སེམས་ཕྲ་རགས་དང་འཆི་རིམ་གྱི་རྣམ་གཞག |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.10.2016 |
སྐབས་དགུ་པ། སེམས་ཕྲ་རགས་དང་འཆི་རིམ་གྱི་རྣམ་གཞག
(ཀུན་བཏུས། པོད་གཉིས་པ།)
- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།
༡ ཐེག་པ་ཐུན་མོང་བའི་གཞུང་ལས་སེམས་ཕྲ་རགས་གསུངས་ཚུལ།
གོང་དུ་བཤད་པའི་སེམས་དང་སེམས་བྱུང་གིས་བསྡུས་པའི་བློ་དེ་དག་ལ་ནང་གསེས་ཕྲ་རགས་མང་པོ་ཡོད་ཅིང་། དེ་ཡང་མིའི་ཤེས་པ་ལྟ་བུ་ལ་མཚོན་ན་གསོན་པའི་གནས་སྐབས་ཀྱི་ཤེས་པ་དེ་རགས་པ་དང་། འཆི་བའི་སྐབས་ཀྱི་ཤེས་པ་ཕྲ་བ་ཡིན་ལ། གསོན་པའི་གནས་སྐབས་སུའང་ཉིན་ཞག་ཕྲུགས་གཅིག་ལ་མཚོན་ན། སད་དུས་ཀྱི་གནས་སྐབས་ཀྱི་ཤེས་པ་དེ་རགས་ལ། དེ་ལས་རྨི་ལམ་གྱི་གནས་སྐབས་ཀྱི་ཤེས་པ་ཕྲ་ཞིང་། དེ་ལས་ཀྱང་རྨི་ལམ་མེད་པའི་གཉིད་མཐུག་པོའི་སྐབས་ཀྱི་ཤེས་པ་ཕྲ་བ་ཡིན་ལ། གཞན་ཡང་དབང་ཤེས་དང་ཡིད་ཤེས་གཉིས་ལས་དབང་ཤེས་རྣམས་རགས་ཤིང་ཡིད་ཤེས་རྣམས་ཕྲ་བར་འཇོག
ཡང་ནང་པའི་གཞུང་དུ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བསྒྲུབས་ཏེ། སེམས་ཕྲ་རུ་བཏང་ནས་ས་གོང་མ་གོང་མའི་སེམས་ཐོབ་པའི་ཚུལ་གསུངས་ཤིང་། དེ་ཡང་སེམས་ལ་འདོད་ཁམས་ཀྱི་སེམས་དང་། བསམ་གཏན་ནམ་གཟུགས་ཁམས་ཀྱི་སེམས། གཟུགས་མེད་ཁམས་ཀྱི་སེམས་བཅས་ཁམས་གསུམ་དུ་གཏོགས་པའི་སེམས་གསུམ་ཡོད་ལ། དེ་གསུམ་ལས་གཟུགས་མེད་ཀྱི་སེམས་ཕྲ་ཤོས་ཡིན་པར་གསུངས། དེའི་ནང་ནས་ཀྱང་སྲིད་རྩེའི་སེམས་ཕྲ་ཤོས་དང་འོག་མ་འོག་མའི་སེམས་རྣམས་རགས་པར་འཇོག་གོ །སེམས་ཀྱི་ཕྲ་རགས་ཀྱི་ཁྱད་པར་ཡང་། སྔགས་བླ་མེད་ཀྱི་ལུགས་ལྟར་ན་ཤེས་པ་སོ་སོའི་བཞོན་པའི་རླུང་ཕྲ་རགས་ཀྱི་སྒོ་ནས་འབྱེད་ལ། ཕར་ཕྱིན་ཐེག་པའི་གཞུང་ལྟར་ན་ནི། བློ་དེ་ངོས་འཛིན་བྱེད་དཀའ་སླ་དང་། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་པ་ཡིན་མིན་གྱི་སྒོ་ནས་དང་། བློ་དེའི་ཡུལ་ཕྲ་རགས་དང་། བློ་དེའི་དམིགས་རྣམ་གསལ་མི་གསལ་སོགས་ལས་ཕྲ་རགས་ཀྱི་ཁྱད་པར་འབྱེད་དོ།།
