྟན་ཞེས་ཁས་བླང་ངོ་། གཉིས་པ་ལའང་བསྟན་བཤད་གཉིས་ལས། དང་པོ་ནི། ཚེས་དབྱངས་གཟའ་དང་སྐར་མ་དང་། ཞེས་སོགས་ཚིགས་སུ་བཅད་པ་གསུམ་གྱིས་མདོར་བསྟན་པའི་སྒོ་ནས་མཉན་པར་བསྐུལ་བའོ། གཉིས་པ་ལ་རབ་བྱེད་བཅུ་དགུ་ལས། དང་པོ་ཚེས་ཀྱི་བླང་དོར་སྟོན་པའི་རབ་བྱེད་ནི། ཐོག་མར་ཚེས་ཀྱི་སོགས་ཏེ། འདི་ལ་གསུམ། སྤྱིར་བསྟན་པ། སོ་སོར་བཤད་པ། ཚེས་འབྲས་ཐོར་བུ་བཤད་པའོ། དང་པོ་ནི། འཇམ་དཔལ་རྩ་བའི་ཞེས་སོགས་སོ། དེར་མ་ཟད་གཞན་ཡང་མདོ་རྒྱུད་རྣམས་སུ། ཡར་ངོ་དང་མར་ངོའི་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་དང་ཚེས་བཅུ་ལ་སོགས་པ་དུས་བཟང་པོ་རྣམས་ལ་དགེ་བའི་བྱ་བ་རྣམས་བཟང་བར་གསུངས་པ་དང་། ཁྱད་པར་རྒྱུད་འདིར་དགའ་བཟང་རྒྱལ་སྟོང་རྫོགས་པ་རྣམས་མཁའ་རླུང་མེ་ཆུ་སའི་ཁམས་ཡིན་པས་ཁམས་སོ་སོ་དང་མཐུན་པའི་ལས་བཞི་སོགས་བྱ་ཞིང་། ཟླ་བའི་ཕྱོགས་གཉིས་བསྐྱེད་སྡུག་ཀྱི་རིམ་པས་ཡར་ངོ་ལ་སྐྱེ་ཞིང་འཕེལ་བའི་ལས་དང་། མར་ངོ་ལ་འགོག་ཅིང་འགྲིབ་པའི་ལས་རྣམས་བྱ་བར་བཟང་བའམ་དོན་ལ་ཐོབ་གསུང་ངོ་གཉིས་པ་ནི། ཚེས་གཅིག་དོན་གཉེར་ས་ཁ་དབྱེ། ཞེས་པ་ནས། མི་རྟའི་ལུས་ཀུན་ཁྱབ་པར་གནས། ཞེས་པའི་བར་གྱིས་ཚེས་སོ་སོའི་བཟང་ངན་གྱི་བླང་དོར་མི་རྟའི་བླ་གནས་དང་བཅས་པ་བཏུས་པའོ། དེ་ལྟར་རྩ་བ་འདིར་བཀོད་པའི་བླ་གནས་རྩི་ལུགས་འདི་ནི་རིན་ཆེན་ཕྲེང་བའི་ལུགས་ཡིན་གྱི། ཁུངས་གང་ལ་བརྟེན་མ་ཤེས་སོ། དེ་ལྟ་མོད་ཀྱི། རྒྱུད་འགྲེལ་ལས་གསུངས་པ་ནི་འདི་ཡིན་ཏེ། རྒྱུད་ལས། མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་འགྲོ་སྟེ་ཚེས་ཀྱི་དབང་གིས་ཉ་ཡི་མཐར་ཡང་རང་གི་སེམས། སླར་ཡང་གཙུག་ཏོར་ནས་ནི་ནག་པོའི་ཕྱོགས་སུ་འདི་ནི་རྐང་པའི་སོར་མོ་རྣམས་སུ་འགྲོ་བར་འགྱུར། ཞེས་གསུངས་པས་སོར་ཚིགས་སོགས་གནས་སུམ་ཅུ་རྩ་གཉིས་པོ་རྣམས་སུ་ཁམས་རྣམས་ཡི་གེའི་རྣམ་པར་གནས་པ་ལ་ཚེས་ཀྱི་དབང་གིས་ནུས་པ་འཕོ་ལ། དེ་ཡང་ཡར་ངོ་སྔོན་འགྲོའི་དབང་དུ་བྱས་ན་རོ་བརྐྱང་གི་རྩའི་གནས་ཚུལ་གྱི་དབང་ལས་སྐྱེས་པའི་གཡོན་དང་བུད་མེད་ཀྱི་གཡས་ཕྱོགས་ནས་འགོ་བརྩམས་ཏེ། ཚེས་གཅིག་རྐང་པའི་སོར་ཚིགས་དང་པོ་ལ་ཡི་གེ་ཨཱཿ   གཉིས་པར་ཨིཿ  གསུམ་པར་རྀ། བཞི་པར་ལོང་བུར་ཨུཿ  ལྔ་པར་པུས་མོར་ལྀ། དྲུག་པར་དཔྱི་མཚམས་ཨ། བདུན་པར་ལག་སོར་དང་པོར་ཨེ། བརྒྱད་པར་གཉིས་པར་ཨར། དགུ་ལ་གསུམ་པར་ཨོ། བཅུ་པར་མཁྲིག་མའི་མཚམས་སུ་ཨལ། བཅུ་གཅིག་པ་ལ་གྲུ་མོར་ཧ། བཅུ་གཉིས་དཔུང་འགོར་ཡ། བཅུ་གསུམ་མགྲིན་པར་ར། བཅུ་བཞི་མཚོག་མར་ཝ། བཅོ་ལྔ་པ་དཔྲལ་བར་ལ། བཅོ་ལྔ་དང་བཅུ་དྲུག་གི་མཚམས་སུ་སྤྱི་བོར་ཨཾ། སླར་ཡང་བཅུ་དྲུག་ལྟག་པར་ལཱ། བཅུ་བདུན་པ་གཉའ་བར་བར་ཝཱ། བཅོ་བརྒྱད་སྙིང་གར་རཱ། བཅུ་དགུ་དཔུང་ཚིགས་སུ་ཡཱ། ཉི་ཤུ་གྲུ་མོར་ཧཱ། ཉེར་གཅིག་མཁིག་མར་ཨཱལ། ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ། ཉེར་གསུམ་གཉིས་པར་ཨཱར། ཉེར་བཞི་དང་པོར་ཨེཻ། ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ། ཉེར་དྲུག་ལ་པིས་མོར་ལཱྀ། ཉེར་བདུན་ལོང་བུར་ཨཱུ། ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ། ཉེར་དགུ་གཉིས་པར་ཨཱི། གནམ་གང་དང་པོར་ཨཱ། གནམ་སྟོང་དང་ཚེས་གཅིག་གི་མཚམས་སུ་རྐང་མཐིལ་དུ་ཨཱཿའི་གཟུགས་ཅན་ཏེ། འདི་དང་གོང་གི་སྤྱི་བོའི་ཨཾ་གྱི་ཚེ་ལུས་ཀུན་ཁྱབ་པས་ཤིན་ཏུ་གཉན་གསུང་ངོ་། གཞན་ཡང་ཧེ་རུ་ཀ་གལ་པོའི་བརྟག་པ་བཞི་པར། །ཡང་ནི་ཁུ་བ་གཡོན་སྐོར་དང་། །གཡས་སྐོར་གྱི་ནི་བྱེ་བྲག་གིས། །གནས་ནི་བཅུ་དྲུག་ལེགས་པ་ཡི། །རིམ་པས་སམ་ནི་ཀྲནྟི་བཤད། །མཐེ་བོང་ཉི་མ་དང་པོ་ལ། །མི་ཕྱེད་མ་ནི་ཡི་གེ་ཨ། །བྱིན་པ་ལ་ནི་གཉིས་པ་སྟེ། །ཕྲ་མོའི་ཚུལ་ནི་ཨཱ་རིང་པོ། །བརླ་ནི་གསུམ་པ་ཙེས་མ་ཨི། །གསང་བར་བཞི་པ་གཡོན་མར་ཨཱི། །ལྟེ་བ་ལྔ་པ་ཐུང་མ་ཨུ། །སྙིང་གར་དྲུག་པ་རུས་སྦལ་ཨཱུ། །ནུ་མར་བདུན་པ་སྒོམ་པ་རྀ། །མགྲིན་པར་བརྒྱད་པ་དབང་མ་རཱྀ། །ལག་མཐིལ་དགུ་པ་ཉེས་མ་ལྀ། །མཁུར་ཚོས་བཅུ་པ་མཇུག་མ་ལཱྀ། །མིག་ན་བཅུ་གཅིག་མོ་མ་ཨེ། །སྣ་རྩར་བཅུ་གཉིས་མཚན་མོ་ཨཻ། །དཔྲལ་བར་བཅུ་གསུམ་བསིལ་མ་ཨོ། །སྤྱི་བོར་བཅུ་བཞི་གཟི་བརྗིད་ཨཽ། །གཡས་དང་གཡོན་གྱི་དབུས་ན་ནི། །ཡོངས་སུ་གང་བའི་ཨཾ་དང་ཨཿ  དགའ་བྱེད་མ་དང་ཀུན་སྤངས་ཡིན། །གཡས་སུ་ཨཿདང་ཨཾ་གཉིས་ལ། །རོ་བཅུད་མ་དང་ཚང་མ་དང་། །ཚེས་གྲངས་བཅུ་དྲུག་དག་ལའོ། །བཅུ་བདུན་མགོ་གཡས་མདོག་སྔོན་ཨཽ། །བཅོ་བརྒྱད་སྣ་གཡས་སྤྱི་མ་ཨོ། །བཅུ་དགུ་མིག་གཡས་སྒྱུ་སྦྱིན་ཨཻ། །ཉི་ཤུ་འགྲམ་གཡས་སྦྱོར་བྲལ་ཨེ།  །ཉེར་གཅིག་གཡས་མཆུ་ལྕེ་མ་ལཱྀ། །ཉེར་གཉིས་སྐེ་ལ་གྲུབ་མ་ལྀ། །ཉེར་གསུམ་ལག་གཡས་འཚེད་མ་རཱྀ། །ཉེར་བཞི་ནུ་གཡས་ཡིད་གཟུགས་རྀ། །ཉེར་ལྔ་སྙིང་གཡས་སུམ་བསྐོར་ཨཱུ། །ཉེར་དྲུག་ལྟེ་གཡས་འདོད་མ་ཨུ། །ཉེར་བདུན་བརླ་གཡས་གཏུམ་བདག་ཨཱི། །ཉེར་བརྒྱད་ཆོས་འབྱུང་ཁ་མ་ཨི། །ཉེར་དགུ་བྱིན་པར་འཇིགས་མ་ཨཱ། །སུམ་ཅུ་རྐང་གཡས་བདུད་འཇོམས་ཨ། །ཟླ་གཅིག་གཡོན་དང་གཡས་སུ༌འགྲིམ། །ཞེས་གསུངས་སོ། དེ་བཞིན་སྡོམ་འབྱུང་དང་མཁའ་འགྲོ་རྒྱ་མཚོ་ལས་ཀྱང་དབྱངས་བཅུ་དྲུག་དང་སྦྱར་ཏེ་གསུངས་པ་དང་། སྲིད་པའི་གཏེར་ཁྱིམ་ལས་དུས་ཚོད་དང་སྦྱར་ཏེ་གསུངས་པ་སོགས་མང་སྟེ་འདིར་མ་སྤྲོས་སོ། གསུམ་པ་ལ་གཉིས་ཏེ། སྐྲ་ཚེས་དང་། ལམ་རྩིས་སོ། དང་པོ་ནི། བྱང་སེམས་སྐྲ་ཁྲུའི་སོགས་སོ། གཉིས་པ་ནི། ཇོ་བོས་མཛད་པར་སོགས་སོ། དེ་ལྟར་ན་ཚེས་ཀྱི་འབྲས་བུ་སོགས་ཏེ་རབ་བྱེད་དང་པོའི་འགྲེལ་པའོ།

