སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་གཉིས་པ། ཐ་སྙད་རྣམ་གྲངས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.02.2011
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་གཉིས་པ། ཐ་སྙད་རྣམ་གྲངས་བསྟན་པ།

༈ ཐ་སྙད་རྣམ་གྲངས་བསྟན་པ་ལས། །ཐོག་མར་གྲངས་ཀྱི་བརྡ་ཆད་བཤད། །རང་བཞིན་གཟུགས་དང་བསེ་རུ་དང་། །ཟླ་བ་རི་བོང་ཅན་རྣམས་གཅིག །ལག་མིག་ཟུང་དང་བགྲོད་པ་དང་། །འཁྲིག་སྦྱོར་གཤིན་རྗེ་མཚེ་མ་གཉིས། །འཇིག་རྟེན་དུས་དང་ཡོན་ཏན་དང་། །མེ་དང་རྩེ་མོ་ཅན་རྣམས་གསུམ། །རྒྱ་མཚོ་ཆུ་གཏེར་ཆུ་བོ་དུས། །རིག་བྱེད་སྡེ་པ་ཟུང་ལྡན་བཞི། །མདའ་དབང་ཕུང་པོ་འབྱུང་བ་ལྔ། །རོ་དང༌བྲོ་བ་དུས་མཚམས་དྲུག །གཟའ་གླིང་ཐུབ་རི་དྲང་སྲོང་བདུན། །ཀླུ་སྦྲུལ་ལག་འགྲོ་གདེངས་ཀ་ཅན། །ནོར་ལྷ་ནོར་དང་དབྱིག་རྣམས་བརྒྱད། །རྩ་བུག་གཟའ་གཏེར་སྲིན་པོ་དགུ། །ཕྱོགས་དང་སྒྲ་སྒྲོག་བཅུ་ཡི་མིང་། །དྲག་པོ་དབང་ཕྱུག་བདེ་བྱེད་དང་། །བདེ་འབྱུང་འཕྲོག་བྱེད་བཅུ་གཅིག་གོ །ཉིན་བྱེད་ཉི་མ་ཁྱིམ་བཅུ་གཉིས། །ལུས་མེད་དང་ནི་འདོད་པ་དང་། །མྱོས་བྱེད་སྣ་ཚོགས་བཅུ་གསུམ་མོ། །མ་ནུ་ཤེད་བུ་ཡིད་སྲིད་པ། །སྲིད་པའི་གནས་རྣམས་བཅུ་བཞིའོ། །ཚེས་ཞེས་བྱ་བ་བཅོ་ལྔའི་མིང་། །ཆ་ཤས་དང་ནི་རྒྱལ་པོ་དང་། །མི་བདག་ཅེས་པ་བཅུ་དྲུག་གོ །ཉེས་པ་སྐྱོན་ནི་བཅོ་བརྒྱད་དོ། །རྒྱལ་བ་ཞེས་པ་ཉེར་བཞིའོ། །ཉེར་ལྔ་ལ་ནི་དེ་ཉིད་དོ། །སྐར་མ་འཁོར་ལོ་ཉེར་བདུན་མིང་། །སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །གྲངས་ཀྱི་མིང་གི་རྣམ་གྲངས་སོ།། ༈ དེ་ནས་ལོ་ཡི་ཐ་སྙད་བཤད། །ཁྱིམ་ཟླ་བཅུ་གཉིས་བགྲོད་གཉིས་དང་། །ཉི་མས་རྒྱུ་སྐར་འཁོར་བ་དང་། །དུས་བཞིའི་འཁོར་ལོ་རྫོགས་པ་ལ། །ལོ་གཅིག་ཅེས་པའི་ཐ་སྙད་བཏགས། །ལོ་ཡི་ཐོག་མར་རབ་བྱུང་ཞེས། །རིག་བྱེད་ལུགས་ལས་བཤད་པ་བཞིན། །སྟོད་འགྲེལ་ལས་ཀྱང་འདི་སྐད་དུ། །རབ་བྱུང་རྣམ་བྱུང་དཀར་པོ་དང་། །རབ་མྱོས་སྐྱེ་བདག་ཨངྐི་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང་། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང་། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་ངན་དང་། །གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་། །ཀུན་ལྡན་འཕར་བ་དགེ་བྱེད་དང་། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང་། །ཞི་བ་ཐུན་མོང་འགལ་བྱེད་དང་། །ཡོངས་འཛིན་བག་ཡོད་ཀུན་དགའ་དང་། །སྲིན་པོ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མིག་དམར་ཁྲོ་བོ་ཟད་པའོ།། ༈ རྒྱ་ནག་འཕྲུལ་གྱི་རྩིས་གཞུང་ལས། །བྱི་བ་ལ་སོགས་བཅུ་གཉིས་པོ། །དབང་ཐང་ཁམས་ལྔའི་རིམ་པ་དང་། །དབང་ཐང་ཁམས་རེར་ཕོ་དང་མོར། །ཕྱེ་སྟེ་སྦྱར་བས་དྲུག་ཅུ་འབྱུང་། །སྟོད་འགྲེལ་ལུགས་ཀྱི་རབ་བྱུང་དང་། །རྒྱ་རྩིས་པ་ཡི་མེ་མོ་ཡོས། །དོན་གཅིག་མིང་གི་རྣམ་གྲངས་ཏེ། །ལྷག་རྣམས་རིམ་པར་དེད་དེ་སྦྱར།། ༈ དེ་ནས་ཟླ་བའི་ཐ་སྙད་བཤད། །ཟླ་བའི་དཀར་ཆ་འཕེལ་དང་འགྲིབ། །བཅོ་ལྔ་རེ་སྟེ་ཞག་སུམ་ཅུར། །ལོངས་ཚེ་ཟླ་བའི་ཐ་སྙད་བཏགས། །ལོ་རེའི་ཟླ་བ་བཅུ་གཉིས་ལས། །ཟླ་བ་གང་དང་དེའི་ངོ་གཉིས། །གང་དང་གང་ལས་ལོ་ཡི་འགོ །འཛིན་པའི་འདོད་གཞུང་ལུགས་མང་ཡང་། །སྐར་རྩིས་ལུགས་འདིར་གཟའ་རྣམས་ཀྱི། །རྟག་ལོངས་ཐོག་མར་ལུག་ཁྱིམ་ནས། །སྤྱོད་པའི་ཕྱིར་དང་འཇིག་རྟེན་དུ། །ཟླ་བ་སྐྱེས་མ་ཐག་པ་ནས། །དཀར་ཆ་དང་པོར་འཕེལ་བའི་ཕྱིར། །ཡར་ངོ་སྔོན་འགྲོའི་ནག་ཟླ་ནས། །ལོ་འགོ་འཛིན་པ་གཙོ་བོར་བཞེད། །དེས་ན་དཔྱིད་འབྲིང་ནག་ཟླ་དང་། །ལྟོ་བསྒྲིགས་ཟླ་བ་རེ་རེ་བཞིན། །རྒྱ་རྩིས་རྟེན་འབྲེལ་ཧོར་དང་བོད། །འཕགས་ཡུལ་ཁྱིམ་ཟླའི་ངེས་པ་སྟེ། །ཐ་སྙད་དྲུག་དྲུག་སྒོ་ནས༌འཆད།། ༈ རྒྱ་ནག་སྐད་དུ་མ་ཡོལ་ཞེས། །རྟ་ཟླ་དབྱར་འབྲིང་མིང་གཟུགས་ཟླ། །གསན་ཡོལ་ཧོར་ཟླ་གསུམ་པ་སྟེ། །དཔྱིད་ཟླ་འབྲིང་པོ་ལེགས་སྦྱར་སྐད། །ཙཻ་ཏྲི་ནག་པ་ལུག་གི་ཁྱིམ།། ༈ རྒྱ་ནག་སྐད་དུ་ཡང་ཡོལ་ཞེས། །ལུག་ཟླ་དབྱར་ཐ་སྐྱེ་མཆེད་ཟླ། །གསི་ཡོལ་ཧོར་ཟླ་བཞི་པ་སྟེ། །དཔྱིད་ཟླ་ཐ་ཆུང་བཻ་ཤཱ་ཁར། །འབོད་པ་ས་ག་གླང་གི་ཁྱིམ།། ༈ རྒྱ་ནག་སྐད་དུ་ཧུ་ཏུ་ཡོལ། །སྤྲེལ་ཟླ་སྟོན་ར་རེག་པའི་ཟླ། །འུ་ཡོལ་ཧོར་ཟླ་ལྔ་པ་སྟེ། །དབྱར་ཟླ་ར་བ་ཛྱེཥྛ་ཞེས། །སྣྲོན་གྱི་ཟླ་བ་འཁྲིག་པའི་ཁྱིམ།། ༈ རྒྱ་ནག་སྐད་དུ་ཀྱི་ཡོལ་ཞེས། །བྱ་ཟླ་སྟོན་འབྲིང་ཚོར་བའི་ཟླ། །བླུ་ཡོལ་ཧོར་ཟླ་དྲུག་པ་སྟེ། །དབྱར་ཟླ་འབྲིང་པོ་ཨཱ་ཥཱ་ཌྷར། །འབོད་པ་ཆུ་སྟོད་ཀརྚའི་ཁྱིམ།། ༈ རྒྱ་ནག་སྐད་དུ་གའུ་ཡོལ། །ཁྱི་ཟླ་སྟོན་ཐ་སྲེད་པའི་ཟླ། །ཚི་ཡོལ་ཧོར་ཟླ་བདུན་པ་སྟེ། །དབྱར་ཟླ་ཐ་ཆུང་ཤྲཱ་ཝ་ཎར། །འབོད་པ་གྲོ་བཞིན་སེང་གེའི་ཁྱིམ།། ༈ རྒྱ་ནག་སྐད་དུ་ཇུའི་ཡོལ་ཞེས། །ཕག་ཟླ་དགུན་ར་ལེན་པའི་ཟླ། །པཱ་ཡོལ་ཧོར་ཟླ་བརྒྱད་པ་སྟེ། །སྟོན་ར་བྷཱ་དྲ་པ་ད་ཞེས། །འབོད་པ་ཁྲུམས་ཟླ་བུ་མོའི་ཁྱིམ།། ༈ རྒྱ་ནག་སྐད་དུ་ཞུའི་ཡོལ་ཞེས། །བྱི་བ་དགུན་འབྲིང་སྲིད་པའི་ཟླ། །སྒྱིའུ་ཡོལ་ཧོར་ཟླ་དགུ་པ་སྟེ། །སྟོན་ཟླ་འབྲིང་པོ་ཨཱཤྩི་ནར། །འབོད་པ་དབྱུག་ཟླ་སྲང་གི་ཁྱིམ།། ༈ རྒྱ་ནག་སྐད་དུ་ནེའུ་ཡོལ་ཞེས། །གླང་ཟླ་དགུན་ཐ་སྐྱེ་བའི་ཟླ། །ཤིང་ཡོལ་ཧོར་ཟླ་བཅུ་པ་སྟེ། །སྟོན་ཟླ་ཐ་ཆུང་ཀཱརྟི་ཀར། །འབོད་པ་སྨིན་དྲུག་སྡིག་པའི་ཁྱིམ། །རྒྱ་ནག་སྐད་དུ་ལའུ་ཧུ་ཡོལ། །སྟག་ཟླ་དཔྱིད་ར་རྒ་ཤིའི་ཟླ། །དབྱི་ཡོལ་ཧོར་ཟླ་བཅུ་གཅིག་པ། །དགུན་ར་མཱརྒ་ཤིརྵ༌ཞེས། །འབོད་པ་མགོ་ཟླ་གཞུ་ཡི་ཁྱིམ།། ༈ རྒྱ་ནག་སྐད་དུ་ཐུར་ཡོལ་ཞེས། །ཡོས་ཟླ་དཔྱིད་འབྲིང་མ་རིག་ཟླ། །ཤི་དབྲི་ཡོལ་ཞེས་བཅུ་གཉིས་པ། །དགུན་ཟླ་འབྲིང་པོ་སཽཥྱ་དུ། །འབོད་པ་རྒྱལ་ཟླ་ཆུ་སྲིན་ཁྱིམ།། ༈ རྒྱ་ནག་སྐད་དུ་ལུང་ཡོལ་ཞེས། །འབྲུག་ཟླ་དཔྱིད་ཐ་འདུ་བྱེད་ཟླ། །བྱི་ཡོལ་ཧོར་ཟླ་དང་པོ་སྟེ། །དགུན་ཟླ་ཐ་ཆུང་མཱ་གྷ་ཞེས། །འབོད་པ་མཆུ་ཟླ་བུམ་པའི་ཁྱིམ།། ༈ རྒྱ་ནག་སྐད་དུ་ཞེ་ཡོལ་ཞེས། །སྦྲུལ་ཟླ་དབྱར་ར་རྣམ་ཤེས་ཟླ། །དབྲི་ཡོལ་ཧོར་ཟླ་གཉིས་པ་སྟེ། །དཔྱིད་ཟླ་ར་བ་ཕཱལྒུ་ནཱར། །འབོད་པ་དབོ་ཟླ་ཉའི་ཁྱིམ་མོ།། ༈ གཞན་ཡང་ཁྱིམ་ཟླ་བཅུ་གཉིས་མིང་། །གདན་བཞི་རྡོ་རྗེ་མཁའ་འགྲོ་ལས། །གསུངས་པ་རྒྱལ་ཟླ་ནས་བརྩམས་ཏེ། །རོ་ཧི་ཏ་དང་མོ་ཧི་ཏ། །དེ་བཞིན་བྷ་དྲ་རྀ་ཥ་བྷ། །ཀུརྨ་ཨ་ཀ་ར་ཧ་དང་། །རཱཎྜ་མི་ཀི་བྷྲི་དྲི་ཀ། །བྱཱ་ཀུ་ལི་དང་སཔྣ་དང་། །ཀ་མ་ཎ་དབང་བཅུ་དང་གཉིས། །ཞེས་གསུངས་བསྒྱུར་ན་འཕེལ་བ་དང་། །གཏི་མུག་བཟང་པོ་ཁྱུ་མཆོག་གོ །རུས་སྦལ་ཆུ་སྲིན་ཡུགས་ས་མོ། །སྨེ་བ་འབུགས་པ་འཕྱོ་བ་དང་། །རྨི་ལམ་ས་ཡི་དབང་ཕྱུག་གོ། ༈ དེ་ནས་ཚེས་ཀྱི་ཐ་སྙད་ནི། །དགའ་བ་བཟང་པོ་རྒྱལ་བ་དང་། །སྟོང་པ་རྫོགས་པ་རྣམ་པ་ལྔ། །ཟླ་བ་རེ་བཞིན་ལན་དྲུག་འཁོར།། ༈ གཟའ་ཡི་ཐ་སྙད་འདི་ལྟ་སྟེ། །ཉི་ཟླ་དམར་ལྷག་ཕུར་སངས་སྤེན། །རེས་ལ་འཆར་བའི་གཟའ་བདུན་ཡིན། །སྒྲ་གཅན་དུས་མེ་མཇུག་རིང༌གསུམ། །བསྣན་པས་གཟའ་ནི་བཅུ་རུ་གྲགས།། ༈ གཟའ་ཡི་མིང་གི་རྣམ་གྲངས་ནི། །ནབས་སོ་སྐྱེས་དང་ཚ་ཟེར་ཅན། །པདྨའི་གཉེན་དང་ཀུ་མུད་དགྲ། །རྟ་བདུན་རྟ་ལྗང་མི་སྦྱིན་སྐྱེས། །ནམ་མཁའི་ནོར་བུ་འོད་སྟོང་ལྡན། །ཉིན་བྱེད་ཉིན་མོའི་དབང་ཕྱུག་དང་། །འོད་ལྡན་རྣམས་ནི་ཉི་མའི་མིང་། །མཚན་མོའི་མགོན་པོ་རྒྱུ་སྐར་བདག །བསིལ་ཟེར་ཅན་དང་ཀུ་མུད་གཉེན། །པདྨའི་དགྲ་དང་རི་བོང་འཛིན། །འོད་དཀར་ཅན་སོགས་ཟླ་བའི་མིང་། །བཀྲ་ཤིས་ས་སྐྱེས་ས་ཡི་བུ། །དམར་པོ་དང་ནི་ལུས་དམར་དང་། །མཆུ་སྐྱེས་གཞོན་ནུ་ས་ལྷའི་བུ། །ཡན་ལག་དམར་རྣམས་མིག་དམར་མིང་། །ཟླ་སྐྱེས་ཟླ་སྲས་ཟླ་བའི་བུ། །ལྷ་མཚམས་སྐྱེས་དང་སྔོ་སངས་རྣམས། །ལྷག་པའི་མིང་གི་རྣམ་གྲངས་སོ། །བླ་མ་སྨྲ་མཁས་འཚོ་བྱེད་དང་། །ལྷ་ཡི་བླ་མ་སྒྲ་མཁན་དང་། །བློ་ལྡན་རྣམས་ནི་ཕུར་བུའི་མིང་། །སྦྱིན་བྱེད་ཁུ་བ་ནབས་སོ་སྐྱེས། །ལྷ་མིན་བླ་མ་སྙན་ངག་མཁན། །དཀར་པོ་རྣམས་ནི་པ་སངས་མིང་། །དལ་འགྲོ་ཉི་སྐྱེས་ཉི་མའི་བུ། །ཞི༌འགྲོ་གཤིན་རྗེའི་བ་དན་རྣམས། །སྤེན་པའི་མིང་གི་རྣམ་གྲངས༌སོ། །སྐབས་གསུམ་འཇིགས་བྱེད་ཉི་ཟླ་ཟ། །སྲིད་གསུམ་རྣམ་རྒྱལ་མིག་སྨན་མདོག །དྲག་པོའི་གཟུགས་ཅན་བདུད་རྩི་ཟ། །ནག་པ་སྐྱེས་རྣམས་སྒྲ་གཅན་མིང་། །མཇུག་མར་མེ་དང་དུས་མེ་ཟེར། །ཀེ་ཏུ་དུ་བ་མཇུག་ཕོད་དང་། །ཁྲུ་ངོ་ཅན་རྣམས་མཇུག་རིང་མིང་།། ༈ དེ་ནས་སྐར་མའི་ཐ་སྙད་ནི། །ཐ་སྐར༌བྲ་ཉེ་སྨིན་དྲུག་དང་། །སྣར་མ་མགོ་ལག་ནབས་སོ་རྒྱལ། །སྐག་མཆུ་གྲེ་དབོ་མེ་བཞི་ནག །ས་རི་ས་ག་ལྷ་མཚམས༌སྣྲོན། །སྣུབས་དང་ཆུ་སྟོད་ཆུ་སྨད་དང་། །གྲོ་བཞིན་མོན་དྲེ་མོན་གྲུ་དང་། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་སྟེ། །རྒྱུ་སྐར་ཉི་ཤུ་རྩ་བདུན་ཡིན། །བྱི་བཞིན་ཞེས་པ་གྲོ་བཞིན་མཐར། །སྦྱར་ན་ཉི་ཤུ་རྩ་བརྒྱད་འབྱུང་། །ཡུལ་ཕྱོགས་ལ་ལའི་ཐ་སྙད་ལ། །ཐ་སྐར་ལ་ནི་དབྱུག་པ་དང་། །སྨིན་དྲུག་ལ་ནི་སྤུན་དྲུག་དང་། །སྣར་མར་བི་རྫི་མགོར་སྨལ་པོ། །ནབས་སོར་རྒྱལ་སྟོད་རྒྱལ་རྒྱལ་སྨད། །སྐག་ཝ་མཆུ་ལ་རྟ་ཆེན་དང་། །གྲེ་ལ་རྟ་ཆུང་དབོ་ལ་ཁྲ། །བྱ་མ་མེ་བཞི་བྱའུ་ནག་པ། །ས་གཉིས་ནམ་གོང་ནམ་འོག་ཟེར། །ལྷ་མཚམས་ལག་སོར་སྣྲོན་གདུ་བུ། །སྣྲུབས་ལ་སོག་པའི་མིང་དུ་འབོད། །ཆུ་སྟོད༌བྲེ་ལ་ཆུ་སྨད་ཕུལ། །གྲོ་བཞིན་ལ་ནི་བྱ་ཕོ་དང་། །བྱི་བཞིན་བྱ་གཞུག་མོན་དྲེ་ལ། །སྒྲོག་སྟོད་མོན་གྲུར་སྒྲོག་སྨད་དེ། །ནམ་གྲུ་ལ་ནི་ཤེ་སར་འབོད། །དེ་སོགས་མིང་གི་རྣམ་གྲངས་དང་། །གཞན་ཡང་སྐར་མ་རེ་རེ་བཞིན། །བརྒྱུད་གྲངས་དབྱིབས་དང་རྟག་ལོངས་ཟས། །རིགས་ཀྱི་ལྷ་དང་དྲུག་དྲུག་ཏུ། །བཤད་མོད་གརྒའི་མདོ་སོགས་ལྟོས།། ༈ གཟའ་སྐར་འཕྲད་པའི་འཕྲོད་མིང་ནི། །ཀུན་དགའ་དུས་དབྱིག་དུལ་སྐྱེ་དགུ། །གཞོན་དང་བྱ་རོག་རྒྱལ་མཚན་དང་། །དཔལ་བེའུ་རྡོ་རྗེ་ཐོ་བ་གདུགས། །གྲོགས་ཡིད་འདོད་བྱ་འགལ་མེ་དང་། །རྩ་བཏོན་འཆི་བདག་མདའ་འགྲུབ་མདུང་། །བདུད་རྩི་གཏུན་ཤིང་གླང་སྟག་མྱོས། །ཟད་པ་གཡོ་བརྟན་འཕེལ་རྣམས་སོ།། ༈ རྒྱུ་སྐར་ཁྱིམ་གྱི་ཐ་སྙད་ནི། །ལུག་གླང་འཁྲིག་པ་ཀརྐ༌ཊ། །སེང་གེ་བུ་མོ་སྲང་སྡིག་གཞུ། །ཆུ་སྲིན་བུམ་པ་ཉ་རྣམས་སོ། །རྒྱུ་སྐར་རེ་ལ་རྐང་པ་བཞི། །རྒྱུ་སྐར་རྐང་པ་དགུ་དགུ་ལ། །ཁྱིམ་གཅིག་ཅེས་གྲགས་འདི་ལྟ་སྟེ། །ཐ་སྐར་དང་ནི༌བྲ་ཉེ་དང་། །སྨིན་དྲུག་རྐང་གཅིག་ལུག་གི་ཁྱིམ། །སྨིན་དྲུག་རྐང་གསུམ་སྣར་མ་དང་། །མགོ་ཡི་ཕྱེད་ནི་གླང་ཞེས་བྱ། །མགོ་ཕྱེད་ལག་དང་ནབས་སོ་ཡི། །རྐང་པ་གསུམ་ནི་འཁྲིག་པར་དྲན། །ནབས་སོ་རྐང་གཅིག་རྒྱལ་དང་སྐག །རྫོགས་པ་ཀརྐ་ཊ༌ཞེས་བརྗོད། །མཆུ་གྲེ་དབོ་ཡི་རྐང་པ་གཅིག །སེང་གེའི་ཁྱིམ་ཞེས་བརྗོད་པ་ཡིན། །དབོ་ཡི་བཞི་གསུམ་མེ་བཞི་དང་། །ནག་པའི་ཕྱེད་བཅས་བུ་མོའི་ཁྱིམ། །ནག་པའི་ཕྱེད་དང་ས་རི་དང་། །ས་གའི་རྐང་གསུམ་སྲང་ཁྱིམ་ཡིན། །ས་གའི་རྐང་གཅིག་ལྷ་མཚམས་དང་། །སྣྲོན་རྫོགས་སྡིག་པའི་ཁྱིམ་ཞེས་བྱ། །སྣྲུབས་དང་ཆུ་སྟོད་ཆུ་སྨད་ཀྱི། །རྐང་གཅིག་གཞུ་ཡི་ཁྱིམ་དུ་ངེས། །ཆུ་སྨད་རྐང་གསུམ་གྲོ་བཞིན་དང་། །མོན་དྲེའི་རྐང་གཉིས་ཆུ་སྲིན་ཁྱིམ། །མོན་དྲེའི་ཕྱེད་དང་མོན་གྲུ་དང་། །ཁྲུམས་སྟོད་རྐང་གསུམ་བུམ་པར་བརྗོད། །ཁྲུམས་སྟོད་བཞི་ཆ་ཁྲུམས་སྨད་དང་། །ནམ་གྲུ་རྫོགས་པ་ཉ་ཡི་ཁྱིམ།། ༈ དེ་ནས་སྦྱོར་བའི་ཐ་སྙད་བཤད། །སེལ་བ་མཛའ་བོ་ཚེ་ལྡན་དང་། །སྐལ་བཟང་བཟང་པོ་ཤིན་ཏུ་སྐྲངས། །ལས་བཟང་འཛིན་པ་ཟུག་རྔུ་དང་། །སྐྲངས་དང་འཕེལ་བ་ངེས་པ་དང་། །ཀུན་འཇོམས་དགའ་བ་རྡོ་རྗེ་དང་། །དངོས་གྲུབ་ཤིན་ཏུ་ལྟུང་མཆོག་ཅན། །ཡོངས་འཇོམས༌ཞི་བ་གྲུབ་པ་དང་། །བསྒྲུབ་བྱ་དགེ་བ་དཀར་པོ་དང་། །ཚངས་པ་དབང་པོ་འཁོན་འཛིན་ཏེ། །སྦྱོར་བ་ཉི་ཤུ་རྩ་བདུན་ཡིན།། ༈ བྱེད་པ་བཅུ་གཅིག་ཐ་སྙད་ནི། །ཡར་ངོའི་ཚེས་གཅིག་ཕྱི་ཆ་ནས། །བརྩམས་ཏེ་ཉེར་དགུའི་སྔ་ཆའི་བར། །གདབ་པ་དང་ནི་བྱིས་པ་དང་། །རིགས་ཅན་དང་ནི་ཏིལ་རྡུང་དང་། །ཁྱིམ་སྐྱེས་ཚོང་པ་བིཥྚི་རྣམས། །འཁོར་བས་འཕོ་བྱེད་བདུན་ཞེས་གྲགས། །ཉེར་དགུའི་ཕྱི་ཆ་བཀྲ་ཤིས་དང་། །གནམ་སྟོང་སྔ་ཆར་རྐང་བཞི་སྟེ། །དེ་ཡི་ཕྱི་ཆར་བྱེད་པ་ཀླུ། །ཚེས་གཅིག་སྔ་ཆར་མི་སྡུག་པ། །རྟག་པའི་བྱེད་པ་བཞི་ཡིན་ནོ།། ༈ རྟེན་འབྲེལ་བཅུ་གཉིས་མ་རིག་པ། །འདུ་བྱེད་རྣམ་ཤེས་མིང་གཟུགས་དང་། །སྐྱེ་མཆེད་རེག་ཚོར་སྲེད་ལེན་པ། །སྲིད་པ་སྐྱེ་དང་རྒ་ཤིའོ།། ༈ བཅུ་གཉིས་ཁྱིམ་གྱི་ཞིང་བདག་གཟའ། །ལུག་དང་སྡིག་པའི་མིག་དམར་ཏེ། །གླང་སྲང་གཉིས་ཀྱི་པ་ཝ་སངས། །འཁྲིག་པ་བུ་མོའི་ལྷག་པ་ཡིན། །ཀརྚའི་ཟླ་བ་སེང་གེའི་ཉི། །གཞུ་དང་ཉ་ཡི་ཕུར་བུ་སྟེ། །ཆུ་སྲིན་བུམ་པའི་སྤེན་པའོ།། ༈ དེ་ལྟར་རྩིས་ཀྱི་ལག་ལེན་ལ། །ཉེ་བར་མཁོ་བའི་ཐ་སྙད་དང་། །རྣམ་གྲངས་འགའ་ཞིག་བརྗོད་པ་སྟེ། །འདི་ཡང་བྱིས་པའི་དོན་དུའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །ཐ་སྙད་རྣམ་གྲངས་བསྟན་པའི་སྐབས་ཏེ་གཉིས་པའོ།། །།

མཐའ་མའི་འདོན་ཐེངས་།: 08.02.2011 ཉིན། 11:36 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།