སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་ཉེར་གཅིག་པ། རེའུ་མིག་སྤེལ་བའི་ཁ་བྱང་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་ཉེར་གཅིག་པ། རེའུ་མིག་སྤེལ་བའི་ཁ་བྱང་བཤད་པ།

༈ དེ་ནས་ལྔ་བསྡུས་སྒྲ་གཅན་དང། །ཞག་གསུམ་གཟའ་ལྔ་ལ་སོགས་པའི། །རེའི་མིག་སྤེལ་ཚུལ་བཤད་པར་བྱ། །བྱེད་གྲུབ་གང་འདོད་ཉི་ཚེས་ཀྱི། །ཞག་གཅིག་ཡུལ་ལོངས་མདའ་ཡོན་ཟླའི། །ཆར་གསིལ་ཉི་རྐང་ཟླ་འབྲས་ཏེ། །གནས་གཉིས་དུས་དང་མཚོས་བསྒྱུར་བས། །ཉི་མའི་རྐང་འབྲས་གསུམ་པོ་འགྲུབ། །དེ་ཡིས་ཉིན་ཚེས་ཞག་གཅིག་གི། །ཡུལ་དུས་གཉིས་ཀའི་ལོངས་སྤྱོད་ལ། །མགྱོགས་རྩིས་དུས་སུ་འཆད་འགྱུར་ལྟར། །དབྲི་བསྣན་བྱས་པས་རྩ་བ་ཡི། །བསྡུས་དོན་ཁྱིམ་དྲུག་རྣམ་པར་དག །དེ་ནས་བསྐལ་ལིའི་བྱ་ར་ནི། །གཟུགས་ནས་མིག་རི་མེ་བར་བཀོད། །བྱེད་པར་དེ་འོག་གནས་གསུམ་གྱི། །སྟེང་མེ་ཉི་ཚེས་ཡུལ་ལོངས་དེ། །སྤེལ་ཞིང་བར་མར་གཟའ་ཚེས་དང། །འོག་མར་ཉི་ཚེས་རྟག་ལོངས་ལ། །ཉི་རྐང་རྩ་སྒྲུབ་ལྟར་བཙལ་ཏེ། །བར་འོག་གཉིས་པོར་བསྣོན་དབྲི་བྱ། །དེ་ཡིས་ཁྱིམ་རེའི་ཐོག་མ་ཡི། །རེའི་མིག་དང་པོ་འགྲུབ་པ་ཡིན། །དེ་ལ་རང་ཁྱིམ་བསྡུས་དོན་གྱིས། །རང་རང་རྐང་མཚམས་བར་དུ་སྤེལ།། ༈ གྲུབ་པར་སྟེང་བཀོད་ཉི་ཚེས་ཀྱི། །ལོངས་སྤྱོད་བར་པ་དོར་བྱས་ལ། །བྱ་རའི་འོག་གི་གནས་གསུམ་པོ། །མཐའ་གཉིས་གཟའ་ཚེས་ཉི་མ་དང་། །བར་པ་དོན་གྱི་ཁྱིམ་འཕོ་སྟེ། །ལུག་ལ་རེའུ་མིག་སུམ་ཅུ་དང་། །གཞན་རྣམས་སོ་གཅིག་རེ་ན་འཕོ། །སྤེལ་ལུགས་ཁྱིམ་རེའི་ཐོག་མ་རུ། །རང་རང་ཁ་བྱང་རེའུ་མིག་དང་། །དེ་རྗེས་གྲངས་ཡིག་དང་པོ་དེས། །བསྒྱུར་བའི་ཉི་ཚེས་ཡུལ་དུས་ཀྱི། །རྟག་ལོངས་བཀོད་པ་བསྒྲུབ་གཞི་སྟེ། །གཉིས་པོ་བྱ་རར་མ་ལྟོས་པའི། །ཁྱིམ་མཚམས་རེའུ་མིག་གཉིས་རེར་འགྱུར། །རང་རང་བྱ་ར་དང་པོའི་འོག །བསྒྲུབ་གཞིར་ཉི་རྐང་ལོངས་སྤྱོད་ནི། །རྩ་སྒྲུབ་ལྟར་བཙལ་བསྣོན་དབྲི་དག །བྱས་པས་རེའུ་མིག་དང་པོ་འགྲུབ། །དེ་ལ་བསྡུས་དོན་ཁྱིམ་དྲུག་གིས། །རང་རང་རྐང་མཚམས་བར་དུ་སྤེལ། །སུམ་བརྒྱ་དོན་གཉིས་བྱ་རའི་འོག །འཁོར་རྫོགས་གཟའ་ཉིའི་ལོངས་སྤྱོད་ལ། །རྐང་ཆོག་བྱས་ཏེ་འགོད་པར་བྱ།། ༈ དོན་གྱི་ཁྱིམ་འཕོ་ག་གཅིག་གི། །ཉི་ཚེས་ལོངས་སྤྱོད་ལས་བཙལ་བའི། །མཁའ་ཐིག་ཀླུ་དབང་དང་ཉི་མ། །མེ་དང་ཚེས་ཏེ་དང་པོར་བགོད། །དེ་ཉིད་བྱ་ར་མ་རྫོགས་བར། །སྤེལ་བས་དོན་ཁྱིམ་རེའུ་མིག་འགྲུབ།། ༈ གྲུབ་རྩིས་སྤྱི་ནོར་ཁྱིམ་དྲུག་གི། །རེའུ་མིག་བསྒྲུབ་ན་སྤེལ་བའི་གཞི། །ཉི་མའི་ཚེས་ག་ཡུལ་ལོངས་ལ། །ལོ་རེར་བཅུ་གསུམ་ཆ་རེ་རེ། །དམན་པའི་ཉི་རགས་བཅུ་གསུམ་པོར། །དུས་མཚོ་ཟླ་བའི་རྐང་ལོངས་དང་། །དོན་གྱི་ཁྱིམ་འཕོ་ལེགས་བཙལ་ཏེ། །རྐང་ལོངས་གསུམ་གྱིས་གཟའ་འཁོར་དང་། །བསྒྲུབ་གཞིའི་ཉི་མ་རགས་པ་ལ། །སྔར་བཞིན་བསྡུས་དོན་དྲུག་པ་བཟོ། །དེ་ལ་བྱ་ར་བཅུ་གསུམ་པོ། །ནག་པོ་ལུགས་འབྱུང་དམར་པོ་ལྡོག ༈ རྒྱས་པར་ཉི་མའི་སྤྱི་ནོར་རྣམས། །དོར་ནས་ཆུ་མིག་ཀླུ་མཚོའི་མཐར། །སྤེལ་ན་ཆོ་ག་སྔར་བཞིན་ལས། །ཁྱད་པར་རེའུ་མིག་གསུམ་ཅུ་པ། །ལོ་རེར་ཁྱིམ་རེ་ཕྱིར་འཕོས་པས། །ཐ་མ་ལུག་ཁྱིམ་ཉིད་ལ་འཁོར།། ༈ བྱེད་གྲུབ་གང་འདོད་ཆ་ཤས་ཀྱི། །རེའུ་མིག་དམར་ནག་འཁོར་མ་ནི། །སྤེལ་ན་ཆ་ཤས་གཅིག་པ་ནས། །རེ་གསུམ་བར་གྱི་བྱ་ར་དང་། །ཆ་ཤས་རེ་རེར་རེའུ་མིག །བཅུ་བཞི་ཡོད་པའི་གྲངས་འཛིན་ནི། །ཐིག་ནས་བཅུ་གསུམ་བར་དུ་བཀོད། །དེ་ནས་ཆ་ཤས་གཅིག་པ་ལ། །དུས་ཉིས་ཐོབ་པ་ཆུ་ཚོད་དེ། །ལྷག་མ་མཁའ་རོ་དུས་རི་རོ། །རི་མཁའ་རིས་བསྒྱུར་དུས་ཉི་ཡིས། །རིམ་ཐོབ་གྲུབ་པའོ་བྱེད་པ་ལ། །དབུགས་ལྷག་དགུས་ཐོབ་ཆར་བཞག་པ། །དེ་ནི་ཆ་ཤས་གཅིག་པ་ཡི། །བྱ་ར་དྲུག་པའི་ལོངས་སྤྱོད་ཡིན། །དེ་ཉིད་རང་རང་ཆ་ཤས་ཀྱིས། །བསྒྱུར་ལ་སོ་སོའི་དྲུག་པར་བཀོད། །དེ་རྣམས་ཟླ་རྐང་བཅུ་བཞི་པོས། །བསྒྱུར་ནས་རྐང་སྡོམ་དང་བཅས་པའི། །རང་རང་སྔ་རྐང་ལ་བསྲེ་ཞིང་། །ཕྱི་རྐང་ཕབ་ལ་སྦྱང་བར་བྱ། །དེ་ཡང་སོ་སོའི་རྐང་སྡོམ་ནི། །གྲངས་འཛིན་དང་བསྟུན་འདི་ལྟར་བཀོད། །སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་འདོད་པར་འབྱུང་བ་སྟེ། །མིག་དང་ཉི་མ་དག་ལ་ཕྱོགས། །མེ་དང་དྲག་པོར་ཚེས་ཞེས་བྱ། །ཕྱོགས་དང་ཆུ་གཏེར་བུ་ག་གཟུགས། །མདའ་དང་བུག་པར་ལག་པ་མིག །དུས་དང་ནོར་ལ་རྒྱལ་བ་སྟེ། །ཐུབ་པ་ལ་ནི་དེ་ཉིད་དོ། །དེ་ལྟར་དྲུག་ཅུ་རེ་གསུམ་གྱིས། །ལུགས་འབྱུང་དམར་པོའི་རེའུ་མིག་འགྲུབ། །ནག་པོའི་བྱ་ར་རེ་བཞི་ནི། །དམར་པོའི་རེ་གཉིས་དང་སྤྲད་ལ། །རེ་ལྔ་ནས་བཟུང་བརྒྱ་ཉེར་ལྔའི། །བར་དུ་བྱ་ར་ནག་པོ་ལྡོག །དུས་ཉིའི་ཆ་ཤས་གཅིག་བུ་དེ། །རེ་གསུམ་ཐ་མར་ཟུར་དུ་བཞག །ཆ་ཤས་རེ་རེའི་རེའུ་མིག །བཅུ་བཞིར་ཐིག་ནས་བཅུ་གསུམ་བར། །ལུགས་ལྡོག་བྱ་ར་ནག་པོ་བཏབ། །དེ་ཡིས་དམར་ནག་འཁོར་མ་འགྲུབ། །ཁྱད་པར་འཁོར་ལོ་བསྒྲིལ་བའི་ཚེ། །བྱེད་པའི་ཆ་ཤས་མ་ནུས་བྱ།། ༈ རྒྱས་པར་སྤྲོས་འདོད་དུས་ཉིའི་བར། །སྤེལ་ན་རྐྱང་པའི་རེའུ་མིག་འགྲུབ།། ༈ དེ་ནས་སྒྲ་གཅན་རེའུ་མིག །སྤེལ་ན་ཉར་གཟུགས་སྟོང་མིག་དེ། །འཁོར་ལོ་མཁའ་རོ་མཁའ་རོ་དུས། །མེ་མིག་གིས་བསྒྱུར་མཁའ་དུས་ཆུས། །རིམ་ཐོབ་ཉ་སྟོང་རྩ་བ་སྟེ། །དེ་ཡིས་འཁོར་ལོ་ལ་ཕྲི་གདོང་། །གདོང་ལ་འཁོར་ཕྱེད་བསྲེས་པ་མཇུག །སྟེང་མར་ཉ་ལ་འོག་མར་སྟོང་། །བཀོད་པས་རེའུ་མིག་དང་པོ་འགྲུབ། །དེ་ནས་སྔ་མ་སྔ་མའི་སྟེང་། །རྟག་ལོངས་མཁའ་རི་མིག་མེ་ཚེས། །རྩ་བར་བྱིན་ཞིང་གདོང་ལ་འཕྲོག །གདོང་ལ་འཁོར་ཕྱེད་བསྲེས་པ་མཇུག །སྟེང་འོག་ཉ་སྟོང་རེའུ་མིག་གི། །བར་དུ་ཐུན་མོང་བྱ་ར་ནི། །གཅིག་ནས་ཉིས་བརྒྱ་སུམ་ཅུའི་བར། །བཀོད་པས་སྒྲ་གཅན་བསྐལ་པར་འཁོར།། ༈ དེ་ནས་གཟའ་ལྔའི་ཞག་གསུམ་གྱི། །རེའུ་མིག་སྤེལ་ཚུལ་བཤད་པར་བྱ། །རང་རང་ཞག་གསུམ་དལ་བ་ཡི། །ཞག་གཅིག་རྟག་པའི་ལོངས་སྤྱོད་དེ། །མདའ་ཡོན་ཟླ་བའི་ཆར་གསིལ་བ། །རང་རང་དལ་བའི་རྐང་པས་བསྒྱུར། །སོ་སོའི་རྐང་འབྲས་གསུམ་པོ་འགྲུབ། །དེ་ཡིས་རང་རང་ཞག་གསུམ་པོའི། །ཞག་གཅིག་དལ་ལོངས་གནས་དྲུག་གི། །སྔ་མར་བྱིན་ཞིང་ཕྱི་མར་འཕྲོག །སོ་སོའི་རྐང་འབྲས་དྲུག་པོ་དག ༈ དེ་ནས་དལ་བ་དག་པ་དང་། །མྱུར་བ་བར་པའི་བྱ་ར་ནི། །གཅིག་ནས་གཟའ་ལྔ་སོ་སོ་ཡི། །ཞག་གསུམ་དཀྱིལ་འཁོར་མཐའི་བར་བཀོད། །ཁྱད་པར་ཞག་སར་མ་འདྲིལ་བའི། །དཀྱིལ་འཁོར་རྣམས་ལ་རྗེས་འབྲང་ཆེད། །མཐའ་རུ་རེའུ་མིག་གཅིག་རེ་བསྣན།། ༈ དེ་ནས་དལ་དག་བྱ་རའི་འོག །རེའུ་མིག་སྟེང་འོག་གནས་གཉིས་ཀྱི། །སྟེང་མར་ཞི་གཉིས་ཉི་མ་དང་། །དྲག་གསུམ་རང་རང་ཡུལ་ལོངས་རྣམས། །བྱ་རའི་མཐར་སྤེལ་དལ་བར་འགྲུབ། །འོག་མར་སྟེང་བཀོད་བར་པ་ལ། །སོ་སོའི་དལ་རྐང་རྩ་སྒྲུབ་ལྟར། །བཙལ་ཏེ་བསྒྲུབས་པའི་དལ་དག་ནི། །རང་རང་རྐང་པ་གང་བབས་ཀྱི། །ཐོག་མའི་རེའུ་མིག་འགྲུབ་པ་ཡིན། །དེ་ལ་སོ་སོའི་རྐང་འབྲས་ཀྱིས། །རང་རང་རྐང་མཚམས་བར་སྤེལ་ཏེ། །དེ་ཡང་མ་དོར་སྔ་རྐང་དང་། །དོར་བའི་ཕྱི་རྐང་ལ་བབས་ཚེ། །སོ་སོའི་རྐང་འབྲས་བུ་ལོན་དང་། །དོར་སྔ་མ་དོར་ཕྱི་རྐང་ཚེ། །རྐང་འབྲས་ནོར་གྱིས་སྤེལ་བར་བྱ། །རང་རང་རྐང་པའི་འཕོ་མཚམས་ནི། །དལ་རྐང་ལོངས་སྤྱོད་འཚོལ་བའི་ཚེ། །རྐང་བཟུང་མདུན་མའི་བསྒྱུར་གཞི་དེར། །རང་རང་ཞག་གཅིག་དལ་བར་ཚད། །མ་ལོངས་འཕོ་མཚམས་འཁྲུལ་མེད་ཡིན། ༈ ཞི་གཉིས་མྱུར་བར་བྱ་རའི་མཐར། །རང་རང་རྐང་འཛིན་ལོངས་སྤྱོད་སྤེལ། །དྲག་གསུམ་མྱུར་བར་སྔར་བཤད་ཀྱི། །ཉི་མ་བར་བས་སྟོན་པར་འགྱུར།། ༈ ཡང་ནི་ཞི་གཉིས་དལ་བར་དང་། །དྲག་གཟའི་མྱུར་བར་ཐུན་མོང་ཕྱིར། །གནས་གསུམ་སྟེང་མར་ཉི་བར་བཀོད། །དེ་ཡི་བར་པར་ལྷག་པ་དང་། །འོག་མར་པ་སངས་དལ་དག་བཀོད། །ཞི་དྲག་ཐུན་མོང་རེའུ་མིག་ཡིན། །དེ་བཞིན་དྲག་གཟའི་དལ་བར་རྣམས། །དོར་བ་རེའུ་མིག་བསྡུས་པའོ།། ༈ ཤིན་ཏུ་བསྡུ་ན་དྲག་གསུམ་གྱི། །སོ་སོའི་ཞག་གྲངས་མཆོངས་ཏེ་སྤེལ། །སྐབས་དེའི་རྐང་འབྲས་ནོར་བུ་ལོན། །གང་མཆོངས་ཞག་བསྒྱུར་ལོགས་བཀོད་པ། །ཞག་རྩིས་སྟེར་བའི་རེའུ་མིག་ཡིན།། ༈ ཁྱད་པར་གཟའ་ལྔའི་ཞག་གསུམ་གྱི། །དཀྱིལ་འཁོར་རྗེས་འབྲང་ཅན་རྣམས་ལ། །སྤྱི་ནོར་སྤེལ་ནའང་རུང་མོད་ཀྱི། །འོན་ཀྱང་ཐམས་ཅད་འགྲུབ་དཀའ་བས། །ཚེས་ཞག་དྲག་པོའི་མྱུར་བར་ལ། །ཞག་གཅིག་བཅུ་གསུམ་ཆར་བྱས་པའི། །ལོངས་སྤྱོད་རང་གི་ཆའི་གྲངས་བརྩེགས། །དེ་དག་རེ་རེར་ཞི་གཉིས་ཀྱི། །རྐང་འབྲས་དྲུག་དྲུག་བཙལ་བ་ཡིས། །ཐུན་མོང་སྤྱི་ནོར་རེའུ་མིག་འགྲུབ།། ༈ ཞིི་གཉིས་ཉིན་ཞག་མྱུར་བར་ཡང་། །ཉིན་ཞག་རྐང་འཛིན་རྟག་ལོངས་དེ། །ལྷག་པ་རི་ཀླུ་པ་སངས་ནི། །རྒྱལ་བ་མིག་གི་བར་སྤེལ་བས། །སོ་སོའི་རྐང་པའི་རེའུ་མིག་འགྲུབ། །རང་རང་ཞག་གཅིག་ལོངས་སྤྱོད་དེ། །བརྒྱ་དང་བཅུ་ཡི་ཆར་གསིལ་བ། །རང་རང་ཞག་ཚད་མ་ལོངས་བར། །སྤེལ་བས་སོ་སོའི་སྤྱི་ནོར་སྟོན། ༈ དེ་ནས་གཟའ་ལྔའི་ཞག་གསུམ་གྱི། །ཐུན་མོང་མྱུར་དག་རྐང་པ་ཡི། །རེའུ་མིག་སྤེལ་ཚུལ་བཤད་པར་བྱ། །རིམ་པའི་གྲངས་འཛིན་ཐིག་ལེ་ནས། །བརྒྱད་བརྒྱ་བཅུའི་བར་ལུགས་འབྱུང་བཀོད། །ཐིག་འོག་རྐང་ལོངས་གནས་གསུམ་ཀ །སྟོང་པའོ་རེའུ་མིག་དང་པོ་ཡིན། །གྲངས་འཛིན་གཅིག་འོག་སྐར་དབྱུག་ཐིག །སྲང་དུ་གཟའ་ལྔ་རང་རང་གི། །མྱུར་རྐང་དང་པོ་བཞག་པ་དེ། །དྲུག་ཅུའི་བར་དུ་སྤེལ་བ་ཡིས། །རྐང་པ་དང་པོའི་ལོངས་སྤྱོད་རྫོགས། །དེ་ནས་སྲང་དུ་མྱུར་རྐང་ནི། །གཉིས་པ་བཞག་ནས་སྤེལ་བ་སོགས། །རང་རང་སྔ་རྐང་བར་དུ་འགྲེ། །ཕྱི་རྐང་མཚམས་སུ་སླེབས་པ་ནས། །སྔ་མ་སྔ་མའི་རྐང་ལོངས་ལ། །ཕྲི་བས་ཕྱི་མ་ཕྱི་མ་འགྲུབ། །རང་རང་མྱུར་རྐང་བཅུ་གསུམ་པོ། །དྲུག་ཅུ་རེ་ན་རྐང་མཚམས་འཕོ། །རིམ་རྐང་ཐ་མ་རྐང་པ་ཕྱེད། །ཡིན་ཕྱིར་དབྲི་བྱེད་ཉིས་འགྱུར་དུ། །བྱས་པས་སུམ་ཅུའི་བར་དུ་སྤེལ། །དེ་རྣམས་འོག་ཏུ་རིམ་མིན་གྱི། །གྲངས་འཛིན་ལུགས་ལྡོག་ཚུལ་དུ་བཏབ། །དེ་ཡིས་གཟའ་ལྔའི་རྒྱུན་བཅས་ཀྱི། །མྱུར་རྐང་རེའུ་མིག་རྣམ་དག་འགྲུབ། །དེ་བཞིན་གཟའ་ལྔ་རང་རང་གི། །དལ་མྱུར་གང་ལ་གནས་པ་ཡི། །ཞག་རེའི་མ་འདྲེས་ལོངས་སྤྱོད་རྣམས། །རྟོགས་ཕྱིར་ཞག་རེའི་མྱུར་དག་གི། །རེའུ་མིག་སྤེལ་ཚུལ་བརྗོད་པར་བྱ། །གཟའ་ལྔ་སོ་སོར་སྔར་བཤད་ཀྱི། །རྐང་འབྲས་མིང་བཏགས་དལ་དག་དྲུག །གནས་གཉིས་བཀོད་པའི་ཕྱོགས་གཅིག་གིས། །དྲག་གསུམ་ཉི་བར་ཞི་གཉིས་ཀྱི། །རང་རང་རྐང་འཛིན་བར་པ་ལ། །སྦྱངས་ལྷག་གང་བྱུང་གཟའ་སོ་སོའི། །རང་རང་རྐང་འཛིན་དག་པ་ཡིན། །རེ་རེའང་མྱུར་རྐང་བཅུ་བཞི་པོས། །བསྒྱུར་ལ་རྐང་རིལ་བཅུ་གསུམ་པོ། །མཁའ་རོའི་ཕྱེད་པ་གཅིག་པུ་དེ། །མཁའ་མེས་དབྱུག་སྲང་དབུགས་ཆའི་བར། །རིམ་པར་བགོས་པའི་རྐང་ལོངས་རྣམས། །རང་རང་དལ་དག་ཅིག་ཤོས་ལ། །སྔ་རྐང་ལ་བྱིན་ཕྱི་རྐང་དུ། །ཕྲི་བའི་མྱུར་བ་རྣམ་དག་རྣམས། །རེའུ་མིག་བཅུ་བཞི་ལ་བཀོད་ཅིང་། །དེ་ལ་གྲངས་འཛིན་བྱ་ར་ནི། །སྟེང་དུ་རིམ་པ་ལུགས་འབྱུང་དང་། །འོག་ཏུ་རིམ་མིན་ལུགས་ལྡོག་བཀོད། །དེ་ལྟར་གཟའ་ལྔ་སོ་སོ་ཡི། །མྱུར་རྐང་བཅུ་བཞི་རང་རང་གི། །དལ་དག་དྲུག་གིས་བསྒྱུར་བ་ཡིས། །གཟའ་རེར་མྱུར་རྐང་རེའུ་མིག །གྱ་བཞི་འབྱུང་བས་སོ་སོ་ཡི། །ཞག་རེའི་མྱུར་རྐང་འཕེལ་འགྲིབ་རྟོགས།། ༈ བྱེད་པ་ལོ་འཕོའི་རེའུ་མིག་ནི། །གཟུགས་ཚེས་གཟུགས་མེ་གཟུགས་ཟླ་ཉིར། །གཟར་མིག་དབྱུག་གུར་མཁའ་མེ་བྱིན། །དེ་ཉིད་རེའུ་མིག་དང་པོ་ཡིན། །དེ་ལ་གཟུགས་ཚེས་གཟུགས་མེ་སོགས། །རིམ་པར་བྱིན་ལ་བྱ་རའི་གྲངས། །རི་ཟླ་མེ་ཡི་བར་དུ་སྤེལ།། ༈ དེ་ནས་དུས་སྦྱོར་བཅུ་གཉིས་ཀྱི། །འདས་ལུས་སྲང་གི་རེའུ་མིག་ནི། །འདས་སྲང་གྲངས་འཛིན་ཐིག་ལེ་ནས། །མཁའ་མེའི་བར་དུ་ལུགས་འབྱུང་བཀོད། །ཐིག་འོག་གནས་གཉིས་སྟོང་པ་སྟེ། །གཅིག་འོག་སྲང་ཚད་དྲུག་པོ་གང་། །མཁའ་མེས་བགོས་ཐོབ་ཆུ་སྲང་ཡིན། །ལྷག་མ་རོས་བསྒྱུར་ཐོབ་པ་དབུགས། །དེ་ཉིད་སུམ་ཅུའི་བར་དུ་བརྩེགས། །དབུགས་སུ་ལོངས་ཚེ་རོ་ཡིས་བསྒྲིལ། །དེ་ཡིས་སོ་སོའི་འདས་སྲང་སྟོན། །དེ་རྣམས་འོག་ཏུ་མ་འོངས་པའི། །སྲང་གི་བྱ་ར་ནམ་མཁའ་ནས། །མཁའ་མེའི་བར་དུ་ལུགས་ལྡོག་དང་། །རེའུ་མིག་རེ་རེའི་ཐོག་མ་རུ། །ཁྱིམ་མིང་གཉིས་གཉིས་ཁ་བྱང་དགོད།། ༈ དེ་ནས་གནས་ལྔ་དང་བཅས་པའི། །མི་མཉམ་དུམ་དྲུག་དུས་སྦྱོར་གྱི། །རེའུ་མིག་སྤེལ་ན་བྱ་ར་ནི། །གཅིག་ནས་རང་རང་སྲང་ཚད་བར། །བཏབ་རྗེས་བྱ་ར་དང་པོ་དེ། །མཁའ་མེ་མཁའ་རོ་མཁའ་རོ་དུས། །བགོད་བྱེད་ལྔ་ཆས་བསྒྱུར་བ་ལ། །རང་རང་ཁྱིམ་གྱི་སྲང་ཚད་ཀྱིས། །རིམ་བཞིན་ཐོབ་པ་གནས་ལྔའོ། །ཆུ་ཚོད་གནས་སུ་གང་ཤར་དེ། །དུམ་དྲུག་བགོད་གཞི་ཡིན་པའི་ཕྱིར། །ཆ་ཤས་སྟེང་དུ་རང་འདྲ་ཞིག །བཀོད་པ་སྤྱི་དྷྲཱུ་ཞེས་སུ་བཏགས། །དེ་ཡི་ཆ་ཤས་མན་ཆད་དེ། །བྱ་རའི་གྲངས་མཐར་བརྩེགས་ལ་སྤེལ། །གང་ལོངས་སྒྱུར་བྱེད་རང་རང་གི། །འཁོར་ལོས་ཆུ་ཚོད་བར་བསྒྲིལ་བའི། །ཆུ་ཚོད་ཚར་གཉིས་བྱས་པའི་གཅིག །རང་གནས་བཞག་པ་རང་འཁོར་གྱིས། །ཆ་ཤས་གནས་སུ་བསྒྲིལ་བར་བྱ། །ཅིག་ཤོས་སྤྱི་དྷྲཱུའི་གནས་སུ་འཇོག །དེ་ཕྱིར་སྟེང་ནས་རིམ་པ་བཞིན། །སྤྱི་དྷྲཱུ་ཆ་ཤས་དབྱུག་སྲང་དབུགས། །བགོད་བྱེད་ཀྱི་ནི་ལྔ་ཆར་བཞག ༈ དེ་ནས་བགོད་གཞིའི་སྤྱི་དྷྲཱུ་ལ། །ཕྱེད་པ་སུམ་ཆ་དགུ་ཆ་དང་། །བཅུ་གཉིས་ཆ་དང་སུམ་ཅུ་ཆའི། །སྔར་བཤད་བགོད་བྱེད་སོ་སོས་བགོ། །རྙེད་པ་ཡོད་དམ་མེད་ཀྱང་རུང་། །ལྷག་མ་བྱུང་ན་གཅིག་བྱིན་བྱ། །རེའུ་མིག་ལྔ་ལ་ཡས་ནས་མར། །སོ་སོའི་བདག་པོའི་གཟའ་བཅས་བཀོད། །བསྡུ་ན་སྲང་ཚད་ཁྱིམ་གཉིས་རེ། །གཅིག་ཕྱིར་བསྡོམས་ཏེ་ཁ་བྱང་དང་། །དུམ་དྲུག་གཟའ་རྣམས་མི་འདྲེས་ཕྱིར། །དམར་ནག་མཚན་མས༌བྲི་བར་བྱ།། ༈ དེ་ནས་ཁྱིམ་ཚེས་བར་ཁྱད་ཀྱི། །རེའུ་མིག་སྤེལ་ན་གཅིག་ནས་བཟུང་། །རེ་ལྔའི་བར་དུ་བྱ་ར་འགོད། །དེ་འོག་ཉི་མའི་ཡུལ་དུས་ཀྱི། །ཚེས་ཞག་གཅིག་གི་ཚད་དེ་ཉིད། །རེ་ལྔས་ཕྱེ་ནོར་དང་པོར་བཞག །དེ་ཉིད་རེ་ལྔའི་བར་དུ་བརྩེགས། །འོག་ཏུ་ལུགས་ལྡོག་བྱ་ར་འགོད། །དེ་ཡང་བསྡུ་ན་ཞག་གཅིག་གི། །བཅུ་གསུམ་ཆ་དང་དེའི་ལྔ་ཆར། །སྤེལ་བས་དགོས་པ་འགྲུབ་པ་ཡིན།། ༈ ཉིན་ཚེས་བར་ཁྱད་རེའུ་མིག་ནི། །གྲངས་འཛིན་གཅིག་ནས་རེ་བཞིའི་བར། །བཀོད་འོག་ཉི་མའི་ཉིན་ཞག་གི། །ཡུལ་ལོངས་ཆུ་རོས་ཕྱེ་ནོར་དེ། །རེ་བཞིའི་བར་དུ་བརྩེགས་ལ་སྤེལ། །དེ་ནས་རེ་བཞི་ཆའི་རེའུ་མིག །དང་པོ་དེ་ཉིད་བུག་སོགས་ཆར། །གསིལ་ལ་རི་མཁའ་རིས་ཐོབ་ནོར། །དང་པོའི་གནས་བཞག་རི་མཁའ་རིའི། །བྱ་རའི་གྲངས་བར་སྤེལ་བས་འགྲུབ། །དེ་ནས་བུག་མཁའ་མིག་བུག་ཡིད། །རི་རོས་ཕྱེ་ནོར་དང་པོར་བཞག །དེ་ཡང་རེ་བདུན་བྱ་རའི་བར། །སྤེལ་བས་ཉིན་ཚེས་བར་ཁྱད་འགྲུབ། །དེ་ལྟར་རེའུ་མིག་སྤེལ་ཚུལ་གནད། །ཤེས་ན་སོ་སོའི་མ་འདྲེས་པའི། །ལོངས་སྤྱོད་རྣམ་གཞག་རྟོགས་པར་འགྱུར། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །རེའུ་མིག་སྤེལ་བའི་ཁ་བྱང་བཤད་པའི་སྐབས་ཏེ་ཉེར་གཅིག་པའོ།།

མཐའ་མའི་འདོན་ཐེངས་།: 23.11.2024 ཉིན། 7:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།