གཉིས་པ་དབྱངས་འཆར་ལ་བརྟེན་ནས་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་དབྱངས་འཆར་སོགས་ཏེ། འདི་ལ་གཉིས། རྒྱུད་འགྲེལ་ལས་གསུངས་པ་དང་། ཞར་བྱུང་ལྷ་ཆེན་གྱི་བཞེད་པ་བཀོད་པའོ། དང་པོ་ལ་ལྔ་སྟེ། ཚེས་ལ་དབྱངས་འཆར་ཚུལ། དེ་ན་ཚོད་ལྔ་དང་སྦྱར་བ། དགའ་བ་སོགས་ལྔ་དང་སྦྱར་བ། དབྱངས་ཚེས་གཟའ་སྐར་རྣམས་འཕྲད་པའི་བླང་དོར། མ་བརྗོད་པ་གཞན་དུ་ཁ་འཕང་བའོ། དང་པོ་ནི། ཟླ་བ་སོ་སོའི་དཀར་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་རིམ་པ་བཞིན་དུ། ཨ་ཨི་སོགས་རང་བྱུང་གི་ཡི་གེ་ལྔ། ཨ་ཨེ་སོགས་ཡོན་ཏན་གྱི་ཡི་གེ་ལྔ། ཧ་སོགས་ཡ་ནའི་ཡི་གེ་ལྔ་སྟེ་ཐུང་ངུ་བཅོ་ལྔ་པོ་འཆར་རོ། ཡང་ཚེས་བཅུ་དྲུག་ནས་བཟུང་སྟེ་གནམ་སྟོང་གི་བར་ནག་ཕྱོགས་ལ་རིམ་བཞིན་དབྱངས་རིང་པོ་བཅུ་དྲུག་པོ་གོ་རིམ། ལཱ་ཝཱ་རཱ་སོགས་ལྡོག་པའི་ཚུལ་གྱིས་འཆར་རོ། གཉིས་པ་ནི། འཆར་བའི་དབྱངས་ནས་སོགས་ཏེ། དཔེར་ན་དཀར་པོའི་ཚེས་གཅིག་ལ་ལྟོས་ཏེ་དབྱངས་ཨ་ཡིག་བྱིས་པ་དང་།  ཨི་གཞོན་ནུ། རྀ་ལང་ཚོ། ཨུ་རྒན་པོ། ལྀ་ནུབ་པའོ། དེ་བཞིན་དུ་ཚེས་གཉིས་ལ་ཨི་བྱིས་པ་ཡིན་པ་སོགས་འགྲེའོ། གསུམ་པ་ནི། དེ་བསྟུན་དགའ་བཟང་སོགས་ཏེ། དབྱངས་ཐུང་རིང་ལུགས་འབྱུང་ལུགས་ལྡོག་གི་འཆར་བའི་ཚེས་རེ་ལ་དགའ་བ་སོགས་ལྔ་ཡོན་ཏན་གསུམ་གྱི་དབྱེ་བས་ཕྱོགས་གཉིས་ལ་ལན་གསུམ་རེ་འཁོར་ཏེ་འཆར་རོ། བཞི་པ་ལ་གཉིས་ཏེ། ཚེས་སྐར་གཟའ་གསུམ་འཛོམས་པས་དབྱངས་དེ་དང་དེའི་མིང་ཡིག་ཐོག་མ་ཅན་ལ་ངན་པ་དང་། གང་ངན་པའི་འབྲས་བུའོ། དང་པོ་ནི། དེ་ལྟར་སོགས་ཏེ། དགའ་བ་མིག་དམར་སྨིན་དྲུག་གསུམ། ཞེས་བྱ་བ་ལ་སོགས་པའོ། གཉིས་པ་ནི། ཐོག་མའི་མིང་ཡིག་སོགས་སོ། ལྔ་པ་ནི། གཞན་ཡང་རགས་པའི་སོགས་ཏེ། ཕྲ་བ་ཚེས་ལ་འཆར་ཚུལ་བཤད་པ་དེ་ལས་གཞན་རགས་པ་ནི། རྒྱུད་ལས། ཕྱོགས་དང་ཟླ་བ་བགྲོད་པ་དག་དང་། ལོ་དང་དྲུག་ཅུའི་ལོ་རྣམས་ལའང་འདིར་ནི་འཆར་བར་འགྱུར། ཞེས་གསུངས་པ་ལྟར་ཕྱོགས་ལ་འཆར་བ་ནི། ནག་པ་ནས་བརྩམས་ཏེ་ཟླ་བ་གཉིས་གཉིས་ལ་ཉིན་ཞག་དྲུག་ཅུ་རེ་སྟེ། དེ་དག་ལ་ཉིན་ཞག་བཅུ་གཉིས་རེ་ལ་ཨ་སོགས་དབྱངས་ལྔ་པོ་རྣམས་ལས་རེ་རེ་འཆར་བས་ལོ་རེ་ལ་དུས་དྲུག་ཏུ་བྱས་པའི་དུས་རེ་ལ་དབྱངས་ལྔ་རྫོགས་པར་འགྱུར་རོ། ཟླ་བ་ལ་འཆར་བ་ནི། ཞག་བདུན་ཅུ་རྩ་གཉིས་རེ་ལ་ཟླ་བར་བྱས་པའི་ཟླ་རེ་ལ་དབྱངས་རེ་རེ་འཆར་བས་ལོ་གཅིག་ལ་དབྱངས་ལྔ་ཚར་གཅིག་འཆར་རོ། བགྲོད་པ་ལ་འཆར་བ་ནི། ཟླ་བ་དྲུག་དྲུག་ལ་དབྱངས་རེ་འཆར་བས་ལོ་ཕྱེད་དང་གསུམ་ལ་དབྱངས་ལྔ་ཚར་རེ་རྫོགས་པས་ལོ་དྲུག་ཅུ་ལ་དབྱངས་ལྔ་ཚར་ཉི་ཤུ་རྩ་བཞི་འཁོར་རོ། ལོ་ལ་འཆར་བ་ནི། ལོ་རེ་ལ་དབྱངས་རེ་འཆར་བས་ལོ་ལྔ་ལ་དབྱངས་ལྔ་ཚར་རེ་དང་། ལོ་བཅུ་གཉིས་ཀྱི་དྲུག་ཅུ་སྐོར་རེ་རྫོགས་སོ། ལོ་དྲུག་ཅུ་ལ་འཆར་བ་ནི། ལོ་བཅུ་གཉིས་རེ་ལ་དབྱངས་རེ་རེ་འཆར་ཏེ་ལོ་དྲུག་ཅུ་ལ་དབྱངས་ལྔ་ཚར་གཅིག་རྫོགས་པར་འགྱུར་རོ། དེ་ལྟར་ན་དེ་དག་གི་དབྱངས་དང་པོ་འཆར་བ་ལ་དགའ་བ་སོགས་དང་བྱིས་པ་སོགས་སྔར་ཚེས་ལ་འཆར་བའི་སྐབས་སུ་བཤད་པ་ལྟར་སྦྱར་རོ། དེ་ལྟར་དབྱངས་འཆར་བ་དང་མཐུན་པར་གསལ་བྱེད་འཆར་ཚུལ་ཡང་ཤེས་པར་བྱ་སྟེ། ཀར་སེང་བུ་མོ་སྲང་སྡིག་གཞུ་སྟེ་ལྷོ་བགྲོད་ཀྱི་ཁྱིམ་ཟླ་དྲུག་ལ། ཙ། ཊ། པ། ཏ། ས་པ་ཉྤ་ཥ་ཤ་ྈྐ་རྣམས་ཀྱི་སྡེ་བ་དྲུག་པོ་རེ་རེ་ལའང་ལྔ་ལྔ་ཡོད་ལ། སྡེ་པ་རེ་རེ་ཞིང་ལྔ་པ་ནས་བགྲངས་པའི་ཡི་གེ་རེ་རེ་ལ་དབྱངས། ཨ་ཨི་རྀ་ཨུ་ལྀ་ཨཾ་སྟེ་དྲུག་དྲུག་སྦྱར་བས་སུམ་ཅུ་རེ་རེ་འབྱུང་བས་ཟླ་རེ་སྤྱོད་ལ། དེ་བཞིན་དུ་ཆུ་བུམ་ཉ་ལུག་གླང་འཁྲིག་སྟེ་བྱང་བགྲོད་དྲུག་ལ། སྶ། ཏྟ། པྤ། ཊྚ། ཙྩ། ཀྐ་སྟེ་སྡེ་བ་གོ་ལྡོག་ཉིས་བརྩེགས་དྲུག་པོ་རེ་རེ་ལའང་ཡི་གེ་ལྔ་ལྔ་ཡོད་པ་རེ་རེ་ཞིང་དང་པོ་ནས་བགྲངས་བའི་ཡི་གེ་རེ་རེ་ལ་དབྱངས། ཨཱཿ ལཱྀ་ཨཱུ་རཱྀ་ཨཱི་ཨཱ་རྣམས་སྦྱར་བའི་སུམ་ཅུ་པ་དྲུག་གིས་ཟླ་བ་རེ་རེ་སྤྱོད་པ་ཡིན་ཏེ། འདིར་ལྷོ་བགྲོད་ལ་དབྱངས་གསལ་ཐམས་ཅད་སྤྲོ་རིམ་དང་། བྱང་བགྲོད་ལ་སྡུད་རིམ་དུ་སྦྱར་བའོ། གཞན་ཡང་ཞག་རེ་ལ་ཡུད་ཙམ་སུམ་ཅུར་བྱས་ཤིང་། ཡུད་ཙམ་རེ་ལ་དབྱངས་གསལ་དེ་དག་འཆར་བ་སོགས་ཀྱང་གསུངས་ཏེ་མ་སྤྲོས་སོ། གཉིས་པ་ལྷ་ཆེན་གྱི་བཞེད་པ་ལ་གཉིས་ཏེ། དབྱངས་གསལ་ཚེས་ལ་འཆར་ཚུལ་དང་། ཕྱོགས་ལ་འཆར་ཚུལ་འབྲས་བུ་དང་བཅས་པའོ། དང་པོ་ལ་གསུམ་སྟེ། དབྱངས་འཆར་ཚུལ་གོང་དུ་བསྟན་པ་ལ་ཁ་འཕངས་ནས་བླང་དོར་བཤད་པ། གསལ་བྱེད་འཆར་ཚུལ། གནས་སྐབས་ལྔ་སོགས་དང་བྱར་བའོ། དང་པོ་ནི། དིང་སང་མཁས་པའི་ཞེས་སོགས་སོ། གཉིས་པ་ནི། གསལ་བྱེད་ང་ཉ་སོགས་སོ། གསུམ་པ་ནི། བྱིས་པ་སོགས་ཀྱི་གནས་སྐབས་ལྔ་དང་། འབྱུང་ལྔ་དང་། དེའི་ཡོན་ཏན་ལྔ་རྣམས་ཀྱང་ཕྱོགས་གཉིས་ལ་ལན་གསུམ་སྐོར་དུ་འཆར་ཞིང་། རང་ས་ནས་སོགས་བདུན་པར་ནུས་པ་ཡང་སྔར་དང་འདྲའོ། སྦས་པ་གསལ་བྱེད་ལས། ལྔ་ཚན་དང་པོ་ཛནྨ་སྟེ། གཉིས་པ་ཧ་ནི་ཞེས་བྱའོ། ལྔ་ཚན་གསུམ་པ་ཨནྟ་ཀ རིམ་པ་བཞིན་དུ་བཤད་པ་ཡིན། དེ་ཡི་འབྲས་བུ་མིང་གིས་གསལ། ཞེས་པའང་སྦྱར་ཞིང་། འབྲས་བུ་ནི། ཛནྨ་སྐྱེ་བ། ཧ་ནི་གནས་པ། ཨནྟ་ཀ་འཇིག་པའམ་མཐར་བྱེད་ཅེས་པའི་མིང་གིས་ཤེས་སོ། གཉིས་པ་ཕྱོགས་ལ་འཆར་ཚུལ་གྱི་བླང་དོར་ནི། ཨ་ཨི་ཨུ་ཨེ་ཨོ་ཡིག་རྣམས། ཞེས་སོགས་སོ། དེ་ལྟར་ན་ཚེས་ལ་དབྱངས་འཆར་སོགས་ཏེ་རབ་བྱེད་གཉིས་པའི་འགྲེལ་པའོ། གསུམ་པ་རེས་གཟའ་ལ་བརྟེན་པའི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་རེས་གཟའ་སོགས་ཏེ། འདི་ལ་གསུམ། སྤྱིར་བསྟན་པ། སོ་སོར་བཤད་པ། གཟའ་འབྲས་ཐོར་བུ་བསྟན་པའོ། དང་པོ་ལ་གསུམ་སྟེ། འཇམ་དཔལ་རྩ་རྒྱུད་ལས་གསུངས་པ། རྒྱུད་འབྲེལ་ལས་གསུངས་པ། ཁམས་ཀྱི་དབྱེ་བས་ལས་གང་འགྲུབ་པའོ། དང་པོ་ནི། འཇམ་དཔལ་རྩ་བའི་སོགས་ཏེ། དེ་ལས། འགྲོ་དང་སྦྱིན་སྲེག་གྲུབ་པ་ལ། ཚེས་གྲངས་གཟའ་ནི་དམ་པར་ལྡན། ཕུར་བུ་པ་སངས་ཟླ་བ་དང་། གཟའ་ལྷག་མཆོག་ནི་ལས་ཀུན་ལ། གཟའ་མཆོག་འདི་དག་རྟག་ཏུ་ནི། བཞི་པོ་ཚེས་དང་ལྡན་པ་ནི། ས་སྟེང་འཇིག་རྟེན་ཀུན་ཏུ་ནི། འགྲོ་བའི་ལས་ནི་འགྲུབ་པར་བྱེད། ཅེས་དང་། རབ་གནས་རྒྱུད་ལས་ཀྱང་། ཕུར་བུ་ལྷག་པ་པ་སངས་དང་། ཟླ་བའི་གཟའ་སོགས་ཤེས་བྱ་སྟེ། འདི་རྣམས་རང་བཞིན་གཟའ་ལྡན་ལས་བྱས་ན། རབ་ཏུ་གནས་པ་མཆོག་ཏུ་དགེ ཞེས་ཀྱང་གསུངས་སོ། གཉིས་པ་ནི། དུས་ཀྱི་འཁོར་ལོ་སོགས་ཏེ། དེ་ལས། དྲག་པོ་རྣམས་ཀྱིས་ཞི་བ་མིན་པ་བྱེད་ཅིང་མཆོག་ཏུ་བདེ་བྱེད་ཞི་བའི་རང་བཞིན་གཟའ་གང་དག ཅེས་གསུངས་པས་སོ། གསུམ་པ་ནི། གཞན་ཡང་གཡས་ནས་རྒྱུ་བའི་རླུང་ཞེས་སོགས་སོ། གཉིས་པ་ནི། དེ་ནས་སོ་སོའི་འབྲས་བུ་བཤད། ཅེས་པ་ནས། ལྟད་མོ་ཚོང་བྱ་ནོར་སྒྲུབ་སྤང་། ཞེས་པའི་བར་གྱིས་གཟའ་སོ་སོའི་རིགས་གཟུགས་བླ་གཟའ་ཁམས་ཁ་དོག་བླང་དོར་གྱི་འབྲས་བུ།  ཕྱོགས་དང་ཉིན་མཚན་དང་ཁྱིམ་ལ་སོགས་པའི་སྟོབས་ཏེ། ཕྱི་ནང་གི་རྒྱུད་དང་ནག་རྩིས་གོང་མའི་འབྲས་བཤད་རྣམས་ལས་བཏུས་ཏེ་བཀོད་དོ། གསུམ་པ་འབྲས་བཤད་ཐོར་བུ་ལ་གསུམ་སྟེ། དངོས་དང་། དབྱངས་འཆར་ལས་བཤད་པའི་ལམ་གྱི་འཁོར་ལོ། ནག་རྩིས་པའི་དར་གུད་སོགས་ཀྱི་འབྲས་བུའོ། དང་པོ་ནི། ཉི་མ་མིག་དམར་ཞེས་སོགས་སོ། གཉིས་པ་ནི། གཞན་ཡང་ཤར་ནས་སོགས་སོ། གསུམ་པ་ནི། གཟའ་རྣམས་སོ་སོའི་ཚེས་ལུགས་སོགས་སོ། འདི་ལ་མཁས་པ་དག་སྟག  གཟའ་རྣམས་འགྲོས་བཞི་གང་ལ་སྟོབས་ཆེ་བར་གསུངས་པ་དེ་དར་བ་དང་། དེའི་རིམ་པས་འགྲོས་ལྷག་མ་གསུམ་ལ་ཞུད་གུད་གྱོད་པ་སྦྱར་བར་བཞེད་དོ། གང་ལྟ་ནའང། ཞི་དྲག་གང་ལའང་དར་བ་བཟང་བ་ནི། དཔེར་ན་དྲག་ལས་ལ། རྗེ་བླ་མའི་གཏེར་བྱོན་འཇོམས་བྱེད་ལས། མིག་དམར་ལ་སོགས་དྲག་པོའི་གཟའཿ དར་ཚེ་ལས་སྦྱོར་བསྒྲུབ་པར་བྱ། ཞེས་གསུངས་པ་ལྟ་བུའོ། དེ་བཞིན་དུ་ཁྲོམ་རྩིས་ཀྱི་ལེའུ་བཅུ་དྲུག་པར་གཟའ་ཉི་མ་དང་མིག་དམར་དང་སྤེན་པ་དར་བ་ལ་དམག་ལས་བྱའོ། ཟླ་བ་དང་པ་སངས་དར་བ་ལ་བག་མ་བླང་ངོ་། ཕུར་བུ་དང་ལྷག་པ་དར་བ་ལ་ལྟད་མོ་དང་སྟོན་མོ་བྱའོ། ཞེས་སོ། དར་བ་ལའང་བྱར་མི་བཏུབ་པའི་སྤང་བྱ་དམིགས་བསལ་ནི། ཉི་མ་གནམ་སྒོ་དར་ཡང་ཤིད་མི་བྱ། ཟླ་བ་ཀླུ་སྒོ་དར་ཡང་ཧོམ་མི་སྤར། དམག་དཔོན་གྲི་གཟའ་དར་ཡང་གྲི་མི་འདུལ། ལྷག་པ་རབས་ཆད་དར་ཡང་དུར་མི་གདབ། ཕུར་བུ་ཤིང་གཟའ་དར་ཡང་ཟོར་མི་འཕེན། པ་སངས་ལྕགས་གཟའ་དར་ཡང་ཕྱུགས་མི་སྐྱེལ། སྤེན་པ་ས་གཟའ་དར་ཡང་ནོར་མི་གཏོང་། ཞེས་ནག་རྩིས་ཀྱི་གཞུང་ཁ་ཅིག་ལས་བཤད་དོ། དེ་ལྟར་ན་རེས་གཟའི་འབྲས་བུ་སོགས་ཏེ་རབ་བྱེད་གསུམ་པའི་འགྲེལ་པའོ།།

བཞི་པ་སྐར་མའི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་རྒྱུ་སྐར་ཞེས་སོགས་ཏེ། འདི་ལ་གསུམ་སྟེ། སྤྱིར་བསྟན་པ། སོ་སོར་བཤད་པ། གཟའ་སྐར་གྱི་དོན་བསྡུའོ། དང་པོ་ལ་བཞི་སྟེ།འཇམ་དཔལ་རྩ་རྒྱུད་ལས་གསུངས་པ། མདོ་སྟག་སྣ་ལས་གསུངས་པ། ལས་མཐུན་ཕྱོགས་སྡེབས་ཀྱི་འབྲས་བུ། ལམ་གྱི་ཕྱོགས་སོ། དང་པོ་ནི། འཇམ་དཔལ་རྩ་བའི་སོགས་ཏེ། རྒྱུད་དེ་ལས། ཐ་སྐར་སྣར་མ་གཉིས་དང་ནི། རྒྱལ་དང་ཁྲུམས་ནི་སྟོད་སྨད་གཉིས། ནམ་གྲུ་དང་ནི་ལྷ་མཚམས་དག བཟླས་པའི་དུས་སུ་རབ་ཏུ་བསྔགས། འདི་དག་ལ་ནི་སྔགས་རྣམས་འགྲུབ། གྲུབ་པའི་དོན་ཡང་སྟེར་བར་བྱེད། སྐར་མ་དག་ནི་འདི་དག་ལ། དཀྱིལ་འཁོར་ཉིད་ཀྱང་བྲི་བར་བྱ། ཞེས་གསུངས་པས་སོ། གཉིས་པ་ནི། སྟག་སྣའི་རྟོགས་བརྗོད་ཅེས་བྱ་བ་ལ་སོགས་པ་སྟེ། མདོ་དེ་ལས། གཞན་ཡང་རྒྱུ་སྐར་རྣམས་ཀྱི་མིང་གི་ལེའུ་བཤད་པར་བྱ་སྟེ། ཀྱཻ། པདྨའི་སྙིང་པོ་འདི་ལྟ་སྟེ། རྒྱུ་སྐར་བཞི་པོ་འདི་དག་ནི་བདེ་བར་བྱེད་པ་སྟེ། སྨད་གསུམ་དང་སྣར་མའོ། ཞེས་སོགས་གསུངས་པས་སོ། གསུམ་པ་ལས་མཐུན་ཕྱོགས་སྡེབས་ཀྱི་འབྲས་བུ་ལ་གཉིས་ཏེ། མི་བརྟན་འགྱུར་བ་སོགས་ཀྱི་འབྲས་བུ་དང་། ཁྲོམ་རྩིས་ལས་གསུངས་བའི་འབྲས་བུའོ། དང་པོ་ནི། ད་ནི་ལས་མཐུན་ཕྱོགས་སྡེབས་ཀྱི་ཞེས་སོགས་འདི་ནི་མན་ངག་སྣང་བ་ལས་གསུངས་པ་བཞིན་རིན་ཆེན་ཕྲེང་བར་ཡང་འགོད་པར་མཛད་ལ། འོན་ཀྱང་དེ་གཉིས་ལ་ཚིག་རེ་གཉིས་ཀྱི་ཁྱད་པར་སྣང་བས་གང་དག་དཔྱད་པར་བྱའོ། གཉིས་པ་ནི། ཁྲོམ་རྩིས་ལེའུ་བརྒྱད་ཅུ་པར་ཞེས་སོགས་ཏེ། འདི་ཡང་རིན་ཆེན་ཕྲེང་བ་ལྟར་བྲིས་ལ། འོན་ཀྱང་ཁོ་བོས་མཐོང་བའི་ཁྲོམ་རྩིས་ལེའུ་བརྒྱད་ཅུ་པ་དུས་ཕྱིས་ཁྱུང་པོས་འགྱུར་བཅོས་བྱས་པ་དེའི་ལེའུ་བཅུ་བདུན་པར། ཆུ་སྟོད་ཁྲུམས་སྨད་ལག་མེ་བཞི་ཞེས་དང་། འདི་ཡང་ནམ་གྲུ་ཆུ་སྨད་མགོ། ཞེས་པའི་རྐང་པ་གཉིས་པོ་འདི་དང་འདིའི་དོད་ཐུབ་ཀྱང་མེད་ཅིང་། བུ་སྐྱེས་ཞེས་པ་ལ་ཤིད་བྱས་ལོ་ནི་མི་འགོར་འཆི་ཞེས་པ་དང་། ནབས་སོ་དབྱུག་གུ་ས་རི་ཞེས་པའི་ས་རིའི་ཚབ་ཏུ་ལྷ་མཚམས་ཞེས་པ་འབྱུང་སྟེ་དཔེ་ཁུངས་མ་རྙེད་ན་དཔྱད་དོ། བཞི་པ་ལམ་ཞུགས་ཕྱོགས་གང་དུ་སྤང་བྱ་ནི། གཞན་ཡང་ལམ་ཞུགས་སོགས་སོ། གཉིས་པ་སོ་སོར་བཤད་པ་ནི། དེ་ནས་སོ་སོའི་འབྲས་བུ་བཤད། ཞེས་པ་ནས། བསླུས་བྱེད་གཙང་རྨེ་ཚུང་བར་འགྱུར། ཞེས་པའི་བར་རོ། སྐར་འབྲས་འདི་དག་ནི་མདོ་སྟག་སྣ་ལས། རྒྱུ་སྐར་སོ་སོའི་སྐར་མའི་གྲངས་དང་། དབྱིབས་དང་། ཡུད་ཙམ་གྱི་ཚད་དང་། ཁ་ཟས་དང་། ལྷ་དང་། རུས་དང་། ལས་བྱ་བའི་བླང་དོར་དང་། འཆར་བའི་འབྲས་བུ་དང་ཁྱིའུ་སྐྱེས་པའི་འབྲས་བུ་རྣམས་བཏུབ་པའི་སྟེང་དུ་རིན་ཆེན་ཕྲེང་བ་སོགས་འབྲས་རྩིས་ཁུངས་མ་གཞན་ནས་ཁ་བསྐང་སྟེ་བྲིས་ལ། དེར་མ་ཟད་ཉི་སྙིང་སོགས་མདོ་རྒྱུད་དང་རྒྱ་དཀར་ནག་གི་འབྲས་རྩིས་ཀྱི་གཞུང་ཁུངས་མ་མང་དུ་མཐོང་ཡང་ཐམས་ཅད་བསྡུ་བར་མ་ནུས་སོ། གཞན་ཡང་རྒྱུ་སྐར་ཉེར་བརྒྱུད་ཀྱི་ཞེས་སོགས་ནི་འབྱུང་རྩིས་པ་ལ་གྲགས་པའི་འབྲས་བཤད་དོ། གསུམ་པ་གཟའ་སྐར་གྱི་འབྲས་བུའི་དོན་བསྡུ་བ་ནི། མདོར་ན་གཟའ་དང་སྐར་མ་གཉིས། ཞེས་བྱ་བ་ལ་སོགས་པའོ། དེ་ལྟར་ན་སྐར་མའི་འབྲས་བུ་སོགས་ཏེ་རབ་བྱེད་བཞི་པའི་འགྲེལ་པའོ།

ལྔ་པ་འཕྲོད་ལ་བརྟེན་པའི་བླང་དོར་གྱི་རབ་བྱེད་ནི། གཟའ་སྐར་འཕྲད་པའི་ཞེས་སོགས་ཏེ། འདི་ལ་གཉིས་ཏེ། སྐར་རྩིས་པར་གྲགས་པའི་འཕྲོད་དང་། ནག་རྩིས་པ་ལ་གྲགས་པའི་འཕྲོད་དོ། དང་པོ་ལ་གཉིས། ཐུན་མོང་པ་དྲང་སྲོང་གི་ལུགས་དང་། ཐུན་མོང་མ་ཡིན་པ་རྒྱུད་འགྲེལ་གྱི་ལུགས་སོ། དང་པོ་ལ་གཉིས་ཏེ། གཟའ་སྐར་གྱི་འབྱུང་རྩིས་པའི་འཕྲོད་དང་། ཀུན་དགའ་དུས་དབྱིག་སོགས་ཀྱི་འཕྲོད་དོ། དང་པོ་ནི། ས་གཉིས་འཕྲད་པ་དངོས་གྲུབ་སྦྱོར། ཞེས་བྱ་བ་ལ་སོགས་པའོ། འདིར་མཁས་པ་དག དྲང་སྲོང་གི་ལུགས་ཀྱི་གཟའ་སྐར་འབྱུང་རྩིས་པའི་འཕྲོད་སྦྱོར་འདི་ལ་ཡིད་བརྟན་མི་སྣང་སྟེ། འདིར་བཤད་པའི་གཟའ་སྐར་གྱི་ཁམས་དང་མཐུན་པ་རེ་རེ་ཙམ་ལས་མི་སྣང་བའི་ཕྱིར་རོ། ཞེས་གསུངས་སོ། གཉིས་པ་ཀུན་དགའ་དུས་དབྱིག་ཏུ་གྲགས་པའི་འཕྲོད་སྦྱོར་གྱི་འབྲས་བུ་ནི། དེ་ནས་ཀུན་དགའ་ལ་སོགས་པ་ཞེས་སོགས་ཏེ། འཕྲོད་སྦྱོར་འདི་དག་ནི་དྲང་སྲོང་གཟའ་བདུན་གྱིས་བྱས་པས་ཕྱི་རོལ་པའི་རྩིས་ཡིན་ལ། ཁ་ཅིག འཕྲོད་འདི་རྣམ་དག་མ་ཡིན་ཏེ། རྒྱུད་འགྲེལ་ལས་གསུངས་པ་དང་འགལ་བའི་ཕྱིར་རོ། ཇི་ལྟར་ན། རྒྱུད་འགྲེལ་ལས་གསུངས་པའི་རྒྱལ་པུར་འགྲུབ་སྦྱོར་ལ། འདིར་བདུང་ལ་ནད་ཀྱི་འཇིགས་པ་འབྱུང་ཞེས་དང་། ཟླ་བ་གྲོ་ཞུན་གྱི་འགྲུབ་སྦྱོར་ལ། མདའ་ལ་སྣ་དང་ཡན་ལག་ཉམས། ཞེས་དང་། པ་སངས་སྣར་མའི་འཆི་སྦྱོར་ལ། གྲོགས་ཀྱིས་གྲོགས་དང་འཕྲད་པར་བྱེད། ཅེས་འབྱུང་བས་སོ་ཟེར་རོ། དེའི་ལན་ལ་ཁ་ཅིག་ན་རེ། དེ་ལྟར་ན་རབ་གནས་ཀྱི་རྒྱུད་ལས་གསུངས་པའི་གཟའ་ཚེས་ཀྱི་འཕྲོད་སྦྱོར་འདི་རྣམས་ཀྱང་རྣམ་དག་མ་ཡིན་ཏེ། རྒྱུད་དེ་ལས། བཅུ་དང་བཅུ་གཅིག་ལ་ཟླ་བ། ཞེས་བཟང་བར་བཤད་ལ། དུས་འཁོར་དུ་ཚེས་བཅུ་གཅིག་ལ་ཟླ་བ་བྱུང་ན་སྲེག་ཚེས་སུ་གསུངས་པའི་ཕྱིར་རོ། གཉིས་པ་ཐུན་མོང་མ་ཡིན་པ་རྒྱུད་འགྲེལ་ལས་གསུངས་པའི་འཕྲོད་སྦྱོར་གསུམ་ནི། ཐུན་མོང་མ་ཡིན་སོགས་ཏེ། འདི་ལ་གསུམ། གཟའ་སྐར་འཕྲད་པའི་འཕྲོད་འགྲུབ་སྦྱོར་དང་། འཆི་སྦྱོར། གཟའ་ཚེས་འཕྲད་པའི་འཕྲོད་སྲེག་ཚེས་སོ། དང་པོ་ནི། འགྲུབ་སྦྱོར་ཤར་བ་ན། ཞེས་སོགས་སོ། གཉིས་པ་ནི། འཆི་སྦྱོར་བདུན་པོ་གང་འཛོམ་དང་། ཞེས་སོགས་སོ། གསུམ་པ་ནི། སྲེག་ཚེས་བཅུ་བཞི་གང་ཤར་ཡང་ཞེས་བྱ་བ་ལ་སོགས་པའོ། གཉིས་པ་ནག་རྩིས་པ་ལ་གྲགས་པའི་འཕྲོད་སྦྱོར་ནི། གཞན་ཡང་སྲེག་སྦྱོར་ཞེས་པ་ནས། ཉི་མ་ཤིད་དང་བག་མ་འཛེམས། ཞེས་པའི་བར་རོ། འདིར་མཁས་དབང་ལྡུམ་པོ་བའི་གསུང་ལས། བདུད་ཉི། བདུད་རྒྱལ། འཇིགས་ཉི། མི་འཕྲོད་པའི་ཉི་མ། མི་མཐུན་པའི་ཉི་མ་རྣམས་ནི་ནག་རྩིས་ལས་བཤད་ལ། སྲེག་སྦྱོར་བཤད་པ་མ་མཐོང་གསུངས་སོ། དེ་ལྟར་ན་འཕྲོད་ཀྱི་འབྲས་བུ་སོགས་ཏེ་རབ་བྱེད་ལྔ་པའི་འགྲེལ་པའོ།

དྲུག་པ་སྦྱོར་བའི་བླང་དོར་གྱི་རབ་བྱེད་ནི། དེ་ནས་སྦྱོར་བ་སོགས་ཏེ་གསུམ། སོ་སོར་བྲང་སྤྲད་དེ་བཤད་པ། བཟང་ངན་ཕྱོགས་བསྡེབས་ནས་ངོས་བཟུང་བ། ངན་པ་སྤང་བའི་ཆུ་ཚོད་ཀྱི་གྲངས་སོ། དང་པོ་ནི། རྣམ་སེལ་ལམ་སེལ་མ་གཏོགས་ངན། ཞེས་སོགས་སོ། གཉིས་པ་ནི། སྤྱིར་ན་སྦྱོར་བ་ཉེར་བདུན་ལ། ཞེས་སོགས་སོ། གསུམ་པ་ནི། ཐོག་མའི་ཆུ་ཚོད་སྤང་བྱ་ལ། ཞེས་སོགས་ཏེ། འགྲེལ་ཆེན་ལས། འདིར་ཤིན་ཏུ་ལྟུང་བ་དང་། ཡོངས་འཛོམས་དང་། འཁོན་འཛིན་སྤངས་པའི་སྦྱོར་བ་ཐམས་ཅད་ནི་དགེ་བའི་བྱ་བ་ལ་ཤིས་པ་སྟེ། དེ་བཞིན་དུ་སེལ་བ་ལ་ཆུ་ཚོད་གསུམ་སྤང་བར་བྱའོ། ཟུག་རྔུ་ལའང་ལྔ་སྤང་བར་བྱའོ། སྐྲངས་པ་དང་ཤིན་ཏུ་སྐྲངས་པ་ལ་དྲུག་གོ། ཀུན་འཇོམས་དང་རྡོ་རྗེ་ལ་དགུའོ་ཞེས་པ་ནི་སྦྱོར་བ་མ་དག་པ་སྤོང་བའི་ངེས་པའོ། ཞེས་གསུངས་པས་སོ། དེ་ལྟར་ན་སྦྱོར་བ་ཉི་ཤུ་རྩ་བདུན་སོགས་ཏེ་རབ་བྱེད་དྲུག་པའི་འགྲེལ་པའོ།

བདུན་པ་བྱེད་པའི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་སོགས་ཏེ། འདི་ལ་འཕོ་བྱེད་བདུན་གྱི་འབྲས་བུ་དང་། རྟག་བྱེད་བཞིའི་འབྲས་བུ་གཉིས་ལས། དང་པོ་ནི། གདབ་པར་སྨན་སྦྱོར་རྒྱས་པའི་ལས། ཞེས་སོགས་རྐང་པས་དམན་པའི་ཚིགས་སུ་བཅད་པ་བདུན་ནོ། གཉིས་པ་ནི། རྟག་བྱེད་བཞི་ཡི་འབྲས་བུ་ནི། ཞེས་སོགས་རྐང་པ་གཉིས་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་སོ། དེ་ལྟར་ན། དེ་ཡི་བྱེད་པ་སོགས་ཏེ་རབ་བྱེད་བདུན་པའི་འགྲེལ་པའོ།

བརྒྱད་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བླང་དོར་སྟོན་པའི་རབ་བྱེད་ནི། རྟེན་འབྲེལ་སོགས་ཏེ། འདི་ལ་རྒྱུད་འགྲེལ་ལས་གསུངས་པའི་འབྲས་བུ་དང་། རྒྱུད་གཞན་ལས་གསུངས་པའི་འབྲས་བུའོ། དང་པོ་ནི། མ་རིག་རྣམ་ཤེས་སྐྱེ་མཆེད་དང་། ཞེས་སོགས་ཏེ། རྒྱུད་ལས། དེ་ལ་མ་རིག་པ་ལ་སོགས་པ་མི་མཉམ་པ་ཡང་བྱ་བ་ཀུན་ལ་དགེ་བར་འགྱུར་བ་སྟེ། གང་ཞིག་འདུ་བྱེད་ལ་སོགས་མཉམ་པ་རྟག་ཏུ་དབང་དང་བགྲོད་པ་བག་མ་རྣམས་ལ་དགེ་བ་མིན། ཞེས་དང་། འགྲེལ་ཆེན་ལས། གང་ཞིག་འདུ་བྱེད་ལ་སོགས་པ་མཉམ་པ་ནི་ཞི་བའི་བྱ་བ་ལ་མི་དགེ་བ་སྟེ། ཞེས་དང་། མཉམ་པ་ནི་དྲག་པོའི་ལས་ལ་ཤིས་པར་འགྱུར་རོ། ཞེས་སོ། གཉིས་པ་ནི། དེ་ནས་སོ་སོའི་འབྲས་བུ་བཤད། ཅེས་པ་ནས། ཤར་དང་ནུབ་ཏུ་དོན་གཉེར་སྤངས། ཞེས་པའི་བར་ཏེ། མཁའ་འགྲོ་རྒྱ་མཚོ་ལ་སོགས་པར། རྟེན་འབྲེལ་འཆར་ཚུལ་དང་། དེ་ལ་བརྟེན་ནས་སྐྱེ་བ་དང་། ལས་དང་། ཕྱོགས་དང་། རྐུན་པོ་དང་། ནད་པ་རྣམས་བརྟག་པ་དང་། གཞན་ཡང་མིག་འགུལ། རྣ་བ་འུར་བ། མགྲིན་པ་དང་། རྐན་སྤྱི་རྐང་ལག་སོགས་ལུས་ཀྱི་ཆ་ཤས་འགུལ་བ་དང་། འཕྲིག་པ་དང་། སྐྱི་གཡའ་བ་ལ་སོགས་པའི་ལྟས་ལ་བརྟེན་པའི་རྟེན་འབྲེལ་གྱི་མཚན་ལྟོས་མང་དུ་བཤད་པ་རྣམས་ལས། གཞུང་འདིར་ནི་ལས་དང་ཕྱོགས་ཀྱི་བླང་དོར་ཙམ་ཞིག་བཀོད་དོ། དེ་ལྟར་ན་རྟེན་འབྲེལ་ཡན་ལག་སོགས་ཏེ་རབ་བྱེད་བརྒྱད་པའི་འགྲེལ་པའོ།

དགུ་པ་ཉི་མ་བཅུ་གཉིས་ཀྱི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་ཉི་མ་སོགས་ཏེ། འདི་ལ་གཉིས། སོ་སོའི་འབྲས་བཤད་དང་། བདུན་ཟུར་ཕྱོགས་སྡེབས་ཀྱི་འབྲས་བུའོ། དང་པོ་ནི། སྟག་ལ་གཡག་ལོན་རབ་གནས་མཁར། ཞེས་པ་ནས། བག་མ་ནས་བང་ཁ་འབྱེད་ངན། ཞེས་པའི་བར་རོ། ཁྲོམ་རྩིས་ཀྱི་འཕྲོད་བྱེད་ཉི་མའི་ལེའུ་ལས། སྟག་གི་ཉི་མ་ལ་རབ་གནས་བྱ། ཡོས་ཉི་ལ་གླང་ལུག་གི་ལས། འབྲུག་ལ་ལྟད་མོ་དང་། སྦྲུལ་ལ་དམག རྟ་ལ་རྒྱལ་སར་འདོན་པ། ལུག་ལ་སྟོན་མོ། སྤྲེའུ་ལ་དར་འཕྱར་བ། བྱ་ཉི་ལ་ཇག ཁྱི་ཉི་ལ་ཧོམ་སྤར་བ། ཕག་ཉི་ལ་ཁྱིའུ་དགའ་སྟོན་རྣམས་ཀྱང་བཟང་བར་བཤད་དོ། གཉིས་པ་ནི། སྟག་སྤྲེལ་གཉིས་ལ་སོགས་ཏེ་འདི་ཡང་ཁྲོམ་རྩིས་ལས་འབྱུང་ངོ་། དེ་ལྟར་ན་ཉི་མ་བཅུ་གཉིས་སོགས་ཏེ་རབ་བྱེད་དགུ་པའི་འགྲེལ་པའོ།

བཅུ་པ་ས་བདག་ལ་སོགས་པའི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་སོགས་ཏེ། འདི་ལ་གཉིས། ས་བདག་ཐེབས་བཟློག་གི་འབྲས་བུ་དང་། གནམ་སྒོའི་འབྲས་བུའོ། དང་པོ་ལ། སོ་སོར་བཤད་པ་དང་། དོན་བསྡུ་བ་གཉིས་ལས། དང་པོ་ནི། ངམས་ཤིང་དགེ་བཤེས་ཆེ་འདོན་གྱི། ཞེས་པ་ནས། ཀླུ་ལྡོག་དུས་སུ་དེ་རྣམས་འཛེམས། ཞེས་པའི་བར་ཏེ། རྒྱ་ནག་གི་གཞུང་ཁུངས་མ་རྣམས་དང་རིན་ཆེན་ཕྲེང་བ་སོགས་ལས་བཏུས་སོ། གཉིས་པ་ནི། སྤྱིར་ན་ཉིན་ཚེས་ཞེས་སོགས་སོ། གཉིས་པ་ནི། དེ་ནས་གནམ་སྒོའི་འབྲས་བུ་ནི་ཞེས་སོགས་ཏེ། འདི་ནི་ཁྲོམ་རྩིས་ཀྱི་ཚེས་གྲངས་ངན་རླུང་གི་ལེའུ་འབྱུང་ངོ་། དེ་ལྟར་ན་ས་བདག་ཐེབས་བཟློག་སོགས་ཏེ་རབ་བྱེད་བཅུ་པའི་འགྲེལ་པའོ།

བཅུ་གཅིག་པ་འབྲས་རྩིས་སྣ་ཚོགས་སྟོན་པའི་རབ་བྱེད་ནི། དེ་ནས་ཉེ་བར་སོགས་ཏེ། འདི་ལ་གསུམ། ལོ་བཤད་ལ་དགོས་པའི་འབྲས་རྩིས། ཟླ་བཤད་ལ་དགོས་པའི་འབྲས་རྩིས། ཐོར་བུ་འགའ་ཞིག་བཤད་པའོ། དང་པོ་ལ་དྲུག་སྟེ། གནམ་ལོའི། ལོ་བདག་གིལོ་སྐར་གྱི། བྱེད་ལོའི། རྒྱལ་བློན་གྱི། སྨེ་བ་དབུས་ཞུགས་ཀྱི་འབྲས་བུའོ། དང་པོ་ལ་གཉིས་ཏེ། དུས་བསྟན་ལས་བཤད་པའི་ལོ་དྲུག་ཅུའི་འབྲས་བུ་དང་། ལོ་འབྲས་གཞན་མ་བརྗོད་པར་བསྟན་པའོ། དང་པོ་ནི། བྷ་ར་ཧ་མིས་བྱས་པ་ཡིས། ཞེས་པ་ནས། ཕྱུགས་ཉེས་སྤྱི་ལ་ངན་པར་བཤད། ཅེས་པའི་བར་རོ། གཉིས་པ་ནི། གཞན་ཡང་དྲང་སྲོང་ཕུར་བུས་བྱས་པའི་ལོ་དྲུག་ཅུའི་འབྲས་རྩིས་གུར་སྟོན་དཔལ་མཛེས་ཀྱིས་བསྒྱུར་བ་དང་། རྒྱ་ནག་གི་སྟག་སྣ་ཆེ་བ་མདོ་སྡེ་གསང་བར་གྲགས་པ་དང་། རྒྱ་ནག་སྟག་ཆུང་སོགས་ལོ་འབྲས་མང་དུ་མཐོང་མོད་ཀྱི། ཡི་གེ་མངས་ཀྱིས་དོགས་ནས་ཐམས་ཅད་གཞུང་འདིར་མ་བརྗོད་ཅིང་འགྲེལ་བས་ཀྱང་འགྲོལ་བའི་འབད་པ་མ་བྱས་ལ། སྤྲོ་ན་དེ་དག་ཏུ་བལྟ་བར་བྱའོ། གཉིས་པ་ལོ་བདག་གི་འབྲས་བུ་ནི། གྲུབ་མཐའི་ལོ་བདག་གཟའ་འབྲས་ནི། ཞེས་སོགས་ཏེ་དུས་བསྟན་ལས་བཏུས་པའོ། གསུམ་པ་ནི། དེ་ནས་ལོ་སྐར་འབྲས་བུ་ནི། ཞེས་སོགས་ཏེ། འདི་ཡང་དུས་བསྟན་ལས་སོ། བཞི་པ་ནི། དེ་ནས་བྱེད་པ་ལོ་བདག་ནི། ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནི་སྔོན་གྱི་དུས་འཁོར་བ་ཆེན་པོ་དག་གིས་གཞུང་ལས་འབྱུང་ངོ་། ལྔ་པ་ནི། དེ་ནས་རྒྱལ་བློན་འབྲས་བུ་ནི། ཞེས་སོགས་སོ། དྲུག་པ་ནི། སྨེ་བ་དབུས་ཞུགས་འབྲས་བུ་ནི། ཞེས་སོགས་སོ། གཉིས་པ་ཟླ་བཤད་ལ་དགོས་པའི་འབྲས་རྩིས་ལ་བཞི་སྟེ། ཁྱིམ་སླེབ་ཀྱི་གཟའ་འབྲས།བུམ་སྟོང་གི་འབྲས་བུ། རྀ་ཥིའི་འབྲས་བུ། དེ་བ་ཨུ་མའི་བཞེངས་བཞུགས་ཀྱི་འབྲས་བུའོ། དང་པོ་ནི། གཞན་ཡང་ཁྱིམ་སླེབ་གཟའ་འབྲས་ནི། ཞེས་སོགས་སོ། གཉིས་པ་ནི། དེ་ནས་གཞན་ཡང་བརྗོད་པར་བྱ། ཞེས་སོགས་ཏེ། དེ་གཉིས་ཀ་གཡུལ་རྒྱལ་བ་ལ་གྲགས་སོ། གསུམ་པ་ནི། རྀ་ཥི་འཆར་བའི་ཞེས་སོགས་ཏེ་མདོ་ཙམ་མོ། བཞི་པ་ནི། དེ་ནས་དབང་ཕྱུག་མཇལ་འཕྲད་ཀྱི་ཞེས་སོགས་ཏེ། དེ་ཡང་དབྱངས་འཆར་ཀྱི་མན་ངག་གོ། གསུམ་པ་ཐོར་བུའི་འབྲས་རྩིས་ནི། ད་ནི་ཐོར་བུ་སོགས་ཏེ། འདི་ལ་གསུམ། རབ་གནས་བྱ་བའི་རྩིས། སྒྲུབ་མཆོག་བྱ་བའི་རྩིས། ལས་བཞི་བྱ་བའི་འབྲས་རྩིས་སོ། དང་པོ་ནི། རབ་གནས་ཞེས་སོགས་ཏེ་རིག་པ་མཆོག་གི་རྒྱུད་ཀྱི་ཚིག་སྣ་ཅུང་ཟད་བསྡུས་ཏེ་བཀོད་པའོ། གཉིས་པ་ནི། དཀྱིལ་འཁོར་སྒྲུབ་མཆོད་བྱ་བའི་དུས་ཞེས་སོགས་སོ། ཁྱད་པར་སྒྱུ་འཕྲུལ་རྒྱས་པ་ལས་ཞེས་སོགས་ཀྱིས་ཚེས་བརྒྱད་དང་སྐར་མ་རྒྱལ་ལ་མཆོག་ཏུ་གསུངས་ཤིང་། ཧེ་རུ་ཀ་གལ་པོའི་རབ་གནས་ཀྱི་བརྟག་པར་ཡང། དང་པོ་སྐར་མ་རྒྱལ་ཞུགས་ལ། ཞེས་དང་གཞན་ཡང་རྗེ་བླ་མའི་གཏེར་བྱོན་འཇོམས་བྱེད་ལས། ཚེས་གཅིག་བརྒྱད་དང་བཅོ་ལྔ་སོགསཿ ཟླ་བ་སྐྱེ་དུས་གཟའ་ཕུར་བུཿ དར་ཚེ་སྒྲུབ་པ་མཆོག་ཏུ་ཤིསཿ ཞེས་ཡར་ངོའི་ཚེས་གཅིག་སོགས་དང་གཟའ་ཕུར་བུ་དར་བ་ལ་བཟང་བར་གསུངས་སོ། གསུམ་པ་ནི། གཞན་ཡང་ལས་བཞིའི་འབྲས་བུ་ཞེས་སོགས་སོ། དེ་ལྟར་ན་ལོ་ཟླ་ཞག་སོགས་མ་ཕྱེ་བའི་སོགས་ཏེ་རབ་བྱེད་བཅུ་གཅིག་པའི་འགྲེལ་པའོ།