དེ་དག་ལས་བློ་དེ་ངོས་ཟིན་དཀའ་བ་རྣམས་ཕྲ་བ་དང་། ངོས་ཟིན་སླ་བ་རྣམས་རགས་པར་འཇོག་པའི་ཚུལ་ནི། ཕྲ་རྒྱས་ཞེས་པའི་ཚིག་ཟུར་གྱི་ཕྲ་བའི་དོན་འཆད་པའི་ཐད་དུ། མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས། “རྒྱུ་བ་ཕྲ་བའི་ཕྱིར་ཞེས་བྱ་བ་ནི་འཇུག་པ་ཕྲ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་འཇུག་པ་ཕྲ་ཞེ་ན། གཟུགས་ཅན་མ་ཡིན་པ་རྣམས་ཤེས་པར་དཀའ་བའི་ཕྱིར་རོ།།”1 ཞེས་གཟུགས་ཅན་མ་ཡིན་པའི་ཕྲ་རྒྱས་ཉོན་མོངས་སོགས་ངོས་འཛིན་དཀའ་བས་ཕྲ་བར་གསུངས་པ་ལྟ་བུའོ།།
ཡང་ངོས་འཛིན་དཀའ་སླའི་སྒོ་ནས་ཤེས་པ་ཕྲ་རགས་ཀྱི་ཁྱད་པར་འབྱེད་ཚུལ་ནི། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི་ལ་སྦྱར་ན། ཚོར་བ་ནི་བདེ་བ་ལུས་ཀྱིས་ཚོར་རོ་ཞེས་པ་ལྟར་བློ་ལ་འཆར་སླ་བའི་རྒྱུ་མཚན་གྱིས་ཕུང་པོ་ཕྱི་མ་རྣམས་ལས་རགས་པ་དང་། འདུ་ཤེས་ནི་མི་འདི་ནི་ཡོན་ཏན་ཆེའོ་སྙམ་དུ་འདུ་ཤེས་པ་ལྟར་བཀྲ་བར་འཛིན་པས་འདུ་བྱེད་དང་རྣམ་ཤེས་གཉིས་ལས་རགས་པ་དང་། མཚུངས་ལྡན་འདུ་བྱེད་ནི་བདག་བདེ་བར་བྱའོ་སྙམ་དུ་ཡུལ་གྱི་ཁྱད་པར་འཛིན་པས་རྣམ་ཤེས་ལས་རགས་པ་དང་། རྣམ་ཤེས་ནི་ཡུལ་གྱི་ངོ་བོ་ཙམ་འཛིན་ཅིང་ཚུལ་དེ་སྔ་མ་རྣམས་ལས་བློ་ལ་ཅུང་འཆར་དཀའ་བས་ཚོར་སོགས་སྔ་མ་གསུམ་ལས་ཕྲ་བར་འཇོག་སྟེ། དེ་ཡང་མཛོད་ཀྱི་འགྲེལ་བཤད་དེ་ཉིད་ལས།
གཟུགས་ཅན་མ་ཡིན་པ་རྣམས་ཀྱི་ནང་ན་ཡང་ང་ཞེས་བྱ་བ་ལ་སོགས་པ་ལ། ཚོར་བ་ནི་རྒྱུ་བ་རགས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ལུས་མེད་ཀྱང་རྟོགས་པར་ཆེས་སླ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འདི་ལྟར་ངའི་ལག་པས་ཞེས་བྱ་བ་རྒྱས་པར་འབྱུང་ངོ། །འདུ་ཤེས་ནི་གཉིས་པས་ཆེས་རགས་པའོ་ཞེས་བྱ་བ་ནི་འདུ་བྱེད་དང་། རྣམ་པར་ཤེས་པ་གཉིས་པས་ཏེ། དེའི་བྱ་བ་རྟོགས་པར་ཆེས་སླ་བའི་ཕྱིར་རོ། །འདུ་ཤེས་ནི་སྐྱེས་པ་དང་བུད་མེད་ལ་སོགས་པའི་མཚན་མ་འཛིན་པའོ། །རྣམ་པར་ཤེས་པ་བས་ནི་འདུ་བྱེད་དེ་ཅི་ཞེ་ན། རགས་ཏེ་འདོད་ཆགས་ལ་སོགས་པའི་ཀུན་ཏུ་སྤྱོད་པ་ཏེ་པོར་གསལ་བར་རྟོགས་པའི་ཕྱིན་རོ། །ཐམས་ཅད་པས་ཕྲ་བའི་ཕྱིར་ན་རྣམ་པར་ཤེས་པས་ནི་མཐར་ཏེ། འདུལ་བ་རྣམས་གཟུད་པ་དང་རྗེས་སུ་མཐུན་པའི་ཕྱིར་ན་རིགས་པ་ཇི་ལྟ་བ་བཞིན་གོ་རིམས་ཡིན་ནོ།།2 ཞེས་ཕུང་པོ་ལྔ་ལ་ནང་གསེས་ཕྲ་རགས་ཀྱི་ཁྱད་པར་ཡོད་པར་གསུངས།
ཡང་ངོས་འཛིན་དཀའ་སླའི་སྒོ་ནས་ཕྲ་རགས་ཀྱི་ཁྱད་པར་འཇོག་ཚུལ་དེ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལ་སྦྱར་ན། དེ་གསུམ་གྱི་ནང་ནས་ཚོར་བ་བདེ་སྡུག་གཉིས་རགས་པ་དང་བཏང་སྙོམས་ཕྲ་བ་ཡིན། དེ་ཡང་ཚོར་བ་བདེ་སྡུག་གཉིས་རང་རྒྱུད་ལྡན་གྱི་གང་ཟག་ལ་ཕན་གནོད་དང་འབྲེལ་བའི་དབང་གིས་བློ་ལ་གསར་བར་འཆར་སླ་བས་རགས་པ་དང་། བཏང་སྙོམས་ནི་རང་རྒྱུད་ལྡན་གྱི་གང་ཟག་ལ་ཕན་གནོད་དང་མ་འབྲེལ་ཞིང་བློ་ལ་སྔ་མ་གཉིས་ལྟར་གསལ་བར་མི་འཆར་བས་ཕྲ་བར་འཇོག དེ་ཡང་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་ལས།
ཡིད་ཀྱི་རྣམ་པར་ཤེས་པ་ནི་ཚོར་བ་གསུམ་པོ་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕྱིར་ཚོར་བ་གང་ལ་གནས་པ་ལ་འཆི་འཕོ་དང་སྐྱེ་བ་ཡོད་པ་མི་ཤེས་པས་དེའི་ཕྱིར་ཚོར་བ་ལ་ནི། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །ཞེས་བྱ་བ་སྨོས་སོ། །ཚོར་བ་གཞན་དག་ནི་གསལ་བ་ཡིན་ཏེ་ཞེས་བྱ་བ་ནི་ཡིད་བདེ་བ་དང་ཡིད་མི་བདེ་བའི་མཚན་ཉིད་ཅན་ཏེ། དེ་དག་ནི་ཀུན་ཏུ་བརྟགས་པ་ན་སྐྱེ་བའི་ཕྱིར། ཕན་འདོགས་པ་དང་གནོད་པ་བྱེད་པ་ཉིད་ཀྱི་ཕྱིར་རོ།།3 ཞེས་བྱུང་བ་ལྟར་རོ།།
