སྐབས་གསུམ་པ། བསྟན་པའི་རྩིས་ཀྱི་རྣམ་གཞག་བཤད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2024 |
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་གསུམ་པ། བསྟན་པའི་རྩིས་ཀྱི་རྣམ་གཞག་བཤད་པ། |
༈ བསྟན་པའི་རྩིས་ཀྱི་རྣམ་གཞག་ལ། །མདོ་དང་རྒྱུད་ཀྱི་ལུགས་གཉིས་ཡོད། །རེ་རེ་ལ་ཡང་གནས་ཚད་དང་། །དེ་ཡི་སྟེང་ནས་འདས་ཚུལ་ལོ།། ༈ མདོ་ལུགས་བསྟན་པའི་གནས་ཚད་ནི། །བསྐལ་བཟང་འདུལ་ལུང་ཕྲན་ཚེགས་དང་། །འཕགས་པ་བློ་གྲོས་མི་ཟད་པས། །བསྟན་པའི་མདོ་ཡི་འགྲེལ་པ་དང་། །གསེར་འཕྲེང་ཅན་གྱི་རྟོགས་བརྗོད་དང་། །མཛོད་འགྲེལ་རྣམས་ལས་ཐུབ་པའི་བསྟན། །དངོས་བཏགས་ལྔ་བརྒྱ་ལྔ་བརྒྱ་སྟེ། །ལོ་སྟོང་བར་དུ་གནས་པར་གསུངས། །སྙིང་རྗེ་པདྨ་དཀར་པོ་ལས། །དངོས་སྟོང་བཏགས་པ་ལྔ་བརྒྱར་བཤད། །ཟླ་བ་སྙིང་པོས༌ཞུས་པའི་མདོར། །ཉིས་སྟོང་གནས་པར་གསུངས་པ་དང་། །ཆོས་ཉིད་རང་ངོ་མི་གཡོ་བར། །ཐ་དད་སྣང་བའི་མདོ་དང་ནི། །རྡོ་རྗེ་གཅོད་པའི་འགྲེལ་པ་ལས། །ཉིས་སྟོང་ལྔ་བརྒྱར་གནས་པར་གསུངས། །དགའ་བའི་བཤེས་ཀྱི་རྟོགས་བརྗོད་ལས། །སྐྱེས་བུའི་ཚེ་ལོ་ཡར་འཕེལ་གྱི། །དྲུག་བརྒྱའི་བར་དུ་གནས་པར་བཤད། །དཾཥྚ་སེ་ནའི་འབུམ་ཊཱིཀ་དང་། །དབྱིག་གཉེན་ཞབས་ཀྱི་གནོད་འཇོམས་དང་། །སློབ་དཔོན་འཇམ་དཔལ་གྲགས་པ་རྣམས། །ལྔ་སྟོང་བར་དུ་གནས་པར་བཞེད། །དེ་ཡང་ལྔ་བརྒྱ་ཕྲག་བཅུ་ལས། །ལྔ་བརྒྱ་དང་པོར་དགྲ་བཅོམ་དང་། །དེ་བཞིན་གཉིས་པར་ཕྱིར་མི་འོང་། །གསུམ་པ་ལ་ནི་རྒྱུན་ཞུགས་ཏེ། །ཡེ་ཤེས་ཁོང་ཆུད་ལེའུ་གསུམ། །དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ། །རིམ་པར་ཤེས་རབ་ཏིང་འཛིན་དང་། །ཚུལ་ཁྲིམས་བསླབ་པ་གཙོ་སྟོན་གསུམ། །སྒྲུབ་པའི་དུས་ཀྱི་ལེའུ་ཟེར། །དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ། །མངོན་པ་མདོ་སྡེ་འདུལ་བ་རྣམས། །སྟོན་པ་མང་དུ་འབྱུང་བས་ན། །ལུང་གི་ལེའུ་གསུམ་དུ་གྲགས། །བཅུ་པ་ལྔ་བརྒྱ་ཐ་མ་ལ། །རབ་བྱུང་རྟགས་ཙམ་མ་གཏོགས་པ། །ལྟ་སྤྱོད་རྣལ་མ་མེད་པའི་ཕྱིར། །རྟགས་ཙམ་འཛིན་པའི་ལེའུར་བཞེད། །དེ་ལས་གཞན་རྣམས་དགོངས་པ་ཅན། །ལྔ་སྟོང་དོན་ལ་གནས་པར་བཟུང་།། ༈ དེ་ཡི་སྟེང་ནས་འདས་ཚུལ་ནི། །རྒྱལ་བ་མྱ་ངན་འདས་པའི་ལོ། །དེ་ནི་འདས་ལོའི་ཐོག་མ་ཡིན། །དེ་ནས་རབ་བྱུང་བཅུ་གཉིས་པའི། །ཤིང་ཕོ་རྟ་ལོ་འདི་ཡན་ལ། །ལོ་གྲངས་ཇི་ཙམ་འདས༌ཞེ༌ན། །བཞེད་ཚུལ་མི་འདྲ་འདི་ལྟར་མཐོང་། །བཞི་སྟོང་ཆིག་བརྒྱ་སོ་གསུམ་འདས། །ཆོས་རྒྱལ་སྲོང་བཙན་བཀའ་ཆེམས་ལུགས། །ཉིས་སྟོང་བཞི་བརྒྱ་རེ་གསུམ་འདས། །ཙནྡན་ཇོ་བོའི་ལོ་རྒྱུས་ལུགས། །ཉིས་སྟོང་བདུན་བརྒྱ་ཉེར་གཅིག་གམ། །ཡང་ན་དྲུག་ཅུ་སྐོར་གཅིག་གིས། །དམན་པ་ཐང་གི་ཡིག་ཚང་ལུགས། །སུམ་སྟོང་བརྒྱད་བརྒྱ་ང་དགུ་འདས། །འདུལ་འཛིན་ནེལྤ་པཎ་ཆེན་ལུགས། །ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་བདུན། །འདས་པར་སློབ་དཔོན་ཨ་བྷ་ཡ། །པཎ་ཆེན་ཤཱཀྱ་ཤྲཱི་དང་། །ནམ་མཁའ་བཟང་པོ་ལ་སོགས་བཞེད། །སུམ་སྟོང་བརྒྱད་བརྒྱ་ལྔ་བཅུ་རྣམས། །འདས་པ་དཱི་པཾ་ཀ་ར་དང་། །ཇོ་བོ་ཚུལ་འབར་ཞང་ཚེ་སྤོང་། །ཉང༌བྲན་ཆ་པ་འཆིམས་ཆེན་ཞབས། །དབུས་པ་བློ་གསལ་ལ་སོགས་པ། །གངས་ཅན་མཁས་པ་མང་པོའི་ལུགས། །སུམ་སྟོང་བརྒྱད་བརྒྱ༌ཞེ་དྲུག་འདས། །བདག་ཉིད་ཆེན་པོ་ས་པཎ་ལུགས།། ༈ དེ་ནས་རྒྱུད་ཀྱི་ལུགས་ལ་ཡང་། །སྤྱི་དང་ཁྱད་པར་རྣམ་གཉིས་ཡོད། །སྤྱི་ནི་བྱ་སྤྱོད་རྣལ་འབྱོར་དང་། །བླ་མེད་ཐབས་ཀྱི་རྒྱུད་རྣམས་ནི། །ཇི་སྲིད་ཐུབ་བསྟན་སྤྱི་གནས་པ། །དེ་སྲིད་གནས་པར་སྒྲོན་གསལ་དང་། །འཇམ་དཔལ་རྩ་རྒྱུད་སོགས་ལས་གསུངས། །མ་རྒྱུད་ནམ་ཡང་ནུབ་མི་འགྱུར། །དེ་ཡང་མཁའ་འགྲོ་རྒྱ་མཚོ་ལས། །ཤེས་རབ་རྒྱུད་ནི་རང་བྱུང་ཉིད། །རང་གི་རང་བཞིན་རྟག་ཏུ་གནས། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སུ། །མི་འཇིག་གོ་འཕང་རྗེས་འགྲོ་བ། །བསྐལ་པ་སྲེག་པའི་དུས་སུ་ནི། །གཞན་དུ་སོང་ནས་ཡང་དག་གནས། །ཞེས་གསུངས་རྫོགས་ཆེན་ཞིང་སོ་སོར། །བཙས་འཕར་དར་ནུབ་དུས་བདུན་བདུན། །བྱེད་པར་གསུངས་ཏེ་ཐལ་འགྱུར་ལས། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དག་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །ཞེས་སོགས་རྣམ་གཞག་རྒྱས་པར་གསུངས། །ངེས་པའི་དོན་དུ་གསེར་འོད་ལས། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བར་སྟོན། །སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །ཞེས་གསུངས་གསང་སྙིང་རྒྱུད་ལས་ཀྱང་། །དེ་དང་ཚིག་དོན་མཐུན་པར་གསུངས། །གཞན་ཡང་ཡིད་བཞིན་རྣམ་བཀོད་ལས། །སེམས་ཅན་ཀུན་གྱི་ཚོགས་ཆེན་པོ། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱས་སྤྲུལ་པ་རྒྱུན་མི་ཆད། །གྲོལ་བའི་ཆོས་ཀྱང་ནུབ་པ་མེད། །ཅེས་གསུངས་ཕྱིར་ན་ཚུལ་འདི་དག །ཁོང་དུ་ཆུད་པ་བློ་ལྡན་ཡིན།། ༈ ཁྱད་པར་དུས་འཁོར་བསྟན་རྩིས་ལ། །སྔར་འདས་ཕྱིས་ལུས་གནས་ཚད་གསུམ། །དེ་ལས་སྔར་འདས་རྣམ་གཞག་ལའང་། །ཐ་དད་བཞེད་པ་དུ་མ་མཐོང་། །སྟོན་པས་རྩ་རྒྱུད་གསུངས་པ་ནས། །ཉིས་སྟོང་ལྔ་བརྒྱ་གོ་གཉིས་འདས། །ཀུན་མཁྱེན་བུ་དང་བྱང་པའི་ལུགས། །ཉིས་སྟོང་ལྔ་བརྒྱ་དགུ་བཅུ་འདས། །ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ལུགས། །དེ་ལས་གཅིག་གིས་མང་བར་ནི། །འཇམ་དབྱངས་ཆོས་མགོན་ལ་སོགས་བཞེད། །སུམ་སྟོང་དྲུག་ཅུ་རེ་དྲུག་འདས། །འགོས་ལོ་གཞོན་ནུ་དཔལ་གྱི་ལུགས། །རྒྱལ་བ་མྱ་ངན་འདས་པ་ནས། །ཉིས་སྟོང་ཉིས་བརྒྱ་གྱ་བདུན་འདས། །དཔལ་ལྡན་བླ་མ་དམ་པའི་ལུགས། །ཉིས་སྟོང་སུམ་བརྒྱ་རེ་བཞི་འདས། །གྲུབ་ཐོབ་ཨོ་རྒྱན་པ་ཡི་ལུགས། །ཉིས་སྟོང་ལྔ་བརྒྱ་གོ་གཅིག་འདས། །གཡུང་སྟོན་ལུགས་ཡིན་དེ་ལས་གཅིག །ཕྲི་བ་བསྟན་འཛིན་བཟང་པོའི་ལུགས། །ཉིས་སྟོང་ཆིག་བརྒྱ་གྱ་བརྒྱད་འདས། །རོང་པ་ངག་དབང་གྲགས་པའི་ལུགས། །ཉིས་སྟོང་ལྔ་བརྒྱ༌ཞེ༌བརྒྱད་འདས། །ཐེལ་པ་ཀུན་དགའ་རྒྱལ་མཚན་ལུགས། །དེ་དག་ཀུན་ཀྱང་སྔ་ལོ་ཡི། །ཆུ་སྦྲུལ་ཡན་གྱི་ལོ་ཚོགས་ཏེ། །རེ་རེས་བསྟན་པའི་གནས་ཚད་ལ། །ཕྲི་ལྷག་མ་འོངས་བསྟན་པའི་ཚད། །སོ་སོའི་ལུགས་རྣམས་ཚེགས་མེད་ཤེས། །དེ་ལྟར་གཞན་གྱི་ལུགས་འགའ་ཞིག །བརྟག་ཅིང་དཔྱོད་པའི་གཞིར་བཀོད་ནས། །དུས་དང་སྐར་མ་གཟའ་འཛིན་སོགས། །མདོ་རྒྱུད་ལུང་བཞིན་ས་རིས་ཀྱིས། །གཏན་ཕབ་རང་ལུགས་ཞིབ་མོར་འཆད།། ༈ མཉམ་མེད་སྟོན་པ་ཟས་གཙང་སྲས། །དོན་གྲུབ་ཅེས་པ་ས་ལུག་ལོའི། །དབྱར་འབྲིང་ཆུ་སྟོད་ཟླ་བ་ཡི། །ཡར་ཚེས་བཅོ་ལྔའི་མཚན་མོའི་གུང་། །རྒྱལ་གྱི་ནུབ་པའི་དུས་སྦྱོར་ལ། །གླང་པོའི་རྣམ་པས་ལྷུམས་སུ་ཞུགས། །འདི་ནི་ལུང་དང་མངོན་འབྱུང་ལས། །མཚན་གུང་ཞུགས་པར་གསུངས་པ་དང་། །རྒྱ་ཆེ་རོལ་པའི་མདོ་ལས་ཀྱང་། །སྐར་མ་རྒྱལ་གྱི་དུས་སུ་ཞེས། །གསུངས་པའི་ལུང་དོན་ཀུན་དང་འབྱོར། །གཞན་ཡང་ཉི་མའི་སྙིང་པོ་ལས། །ཆུ་སྟོད་དང་ནི་ལྷ་མཚམས་ལ། །མངལ་དུ་འཇུག་པར་བྱེད་པ་སྟེ། །དབོ་དང་ཡང་ནི་ཐ་སྐར་དང་། །ཆུ་སྨད་ལ་ནི་འཕེལ་བར་བྱེད། །སྣར་མ་ནག་པ་གྲོ་བཞིན་འཆི། །ཞེས་པས་རྒྱལ་ལ་སྐྱེས་པ་ཡི། །མངལ་ཞུགས་སྐར་མ་ཆུ་སྟོད་དུ། །བཤད་པ་དང་ཡང་སྒྲིག་པར་ནུས། །ཁ་ཅིག་ལྷུམས་ཞུགས་རྒྱ་རོལ་ལས། །དཔྱིད་ཐ་ས་གར་གསུངས་ཞེས་ཟེར། །དེ་འདྲ་མདོ་དེའི་དགོངས་པ་མིན། །དེ་ཡི་དགོངས་པ་བཤད་ཀྱི་ཉོན། །དཔྱིད་ཐ་ས་གའི་དུས་ཀྱི་ཚེ། །རྫོགས་འཚང་བརྒྱ་འགྱུར་དགོས་པའི་མཆོག །དེ་ཉིད་སྔོན་གཟིགས་བཅོ་ལྔ་ཡི། །རྒྱལ་ལ་ལྷུམས་སུ་ཞུགས་པ་རུ། །འཆད་པ་མདོ་དེའི་དགོངས་པ་ཡིན།། ༈ ལྷུམས་སུ་ཟླ་བ་དགུ་དང་ཞག །ཉི་ཤུ་གསུམ་སྟེ་ཟླ་ངོ་བཅུ། །འདས་པ་དྲག་པོ་ལྕགས་སྤྲེའི་ལོ། །ས་གའི་དཀར་ཕྱོགས་ཚེས་བདུན་གྱི། །མཚན་མོའི་གུང་ཐུན་ཆ་ལ་བལྟམས། །འདི་ཡང་རྒྱ་རོལ་འདུལ་ལུང་ཏོག །སྙིང་རྗེ་པད་དཀར་མདོ་སོགས་སུ། །མངལ་དུ་ཟླ་བ་བཅུ་བཞུགས་པར། །གསུངས་ཕྱིར་འདི་ལ་ཚད་མ་ཡིན། །དེ་ལ་ཁ་ཅིག་འདི་སྐད་དུ། །ལྷུམས་སུ་ཟླ་དགུ་ཞག་ཉེར་གསུམ། །བཞུགས་པ་ལྟར་ན་མདོ་ལས་ནི། །བྱང་ཆུབ་སེམས་དཔས་དགའ་ལྡན་ནས། །ཡུམ་གྱི་ཚེ་ལ་བརྟགས་པ་ན། །ཟླ་བཅུ་ཞག་བདུན་ལས་མེད་པར། །མཁྱེན་ནས་ལྷུམས་སུ་ཞུགས་པ་དང་། །བལྟམས་ནས་ཞག་གྲངས་བདུན་ལ་ཡུམ། །འདས་པར་གསུངས་དང་འགལ་ལོ་ཟེར། །དེ་ནི་འདི་ལྟར་བཤད་པས་ཆོག །ལྷུམས་སུ་འཇུག་ཀར་མི་ཡི་ཞག །བདུན་གྱི་སྔ་རོལ་ཡུམ་གྱི་ཚེར། །བརྟགས་པར་བཤད་ན་ཅི༌ཞིག་སྐྱོན། །དེ་ནི་ཉིན་རྩིས་གཟའ་གནས་སུ། །ཐིག་ལེ་དབྱུག་གུར་དབང་པོ་གཟུགས། །ཟླ་སྐར་ཐུབ་པ་ཆུ་ཚོད་མཁའ། །ཉི་སྐར་སྟོང་པ་ཆུ་ཚོད་དུ། །རི་འབྱུང་འཆར་ཕྱིར་ཏོག་ལས་ཀྱང་། །ཐུབ་པ་ཁྱོད་ནི་རྒྱལ་ལ་སྐྱེས། །ཞེས་གསུངས་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། །སྐར་མ་རྒྱལ་ལ་བབ་པ་ན། །དེ་སྲས་རྩིབ་མའི་ལོགས་ནས་ནི། །ཞེས་སོགས་ཚད་མའི་ལུང་དང་འབྱོར། །ད་ནི་དཔྱད་པའི་གནས་འདི་ཡོད། །དཔྱིད་ཟླ་ཐ་ཆུང་རྒྱུ་སྐར