བཅུ་བཉིས་པ་གཟའ་ལྔ་གཙོ་བོར་གྱུར་པའི་གཟའ་རྣམས་ཀྱི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་གཟའ་ལྔའི་སོགས་ཏེ། འདི་ལ་བརྒྱད་དེ། ནུབ་པའི་དུས་སྦྱོར་ལ་གཟའ་ཤར་བའི་འཕྲོད། སྐྱེས་སྐར་ལ་གཟའ་འཕྲད་པའི་འཕྲོད། གདེངས་ཅན་གྱི་འཁོར་ལོ། གཟའ་འཕྲད་པ་དང་ཕྱིར་བཟློག་ལ་སོགས་པའི་འབྲས་བུ། སྐྱེས་ཁྱིམ་ཞིང་བདག་གི་འབྲས་བུ། ཕན་ཚུན་རྩོད་པའི་ཚུལ། སྟོབས་ཀྱི་ཁྱད་པར། སྟོབས་བཞིའི་འཁོར་ལོ་བཤད་པའོ། དང་པོ་ནི། ཏཏྐཱལ་ཡི་དུས་སྦྱོར་རམ་དེ་ལས་གཡས་བསྐོར་ཞེས་སོགས་ཏེ། འགྲེལ་ཆེན་ལས། འཆར་བའི་དུས་སྦྱོར་དང་། འཆར་བ་ལས་བདུན་པའི་དུས་སྦྱོར་ལ་གལ་ཏེ་དུས་མེ་ཡོད་ན་ཞེས་སོགས་གསུངས་པའི་དོན་ནོ། གཉིས་པ་ནི། བརྩི་བྱའི་སྐྱེས་བུ་དེ་ཉིད་ཀྱི་ཞེས་སོགས་ཏེ། འདིར་མཁས་མཆོག་ཁ་ཅིག་སྟག་ཚངཊཱི་ཀ་བྱེད་པ་དག་གིས་འཕྲོད་ཀྱི་དགུ་ཚན་གཅིག་ཉིད་ལ་སྦྱར་མོད་ཀྱི། དེ་ལྟ་ན་དགུ་ཚན་འོག་མ་གཉིས་བཀོད་པ་དོན་མེད་དུ་འགྱུར་བས་དགུ་ཚན་གཉིས་ཀའི་གཉིས་པ་གསུམ་པ་སོགས་ལ་བརྩི་བར་བྱའོ། ཞེས་གསུངས་སོ། གསུམ་པ་གདེངས་ཀའི་འཁོར་ལོ་ལ་གསུམ་ལས། འཁྱོགས་པོ་བཞི་པའི་སྤྲུལ་ནི། རྩ་གསུམ་ལྡན་པའི་གདེངས་ཅན་ནི། འཁྱོགས་པོ་བཞི་པ་བཀོད་བྱས་ལ། ཞེས་སོགས་ཏེ། འདིར་རྒྱུད་འགྲེལ་ལས། ནད་པ་དང་རྩོད་པའི་བརྟག་པ་ལས་མ་གསུངས་ཀྱང་། ཁྱོ་ཤུག་དཔོན་གཡོག་འདུ་བ་སོགས་ནི་དབྱངས་འཆར་དང་བསྟུན་པའོ། འཁྱོག་གསུམ་པ་ནི། རྩ་གསུམ་ལྡན་པ་འཁྱོགས་གསུམ་པའི། ཞེས་སོགས་ཏེ་འགྲེལ་ཆེན་ལས། ཟླ་བ་གནས་ན་གང་ཐོག་མར་གཡུལ་གྱི་སར་ཞུགས་པ་དེ་རྣམ་པར་རྒྱལ་བར་འགྱུར་རོ། རྩའི་ཕྱི་རོལ་གྱི་རྒྱུ་སྐར་གསུམ་པོ་རྣམས་ལ་ཟླ་བ་གནས་ན་གང་ཕྱི་ནས་ཞུགས་པ་དེ་རྣམ་པར་རྒྱལ་བར་འགྱུར་རོ། ཞེས་སོ། འདི་གཉིས་ཟླ་བ་སོགས་ཏེ། འཁྱོགས་པོ་གསུམ་པ་དང་གཉིས་པའི་གདེངས་ཅན་འཁོར་ལོ་གཉིས་པོ་འདི་གཟའ་ལྔའི་འབྲས་བུ་མིན་ཀྱང་རྒྱུད་ལས་འཁྱོགས་བཞི་པ་དང་མཉམ་པོར་གསུངས་པ་བཞིན་འདིར་ཡང་མཉམ་དུ་བྲིས་ཤིང། གདེངས་ཀའི་འཁོར་ལོ་གསུམ་པོ་དེ་ལ་རྒྱུ་སྐར་བཀོད་ཚུལ་ནི་གཞུང་བཀླགས་པས་འགྲུབ་ཅིང་དཔེའུ་རིས་ཀྱང་བཀོད་ཡོད་པས་རྟོགས་སླ་བའི་ཕྱིར་མ་སྤྲོས་སོ། བཞི་པ་གཟའ་འཕྲད་པ་ལ་སོགས་པའི་འབྲས་བུ་བརྗོད་པར་བྱ་བ་ལས། སངས་ཕུར་གཉིས་ཉི་མ་ལ་ནུབ་པའི་འབྲས་བུ་ནི། པ་སངས་དང་ནི་ཞེས་སོགས་ཏེ། དེར་མ་ཟད་མཆོག་དགར། པ་སངས་དང་ཕུར་བུ་ཉི་མ་ལ་ནུབ་ན་རྒྱུ་འགྲུལ་དང་ལྟད་མོ་ལ་སོགས་གང་ཡང་མི་བྱའོ་ཞེས་གསུངས་སོ། ཡང་མདོ་སྡེ་མིག་བཅུ་གཉིས་པར་གསུངས་པའི་གཟའ་འཕྲད་པ་ལ་སོགས་པའི་འབྲས་བུ་བཏུས་པ་ནི། ཟླ་བའི་ཟུར་དང་ཕུར་བུ་འཕྲད། ཅེས་བྱ་བ་ལ་སོགས་པའོ། དེ་ནས་གཞན་ཡང་ཕྱིར་ལྡོག་ཅེས་སོགས་ཏེ། ཁྱིམ་གཅིག་ཏུ་བསྡད་པ་དང་ཕྱིར་ལྡོག་པའི་འབྲས་བུ་ནི། མིག་དམར་ཁྱིམ་གཅིག་བསྡད་པ་ནི། ཞེས་སོགས་སོ། ཡང་གཟའ་ཚོགས་པའི་འབྲས་བུ་ནི། པ་སངས་ཕུར་བུ་ཁྱིམ་གཅིག་ཏུ་ཚོགས་ན་ཞེས་བྱ་བ་ལ་སོགས་པའོ། ལྔ་པ་སྐྱེས་ཁྱིམ་ཞིང་ལས་ཀྱི་འབྲས་བུ་ནི། གཞན་ཡང་མིག་དམར་སེང་གེའི་ཁྱིམ། ཞེས་སོགས་བཀླགས་པས་གྲུབ་ལ། འདིར་མཇུག་རིང་གི་ཞིང་ཀརྐ་ཊར་བྱས་པ་ནི་ཁོ་ཟླ་བའི་རིགས་ཅན་ཡིན་པས་ཟླ་བའི་ཞིང་ལ་སྤེན་པ་ཞུགས་ན་རྩོད་པ་རྟོགས་པའི་ཆེད་དེ་མཇུག་རིང་གི་སྒོས་ཀྱི་ཞིང་ཡིན་པའི་གསལ་ཁ་མ་གསུངས་སོ། དྲུག་པ་རྩོད་ཚུལ་ནི། མིག་དམར་དང་ནི་གཟའ་ལྷག་གཉིས། ཞེས་སོགས་སོ། བདུན་པ་སྟོབས་ཀྱི་ཁྱད་པར་ལས། བགྲོད་པ་གང་ལ་སྟོབས་ཆེ་བ་ནི། བྱང་བགྲོད་ཉི་མ་ཞེས་སོགས་སོ། འགྲོས་བཞི་གང་ལ་སྟོབས་ཆེ་བ་ནི། ལྷག་པ་ཕུར་བུ་མྱུར་འགྲོས་ལ་ཞེས་སོགས་སོ། ཉིན་མཚན་གང་ལ་སྟོབས་ཆེ་བ་ནི། ཉི་ཕུར་སངས་གསུམ་ཞེས་སོགས་སོ། ཕྱོགས་གང་ལ་སྟོབས་ཆེ་བ་ནི། ཕུར་སངས་དཀར་པོའི་ཕྱོགས་ལ་ཞེས་སོགས་སོ། ཁྱིམ་གང་ལ་སྟོབས་ཆེ་བ་ནི། ཟླ་སངས་གླང་སོགས་ཞེས་སོགས་སོ། དེ་ལྟར་སོགས་ཏེ་འདི་དག་གི་འབྲས་བུ་གཞན་ཡང་མཐོང་མོད་ཀྱི་ཡི་གེས་འཇིགས་སོ། བརྒྱད་པ་སྟོབས་བཞིའི་འཁོར་ལོ་ནི། གཞན་ཡང་སྟོབས་བཞིའི་སོགས་ཀྱི་འཁོར་ལོ་འགོད་པ། གཟའ་རྣམས་གང་དུ་ཞེས་སོགས་ཀྱིས་འབྲས་བུ་བསྟན་པ་སྟེ། དབང་ཕྱུག་གི་གཞུང་ལས། སྐར་མ་དགེ་དང་མི་དགེ་བ། མ་ལུས་པ་ནི་རྟོགས་པར་བྱེད། །ཐུར་མ་བདུན་པའི་འཁོར་ལོ་སྟེ། །ངེས་པའི་འབྲས་བུ་སྟོན་པ་ཡིན། །ཤར་ནས་ནུབ་ཏུ་རི་མོ་བདུན། །ལྷོ་ནས་བྱང་དུའང་དེ་བཞིན་ཏེ། །ཐད་ཀར་གདོང་ཚུགས་འབྱུང་བས་ན། །ཤ་ལ་ཀ་ཞེས་གྲགས་པ་ཡིན། །སུམ་ཅུ་དྲུག་གི་རི་མིག་ཅན། །སྨིན་དྲུག་ནས་ནི་བྲ་ཉེའི་བར། །ཤར་ནས་བརྩམས་པའི་སྦྱོར་བ་ཡི། །ཉི་ཤུ་རྩ་བརྒྱད་རིམ་བཞིན་བྲི། །ཆེ་ཞེས་དེ་ལ་སྡིག་པའི་གཟའ། །ལྷན་ཅིག་གནས་ཏེ་འཁྱུད་པ་ནི། །དེ་ཡི་ཐད་ཀའི་སྐར་མ་ལས། །མ་རུངས་གདོང་ནི་ཟུག་པར་ངེས། །འཁྱུད་པའི་མདུན་མ་སོལ་བ་སྟེ། །རྒྱབ་ཏུ་དུ་བ་བཙུན་མོ་ཀྱེ། །དེ་ཡི་ནུས་པ་དེ་ཙམ་སྟེ། སྔོན་དུ་ཤེས་བྱ་ལྷ་སྲས་མོ། །སོལ་བ་འཁྱུད་པ་དུ་བ་གདོང་། །སྟོབས་བཞིའི་འཁོར་ལོ་ཞེས་བྱའོ། །ཞེས་འབྱུང་ངོ་ །དེ་ལྟར་ན་གཟའ་ལྔའི་སོགས་ཏེ་རབ་བྱེད་བཅུ་གཉིས་པའི་འགྲེལ་པའོ། །

བཅུ་གསུམ་པ་དུས་སྦྱོར་གྱི་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་དུས་སྦྱོར་སོགས་ཏེ། འདི་ལ་གཉིས། འཆར་བའི་དུས་སྦྱོར་གྱི་འབྲས་བུ་དང་། དྲིས་དབྱངས་ཀྱི་འབྲས་བུའོ། ད་ངཔོ་ལ་གཉིས་ཏེ། རྒྱུད་ལས་གསུངས་པ་དང་། དབྱངས་འཆར་བ་ལ་གྲགས་པའི་འབྲས་བུའོ། དང་པོ་ལ། བརྟན་གཡོའི་དུས་སྦྱོར་བརྟག་པ་དང་། དྲི་ཚིག་ལ་བརྟག་པའོ། དང་པོ་ནི། ལུག་དང་ཀརྐ་རྚ་སོགས་ཀྱིས་བརྟན་གཡོ་བར་མ་གསུམ་ངོས་བཟུང་བ་སྟེ། རྡོ་རྗེ་མཁའ་འགྲོའི་ཉེར་བདུན་པ་ལས་ཀྱང་། ལུག་དང་སྲང་དང་ཀརྐ་ཊ། ཆུ་སྲིན་དག་ནི་གཡོ་བར་བརྗོད། སྡིག་པ་བུམ་པ་སེང་གེ་དང་། ཁྱུ་མཆོག་དག་ནི་བརྟན་པ་སྟེ། ཉ་དང་གཉིས་སྦྱོར་གཞུ་དང་ནི། བུ་མོ་རྣམས་ནི་འདྲེས་མའོ། ཞེས་གསུངས་པ་ལྟར་རོ། བརྟན་པ་བཞི་ལ་སོགས་ཀྱིས་དེ་དག་གི་འབྲས་བུ་བསྟན་ཏེ། འགྲེལ་ཆེན་ལས། འདིར་འདྲི་བའི་དུས་སུ་གཡོ་བ་རྣམས་ཀྱིས་བྱ་བ་མྱུར་དུ་འགྲུབ་བོ། བརྟན་པ་རྣམས་ཀྱིས་བརྟན་པའོ། གཉིས་ཀྱི་རང་བཞིན་རྣམས་ཀྱིས་བྱ་བ་འབྲིང་པོའོ། ཞེས་གསུངས་པས་སོ། གཉིས་པ་ནི། ལུག་སོགས་དུས་སྦྱོར་བཅུ་གཉིས་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་འདིར་དུས་སྦྱོར་མཁན་པོ་ལ་ཕོ་ཉས་འདྲི་བའམ་ལས་གང་གི་འགོ་རྩོམ་པ་དེའི་ཚེ། འཆར་བའི་དུས་སྦྱོར་རེ་རེ་ལའང་ཆུ་ཚོད་ལྔར་བྱས་པའི་རེ་རེབཞིན་འབྱུང་བ་ལྔ་དང་དེ་ལ་ཤར་བའི་བདག་པོའི་གཟའ་ལྔ་སྦྱར་ཏེ་གཞུང་བཞིན་ལུང་སྟོན་ནོ། འདི་ནི་འགྲེལ་ཆེན་ལས། སྣ་བུག་གཡས་གཡོན་གྱི་རླུང་རྒྱུ་བ་ལ་བརྟག་པར་གསུངས་ཀྱང་། རླུང་སྦྱོར་མི་ཤེས་པ་རྣམས་ལ་མི་མཁོ་བར་བསམ་ནས་འདིར་ཁྱིམ་དང་སྦྱར་ལ། གལ་ཏེ་སྣའི་རླུང་ལ་བརྟག་པར་འདོད་ན། འདྲི་དུས་སྣའི་ཞེས་སོགས་ཏེ། ལུག་སོགས་དྲུག་ལ་སྣ་སྣ་བུག་གཡོན་དང་། གླང་སོགས་དྲུག་ལ་གཡས་ནས་རྒྱུ་བ༌ཡིན་ཏེ། འགྲེལ་ཆེན་ལས། དེ་བཞིན་དུ་ཟླ་བ་དྲུག་ལ་ཟླ་བ་དབང་ལྡན་དུ་འགྱུར་ཏེ་བྱང་དུ་ལུག་དང་འཁྲིག་པ་དང་སེང་གེ་དང་སྲང་དང་གཞུ་དང་བུམ་པའི་ཁྱིམ་ལ་གཡོན་གྱི་རྩའི་ཟླ་བ་ཁུ་བའི་ཁམས་བདག་པོའོ། ལྷོར་གླང་དང་ཀརྐ་ཊ་དང་བུ་མོ་དང་སྡིག་པ་དང་ཆུ་སྲིན་དང་ཉའི་ཁྱིམ་དུ་ཉི་མ་རྡུལ་གྱི་ཁམས་བདག་པོར་འགྱུར་རོ། ཞེས་གསུངས་པས་སོ། གཞན་ཡང་གདན་བཞི་དང་རྡོ་རྗེ་མཁའ་འགྲོ་སོགས་སུ་དུས་སྦྱོར་གྱི་འབྲས་བུ་མང་དུ་སོང་ཀྱང་ཡི་གེས་འཇིགས་ཏེ་མ་སྤྲོས་སོ། གཉིས་པ་དབྱངས་བ་ལ་གྲགས་པ་ནི། གཞན་ཡང་སོགས་ཏེ། རྐྱང་འབྲས་དང་དུམ་དྲུག་གི་བྱེད་ལས་སོ། དང་པོ་ནི། ལུག་གི་དུས་སྦྱོར་ཤར་མ་ཐག ཅེས་སོགས་ཆག་འགྱུར་ཚིགས་བཅད་དུ་བསྡེབས་པའོ། གཉིས་པ་ནི། དུམ་དྲུག་དུས་སྦྱོར་བྱེད་ལས་བཤད་ཅེས་བྱ་བ་ལ་སོགས་པའོ། དེ་ལ་སོགས་པའི་སྤྲོས་པ་ཞེས་སོགས་ཏེ། དབང་ཕྱུག་གིས་རྒྱས་པར་བཤད་མོད་ཀྱང་འདིར་མ་སྤྲོས་སོ། གཉིས་པ་ནི། གཞན་ཡང་དྲིས་པའི་དབྱངས་གྲངས་ལས་ཞེས་སོགས་ཏེ། འདྲི་བྱེད་ཕོ་ཉས་བརྗོད་པའི་དབྱངས་ཏེ་སྤྱིར་བཏང་ལ་ཚེག་བར་བགྲང་ཞིང་། དམིགས་བསལ་དུ་ངའི་མགོ་ཞེས་པ་ལྟ་བུའི་དྲུག་སྒྲ་རྣམས་ཀྱི་གྱི་གི་ལྟ་བུ་དྲུག་སྒྲ་གཞན་དང་དོན་སོ་སོར་སྟོན་པ་ལ་ཁྱད་མེད་པས་ཐ་དད་དུ་བགྲང་ལ་གཡས་གཡོན་གྱི་དཀྱིལ་འཁོར་བཅུས་བསྒྱུར། དུས་སྦྱོར་བཅུ་གཉིས་བསྲེ། དུས་སྦྱོར་འཆར་བའི་ཆུ་ཚོད་ལྔས་བསྒྱུར། མཚན་མ་མཁན་པོ་མ་གཏོགས་པའི་དྲུང་གི་སྐྱེ་བོའི་གྲངས་བསྣན་གཟའ་བདུན་གྱིས་དོར་ལྷག་ལ་འབྲས་བུ་བརྟག་པའོ། དེ་ལྟར་ན་དུས་སྦྱོར་འབྲས་བུ་སོགས་ཏེ་རབ་བྱེད་བཅུ་གསུམ་པའི་འགྲེལ་པའོ།།