ཚོར་བ་ལའང་ནང་གསེས། མིག་སོགས་དབང་པོ་གཟུགས་ཅན་པ་ལྔ་ལ་བརྟེན་པའི་ཚོར་བ་རྣམས། རང་ཉིད་གཟུགས་ཅན་མ་ཡིན་ཡང་རྟེན་དབང་པོ་གཟུགས་ཅན་ལ་བརྟེན་པས་རགས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་གྱི་ཚོར་བ་རྣམས་ནི། རང་ཉིད་ཀྱང་གཟུགས་ཅན་མ་ཡིན་ཞིང་རྟེན་ཡིད་དབང་ལ་བརྟེན་པས་ཕྲ་བར་གསུངས་ཏེ། མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས། “ཚོར་བ་ལ་སོགས་པའི་རགས་པ་ནི་དབང་པོ་ལྔ་ལ་བརྟེན་པའི་ཚོར་བ་ལ་སོགས་པ་བཞི་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་རང་ལ་ཡོད་པའི་རགས་པ་ཉིད་ནི་མེད་དོ། །ཕྲ་བ་ནི་ཡིད་ལས་བྱུང་བ་སྟེ། རྟེན་ཀྱང་ལུས་ཅན་མ་ཡིན་པའི་ཕྱིར་རོ། །”4 ཞེས་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་པ་ཡིན་མིན་གྱི་སྒོ་ནས་ཕྲ་རགས་ཀྱི་ཁྱད་པར་གསུངས་སོ།།
ཡང་བློ་དེའི་ཡུལ་ཕྲ་རགས་ཀྱི་སྒོ་ནས་ཕྲ་རགས་ཀྱི་ཁྱད་པར་འབྱེད་ཚུལ་ཡང་གསུངས་ཏེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། “ཡང་དག་པའི་ཤེས་པ་ཡང་ཕྲ་བ་ཉིད་ཡིནཏེ། དོན་གྱི་ཆ་ཕྲ་བ་རྟོགས་པར་བྱེད་པའི་ཕྱིར་རོ། །”5 ཞེས་དོན་ཕྲ་བ་སྟེ་དོན་རྟོགས་དཀའ་བས་དེའི་ཡུལ་ཅན་གྱི་ཡང་དག་པའི་ཤེས་པ་ཡང་ཕྲ་བར་དངོས་སུ་གསུངས་ནས། དོན་རྟོགས་སླ་བས་དེའི་ཡུལ་ཅན་གྱི་བློ་ཡང་རགས་པར་ཤུགས་ཀྱིས་བསྟན་པ་ལྟར་རོ།།
གསོན་དུས་ཀྱི་སེམས་ལ་ཡང་། ནང་གསེས་དམིགས་རྣམ་གསལ་མི་གསལ་གྱི་སྒོ་ནས་ཕྲ་རགས་འབྱེད་ཚུལ་ཡོད་དེ། སེམས་རང་དབང་མེད་པར་ནང་དུ་སྡུད་པའི་སེམས་བྱུང་ཞིག་གི་སྟོབས་ཀྱིས་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་ནས་དབང་ཤེས་རྣམས་ཐོག་མར་འགགས་ཤིང་། དེ་ནས་ཡིད་ཤེས་རགས་པ་རྣམས་རིམ་གྱིས་འགགས་ཏེ་མཐར་ཡིད་ཤེས་དམིགས་རྣམ་མི་གསལ་བ་ཞིག་གི་ངང་དུ་གནས་པའི་གཉིད་དུས་ཀྱི་སེམས་ནི། སད་དུས་ཀྱི་སེམས་ལས་ཕྲ་བ་དང་། ཡང་གཉིད་དུས་ཀྱི་སེམས་ལ་ཡང་རྨི་ལམ་གྱི་གནས་སྐབས་ཀྱི་སེམས་རགས་ཤིང་གཉིད་མཐུག་པོའི་གནས་སྐབས་ཀྱི་སེམས་དེ་ལས་ཀྱང་དམིགས་རྣམ་མི་གསལ་བས་ཕྲ་བ་ཡིན་ནོ།།