་རྒྱལ། །མཚན་མོའི་གུང་ལ་འཁྲུངས་པ་ནི། །འདུལ་ལུང་རྒྱ་རོལ་ལ་སོགས་པའི། །རྣམ་དག་ལུང་གིས་འགྲུབ་ཕྱིར་དང་། །ལོ་དེའི་ས་གའི་ཚེས་གཞན་ལ། །རྒྱུ་སྐར་རྒྱལ་ནི་མི་འབྱུང་བ། །རི་མོས་གསལ་བར་སྟོན་ཕྱིར་དང་། །ས་གའི་བཅོ་ལྔར་འཁྲུངས་པ་ལ། །ཤེས་བྱེད་མ་མཐོང་དེ་ཡི་ཕྱིར། །འདུལ་བ་མདོ་རྩའི་འགྲེལ་ཆུང་དུ། །ཚེས་བདུན་ལ་ནི་བལྟམས་སོ་ཞེས། །གསུངས་ཕྱིར་ཚུལ་འདི་འཐད་པ་ཡིན།། ༈ དེ་ནས་དགུང་ལོ་ཉེར་དགུ་པ། །ཀུན་འཛིན་ས་ཕོ་བྱི་བའི་ལོར། །ཁྱིམ་ནས་བྱུང་སྟེ་ལོ་དྲུག་ཏུ། །དཀའ་སྤྱད་སོ་ལྔ་བཞེས་པ་ཡི། །ཤིང་རྟ་ས་གའི་ཉ་ཡི་མཚན། །སྐྱ་རེངས་འཆར་བར་རྩོམ་པ་ན། །བླ་ན་མེད་པའི་བྱང་ཆུབ་བརྙེས། །ཉ་དེའི་ཉིན་རྩིས་གཟའ་གཅིག་དང་། །ཆུ་ཚོད་ཀླུ་མེ་ཚེས་མཁྱུད་ཀྱི། །ཟླ་སྐར་བཅུ་དྲུག་ནམ་མཁའི་དབྱུག །གདོང་ལ་སྐར་མ་བཅུ་དྲུག་དང་། །ཆུ་ཚོད་བུག་མིག་འབྱུང་བའི་ཕྱིར། །འདུལ་བ་ལུང་དང་མངོན་འབྱུང་མདོར། །དེ་ཚེ་ཟླ་བ་སྒྲ་གཅན་གྱིས། །བཟུང་བར་གསུངས་པའི་ལུང་དང་འབྱོར། །དེ་ནས་ལོ་གྲངས༌ཞེ༌དྲུག་པར། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །རྫོགས་སངས་རྒྱས་ནས་བཞི་བཅུ་བདུན། །འཁྲུངས་ནས་རིལ་པོ་བརྒྱད་ཅུ་དང་། །ལོ་ངོ་བརྒྱད་ཅུ་རྩ་གཅིག་པ། །དཔའ་བོ་ལྕགས་འབྲུག་ནག་པའི་ཉར། །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ། །འོག་ཏུ་ཆོས་དབྱིངས་གསུང་དབང་དང་། །སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི། །དཀྱིལ་འཁོར་སྤྲོས་ཏེ་བདེ་ཆེན་གནས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེར། །སྟོན་པ་ཤཱཀྱ་སེང་གེ་ཉིད། །རྡོ་རྗེ་སེང་གེའི་ཁྲིར་བཞུགས་ནས། །དུས་ཀྱི་འཁོར་ལོའི་ཏིང་འཛིན་གྱིས། །ཟླ་བ་བཟང་པོ་ལ་སོགས་ལ། །རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་གསུངས། །དེ་ཡི་ཕྱི་ཟླ་ས་ག་ཡི། །ཡར་ཚེས་བཅོ་ལྔའི་མཚན་མའི་ཐུན། །ཐ་མའི་འགོ་ལ་མྱ་ངན་ལས། །འདའ་ཚུལ་བསྟན་ཏེ་རྩ་རྒྱུད་དུ། །བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །དམ་པ་དང་པོའི་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་གསུངས་གཞན་ཡང་དེ་ཉིད་ལས། །ལམ་འདི་ནས་ནི་དྲུག་བརྒྱའི་ལོ། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །མི་བདག་འཇམ་དབྱངས་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང་། །ཞེས་གསུངས་དྲི་མེད་འོད་ལས་ཀྱང་། །འཇམ་དཔལ་དབྱངས་ཀྱང་ང་འདས་ནས། །ཞེས་སོགས་འགལ་མེད་འགྲིག་པའི་ཕྱིར། །རྩ་རྒྱུད་འདའ་ཀར་ཞལ་ཆེམས་ཀྱི། །ཚུལ་དུ་གསུངས་འདི་འཐད་པ་ཡིན། །དེ་ལ་ཁ་ཅིག་འདི་སྙམ་དུ། །དྲི་མེད་འོད་དུ་སངས་རྒྱས་པའི། །ས་ག་ནས་བརྩམས་བཅུ་གཉིས་པ། །ནག་ཉར་རྩ་རྒྱུད་གསུངས་པ་ཡི། །ལུང་གིས་གནོད་པར་མི་འགྱུར་རམ། །ཞེ༌ན་ལུང་འདིའི་དགོངས་པ་ནི། །མར་ངོ་སྔོན་འགྲོའི་དབང་བྱས་ཏེ། །ལུག་ཁྱིམ་ས་ག་དང་སྦྱར་བ། །དང་པོར་མཛད་པའི་རྣམ་གཞག་ཉིད། །ཡིན་གྱིས་སྟོན་པ་སངས་རྒྱས་པའི། །ལོ་ངོ་གཉིས་པར་རྒྱུད་གསུངས་པར། །འཆད་པ་ལུང་དེའི་དགོངས་པ་མིན། །ཡིན་ན་ཐེག་གསུམ་བསྟན་མཛད་ནས། །ཞེས་པའི་ལུང་དང་ནང་འགལ་འགྱུར།། ༈ ལྕགས་སྦྲུལ་དེ་ལ་ཟླ་བཟང་གིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ། །ལོ་ངོ་གསུམ་བར་སྐལ་ལྡན་ལ། །བཤད་ནས་ཆུ་ལུག་མ་ལ་ཡར། །དཀྱིལ་འཁོར་བཞེངས་ཏེ་སྤྲུལ་པ་བསྡུས།། ༈ དེ་འོག་ཤིང་ཕོ་སྤྲེལ་ལོ་ནས། །ལྷ་དབང་དང་ནི་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །རེ་རེས་ལོ་བརྒྱར་རྒྱུད་བསྟན་ཕྱིར། །དྲུག་བརྒྱ་འདས་པའི་ཤིང་སྤྲེ་ནས། །གྲགས་པས་ལོ་བརྒྱར་རྩ་རྒྱུད་བསྟན། །ལོ་བརྒྱ་རྫོགས་པ་མིག་དམར་ལོར། །བསྡུས་རྒྱུད་བསྡུས་ཏེ་གཤེགས་པར་གྱུར།། ༈ མིག་དམར་ཤིང་བྱིའི་ལོ་དེ་ལ། །པད་དཀར་ཁྲིར་འཁོད་འགྲེལ་ཆེན་བརྩམས། །དེ་ནས་བཟུང་སྟེ་བཟང་པོ་དང་། །རྣམ་རྒྱལ་བཤེས་གཉེན་བཟང་པོ་དང་། །རིན་ཆེན་ཕྱག་དང་ཁྱབ་འཇུག་སྦས། །ཉི་མ་གྲགས་དང་ཤིན་བཟང་སྟེ། །རིགས་ལྡན་བརྒྱད་ཀྱིས་བརྒྱད་བརྒྱའི་བར། །བསྡུས་རྒྱུད་འགྲེལ་བཅས་བསྟན་པའི་འོག །ཤིང་སྤྲེར་སྦྲང་རྩིའི་བློ་གྲོས་ནི། །མ༌ཁར་ཞུགས་ཤིང་མུ་སྟེགས་པའི། །བྱེད་རྩིས་བྱུང་དང་དུས་མཉམ་པར། །རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་ཏེ། །ལོ་བརྒྱ་གྱ་གཉིས་བར་དུ་བཞུགས།། ༈ དེ་འདས་མི་ཟད་མེ་ཁྱིའི་ལོར། །རྒྱལ་དཀའ་རྒྱལ་སར་ཕེབས་པ་དང་། །རང་ལུགས་བྱེད་པའི་རྩིས་འགོ་ཟུག །རྒྱལ་དཀས་ཉིས་བརྒྱ་ཉེར་གཅིག་བར། །ཆོས་བསྟན་ལོ་མཐའ་མེ་སྟག་ཡིན། །དེས་ན་ཀླ་ཀློ་ཞུགས་པ་དང་། །རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་ནས། །བརྩམས་ཏེ་མེ་སྟག་དེ་ཡན་ལ། །མེ་མཁའ་རྒྱ་མཚོའི་ལོ་ཞེས་གྲགས།། ༈ དེ་འོག་རབ་བྱུང་མེ་ཡོས་ལ། །རིགས་ལྡན་ཉི་མས་ཆོས་བསྟན་པའི། །ལོ་འདི་མེ་མཁའ་རྒྱ་མཚོ་ལ། །བསྲེ་རྒྱུའི་འདས་ལོའི་ཐོག་མ་དང་། །རྒྱུད་འདི་ཤཱི་ཏའི་ལྷོར་ཕེབས་ལོ། །དེ་ནས་རབ་བྱུང་བཅུ་གཉིས་པའི། །ཆུ་མོ་སྦྲུལ་ལོ་འདི་ཡན་ལ། །ལོ་གྲངས་དྲུག་བརྒྱ་གྱ་བདུན་འདས། །དེ་ཕྱིར་རིགས་ལྡན་ཉི་མ་དང་། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང་། །དཔལ་སྐྱོང་རྣམས་ཀྱིས་ལོ་དྲུག་བརྒྱ། །རིགས་ལྡན་སེང་གེ་ཁྲིར་ཕེབས་ནས། །གྱ་བདུན་འདས་པའི་ཤིང་རྟ་ཡིན། །དེས་ན་རིགས་ལྡན་ཉི་མ་ནས། །དྲག་པོ་འཁོར་ལོ་ཅན་གྱི་བར། །རིགས་ལྡན་བཅུ་བཞིས་ལོ་བརྒྱ་རེར། །ཆོས་བསྟན་ཕྱིར་ན་སྟོང་བཞི་བརྒྱ། །དེ་ཉིད་མེ་མཁའ་རྒྱ་མཚོ་ལ། །བསྣན་པས་ཀླ་ཀློའི་གནས་ཚད་ནི། །སྟོང་དང་བརྒྱད་བརྒྱར་གསུངས་པ་དང་། །འགྲིག་ཕྱིར་རྒྱུད་འགྲེལ་དགོངས་པ་ཡིན། །འདི་ཡི་ལྷག་པའི་ལོ་གསུམ་ནི། །རིགས་ལྡན་དྲག་པོས་ཀླ་ཀློའི་དཔུང་། །བཅོམ་ནས་གཤེགས་པའི་བར་དུ་བཟུང་།། ༈ དེ་ལྟར་སྟོན་པ་འཁྲུངས་པ་ནས། །ཉིས་སྟོང་དྲུག་བརྒྱ་དོན་བཞི་དང་། །རྫོགས་སངས་རྒྱས་ནས་ཉིས་སྟོང་དང་། །དྲུག་བརྒྱ་བཞི་བཅུ་འདས་པ་སྟེ། །མྱ་ངན་འདས་ནས་ཉིས་སྟོང་དང་། །ལྔ་བརྒྱ་དགུ་བཅུ་གོ་བཞིའོ། །འཇམ་དབྱངས་གྲགས་པ་བྱོན་པ་ནས། །ཆིག་སྟོང་དགུ་བརྒྱ་དགུ་བཅུ་ཐམ། །ཀླ་ཀློ་ཞུགས་ནས་སྟོང་དགུ་བཅུ། །རང་ལུགས་རྩིས་འགོ་ཟུག་པ་ནས། །དགུ་བརྒྱ་དང་ནི་བརྒྱད་འདས་ཏེ། །རྒྱུད་ཀྱི་རྒྱལ་པོའི་ལོ་དག་གོ། ༈ རྒྱུད་འགྲེལ་ཤཱི་ཏའི་ལྷོར་ཕེབས་པའི། །རབ་བྱུང་དང་པོའི་མེ་ཡོས་ནས། །དྲུག་བརྒྱ་གྱ་བདུན་ལོ་ཡི་ཚོགས། །བསྲེ་བར་བྱ་བའི་འདས་ལོ་སྟེ། །འདི་རྣམས་སྔ་ལོའི་ཆུ་སྦྲུལ་མཐའ། །རྫོགས་པ་ཡན་གྱི་ལོ་གྲངས་ཡིན།། ༈ མ་འོངས་ཤིང་རྟའི་ལོ་འདི་ནས། །སེང་གེའི་ལོ་ལྷག་བཅུ་གསུམ་དང་། །དེ་ནས་རྣམ་གནོན་སྟོབས་པོ་ཆེ། །མ་འགགས་པ་དང་མིའི་སེང་གེ། །དབང་ཕྱུག་མཐའ་ཡས་རྣམ་རྒྱལ་ཏེ། །དྲུག་གིས་བརྒྱ་བརྒྱར་ཆོས་བསྟན་པས། །དྲུག་བརྒྱ་བཅུ་གསུམ་འདས་པའི་འོག །རིགས་ལྡན་དྲག་པོ་རྒྱལ་སར་འཁོད། །གོ་དྲུག་བར་དུ་ཆོས་བསྟན་ནས། །ཤམྦྷ་ལ་ནས་གོ་བདུན་ལོར། །ཤཱི་ཏའི་ལྷོ་ཕྱོགས་འཕགས་ཡུལ་དུ། །ལྷ་ཆེན་བཅུ་གཉིས་དཔུང་དང་བཅས། །བྱོན་ནས་འཛམ་གླིང་ཆུང་ངུ་འདིར། །ཀླ་ཀློ་བཅོམ་ནས་གཡས་སྐོར་དུ། །བཅུ་གཉིས་དུམ་བུར་རིམ་བཞིན་འཇུག །ལྷ་མིན་དགྲ་བོ་འཁོར་ལོ་ཅན། །རང་གི་ལོ་བརྒྱ་རྫོགས་པ་ན། །རང་སྲས་ཚངས་དང་ལྷ་དབང་གཉིས། །རྒྱབ་མདུན་སྟོན་པར་བསྐོས་ཏེ་གཤེགས།། ༈ དེ་ལྟར་འཁོར་ལོ་ཅན་གྱིས་སླར། །གསོས་པའི་བསྟན་པ་གནས་ཡུན་ཚད། །དུམ་བུ་བཅུ་གཉིས་ཀུན་བསྡོམས་པར། །མི་ལོ་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱའོ་དེ་ལ་ཉི་མ་ཡིས། །བགོས་པ་སྟོང་དང་བརྒྱད་བརྒྱ་རེ། །ཐོབ་པ་དུམ་བུ་རེ་རེའི་ཚད། །དེ་ཕྱིར་ལྷོ་གླིང་དབུས་མ་འདི། །གཞིར་བྱས་སྟོན་པས་རྩ་བའི་རྒྱུད། །བསྟན་ནས་སུམ་སྟོང་སུམ་བརྒྱ་བཞི། །རྒྱལ་བའི་བསྟན་པ་སྔ་དར་ཚད། །དེ་སྟེང་དྲག་པོས་སླར་གསོས་པའི། །གླིང་འདིའི་ཕྱི་དར་སྟོང་བརྒྱད་བརྒྱ། །བསྣན་པས་ལྔ་སྟོང་བརྒྱ་དང་བཞི། །དུམ་བུ་འདི་ཡི་གནས་ཚད་ཡིན། །ལྷག་མའི་དུམ་བུ་བཅུ་གཅིག་ཏུ། །སྔ་དར་ཕྱི་དར་གཉིས་ཀ་ཡང་། །སྟོང་དང་བརྒྱད་བརྒྱར་མཚུངས་པ་སྟེ། །ཅིའི་ཕྱིར༌ཞེ་ན་དུམ་བུ་འདིར། །མ་ཁར་ཀླ་ཀློ་མ་ཞུགས་པའི། །གོང་འདས་ཆིག་སྟོང་ལྔ་བརྒྱ་དང་། །ཞག་བཞི་བཅས་པས་ལྷག་ཕྱིར་རོ། །དེ་ལྟའི་སྔ་དར་ཕྱི་དར་གྱི། །བསྟན་པའི་གནས་ཚད་སོ་སོ་ལ། །ཆུ་བོས་ཐོབ་ནོར་གང་ཡིན་པ། །རང་རང་དུས་བཞི་རེ་རེའི་ཚད།། ༈ སྟོན་པ་མྱ་ངན་འདས་པ་ནས། །བརྩམས་ཏེ་རབ་བྱུང་བཅུ་གཉིས་པའི། །ཆུ་སྦྲུལ་ཡན་ཆད་ལོ་ཚོགས་ལ། །ད་ལྟའི་ཤིང་རྟ་ལོ་སོགས་བསྲེ། །དེ་ཡིས་མདོ་སྔགས་གང་འདོད་ཀྱི། །གནས་ཚད་སོ་སོ་ལ་ཕྲི་བས། །མ་འོངས་ཇི་ཙམ་ལྷག་ལུས་རྟོགས། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །བསྟན་རྩིས་བཤད་པའི་སྐབས་ཏེ་གསུམ་པའོ།། །།
མཐའ་མའི་འདོན་ཐེངས་།: 22.12.2024 ཉིན། 12:19 PM
<< སྔ་མ།