བཅུ་བཞི་པ་དུས་ལྷ་འཆར་བའི་རབ་བྱེད་ནི། དེ་ནས་དུས་ལྷ་སོགས་ཏེ། འདི་ལ་བཞི་སྟེ། རྣལ་འབྱོར་མ་བརྒྱད་འཆར་བའི་རྩིས། བིཥྚི་འཆར་བའི་རྩིས། དྲག་པོ་འཆར་བའི་རྩིས། མཐུན་བྱེད་སྒྲ་གཅན་འཆར་བའི་རྩིས་སོ། དང་པོ་ལ་གཉིས་ཏེ། རྒྱུད་འགྲེལ་ལས་གསུངས་པ་དང་། དབང་ཕྱུག་གི་བཞེད་པ་བཀོད་པའོ། དང་པོ་ནི། རྣམ་འབྱོར་མ་བརྒྱད་འཆར་ཚུལ་ནི། ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། འདི་ནི་རྒྱུད་ལས། ཚངས་མ་དྲག་མོ་གཞོན་ནུ་མ་དང་ལག་འགྲོའི་བདག་མོ་ཞེས་སོགས་གསུངས་པའི་དོན་ནོ། གཉིས་པ་ནི། དབང་ཕྱུག་གིས་ནི་ཤར་ནས་བཟུང་། ཞེས་སོགས་ཏེ་བཀླག་པས་གྲུབ་བོ། འདིར་བརྩི་བྱའི་མིང་ཡིག་ཤར་ན་ཡོད་ཚེ་ཕྱོགས་གཉིས་ཀྱི་ཚེས་གཅིག་ལ་རང་ཕྱོགས་ནས་ནུབ་ཏུ་འགྲོ་བ་དགེ་བ་སོགས་ཀྱང་སྦྱར་དགོས་ཏེ། གཞུང་དེ་ལས། མིང་གི་ཡི་གེ་དབྱངས་ལ་སོགས། གཅིག་དང་དགུ་ལ་རང་ཕྱོགས་དགེ། ཞེས་སོགས་འབྱུང་བས་སོ། གཉིས་པ་ལའང་གཉིས་ཏེ། རྒྱུད་འགྲེལ་གྱི་དགོངས་པ་དང་། དབྱངས་འཆར་བའི་འདོད་པའོ། དང་པོ་ནི། དེ་ནས་བིཥྚི་འཆར་ཚུལ་བཤད་བཅས་སོགས་ཏེ། རྒྱུད་ལས། བིཥྚི་རྣམས་ནི་དཀར་པོའི་ཕྱོགས་ལ་ཞེས་སོགས་ཀྱི་དོན་ནོ། མཁས་པ་ཁ་ཅིག བིཥྚི་ཚེས་ལ་རྒྱུ་བའི་སྒྲ་གཅན་ཡིན་ལ་ནག་རྩིས་པའི་གཞུང་དུ་ས་བདག་ཟིན་ཕིང་ནག་པོ་རྒྱུ་བ་ཞེས་པ་ཡིན་ཟེར་བ་ནི་བྱུང་རྒྱལ་དུ་སྨྲས་པར་ཟད་ཀྱི། ངེས་པའི་བློ་རྩེ་གཏད་སོ་ཡོད་པ་མ་མཐོང་ངོ་། གཉིས་པ་ནི། གཞན་ཡང་གཡུལ་ལས་རྣམ་པར་རྒྱལ་ལས་ཞེས་སོགས་ཀྱིས་ཚེས་གང་ལ་ཕྱོགས་སོ་སོ་ནས་མིང་ཐ་དད་པས་འཆར་ཚུལ་ལོངས་སྤྱོད་དང་བཅས་པ་བཤད་དོ། གསུམ་པ་ནི། དྲག་པོ་འཆར་བའི་ངེས་པ་ནི་ཞེས་བྱ་བ་ལ་སོགས་པས་ཕྱོགས་བརྒྱད་ནས་ཁྱིམ་ཕྱེད་དང་གཉིས་གཉིས་ཀྱི་བར་ལ་འཆར་ཏེ། རྒྱུད་ལས། དྲག་པོ་ཤར་ནས་གཞན་ཕྱེད་དུ་འགྲོ་ཞེས་སོགས་ཀྱི་དོན་ནོ། ཐང་སྟོན་གྱིས། འདི་ལ་རྒྱུད་གཞན་དུ་ས་བདག་ལྟོ་འཕྱེ་ཞེས་ཀྱང་ཟེར་ཞེས་སྨྲ་བ་ནི་མི་འཐད་པར་མཁས་པ་སྔ་མ་རྣམས་ཀྱིས་བཀག་ཟིན་པས་དེ་དག་ལ་ཡིད་འདུན་པར་བྱའོ། བོད་སྔ་དག་དྲག་པོ་སྒྲ་གཅན་ལ་འདོད་པའང་གྱི་ན་རེ། དེ་ལྟར་ན་སྒྲ་གཅན་གྱིས་ལོ་གཅིག་ལ་སྐར་ཁྱིམ་འཁོར་བ་དང་། གཡོན་སྐོར་གྱིས་ཁྱིམ་ལ་སྤྱོད་དགོས་པ་སོགས་གནོད་བྱེད་ཆར་ལྟར་འབབ་པར་འགྱུར་རོ། གཞན་ཡང་དྲག་པོ་འཆར་བའི་སོགས་ཏེ། འགྲེལ་ཆེན་ལས། ཟླ་བའི་དྲག་པོ་དང་། ཕྱོགས་ཀྱི་དྲག་པོ་དང་། ཉིན་ཞག་གི་དྲག་པོ་དང་། དུས་ཀྱི་དྲག་པོ་དང་རྣམ་པ་དྲུག་ནི་དོན་མེད་པ་སྟེ། དེས་ན་མ་གསུངས་སོ། ཞེས་གསུངས་པས་གཡུལ་རྒྱལ་དུ་དྲག་པོ་འཆར་ཚུལ་གྱི་རྩིས་མང་དུ་བཤད་ཀྱང་འདིར་མ་བརྗོད་དོ། བཞི་པ་ལའང་གཉིས་ཏེ། རྒྱུད་འགྲེལ་གྱི་དགོངས་པ་དང་། དབྱངས་འཆར་བའི་འདོད་པའོ། དང་པོ་ནི། དེ་ནས་ཐུན་ཕྱེད་སྒྲ་གཅན་ནི། ཞེས་སོགས་ཏེ། ཉིན་མོ་མཐུན་ཕྱེད་པ་བརྒྱད་དང་མཚན་མོ་བརྒྱད་དུ་བྱས་ནས་ཐུན་རེ་ལ་རྒྱུ་ལ་རྒྱུ་བའི་ཕྱོགས་ནི། ཐུན་དང་པོ་ལ་ཐོག་མའི་འགོ་རེས་གཟའ་གང་སྤྱོད་པའི་ཕྱོགས་ནས་གཡོན་འཁོར་དུ་སྐོར་བ་རྣམ་པ་ཐམས་ཅད་པའོ། འོན་ཀྱང་སྤེན་པའི་རེས་ལ་མཚན་མོ་མཇུག་རིང་གི་ཐོབ་སྐལ་རྩི་བ་ནི། ནང་ལེའི་འགྲེལ་ཆེན་ལས། འདིར་ཕྱོ་རོལ་དུ་རེས་གཟའ་བདུན་དང་བརྒྱད་པ་ནི་རིགས་ལྡན་གྱི་ལོངས་སྤྱོད་དོ། བརྒྱད་པོ་དེ་དག་ནི་ལུས་ཀྱི་སྙིང་གའི་པདྨའི་འདབ་མ་བརྒྱད་པོ་རྣམས་ལ་འགྱུར་ཏེ། ཤར་གྱི་འདབ་མ་ལ་ཉི་མའོ། མེར་ཟླ་བའོ། ལྷོར་བཀྲ་ཤིས་སོ། བདེན་བྲལ་དུ་གཟའ་ལྷག་པའོ། ཆུར་ཕུར་བུའོ། རླུང་དུ་པ་སངས་སོ། ལུས་ངན་དུ་སྤེན་པའོ། དབང་ལྡན་དུ་རིགས་ལྡན་གྱི་ལོངས་སྤྱོད་ལ་མཇུག་རིང་སྟེ། ལོངས་སྤྱོད་ཕྱེད་གཞན་ནི་སྒྲ་གཅན་ནོ། ཞེས་གསུངས་པའི་ཤུགས་ཀྱིས་བསྟན་པར་གོང་མ་དག་བཞེད་དོ། འདི་དང་སྟོབས་མཚུངས་ཞེས་སོགས་ནི་དུས་ལྷ་གཞན་ལས་འདི་ཉིད་སྟོབས་ཆེ་བར་བསྟན་པ་སྟེ། རྒྱུད་ལས། དཔལ་ལྡན་རྩ་བའི་སྒྲ་གཅན་དོར་ནས་རླུང་དག་ལས་ཀྱང་འདིར་ནི་རྣམ་པར་རྒྱལ་བར་འགྱུར། ཞེས་རྩ་བའི་སྒྲ་གཅན་གྱི་ནུས་པ་ལ་མ་བརྟགས་པར་འདི་ཁོ་ན་དང་བསྟུན་པས་ཀྱང་རྒྱལ་བར་གསུངས་པས་སོ། གཉིས་པ་ནི། གཞན་ཡང་དབང་ཕྱུག་འདི་སྐད་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཟླ་སྟོད་ཉིན་གཡས་སྐོར་དང་མཚན་མོ་གཡོན་སྐོར། ཟླ་སྨད་དེ་ལས་ལྡོག་པ་སོགས་གཞུང་ཉིད་ཀྱིས་ཆེས་གསལ་ལོ། དེ་ལྟར་ན་རང་རང་དུས་རྒྱུ་བའི་ཞེས་སོགས་ཏེ་རབ་བྱེད་བཅུ་བཞི་པའི་འགྲེལ་པའོ། 

བཅོ་ལྔ་པ་འཐབ་མོའི་སྟོབས་ཀྱིས་བླང་དོར་སྟོན་པའི་རབ་བྱེད་ནི། དེ་ནས་གཡུལ་རྒྱལ་ཞེས་སོགས་ཏེ། དམག་དཔོན་གྱི་མིང་ལ་བརྟག་པ། སའི་སྟོབས་ལ་བརྟག་པ། རྫོང་གི་འཁོར་ལོའོ། དང་པོ་ལ་གསུམ་སྟེ། མིང་དབྱངས་ཀྱི་གྲངས་ལ་བརྟག་པ། རིང་ཐུང་ལ་བརྟག་པ། དབུགས་འབྱིན་འཇུག་ལ་བརྟག་པ། སྔ་ཕྱིའི་བརྗོད་པ་ལ་བརྟག་པའོ། དང་པོ་ནི། ཐོག་མར་མིང་ལ་སོགས་སོ། གཉིས་པ་ནི། གལ་ཏེ་གྲངས་ཙམ་ཞེས་སོགས་སོ། གསུམ་པ་ནི། དབུགས་ནི་ནང་དུ་ཞེས་སོགས་སོ། བཞི་པ་ནི། ཕོ་ཉས་བརྗོད་པའི་ཞེས་སོགས་སོ། དེ་དག་ཀྱང་འགྲེལ་ཆེན་ལས། དབྱངས་དམན་འཐབ་མོ་པ་ནི་མཉམ་པའི་གཡུལ་མཚན་མའི་ཞེས་སོགས་གསུངས་པའི་དོན་ནོ། གཡུལ་རྒྱལ་ལས་ཀྱང་རྒྱན་གྱི་འཁོར་ལོ་དང༌། གཟའི་རིགས་དང༌། ཁ་དོག་དང༌། དབྱངས་ལ་བརྟག་པ་སོགས་མང་དུ་འབྱུང་ཡང་རྒྱུད་འགྲེལ་ལས་བཀག་པའི་ཕྱིར་གཞུང་འདིར་མ་བཀོད་དོ། གཉིས་པ་སའི་སྟོབས་བརྟག་པ་ལ་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ནས་ས་སྟོབས་བརྟག་པ་ནི་ཞེས་སོགས་སོ། གཉིས་པ་ལ་བཞི་སྟེ། གཟའ་དང་དུས་ལྷ་ལ་བརྟེན་པ། སྐྱེས་སྐར་ལ་བརྟེན་པ། དབྱངས་གསལ་ལ་བརྟེན་པ། རྩ་བའི་སྒྲ་གཅན་གྱི་དུས་བསྟན་པའོ། དང་པོ་ནི། ཉི་དམར་མཇུག་རིང་སྤེན་པ་སྟེ་ཞེས་སོགས་ཏེ། རྒྱུད་ལས། ཉི་མ་མིག་དམར་མཇུག་རིང་སྤེན་པ་གཡས་སམ་རྒྱབ་ཏུ་ཞེས་སོགས་གསུངས་པའི་དོན་ནོ། གཉིས་པ་ནི། གཞན་ཡང་རང་གི་ཞེས་སོགས་སོ། གསུམ་པ་ནི། མིང་ཡིག་འཆར་ཞིང་ཞེས་སོགས་སོ། བཞི་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། ཁྱད་པར་རྩ་བའི་སོགས་སོ། གཉིས་པ་ནི། རྒྱུ་སྐར་ཉི་ཤུ་རྩ་བདུན་ལ། ཞེས་སོགས་ཏེ། ལེགས་པར་བརྟགས་ཏེ། རང་ཉིད་ལྟོ་བ་ལ་གནས་ནས་བལྟ་བ་ལ་གདོང་ཕྱོགས་ཏེ་ཟོར་གཏོར་འཕེན་པ་དང་གཡུལ་སྤྲོད་པ་སོགས་བྱས་ན་དུས་མེ་གཡས་དང་གདོང་གཡོན་དུ་སོང་བས་རང་ཉིད་རྣམ་པར་རྒྱལ་བར་འགྱུར་ཏེ།  རྒྱུད་ལས། དུས་ནི་འཐབ་མོའི་ས་ལ་མི་བདག་རྣམས་ཀྱི་གཡས་དང་གལ་སྟེ་གཡས་མིན་དག་ལ་མུན་ཅན་གྱུར། གཡུལ་དུ་ལྷ་ཡི་མགོན་པོ་དག་ནི་འཕྲོག་བྱེད་དྲག་པོ་དང་བཅས་མི་རྣམས་ཀྱིས་ཀྱང་འཇོམས་པར་འགྱུར། ཞེས་གསུངས་སོ། དེ་ཡང་མཚན་མོ་ནི་གདོང་མཇུག་བརྩིས་པའི་མིག་སྐར་དང་ཉིན་མོ་ནི་ཉི་དག་གི་སྐར་མ་ངེས་པར་བྱས་ནས་སྐར་ཁོངས་བཙལ་བས་ཤེས་ལ། དེང་སང་བྱ་སླ་བའི་ཆེད་དུ་རྩ་བར་བཀོད་པའི་འཁོར་ལོ་ལ་བརྟག་པར་མཛད་པས། དེའི་ཁ་བྱང་ནི། དུས་ཚོད་སྟེང་དུ་ཉི་སྐར་བཞག གདོང་མཇུག་བརྩིས་པའི་སྐར་མ་ཡང༌། གང་ཡོད་སྟེང་དུ་བཞག་བྱས་པས། མདེའུའི་རྩེ་ཐད་ཐེབས་ཕྱོགས་ཡིན། ཞེས་བྱའོ། སའི་སྡོད་སྟོབས་ཀྱིས་དེ་ལྟར་མ་བདེ་བའི་ཚེ་དིང་སང་གི་རྩིས་པ་ཁ་ཅིག་ཐེབས་ལོག་སོགས་ཏེ། བལྟ་བ་ལ་རྒྱབ་བསྟན་ཏེ་ལྟོ་བ་ལ་ཕྱོགས་པས་མདའི་སྟོང་ལ་ཁ་བསྟན་ནས་ལས་བརྩམས་ཀྱང་སྐྱོན་མེད་ཟེར་བ་ནི་མི་རིགས་ཏེ། རྒྱུད་ལས་བལྟ་བའི་སོགས་ཏེ། དྲངས་མ་ཐག་པའི་དུས་ནི་འཐབ་མོའི་སོགས་ཀྱི་ལུང་དེ་དང་འགལ་བའི་ཕྱིར་རོ། གལ་ཏེ་གདོང་མཇུག་གང་རིགས་ལ་ཁ་བལྟས་སོགས་ཏེ་གཉིས་ཀ་ལ་མི་དགེའོ། དེ་ལྟར་བརྟག་ནས་སོགས་ནི་བརྩིས་པའི་ཕན་ཡོན་ནོ། གསུམ་པ་ནི། བིཥྚི་དྲག་པོ་སོགས་ཏེ། རྒྱུད་ལས་རྣལ་འབྱོར་མ་དང་བིཥྚི་དྲག་པོ་གཟའ་ཚོགས་དང་བཅས་དབྱངས་ནི་འཆར་བ་དག་དང་བཅས་གྱུར་པ། དེ་རྣམས་ཐམས་ཅད་སྤང་ནས་རྒྱལ་རིགས་རྣམས་ཀྱིས་སྲིད་གསུམ་རྣམ་རྒྱལ་གཅིག་པུ་བཟུང་བར་བྱ་བ་སྟེ། གང་གི་ཉི་མ་ཟླ་བ་ཟ་ཞིང་སྐབས་གསུམ་པ་དག་འཇིགས་བྱེད་དྲག་པོའི་གཟུགས་ཅན་མིག་སྨན་མདོག ཅེས་གསུངས་པས་སོ། གསུམ་པ་རྫོང་གི་འཁོར་ལོ་ལ་གཉིས་ཏེ། བྱིས་པ་སྐྱོང་གི་རྫོང་གི་འཁོར་ལོ་དང༌། སྦྲང་རྩི་སྐྱོང་གི་རྫོང་གི་འཁོར་ལོའོ། དང་པོ་ནི། གཞན་ཡང་རྫོང་གི་འཁོར་ལོ་ནི། གྲུ་བཞི་ར་བ་སོགས་ཀྱིས་ཙཀྲ་འགོད་ཚུལ། དམག་དཔོན་སྐྱེས་མིང་སོགས་ཀྱིས་རྩི་ཚུལ་དང་འབྲས་བུ་བསྟན་པའོ། གཉིས་པ་ནི། གཞན་ཡང་རིམ་པ་གསུམ་ལྡན་གྱིས་ཞེས་སོགས་ཀྱིས་ཙཀྲ་འགོད་ཚུལ། རཱ་ཧུ་གང་དུ་གནས་པ་བརྟག་ཅེས་སོགས་ཀྱིས་རྩི་ཚུལ་དང་འབྲས་བུ་བསྟན་ནོ། དེ་སོགས་སྤྲོས་པ་སོགས་ཏེ། ས་སྟོབས་དང་རྫོང་ལ་མཁོ་བའི་བུམ་པའི་འཁོར་ལོ་སོགས་དབྱངས་འཆར་ལས་འབྱུང་མོད་ཀྱི་འདིར་ནི་མདོ་ཙམ་མོ། དེ་ལྟར་གཡུལ་རྩིས་སྟོབས་ཀྱིས་སོགས་ཏེ་རབ་བྱེད་བཅོ་ལྔ་པའི་འགྲེལ་པའོ། །

བཅུ་དྲུག་པ་ཉི་ཟླ་གཟའ་འཛིན་གྱི་འབྲས་བུ་སྟོན་པའི་རབ་བྱེད་ནི། དེ་ནས་ཉི་ཟླ་སོགས་ཏེ། འདི་ལ་ལྔ། འཇམ་དཔལ་རྩ་རྒྱུད་ཀྱི་ལུགས། མདོ་སྟག་སྣའི་ལུགས། མིག་བཅུ་གཉིས་པའི་ལུགས། རྒན་རྩིས་པའི་ལུགས་ལ་དཔྱད་པ། མ་བརྗོད་པ་ཁ་འཕངས་པའོ། དང་པོ་ནི། འཇམ་དཔལ་རྩ་བའི་རྒྱུད་ལས་ནི། ཞེས་བྱ་བ་ལ་སོགས་པའོ། གཉིས་པ་ནི། སྟག་སྣའི་རྟོགས་བརྗོད་མདོ་སྡེ་ལས་ཞེས་བྱ་བ་ལ་སོགས་པའོ། གསུམ་པ་ནི། མདོ་སྡེ་རེའུ་མིག་བཅུ་གཉིས་པར། ཞེས་བྱ་བ་ལ་སོགས་པའོ། བཞི་པ་ནི། སྔ་རབས་རྒན་པོའི་བཞེད་པ་ལ། ཞེས་སོགས་ཏེ། དང་པོའི་ཞག་ལ་ཆར་བབས་ན། ཞེས་སོགས་ཀྱི་བརྟག་པ་དེ་དྲང་སྲོང་གི་ལུགས་ཡིན་པས་འཇམ་དཔལ་རྩ་རྒྱུད་ཀྱི་ལུགས་སུ་འདོད་པ་དགག་པའོ། ལྔ་པ་ནི། གཞན་ཡང་དུས་བསྟན་ཞེས་བྱ་བ་ལ་སོགས་པའོ། དེ་ལྟར་ན་གཟའ་འཛིན་སོགས་ཏེ་རབ་བྱེད་བཅུ་དྲུག་པའི་འགྲེལ་པའོ། །

བཅུ་བདུན་པ་ལྟས་སྣ་ཚོགས་པའི་འབྲས་བུ་སྟོན་པའི་རབ་བྱེད་ལ་གཉིས་ཏེ། ས་གཡོ་བའི་ལྟས་དང༌། གློ་བུར་གྱི་ལྟས་སོ། དང་པོ་ལའང་གསུམ་སྟེ། འཇམ་དཔལ་རྩ་རྒྱུད། མདོ་སྟག་སྣ། མིག་བཅུ་གཉིས་པའི་ལུགས་སོ། དང་པོ་ནི། དེ་ནས་ས་གཡོས་འབྲས་བུ་བཤད། ཅེས་བྱ་བ་ལ་སོགས་པའོ། གཉིས་པ་ནི། སྟག་སྣའི་མདོ་ལས་བཤད་ཚུལ་ནི། ཞེས་བྱ་བ་ལ་སོགས་པའོ། གསུམ་པ་ནི། མིག་བཅུ་གཉིས་པའི་མདོ་སྡེ་ལས་ཞེས་བྱ་བ་ལ་སོགས་པའོ། གཞན་ཡང་དུས་བསྟན་དང༌། རྒྱ་ནག་སྟག་སྣ་གཉིས་ཀྱི་ལེའུ་བཅུ་དྲུག་པ་སོགས་ས་གཡོས་ཀྱི་འབྲས་བུ་སྟོན་པའི་གཞུང་མང་དུ་མཐོང་སྟེ་བྲི་བར་མ་ནུས་སོ། གཉིས་པ་གློ་བུར་གྱི་ལྟས་ནི། གཞན་ཡང་གློ་བུར་ལྟས་བཤད་བྱ། ཞེས་བྱ་བ་ལ་སོགས་པ་སྟེ། འདིར་རྡོ་རྗེ་དང༌། འཆི་ལྟས་དང༌། དུད་པ་དང༌། གནམ་ལྕགས་སོགས་མཐོང་བ་ངན་པར་གསུངས་པ་དེ་ནི་རྒྱུད་ཉིད་ཀྱི་གླེང་གཞིར་གཟའི་བྱེ་བྲག་ཏུ་གསུངས་པས་མི་དགེ་བའི་རྟགས་སུ་སྐར་ཡན་གྱི་རྣམ་པར་འཆར་བ་ཡིན་ཞེས་གསུང་ཞིང༌། ལྷ་དང་ལྷ་མིན་འཐབ་པ་འཇིག་རྟེན་ནས་མཐོང་བར་གསུངས་པ་ཡང༌། མཁས་པའི་དབང་པོ་དག དྲུག་ཅུ་སྐོར་དགུ་པའི་ཆུ་སྦྲུལ་ཟླ་བ་དགུ་པའི་ཚེས་བརྒྱད་ཀྱི་མཚན་མོ་གཟའ་སྐར་ཐམས་ཅད་སྐར་མདའི་ཚུལ་དུ་ནམ་མཁའ་ལ་འཁྲུགས་པ་བྱུང་སྟེ། ལྷ་དང་ལྷ་མིན་འཐབ་པ་ན་ལྷ་འཕམ་དུ་ཉེ་སྟེ་རྒྱལ་ཆེན་རིགས་བཞི་པ་ཐམས་ཅད་གཡུལ་དུ་འཇུག་པ་ཡིན་པ་འདྲ་ཞེས་གསུངས་ལ། རྒྱ་ནག་གི་གཞུང་ཐེམས་ཡིག་བརྒྱད་ཅུ་པར་ནི། སྐར་མདའ་མང་པོ་འཁྲུགས་ན་བོད་ལ་ཐན་པ་ཆེན་པོ་འོང༌། ཞེས་གསུངས་སོ། གཞན་རྣམས་ནི་གོ་སླའོ། རྒྱས་པར་འཇམ་དཔལ་རྩ་རྒྱུད་དང༌། ཞེས་སོགས་ཏེ། འཇམ་དཔལ་རྩ་རྒྱུད་དང་མིག་བཅུ་གཉིས་པའི་མདོ་སྡེ་སོགས་མདོ་རྒྱུད་ཚད་ལྡན་རྣམས་དང༌། མདོ་སྡེ་གསང་བ་དང་ཐེམས་ཡིག་སོགས་རྒྱ་རྩིས་པའི་གཞུང་ལྷད་མེད་རྣམས་ནས་ཀྱང་ལྟས་ཀྱི་བྱེ་བྲག་མང་དུ་གསུངས་ཀྱང་ཡི་གེ་མངས་ཀྱི་དོགས་ནས་འདིར་མ་བྲིས་ཤིང༌། གཞན་ཡང་གརྒའི་ལྟས་དང་དུས་བསྟན་སོགས་ཕྱི་རོལ་པའི་ལྟས་ཀྱི་གཙུག་ལག་ཀྱང་མང་དུ་མཐོང་སྟེ། འགྲེལ་ཆེན་གྱི་འཐབ་མོ་པའི་སྟོབས་གསུངས་པའི་སྐབས་ལས། གཟའ་སྐར་ལ་སོགས་པའི་འབྲས་བུའི་ཟོལ་གྱིས་དྲང་སྲོང་རྣམས་ཀྱིས་རྫུན་གྱི་བཀོད་པ་བྱས་པའོ། ཞེས་སོགས་ཕྱི་རོལ་པའི་དྲང་སྲོང་རྣམས་ཀྱིས་བྱས་པའི་རྩིས་རྣམས་ལ་ངེས་པ་མེད་པར་ཡང་ཡང་གསུངས་པའི་ཕྱིར་འདིར་མ་བཀོད་དོ། དེ་ལྟར་ན་ས་གཡོས་དང་གློ་བུར་ལྟས་སོགས་ཏེ་རབ་བྱེད་བཅུ་བདུན་པའི་འགྲེལ་པའོ། །

བཅོ་བརྒྱད་པ་བྱིས་པ་འཇུག་པའི་རྩིས་ཕྲན་སྟོན་པའི་རབ་བྱེད་ནི། དེ་ནས་བྱིས་པ་ཞེས་སོགས་ཏེ། འདི་ལ་དྲུག ཟོང་དཀོན་མེད་བརྟག་པ། རྐུན་མ་ངོས་འཛིན་པ། དོན་འགྲུབ་མི་འགྲུབ་བརྟག་པ། སེ་བ་ཙཀྲ། མིག་སྔོན་ལ་གང་འགྲིབ་བརྟག་པ། ཁྱོ་ཤུག་སྔོན་ལ་གང་འཆི་བརྟག་པའོ། དང་པོ་ནི། ཁྱིམ་འཕོའི་དུས་ཀྱི་སོགས་ཀྱིས་རི་མོའི་བསྒྱུར་བགོད་དང༌། ལྷག་མས་སོགས་ཀྱི་འབྲས་བུ་སྟོན་ནོ། འདིའི་དཔེར་བརྗོད་ནི། མཆོག་དགའ་ལས། ཉི་མ་ཚེས་གཅིག་ལ་ལུག་གི་ཁྱིམ་དུ་འཕོ་བའི་ཚེ་སྐར་མ་ཐ་སྐར་དང༌། རེས་གཟའ་ཟླ་བ་ཡོད་པ་ལྟ་བུ་ལ་གསེར་དཀོན་མོད་འདྲི་ན། རྒྱུ་སྐར་དབྱུ་གུ་དང་པོ་ཡིན་པས་གཅིག་དང༌། ཚེས་གཅིག་བསྲེས་པས་གཉིས་འོང༌། གཟའ་ཟླ་བ་གཉིས་པ་ཡིན་པས་དེ་གཉིས་ཀྱིས་བསྒྱུར་བས་བཞིར་འགྱུར། དེ་ལ་གསེར་གྱི་མིང་ཡིག་དང་པོའི་གསལ་བྱེད་ལ་ག་ཡོད་པས། དེ་ཡན་ལ་གསལ་བྱེད་གསུམ་ཡོད་པ་དེ་བསྲེས་པས་བདུན་དུ་འགྱུར། དེ་ལ་གསུམ་གྱིས་བགོ་བ་ལྟ་བུ་ཡིན་པར་ཤེས་པར་བྱ། ཞེས་གསུངས་པས་སོ། གཉིས་པ་ནི་གཞན་ཡང་རྐུན་མ་ངོས་འཛིན་ནི། སོགས་ཀྱིས་རི་མོའི་བསྒྱུར་བགོད་དང༌། གཅིག་སོགས་རྒན་ནས་སོགས་ཀྱི་འབྲས་བུའོ། དེ་ཡང་བོད་སྐད་ལ་དབྱངས་ལ་སྤྱིར་ཚིག་བར་འདྲེན་མོད་ཀྱི། འོན་ཀྱང་ལག་པའི་པདྨའི་ཟེའུ་འབྲུ་ཞེས་པ་ལྟ་བུའི་ཚེག་བར་གཅིག་ལའང་འདོན་ཐེངས་གཉིས་བྱེད་དགོས་པ་རྣམས་དབྱངས་གཉིས་སུ་བགྲང་ཞིང༌། གསལ་བྱེད་ལ་ནི་སྔོན་འཇུག་མིང་གཞི་རྗེས་འཇུག་ཡ་བཏགས་སོགས་འདོགས་དང་བཅས་སོ་སོར་བགྲང་དགོས་པ་ཡིན་ཏེ། དཔེར་ན། དོན་གྲུབ་དང༌། བཀྲ་ཤིས་དར་ཟེར་བ་གཉིས་ཀྱི་མིང་ཡོད་ཅིང༌། རྒན་གཞོན་ཡང་རིམ་པ་ལྟར་ཡིན་པའི་མི་གཉིས་པོ་གང་རུང་ཞིག་གིས་རྐུས་ནས་སུ་ཡིན་མ་ཤེས་ན། དོན་གྲུབ་ལ་དབྱངས་ཨོ་དང་ཨུ། གསལ་བྱེད་ད་ན་ག་ར་བ་སྟེ་ལྔ་ཡོད་ལ། བཀྲ་ཤིས་དར་ལ་དབྱངས་ཨ་དང་ཨི་དང་ཨ། གསལ་བྱེད་བ་ཀ་ར་ཤ་ས་ད་ར་སྟེ་བདུན་ཡོད་པས་དེ་གཉིས་ཀྱི་དབྱངས་བསྡོམས་པས་ལྔ་དང༌། གསལ་བྱེད་བསྡོམས་པས་བཅུ་གཉིས་འོང་ལ། བཅུ་གཉིས་པོ་གཉིས་ཀྱིས་བསྒྱུར་ལ་དབྱངས་ལྔས་ཕྲི། སྐྱེས་བུའི་གྲངས་གཉིས་ཀྱིས་བགོས་པས་ལྷག་མར་གཅིག་འོང་བས་དེ་ལ་བརྟགས་པ་ན་གྲངས་ཀྱི་རིམ་པས་རྒན་པ་དོན་གྲུབ་དང་འགྲིགས་པས་དེས་བརྐུས་པར་ལུང་སྟོན་པ་བཞིན་ནོ། ཡང་དེ་བས་ཀྱང་ཆེས་ངེས་པའི་བརྟག་པ་ནི། དེས་ཀྱང་གཅེར་ཕོག་པ་མ་ཤེས་ན། ཞེས་སོགས་ཏེ། མིང་དུ་ཡོད་པའི་དབྱངས་ཨ་ལ་གཅིག་ཨི་ལ་གཉིས། ཨུ་ལ་གསུམ། ཨེ་ལ་བཞི། ཨོ་ལ་ལྔ་བགྲང་ཞིང༌། གསལ་བྱེད་ཀ་ལ་གཅིག་ཁ་ལ་གཉིས་སོགས་རིམ་པས་བགྲང་ཞིང་རེ་རེ་བྲིས་ལ་ཆོ་ག་སྔར་ལྟར་བྱས་པས་རྐུན་པོ་གང་ཡིན་ཐེ་ཚོམ་མེད་པར་ཤེས་ལ། དེ་ཡང་བརྟག་བྱའི་མིང་དུ་ཡོད། དེའི་ནང་དུ་རྐུན་མཁན་དེ་ཉིད་ཡོད་པ་ནི་ངེས་པར་དགོས་སོ། གསུམ་པ་ནི། དེ་ནས་དོན་ཆ་བརྟག་པ་ནི། ཞེས་སོགས་ཀྱིས་རི་མོའི་བསྒྱུར་བགོད་དང༌། ལྷག་མ་ལ་སོགས་ཀྱིས་འབྲས་བུའོ། འདིར་གསལ་བྱེད་བགྲང་ཚུལ་བཤད་པ་མ་ཐག་པ་བཞིན་ཏེ། དཔེར་ན་གཙང་དུ་འགྲོ། དོན་གྲུབ་བམ་ཞེས་པ་ལྟ་བུ་ལ། ག་ཡན་ལ་གསུམ། ཙ་ཡན་ལ་བཅུ་བདུན། ང་ ཡན་ལ་བཞི། ད་ཡན་ལ་བཅུ་གཅིག་སྟེ་དེ་རྣམས་བསྲེས་པས་སོ་ལྔ་འོང༌། དེ་ལ་གསུམ་གྱིས་བགོས་པས་ལྷག་གཉིས་ལུས་པས་དོན་ཆ་འབྲིང་པོར་ལུང་སྟོན་དགོས་པ་བཞིན་ནོ། བཞི་པ་ནི། གཞན་ཡང༌། སེ་བ་ཙཀྲ་བཤད། ཅེས་སོགས་ཀྱིས་གཟུགས་བྲི་ཞིང་སྐྱེས་མིང་གི་སྐར་མ་འགོད་ཚུལ་དང༌། བརྩི་ ཡུལ་སྐྱེས་མིང་སོགས་ཀྱིས་བླང་དོར་གྱི་འབྲས་བུ་སྟོན་ནོ། ལྔ་པ་ནི། དེ་ནས་གཞན་ཡང་སྐྱེས་བུ་ཡི། ཞེས་སོགས་ཏེ། གསལ་བྱེད་ཀྱི་སྡེ་པ་རེའི་ཡེ་གེ་དང་པོ་དང་གསུམ་པ་མི་མཉམ་པ་དང༌། གཉིས་པ་དང་བཞི་པ་མཉམ་པར་བརྩི་སྟེ་གོ་སླའོ། དྲུག་པ་ནི། དེ་ལས་གཞན་ཡང་སྐྱེས་བུ་ཡི། ཞེས་སོགས་ཀྱིས་རི་མོའི་ལས་དང༌། གཅིག་དང་ཐིག་ལེ་སོགས་ཀྱིས་འབྲས་བུ་སྟོན་ནོ། འདིར་གསལ་བྱེད་བགྲང་པའི་ཚེ་བརྩེགས་མ་གཞན་རྣམས་བགྲང་ལ་ཡ་བཏགས་དང་ར་བཏགས་རྣམས་མ་བགྲངས་ན་བདེན་པར་སྣང་སྟེ་དོན་གྱིས་མི་ཐོབ་ཀྱང་མྱོང་རྩིས་སོ། ཡང་དེའི་བརྟག་ཚུལ་ལུགས་གཅིག་ལ། གཞན་ཡང་དེ་ཡི་ཆོ་ག་བཤད་ཅེས་སོགས་ཀྱིས་རེའུ་མིག་འགོད་ཚུལ། དེ་རྗེས་ཁྱོ་ཤུག་མིང་ཡིག་རྣམས། ཞེས་སོགས་ཀྱིས་རི་མོའི་བསྒྱུར་བགོད་བྱ་ཚུལ་སྟེ། དེ་ཡང་ཁྱོ་ཤུག་གི་མིང་གི་དབྱངས་གསལ་གྱི་གྲངས་རྣམས་བརྒྱད་ཀྱིས་བསྒྱུར་བ་དང་ཀ་སྡེ་རྣམས་ལྔས་བསྒྱུར་བ་སོགས་སྟེང་མའི་སྡེ་ཚན་གར་གཏོགས་ཀྱིས་འོག་གི་གྲངས་སོ་སོར་བསྒྱུར་དགོས་ཤིང༌། བོད་ཡིག་ལ་ཅ་ཆ་ཇ་ཞ་ཟ་འ་རྣམས་གསལ་བྱེད་ཀྱི་སྡེ་ཚན་གང་དུ་གཏོགས་ཤེ་ན། དང་པོ་གསུམ་ནི་ཙ་ཚ་ཛ་གསུམ་དང་སྦྱར་ཞིང༌། ཕྱི་མ་གསུམ་ནི་རིམ་པར་ཤ་ས་ཡ་གསུམ་དང་སྦྱོར་རོ། ལྷག་མར་མཁའ་གཟུགས་སོགས་ཀྱིས་འབྲས་བུ་སྟོན་ནོ། ཕྱོགས་གང་ལ་འཆི་ཞེ་ན། གཞན་ཡང་མིང་ཡིག་དང་པོ་ལ་ཞེས་སོགས་ཏེ་བཀླག་པས་གྲུབ་བོ། དེ་ཡང་གོང་དུ་མིང་ཡིག་བགྲང་ཚུལ་གྱི་དཔེར་བརྗོད་རྣམས་བོད་དང་བསྟུན་པ་སྟེ། ཡུལ་གཞན་དང་གཞན་དུ་དེ་དང་དེའི་སྐད་ཀྱི་དབྱངས་གསལ་དང་བསྟུན་དགོས་སོ། དེ་ལྟར་ན་འདི་དག་ལྷ་ཆེན་སོགས་ཏེ་རབ་བྱེད་བཅོ་བརྒྱད་པའི་འགྲེལ་པའོ། །