ཡང་སྐྱེ་བོ་ཕལ་པ་རྣམས་རླུང་མཁྲིས་བད་ཀན་ཅི་རིགས་ཀྱི་དབང་གིས་འཆི་བའི་ཚེ་ལུས་ཀྱི་འབྱུང་བཞིའི་ནུས་པ་ཉམས་ཤིང་། དྲོད་རིམ་གྱིས་བསྡུས་ཏེ་དབང་ཤེས་རྣམས་འགགས་ནས་མཐར་ཡིད་ཤེས་གཅིག་པུ་གནས་ཤིང་། ཡིད་ཤེས་ཀྱང་རགས་པ་རྣམས་རིམ་གྱིས་འགགས་ཏེ་མཐར་འཆི་སེམས་ཕྲ་མོ་མངོན་དུ་གྱུར་པའི་ཚེ་འཆི་བ་དངོས་ཡིན་ཞིང་། འཆི་སེམས་ཕྲ་མོ་ནི་གཞིའི་གནས་སྐབས་ཀྱི་སེམས་ཕྲ་ཤོས་སུ་འཇོག་གོ།
སྤྱིར་འཆི་སེམས་ཕྲ་མོའི་འཁོར་གྱི་ཚོར་བ་ནི་བཏང་སྙོམས་ཁོ་ན་དང་། འཆི་སེམས་ཕྲ་མོ་ལ་བྱེ་བྲག་སྨྲ་བས་དགེ་སོགས་གསུམ་ཀ་ཡོད་པར་འདོད་ཀྱང་། དབུ་སེམས་ཀྱི་གྲུབ་མཐའ་གོང་མ་རྣམས་ལུང་མ་བསྟན་ཁོ་ནར་བཞེད། དེ་ཡང་ཆོས་མངོན་པ་མཛོད་ལས། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ།།6 ཞེས་སྤྱིར་འཆི་སེམས་ཕྲ་མོའི་འཁོར་གྱི་ཚོར་བ་དེ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལས་བཏང་སྙོམས་ཁོ་ན་ཡིན་པ་དང་། མཛོད་རང་འགྲེལ་ལས་ཀྱང་།
རིམ་གྱིས་འཆི་བ་དག་ལ་བཞི། །རིམ་གྱིས་འཆི་ན་ལུས་དང་སྲོག་དང་ཡིད་དང་བཏང་སྙོམས་ཀྱི་དབང་པོ་དག་དང་དབང་པོ་བཞི་འགག་སྟེ། དེ་རྣམས་ལ་ནི་སོ་སོར་འགག་པ་མེད་དོ། །ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བ་ལ་ནི་ཚུལ་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །གང་གི་ཚེ་དགེ་བའི་སེམས་ལ་གནས་ཏེ་འཆི་བ་དེའི་ཚེ་ནི། དགེ་ལ་ཐམས་ཅད་དག་ཏུ་ལྔ། །དགེ་བའི་སེམས་ལ་གནས་ཏེ་འཆི་ན་ཐམས་ཅད་དུ་ཇི་སྐད་བཤད་པའི་དབང་པོ་རྣམས་དང་། ལྷག་པ་ར་དད་པ་ལ་སོགས་པ་ལྔ་འགག་སྟེ། དེ་རྣམས་ནི་དགེ་བའི་སེམས་ལ་གདོན་མི་ཟ་བར་ཡོད་དོ།།7
ཞེས་བྱེ་བྲག་སྨྲ་བའི་ལུགས་ལ་ཉོན་མོངས་ཅན་མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། དགེ་བའི་སེམས་ཀྱིས་འཆི་སེམས་བྱེད་པ་ཡོད་པར་གསུངས། རྣལ་འབྱོར་སྤྱོད་པའི་ས་ལས་ནི།