བཅུ་དགུ་པ་ངོ་ལོན་གྱི་ཆོ་ག་བཤད་པའི་རབ་བྱེད་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། འབྲས་བུ་རྣམས་བཤད་པའི་རྗེས་དེ་ནས་ངོ་ལོན་ཆོ་ག་བཤད་ཅེས་ཁས་བླང་ངོ༌། གཉིས་པ་ལ་གསུམ་སྟེ། སྤྱིའི་ངོ་ལོན་གྱི་ཆོ་ག བྱེ་བྲག་སོ་སོའི་ངོ་ལོན་གྱི་ཆོ་ག ནད་པའི་ཁྱུད་དཔྱད་དོ། དང་པོ་ནི། འཁོར་ལོ་མུ་ཁྱུད་བཅུ་གཅིག་བསྐོར། ཞེས་སོགས་ཚིགས་སུ་བཅད་པ་གསུམ་གྱིས་འཁོར་ལོ་བྲི་ཚུལ། རྡོ་རྗེ་ཤུགས་ཀྱི་སོགས་རྐང་པ་ལྔས་རབ་གནས་བྱས་ཏེ་གདགས་ཚུལ། གཟའ་སྐར་དུས་སྦྱོར་སོགས་ཀྱིས་འཁོར་ལོའི་ཕན་ཡོན་ནོ། འཁོར་ལོའི་བྱ་བ་དེ་ཙམ་མི་ནུས་ན། བསྡུ་ན་རྣམ་བཅུ་དབང་ལྡན་གྱི་ཞེས་སོགས་ཏེ་དེ་ཙམ་གྱིས་སྐབས་དོན་འགྲུབ་བོ། གཉིས་པ་བྱེ་བྲག་སོ་སོའི་ངོ་ལོན་གྱི་ཆོ་ག་ལ་གཉིས་ཏེ། ཐུམ་མོང་མ་ཡིན་པའི་ཆོ་ག་དང༌། ཐུན་མོང་པ་གཞུང་གཞན་གྱི་ལུགས་སོ། དང་པོ་ནི། གཞན་ཡང་གཟའ་ཡུམ་ལ་སོགས་པ། ཞེས་པ་ནས། གཏོར་མ་སྦྱིན་པས་དགེ་བར་འགྱུར། ཞེས་པའི་བར་གཞུང་བཀླགས་པས་གྲུབ་བོ། དེ་ལྟར་ནའང་གཟུངས་སྔགས་རྣམས་དང་སོ་སོའི་གཏོར་མ་སྦྱིན་པའི་ཆོ་ག་སོགས་སྐབས་འདི་ཉིད་དུ་བྲིས་ན་མཁོ་མོད་ཀྱི། འོན་ཀྱང་ཡེ་གེ་ཉུང་ངུ་ཞིག་གིས་ནི་སྐབས་དོན་མི་འགྲུབ་ལ། ཅུང་ཟད་ཕྱེ་ཏེ་བཤད་ན་ནི་ཧ་ཅང་ཡང་མང་བར་འགྱུར་གྱིས་དོགས་ནས་སྤྲོས་པ་བསྐྱུངས་སོ། འདི་ཡན་ཆད་ཀྱི་ངོ་ལོན་གྱི་ཆོ་ག་འདི་ཕུག་ལུགས་པ་སྤྱི་ལ་མ་གྲགས་ཀྱང༌། མཁས་དབང་ལྡུམ་པོ་བའི་ཞལ་ནས་འདི་ནི་ཁོ་བོ་ལ་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ་བས་སྩལ་བའི་གདམ་པའོ་ཞེས་གཅེས་པར་མཛད་ལ། བདག་གིས་ནི་མན་ངག་སྣང་བའི་ལུགས་རྒྱ་སྟོན་ནུབ་རི་བ་ལ་ཡང་ཐོས་སོ། གཉིས་པ་ནི། ཞར་བྱུང་གཞུང་གཞན་ལས་བྱུང་བའི། ཞེས་པ་ནས། གཟའ་ཡུམ་ཚེ་གཟུངས་འདོན་པར་བྱ། ཞེས་པའི་བར་ཆོས་རྗེ་བསོད་ནམས་ཚེ་འཛིན་གྱི་ཕྱག་དཔེ་ངོ་མ་ལས་བྱུང་བ་ལྟར་གཞུང་འདིར་བཀོད་པའོ། དེ་ཡང་གཟའ་སྐར་ས་བདག་གི་བཅོས་ཐབས་འདི་དག་གི་ཁུངས་ནི་ཐེམས་ཡིག་བརྒྱད་ཅུ་པ་སོགས་རྒྱ་ནག་གི་གཞུང་ཁུངས་མ་རྣམས་ལས་བཏུས་ལ། དབྱངས་འཆར་བའི་ལུགས་ཀྱང་འགའ་རེ་སྣང་ངོ༌། ཁྱད་པར་དྲག་གཟའི་གནོད་པ་བཞི་བཅོས་ཐབས་འདི་ཉིད་སེང་གེ་གོ་ཆས་མཛད་པའི་མན་ངག་ཐར་ལོའི་འགྱུར་ལས་ཕྱུང་བ་སྟེ་རྒྱས་པར་གཞུང་དེ་ཉིད་དུ་བལྟའོ། གཞན་ཡང་དྲང་སྲོད་གརྒའི་ལྟས་ཀྱི་གཙུག་ལག་གི་ལེའུ་བཅོ་ལྔ་པར་ལྟས་ལས་གནོད་པར་གྱུར་བའི་ངོ་ལོན་གྱི་ཆོ་ག་དང༌། ལྷ་ཆེན་གྱི་གཞུང་ཡིག་ཕྲན་དང་བཅས་པ་ལས་ཀྱང་མང་དུ་བྱུང་སྟེ་ཡི་གེས་འཇིགས་པས་འདིར་མ་བྲིས་སོ། གསུམ་པ་ནད་པའི་ཁྱུད་དཔྱད་ནི། དེ་ནས་མདོ་སྡེ་སྟག་སྣ་ལས། ཞེས་པ་ནས། ཚུལ་ཁྲིམས་སྦྱར་བས་མཐོ་རིས་འགྲོ། ཞེས་པའི་བར་མདོ་སྡེ་སྟག་སྣར་གསུངས་པ་ཉིད་ཚིགས་བཅད་དུ་སྡེབས་པའོ། གཞན་ཡང་རྒྱ་ནག་རྩིས་གཞུང་སོགས་ཏེ་ནད་པ་རྣམས་ཀྱི་དོན་དུ་རྒྱ་རྩིས་པའི་ལུགས་ཀྱི་གཟའ་སྐར་ཚེས་གྲངས་སོགས་ཀྱི་མཁྱུད་དཔྱད་དང༌། དྲང་སྲོང་གིས་བྱས་པའི་སྐར་མའི་མཁྱུད་དཔྱད་སོགས་ཅི་རིགས་པའང་བྱའོ། གསུམ་པ་བསྡུ་བ་ནི། མདོར་ན་མང་དུ་སྨོས་པ་ཅི་ཞིག་བྱ་སྟེ། འདི་ལྟར་དགེ་བའི་རྩ་བ་ཅི་བགྱིས་ཀྱང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་གྱ་ནོམ་པ་ཡང་སྨིན་པར་འགྱུར་ན། གནས་སྐབས་ཀྱི་བདེ་འབྲས་རྣམས་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། ཁྱད་པར་དུ་དེའི་ཡང་ཡན་ལག་ཏུ་གྱུར་བ་འགལ་རྐྱེན་ཕྲ་མོ་ཙམ་སེལ་བར་མི་ནུས་པ་ཅི་ཡང་མེད་དོ། འོན་ཀྱང་སྔར་སྨོས་པ་ལྟར་གང་ལ་གང་བསྔགས་པའི་གཉེན་པོའི་ཆོ་ག་མཆོད་སྦྱིན་ལ་སོགས་པ་དེ་དག་གཙོ་བོར་བྱ་བ་ཉིད་གཅེས་ཏེ། རྟེན་འབྲེལ་གྱི་ནུས་པ་ཐ་དད་པ་ནི་བསམ་གྱི་མི་ཁྱབ་པའི་ཕྱིར་རོ། གཞན་ཡང་རྒྱལ་བའི་གསུངས་རབས་སོགས་ཏེ། ཧེ་རུ་ཀ་གལ་པོའི་བརྟག་པ་དྲུག་པར་སྒྲུབ་པའི་སྔོན་དུ་བྱ་བའི་འཕྲིན་ལས་གསུངས་པའི་སྐབས་སུ། འབྱུང་པོ་རྣམས་ལ་གཏོར་མ་གཏང༌། གསང་བའི་དོན་གྱི་ལས་རྣམས་བྱ། ཐུབ་པའི་བཀའ་རྣམས་བསྒྲག་པ་དང་། བདེ་གཤེགས་སྐུ་གདུང་གདབ་པ་དང༌། སྲོག་ཆགས་ཚེ་ཡང་སྐྱབ་པར་བྱ། ལམ་ཕྲང་དག་ཀྱང་ལེགས་པར་འཆོས། སངས་རྒྱས་སྐུ་གསུང་རྣམ་པར་དག དོན་དམ་སྒྲུབ་དང་བསྟན་པའི་ཆོས། ཉན་རང་བྱང་ཆུབ་སེམས་དཔའ་རྣམས། མཆོད་པས་མཉེས་པར་བྱ་བ་དང༌། ཞེས་སོགས་གསུངས་པ་ལྟར་རིམ་འགྲོའི་དགེ་བ་ལ་འབད་པར་བྱས་ན། སྔོན་གྱི་ལས་སྟུག་པོ་སྨིན་པའི་རྒྱུ་ཚོགས་གྲངས་ཚང་པ་ནི་རྐྱེན་གྱིས་སེལ་མི་ནུས་པའི་ཕྱིར་མ་གཏོགས་ལ། དེ་ལས་གཞན་དུ་གཟའ་དང་སྐར་མ་སྦྱོར་བྱེད་དང་དུས་ལྷ་འབྱུང་པོའི་གནོད་གདུག་རྣམས་མ་ལུས་པ་ཞི་ཞིང་བཟློག་པར་འགྱུར་བ་ཉིད་དེ། འགྲེལ་ཆེན་ལས། གཟའ་ཚེས་རྒྱུ་སྐར་སྦྱོར་བ་དང༌། བྱེད་པ་ཉིད་དང་དུས་སྦྱོར་དང༌། གདུག་པའི་གཟའ་སྐར་འདི་དག་ནི། བསོད་ནམས་བྱེད་པ་རྣམས་ལ་དགེ ཞེས་སོ། དེ་ལྟར་ངེས་པར་ཡང༌། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། ཆོས་འགའ་ཡོད་པ་མ་ཡིན་ལ། ཞེས་གསུང་པ་ལྟར་ཆོས་ཀུན་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཅན་དུ་གྲུབ་པའི་ཕྱིར་དང༌། རྟེན་འབྲེལ་དེ་ཡང་རང་སེམས་ཀྱི་རྣམ་པར་རྟོག་པས་བརྟགས་པ་ཙམ་ལས་གཞན་གང་ནའང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ལང་གཤེགས་ལས། རང་བཞིན་མེད་ཅིང་རྣམ་རིག་མེད། དངོས་པོ་མེད་ཅིང་རྟེན་གཞི་མེད། འདི་དག་རོ་བཞིན་བྱིས་པ་ནི། ལོག་པའི་ཤེས་པ་ཅན་གྱིས་བཏགས། ཇི་ལྟར་ལོག་པའི་སྐྲ་ཤད་འཛིངས། སྐྱེ་བོ་རབ་རིབ་ཅན་གྱིས་མཐོང༌། དེ་བཞིན་དངོས་པོར་རྣམ་རྟོག་འདི། ལོག་པར་བྱིས་པ་རྣམས་བཏགས་པ། སྲིད་པ་གསུམ་ནི་བཏགས་པ་ཙམ། ཞེས་གསུངས་པས་སོ། དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་རྫོགས་པའི་སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱིས་འགྲོ་བ་སོ་སོའི་རྣམ་པར་རྟོག་པ་དེ་སྦྱོང་བའི་གཉེན་པོར་དྲང་ངེས་ལས་བརྩམས་པའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་ཕན་གདགས་པར་མཛད་དོ། དེ་ཡང་དབུ་མ་རིན་ཆེན་སྒྲོན་མ་ལས། རྒྱུ་འབྲས་བསླུ་བ་མེད་པ་ཡི། ལས་རྣམས་རྨི་ལམ་ལྟ་བུ་ཞེས། བཅོམ་ལྡན་ཁྱོད་ཀྱི་གང་གསུངས་པ། དེ་གཞན་བསྟན་བཅོས་ལས་མ་བཤད། ཅེས་པ་ལྟར་རྒྱལ་བ་སྲས་དང་བཅས་པའི་བཀའ་ལས་ཇི་སྐད་གསུངས་པ་བཞིན་དུ་དོན་དམ་པ་གཤིས་ཀྱི་གནས་ལུགས་ལ་རྒྱུ་འབྲས་ཀྱི་བླང་དོར་ལ་སོགས་པའི་སྤྲོས་པས་མ་གོས་ཀྱང༌། ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་ཙམ་དུ་རྒྱུ་དང་འབྲས་བུའི་ཆོས་རྣམས་བསླུ་བ་མེད་པར་ངེས་པས། དེ་དག་གི་བླང་དོར་བྱིས་པ་རྣམས་ཀྱིས་རྟོགས་པའི་ཕྱིར་ན་བཀོད་པ་སྟེ་རབ་བྱེད་བཅུ་དགུ་པའི་འགྲེལ་པའོ།། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། རྩིས་འབྲས་ངོ་ལོན་དང་བཅས་པ་དང་ལས་ཚོགས་རབ་བྱེད་བཅུ་དགུར་ཕྱེ་ནས་བཤད་པའི་སྐབས་ཏེ་ཉེར་གསུམ་པའི་འགྲེལ་པའོ། ཞེས་སྐབས་བསྡུས་སོ།།

གསུམ་པ་མཇུག་གི་དོན་ལ་བཞི་སྟེ། བཟོད་པར་གསོལ་བ། བླང་བར་གདམས་པ། དགེ་བ་བསྔོ་བ། ཇི་ལྟར་བརྩམས་པའི་ཚུལ་ལོ། དང་པོ་ནི། སྐར་རྩིས་ཀྱི་གྲུབ་པའི་མཐའ་ལས་བརྩམས་ཏེ་ཀུན་མཁྱེན་གྱི་གནས་སུ་བདེ་བླག་ཏུ་བགྲོད་པའི་ལམ་གསར་དུ་གཏོད་པར་བྱས་པ་འདི་ལ་མ་རྟོགས་ལོག་རྟོགས་ཐེ་ཚོམ་གྱི་དབང་ལས་ནོངས་པར་གྱུར་པ་གང་མཆིས་པ་རྣམས་ནི། བྱིས་པ་མདོ་མེད་ཅི་དགར་སྨྲ་བ་ལ་མས་མི་ཁྲོ་བར་བཟོད་པ་ཇི་བཞིན་དུ་མཁས་པ་རྣམས་ཀྱིས་ཐུགས་བརྩེ་བའི་སྒོ་ནས་བཟོད་པར་མཛད་རིགས་པ་ཉིད་དོ། གལ་པོ་ལས། ཇི་ལྟར་གདུང་སེམས་ལྡན་པས་མས། བུ་ཉིད་མི་བསླུ་ཚིག་སྨྲ་ལྟར། རྒྱལ་བས་འགྲོ་བ་མི་སླུའི་ཕྱིར། བློ་དམན་རྣམས་ལ་མན་ངག་བཤད། ཅེས་པ་ལྟར་བརྩེ་བས་འགྲོ་བ་ཡལ་བར་མི་འདོར་བར་དམ་བཅས་པའི་ཕྱིར་རོ། གཉིས་པ་ནི། ཆོས་རྣམས་ཀུན་གྱི་ཆོས་ཉིད་དོན་དམ་པ་གཤིས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ནི་བློའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རྩིས་དང་འབྲས་བུ་ལ་སོགས་པའི་སྤྲོས་པ་ཀུན་དང་བྲལ་བ་སྟེ། གལ་པོའི་བརྟག་པ་གསུམ་པ་ལས། ཀུན་རྫོབ་བློ་ཡི་སྤྱོད་ཡུལ་ཏེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། ཞེས་གསུངས་པས་སོ། འོན་ཀྱང༌། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། བསྐལ་བ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབས་པ་ན། འབྲས་བུ་དེ་འདྲ་ཉིད་དུ་སྨིན། ཞེས་གསུངས་པ་ལྟར་ཀུན་རྫོབ་ རྟེན་འབྲེལ་གྱི་སྣང་ངོར་དགེ་སྡིག་གི་ལས་ཀྱིས་བདེ་བ་དང་སྡུག་བསྔལ་གྱི་འབྲས་བུ་མི་བསླུ་བར་འབྱིན་ནུས་པར་མ་ཟད། གནས་སྐབས་ཀྱི་རྟེན་འབྲེལ་ཕྲ་མོ་དག་གིས་ཀྱང་ཕན་གནོད་འབྱུང་བ་ཉིད་དེ། རྔམ་གློག་ལས། རིག་བྱེད་དག་གིས་ཡན་ལག་ལས། དུས་རྣམས་ཤེས་པར་བྱ་བ་ནི། བཀྲ་ཤིས་ལྷ་ཡི་ཉི་མ་དང༌། འབྱོར་དང་དུས་ཚོད་བཟང་བ་ནི། མཚན་མའི་རྟོག་པ་ཡིན་མོད་ཀྱང༌། བརྟག་ན་དངོས་གྲུབ་མཚན་མ་འབྱུང༌། ཞེས་གསུངས་པའི་ཕྱིར་བདག་ལེགས་པར་འདོད་པ་རྣམས་ཀྱིས་ཐ་སྙད་ལ་བསྐུར་པ་འདེབས་པའི་ཆད་མཐའ་སྤངས་ཏེ་བླང་བར་འོས་པ་ཉིད་དོ། འོན་ཀྱང་བདེ་སྡུག་གི་གཙོ་བོའི་བྱེད་པ་པོ་གཟའ་སྐར་ལ་སོགས་པ་ཡིན་ནམ་སྙམ་དུ་མི་རྟོག་སྟེ། འགྲེལ་ཆེན་གྱི་ལུང་གོང་མའི་འཕྲོས་ལས། སྐད་གཅིག་གཅིག་ལ་སྐྱེས་རྣམས་ཀྱིས། སྐྱེས་རབས་ཐ་དད་ཐ་དད་འབྲས། རང་རང་འབྲས་ལ་ཉེར་སྤྱོད་པས། དེ་རྣམས་འབྲས་བུ་གཅིག་པ་མིན། གཡུལ་དང་ནགས་བསྲེག་པ་དང་ནི། ཉ་པས་རྒྱ་ནི་བཅིངས་པ་ལ། གང་གི་ལུས་ཅམ་མང་པོ་རྣམས། གཅིག་ཅར་དུ་ནི་འཆི་བར་འགྱུར། ལུས་ཅན་རྣམས་ཀྱི་བསོད་ནམས་ཀྱིས། ཚེ་སྟོབས་བརྩོན་འགྲུས་རྫུ་འཕྲུལ་དང་། སྐལ་བཟང་གཟུགས་ཉིད་སྡིག་པས་ནི། ཚེ་དང་བརྩོན་འགྲུས་རྫུ་འཕྲུལ་ཉམས། ཞེས་དང་རྟོགས་གཟུངས་ལས་ཀྱང༌། དྲང་སྲོང་སྐར་མ་ལ་དགའ་བས། ཇི་ལྟར་ཁྱོད་ནི་རྒྱལ་ལ་སྐྱེས། མཚན་མཆོག་དག་ནི་རབ་ཏུ་གདའ། ཞེས་སོགས་གསོལ་བའི་ལན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་རྟོག་པའི་སྤྱོད་ཡུལ་ཅན། བྱིས་པ་གང་ལ་ཆགས་འདུག་པ། དེ་ནི་བྱིས་པ་རྨོངས་པ་སྟེ། སེམས་ལ་གནས་ཤིང་རིམས་ནད་བཅས། ཁྱི་དང་སྦྲུལ་དང་རུས་སྦལ་དང༌། སྲོག་ཆགས་གཞན་ཡང་རྣམ་མང་ངོ༌། སྐར་མ་རྒྱལ་ལ་གང་སྐྱེས་པ། དེ་དག་བདེ་བ་བརྟེན་མ་ཡིན། ཞེས་སོགས་གསུངས་པས་སོ། དེའི་ཕྱིར་ན་གནས་དི་དག་ལ་ཧ་ཅང་མངོན་རྟགས་སུ་འཛིན་པའི་རྟག་མཐའ་སྤང་བར་བྱའོ་ཞེས་གདམས་སོ། གསུམ་པ་ནི། དེ་ལྟར་བསྟན་བཅོས་བརྩམས་པ་ལ་འབད་པའི་བསོད་ནམས་ཀྱི་ཆུ་གཏེར་ཆེན་པོ་བསྲུབས་པ་ལས་སྐྱེས་པའི་ལེགས་བཤད་ཉིན་མོར་བྱེད་པ་ལྟ་བུའི་བསྟན་བཅོས་འདི་ཉིད་འགྲོ་བ་མ་ལུས་པའི་དཔལ་དུ་ཤར་བ་ཙམ་གྱིས་ནི་མ་རིག་མུན་པའི་་དཔུང་རྣམས་སྐད་ཅིག་གཅིག་གིས་མིང་མཐར་བྱེད་ཅིང་ཡེ་ཤེས་ཀྱི་སྣང་བ་བླ་ན་མེད་པ་དག་ཀུན་ནས་རྒྱས་པར་གྱུར་ཅིག་ཅེས་སྨོས་པ་སྟེ། བརྗོད་བྱེད་རིག་བྱེད་ཀྱི་གཏམ་དང་སྦྱར་བའི་གཟུགས་ཅན་གྱི་རྒྱན་དུ་བྱས་པའོ། བཞི་པ་ནི། རྩིས་ཀྱི་མན་ངག་སོགས་ཏེ། དེ་ལྟར་བརྩམས་པའི་བསྟན་བཅོས་འདི་ཉིད་གང་གི་དྲིན་ལས་གང་ཟག་གང་གིས་དུས་གང་གི་ཚེ་གནས་གང་དུ་སྦྱར་བའི་ཚུལ་རྫོགས་ཚིག་དང་བཅས་པ་བསྟན་པའི་རྣམ་བཤད་བརྗོད་ཟིན་ནས། ད་ནི་འགྲེལ་པ་ཉིད་ཀྱི་དོན་བསྡུ་བ་བརྗོད་པར་བྱ་སྟེ། དེ་ཡང་གཞུང་ཡིག་ཚོགས་ཆེས་པའི་དབང་གིས་ཐར་ཆགས་སུ་འབྲུ་གནོན་གྱི་བཤད་པ་ཞིབ་མོ་བགྱིས་ན་ཧ་ཅང་ཡང་ཡི་གེ་མང་བས་རྣམ་བཤད་འདི་ཉིད་བརྒྱུད་མར་འཕེལ་བའི་གེགས་སུ་གྱུར་དུ་དོགས་ནས། དཀའ་བའི་གནས་རྣམས་ཅུང་ཟད་འབྱམས་ཀླས་པར་ཀྲལ། གོ་སླ་བ་རྣམས་བསྡུས་དོན་གྱིས་བཅིངས་ཏེ། དམར་ནག་སྤེལ་བ་ཁོ་ན་གཙོ་བོར་མ་བཏོན་པའི་ཚིག་ཉུང་དོན་རྒྱས་ཀྱི་རྣམ་བཤད་འདི་ཉིད་དགེ་བར་མཐར་ཕྱིན་ཏོ། འདིར་སྨྲས་པ། རྒྱུད་འགྲེལ་གྲུབ་མཐའི་དགོངས་དོན་གསལ་བྱེད་པ། །སྐར་རྩིས་ཉིན་མོར་བྱེད་པའི་སྣང་བ་ཅན།། རྣམ་སྤྱོད་བརྩོན་པའི་གསེར་གྱི་ཤིང་རྟ་ཡིས། །གངས་ཅན་གོ་སླའི་མཁའ་ལ་དེང་འདིར་དྲངས། །གང་གི་ཚིག་དོན་འོད་སྣང་བྱེ་བའི་ཟེར། །ལྷུངས་པའི་ལེགས་བཤད་པདྨོ་གཡུར་ཟ་ལྡེམ། །དེ་ཡི་སྐལ་བཟང་བུང་བའི་ཚོགས་སྐྱོང་ཞིང༌། །ལྷན་ཅིག་ལོག་རྩིས་མུན་པ་ཅི་ཡང་གསལ། །གཞན་ལ་འགྲན་དང་གཞན་གཞུང་འཇིག་པ་དང༌། །རང་གི་སྙན་གྲགས་སྒྲུབ་ཕྱིར་འདི་མ་བརྩམས། །གསར་ངེས་ཀྱིས་ཚོ་དེང་དུས་སྐྱེས་པོ་རྣམས། །རིག་པ་མཆོག་ལ་འཇུག་ཕྱིར་ངས་འདི་སྨྲས། །ཤེས་རློམས་གྲགས་འབར་ཤེས་རབ་རྩལ་མེད་ཀྱིས། །ཀུན་ཏུ་བསླད་པས་ཀུན་ཀྱང་གྲགས་ཕྱིར་འབྲེང༌།    ལེགས་བཤད་ཉེས་བཤད་རིན་ཐང་མཉམ་པའི་དུས། །འདི་ན་ཚུལ་འདིར་འབད་པའི་ངལ་བ་ཅི། །འོན་ཀྱང་དམ་པའི་གསུང་གིས་བསྐུལ་བ་དང༌། །ཁྱད་པར་མཚུངས་མེད་རྗེ་བཙུན་བླ་མའི་བཀའ། །རི་གཟར་རྦབ་བཞིན་གྱེན་དུ་མ་ལྡོག་པས། །གཉོས་ཀྱི་བན་ཆུང་དྷརྨ་ཤྲཱིས་སྦྱར། །སྦྱང་སྟོབས་བློ་གྲོས་ལམ་མ་འདྲིས་ཤིང༌། །རང་བཞིན་གྱིས་གྲུབ་སྤོབས་པའི་ས་མཁན་བྲལ། །དད་བརྩོན་གོམ་སྟབས་འཁྱོར་བས་ཉེས་བཤད་ཀྱི། །ལམ་དུ་འཕྱན་རྣམས་མཁས་པས་བཟོད་པར་བཞེས། །འདི་ཐོབ་རྣམ་དཀར་དགེ་བའི་ཕུང་པོ་དྲི་མེད་ཟླ་བ་གསར་པའི་གདོང༌། །ཉེས་བརྒྱའི་མུན་པ་ཀུན་ནས་བཅིལ་ལ་མི་ལྡོག་འོད་དཀར་བྱེ་བ་ཅན། །ཅི་ཡང་སྤྲོ་བ་ངོ་མཚར་སྣང་བས་ཐུབ་བསྟན་ཀུན་དཱ་བཞད་པ་དང༌། །འགྲོ་འདིའི་བློ་ངན་མཚན་མོའི་མུན་སྟུགས་སེལ་བའི་གཉེན་དུ་མཛེས་གྱུར་ཅིག  རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་པར་འགྲེལ་བ་གསེར་གྱི་ཤིང་རྟ་ཞེས་བྱ་བ་འདི་ནི། ཕུལ་དུ་བྱུང་བའི་ཡོན་ཏན་དཔག་ཏུ་མེད་པས་སྤྲས་པའི་མི་དབང་ཆོས་རྒྱལ་ཆེན་པོ་ཧྱེ་ནུ་ཤྲཱི་ཀུན་དགའ་བསོད་ནམས་ལྷུན་གྲུབ་པའི་བཀའ་ལུང་རིམ་པར་བསྩལ་བ་དང༌། བོད་ཀྱི་ལྷ་བཙན་པོའི་གདུང་རྒྱུད་དུ་འཁྲུངས་ཤིང་སྐར་ནག་གི་རྩིས་ཚུལ་རྒྱ་མཚོའི་དབུས་ན་བཞུགས་པ་ཞང་པོ་དྲུང་པ་ཡབ་བསོད་ནམས་རབ་བརྟན། སྲས་ ཚེ་དབང་མི་འགྱུར་རབ་བརྟན། ཀྱིས་ཀྱང་ཕུག་ལུགས་ཀྱི་ཡེ་གེ་འཐོར་བ་རྣམས་བསྡུས་པའི་གཞུང་ཆེ་བ་ཞིག་བརྩམས་ཅི་ཐུབ་ཀྱིས་ཞེས་རིང་མོ་ནས་བསྐལ་བར་མཛད་པ་དང༌། དེ་དག་བསྐུལ་མར་རང་གི་གཅུང་བློ་གྲོས་ཀྱི་ཁང་བཟང་ཡོན་ཏན་གྱི་ནོར་བུས་གང་བ་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོ་དང༌། གསོ་རིག་རྒྱ་མཚོའི་མཐར་སོན་ཞིང་སྐར་ནག་གི་རྩིས་ཚུལ་ལའང་མ་རྨོངས་པ་རྒྱ་བཙུན་ངག་དབང་དཔལ་བཟང་གཉིས་ཀྱིས་ཀྱང་ནན་ཏན་ཆེན་པོས་བསྐུལ་ཞིང་ཁྱད་པར་དུའང་མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པའི་བདག་ཉིད་མཚན་བརྗོད་པར་དཀའ་བ་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའི་གསང་བས་འདི་ལྟར་མྱུར་དུ་འགྲུབ་པར་གྱིས་ཞེས་རྗེས་སུ་སྣང་བ་དད་བརྒྱའི་གཙུག་གིས་གུས་པར་མཆོད་དེ། རྗེ་བཙུན་དམ་པ་དེ་ཉིད་རིགས་ཀྱི་ཅོད་པན་དུ་ཐོབ་ཅིང༌། པན་ཆེན་རྒྱལ་བའི་སྲས་པོ་བསྟན་པའི་ཉི་མ་དང༌། མཁས་དབང་ལྡུམ་པོ་བ་ཆེན་པོ་དོན་གྲུབ་དབང་རྒྱལ། རྒྱ་སྟོན་ནུབ་རི་པ་སོགས་དམ་པ་དུ་མའི་དྲིན་ལས་རྩིས་ལ་བློ་བྱང་བའི་གཉོས་བཙུན་དྷརྨ་ཤྲཱིས་གཞུང་བརྩམས་པའི་ཕྱི་ལོ་ལེའུ་བཞི་པ་ཡན་ཆད་གྲུབ་པར་བྱས་ཤིང༌། དེ་མན་ཆད་རང་ལོ་སོ་གསུམ་པ་ཉེས་ཚོགས་ཟད་བྱེད་ཀྱི་ལོ་མཆུ་ཟླ་བའི་ཚེས་བཅོ་བརྒྱད་ལ་དབུ་གཙུགས་ཏེ་ནག་པས་ཉ་བའི་དུས་ཆེན་གྱི་ཉིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭའི་གཙུག་ལག་ཁང་ཆེན་པོར་རྫོགས་པར་སྦྱར་བའི་ཡེ་གེ་པ་ནི་གསུང་རབ་ཀྱི་བརྡ་དག་རྣམས་ལ་སྒྲིན་ཞིང་རིགས་པར་སྤྱོད་པའི་བློའི་ནོར་ཅན་དགེ་སློང་དགེ་བའི་བཤེས་གཉེན་ཨོ་རྒྱན་དཔལ་འབྱོར་གྱིས་མཛད་པའོ། ཕྱིས་མྱོས་ལྡན་ས་ཡོས་ཀྱི་ལོ་གཞུང་དང་མཉམ་དུ་རྩོམ་པ་པོ་རང་ཉིད་ཀྱིས་ཞུས་དག་ཅུང་ཟད་གྱིས་སོ།།

སླར་སྨྲས་པ། གང་ལ་བརྟེན་ནས་འབྲེལ་བར་འབྱུང་བ་ཡི། །སླུ་མེད་རྒྱུ་འབྲས་ཆོས་ཅན་སྣ་ཚོགས་སུ། །སྣང་ཡང་རང་བཞིན་དུས་ཀྱི་འཁོར་ལོ་ཞེས། །འཕོ་མེད་ལྷན་སྐྱེས་བདེ་བ་ཆེན་པོར་འདུས། །ཀུན་རྟོག་སེམས་ཀྱི་སྒྱུ་འཕྲུལ་འགག་མེད་དུ། །ཕྱི་ནང་སྟེང་འོག་འཁོར་ལོའི་གནས་ཚུལ་ཀུན། །རབ་གསལ་དུས་ཀྱི་འཁོར་ལོ་སྐར་དཔྱད་ཀྱི། །དགོངས་དོན་ཕུག་པའི་བཞེད་སྲོལ་སྨད་དུ་བྱུང༌། །དེ་ལ་རྨོངས་པའི་བློ་གྲོས་མུན་པའི་དཔུང༌། །མཐར་བྱེད་ཉིན་བྱེད་སྣང་བ་གཞོན་ནུའི་དཀྱིལ། །འདྲེན་པའི་འགྲེལ་བཤད་གསེར་གྱི་ཤིང་རྟ་ཞེས། །དྷརྨ་ཤྲཱིའི་མཁྱེན་རབ་མཐུས་བསྐྲུན་པ། །རྗོད་བྱེད་གླེགས་བམ་ནམ་ཡང་མི་འཛད་པས། །བློ་ལྡན་འདོད་འཇོའི་དཔྱིད་དུ་པར་གྱི་གཞི། །སྨིན་གྲོལ་ཆོས་ཀྱི་དགའ་ཚལ་གླིང་མཆོག་ནས། །པྲ་ཛྙཱ་ཤ་སའི་ཐུགས་བསྐྱེད་དག་པས་སྤེལ། །དེས་ཐོབ་དགེ་བས་བསྟན་དང་དེ་འཛིན་གྱི། །མི་མཐུན་རྒུད་པ་ཉེར་ཞི་མཐུན་པའི་རྐྱེན། །མ་ཚང་མེད་འབྱོར་འབྲེལ་ཐོགས་མཁའ་མཉམ་འགྲོ། །རྣམ་མཁྱེན་ཡེ་ཤེས་འཐོབ་པའི་རྒྱུ་རུ་བསྔོ༌། །གཞན་ཡང་རྒྱུ་སྦྱོར་འདྲི་རྐོ་དག་བྱེད་སོགས། །མདོར་ན་ཕན་པའི་བསམ་སྦྱོར་བྱེད་པོ་ཀུན། །སྐྱེ་བར་ཕྱི་ནང་གཞན་གསུམ་དུས་འཁོར་ལོ། །ཇི་བཞིན་བདེ་བླག་རྟོགས་ཤིང་གདོད་མའི་དབྱིངས། །བགྲོད་ནས་ཞི་ལ་མི་གནས་འཁོར་བ་ན། །མ་རྒན་འགྲོ་བ་འདྲེན་པའི་དེད་དཔོན་མཆོག །རྒྱལ་སྲས་ཀུན་ཏུ་བཟང་དང་འཇམ་དབྱངས་ཀྱི། །རླབས་ཆེན་སྤྱོད་པ་རྒྱ་མཚོར་སློབ་པར་ཤོག །མངྒ་ལཾ།།

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 9:48 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།