དགེ་བའི་སེམས་དང་ལྡན་པར་འཆི་འཕོ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་འཆི་བའི་ཚེ། དགེ་བའི་ཆོས་སྔོན་ཀུན་ཏུ་བསྟེན་པ་རྣམས་དྲན་ནམ། གཞན་གྱིས་དྲན་པར་བྱས་ཀྱང་རུང་སྟེ། དེའི་ཚེ་དེ་ལ་དད་པ་ལ་སོགས་པ་དགེ་བའི་ཆོས་གང་དག་སེམས་ལ་ཀུན་ཏུ་སྤྱོད་པ་དེ་དག་ཇི་སྲིད་དུ་འདུ་ཤེས་རགས་པ་འབྱུང་བའི་བར་དུའོ། །འདུ་ཤེས་ཆ་ཕྲ་མོ་རྒྱུ་བར་གྱུར་པའི་ཚེ་ནི་དགེ་བའི་སེམས་ལྡོག་ཅིང་། ལུང་དུ་མ་བསྟན་པའི་སེམས་ཉིད་དུ་གནས་ཏེ། འདི་ལྟར་དེས་ནི་དེའི་ཚེ་སྔོན་གོམས་པར་བྱས་པའི་དགེ་བ་བརྩལ་བར་ཡང་མི་ནུས་ལ་གཞན་དག་གིས་ཀྱང་དྲན་པར་བྱེད་མི་ནུས་སོ། །མི་དགེ་བའི་སེམས་དང་ལྡན་པར་འཆི་འཕོ་བ་ཇི་ལྟ་བུ་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་འཆི་བའི་ཚེ། མི་དགེ་བའི་ཆོས་སྔོན་གོམས་པ་རྣམས་དྲན་ནམ། གཞན་དག་གིས་དྲན་པར་བྱས་ཀྱང་རུང་སྟེ། དེའི་ཚེ་དེ་ལ་ཆགས་པ་ལ་སོགས་པ་མི་དགེ་བའི་ཆོས་གང་དག་སེམས་ལ་ཀུན་ཏུ་སྤྱོད་པ་དེ་དག་ཇི་སྲིད་དུ་འདུ་ཤེས་རགས་པ་རྒྱུ་བའི་བར་དུའོ་ཞེས་བྱ་བ་ཐམས་ཅད་དགེ་བའི་སྐབས་སྔ་མ་དང་འདྲའོ།།8
ཞེས་སྔོན་དགེ་སོགས་ལ་ཇི་ལྟར་གོམས་ཀྱང་འཆི་སེམས་ཕྲ་མོའི་ཚེ་སེམས་ལུང་མ་བསྟན་ཉིད་དུ་གནས་པར་གསུངས་སོ།།
ཡང་ཁམས་ཀྱི་དབང་དུ་བྱས་ན། འདོད་པའི་ཁམས་ཀྱི་སེམས་ནི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཀ་དང་ལྡན་པ་དང་། རྟོག་དཔྱོད་གཉིས་ཀ་དང་ལྡན་པ་སོགས་ཀྱིས་རགས་པར་འཇོག་ལ། དེ་ལ་ལྟོས་ཏེ་བསམ་གཏན་དང་པོའི་སེམས་ནི་ཚོར་བ་སྡུག་བསྔལ་དང་བྲལ་བས་ཕྲ་བ་དང་། བསམ་གཏན་གཉིས་པའི་སེམས་ནི། རྟོག་པ་དང་དཔྱོད་པ་གཉིས་ཀ་དང་བྲལ་བས་དེ་ལས་ཀྱང་ཕྲ་བ་དང་། གསུམ་པ་ནི་དགའ་བ་དང་བྲལ་བས་དེ་ལས་ཕྲ་བ་དང་། བསམ་གཏན་བཞི་པའི་སེམས་ནི་ཚོར་བ་བདེ་བ་དང་ཡང་བྲལ་ཏེ་བཏང་སྙོམས་འབའ་ཞིག་དང་ལྡན་པས་གསུམ་པ་ལས་ཀྱང་ཕྲ་བར་བཤད། གཟུགས་མེད་བཞི་ནི། གཟུགས་ཀྱི་འདུ་ཤེས་མཐའ་དག་དང་བྲལ་ཞིང་། དམིགས་པ་ཕྲ་རིམ་ནས་བཞག་སྟེ། དང་པོ་ནམ་མཁའ་མཐའ་ཡས་པ་ལ་དམིགས་པ་དང་། གཉིས་པ་རྣམ་ཤེས་མཐའ་ཡས་དང་། གསུམ་པ་ཅི་ཡང་མེད་དང་། མཐའ་མ་སྲིད་རྩེའི་སེམས་ནི་དམིགས་རྣམ་མི་གསལ་བས་ཕྲ་ཤོས་སུ་གསུངས་ཏེ། མངོན་པ་མཛོད་རང་འགྲེལ་ལས། “དེ་ལ་ནི། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །སྙོམས་པར་འཇུག་སྟེ། སྲིད་པའི་རྩེ་མོའི་འདུ་ཤེས་ནི་ཕྲ་བ་ཡིན་ཏེ།”9 ཞེས་པ་ལྟར་རོ། །དེས་ན་འདོད་སེམས་དང་བསམ་གཟུགས་བརྒྱད་སྔ་མ་སྔ་མ་རགས་ཤིང་ཕྱི་མ་ཕྱི་མ་ཕྲ་བ་ཡིན་ལ། དེ་ཡང་ཕྱི་རོལ་ཏུ་གཡེང་བའི་སེམས་རགས་པ་རྣམས། ཞི་གནས་ལ་བརྟེན་ནས་ནང་དུ་བསྡུས་ཏེ་བྱིང་རྒོད་ཕྲ་རགས་ཀྱི་སྐྱོན་དང་བྲལ་བ་ལས། སེམས་རིམ་གྱིས་ཕྲ་རུ་ཕྲ་རུ་འགྲོ་བར་གཞུང་ལས་གསུངས་སོ།།
༢ སྔགས་བླ་མེད་ཀྱི་གཞུང་ནས་བྱུང་བའི་སེམས་ཕྲ་རགས་ཀྱི་རྣམ་གཞག
༡) སྤྱིར་བཤད་པ།
འཕགས་ཡུལ་གྱི་ནང་པའི་གཞུང་ལས་བཤད་པའི་སེམས་ཁམས་རིག་པའི་རྣམ་གཞག་ཤིན་ཏུ་གལ་ཆེ་བ་ཞིག་ནི། སྔགས་བླ་མེད་དུ་གྲགས་པའི་གཞུང་སྤྱི་དང་། ལྷག་པར་དཔལ་གསང་བ་འདུས་པའི་ཆོས་སྐོར་དཔེར་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་ལྔ་དང་། འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མ། ཀླུའི་བྱང་ཆུབ་ཀྱི་རྣམ་གཞག་རིམ་པ། དཔའ་ནཱ་རོ་པའི་རིམ་ལྔ་བསྡུས་པ་སོགས་ནས་གསངུས་པའི་ཚུལ་དེ་ཡིན་ཞིང་། གཞུང་དེ་དག་གི་ནང་དུ་ནང་པའི་ཐེག་པ་ཆེ་ཆུང་ཐུན་མོང་བའི་གཞུང་ལས་བྱུང་བའི་སེམས་ཁམས་རིག་པའི་བཤད་པ་ལས་མ་ཐོན་པའི་གནད་མང་པོ་ཞིག་འབྱུང་སྟེ། དཔེར་ན། རྣམ་ཤེས་རྣམས་བཞོན་པའི་རླུང་དང་ལྡན་པ་དང་། ཕྲ་མོའི་གནས་སྐབས་སུ་རླུང་སེམས་གཉིས་ངོ་བོ་གཅིག་པས་མཐར་ཐུག་ཕྲ་མོའི་གནས་སྐབས་སུ་གཟུགས་ཤེས་གཉིས་ངོ་བོ་གཅིག་ཏུ་གནས་པ་དང་། དེ་བཞིན་དུ་རྣམ་ཤེས་ཀྱི་བྱ་བ་མང་པོ་ཞིག་བཞོན་པའི་རླུང་གི་སྟེང་ནས་འགྲེལ་བརྗོད་མཛད་པ་དང་། ཕྱི་རོལ་ཡུལ་དང་ནང་སེམས་ཀྱི་འབྲེལ་པ་ལྟ་བུ་ལ་མཚོན་ནའང་། རླུང་གི་བྱེད་ལས་ཀྱི་སྒོ་ནས་ཕྱིའི་འབྱུང་བ་དང་ནང་གི་འབྱུང་བའི་བར་གྱི་འབྲེལ་པའི་བཤད་པ་སོགས་ཞིབ་ཏུ་གསུངས་པས། འདིར་ཡང་སྔགས་བླ་མེད་ཀྱི་གཞུང་ལས་འབྱུང་བའི་སེམས་ཀྱི་རྣམ་གཞག་སྐོར་མདོ་ཙམ་ཞིག་བཤད་པར་འདོད་དོ།།
སྤྱིར་སྔགས་བླ་མེད་ཀྱི་གཞུང་རྣམས་སུ་ཤེས་པ་ལ་ནང་གསེས་ ༡ གློ་བུར་བའི་ཤེས་པ་དང་། ༢ གཉུག་མའི་ཤེས་པ་གཉིས་སུ་ཕྱེ་ནས། གློ་བུར་བའི་ཤེས་པ་ཞེས་པ་ནི། དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་མིག་གི་ཤེས་པ་དང་རྣ་བའི་ཤེས་པ་སོགས་དབང་ཤེས་རྣམས་དང་། དེ་བཞིན་དུ་འདས་མ་འོངས་ད་ལྟ་བའི་དོན་དྲན་པ་ལྟ་བུ་ཡིད་ཀྱི་དབང་པོ་ལ་བརྟེན་པའི་ཤེས་པ་རགས་པ་རྣམས་དང་། རྩ་ཉོན་དང་ཉེ་ཉོན་རྣམས་དང་། སྣང་བ་གསུམ་གྱི་སེམས་རྣམས་སོ། །དེ་ལྟ་བུའི་གློ་བུར་བའི་ཤེས་པ་རྣམས་རྟེན་ལུས་རགས་པ་ཡོད་པའི་སྐབས་སུ་ཡོད་ཅིང་། རྟེན་ལུས་རགས་པ་དེ་འགགས་པར་གྱུར་པ་ན་གློ་བུར་བའི་ཤེས་པ་དེ་དག་ཀྱང་རིམ་གྱིས་འགག་པར་འགྱུར་ཞིང་། ཆེས་ཤིན་ཏུ་ཕྲ་བ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དང་དེའི་བཞོན་པའི་རླུང་ཤིན་ཏུ་ཕྲ་བ་གཉིས། ཆུ་དང་རླན་བཞིན་སེམས་ཅན་རྣམས་ལ་དུས་རྟག་ཏུ་མི་འབྲལ་བར་གནས་པར་གསུངས།
དེ་ཡང་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་གཉུག་མ་ལྷན་ཅིག་སྐྱེས་པའི་ཤེས་པ་དེ་ལས་རགས་པ་གློ་བུར་བའི་ཤེས་པ་རྣམས་འབྱུང་ཞིང་། འདི་དག་འཆི་སེམས་ཕྲ་མོ་མངོན་དུ་མ་གྱུར་བར་དུ། སྲོག་འཛིན་གྱི་རླུང་རགས་པ་ལ་བརྟེན་ཏེ་གནས་ལ། འཆི་བའི་གནས་སྐབས་སུ་སྲོག་འཛིན་གྱི་རླུང་རགས་པ་ལ་བརྟེན་པའི་རགས་པ་གློ་བུར་བའི་ཤེས་པ་རྣམས་རིམ་གྱིས་ཕྲ་རུ་སོང་སྟེ། གཉུག་མ་ལྷན་ཅིག་སྐྱེས་པའི་ཤེས་པ་ཤིན་ཏུ་ཕྲ་མོ་དེ་ཉིད་ལ་ཐིམ་ནས་གཉུག་སེམས་ཕྲ་མོ་ལ་གནས་པའི་ཚེ་འཆི་བ་འོད་གསལ་ཞེས་བརྗོད་ཅིང་། དེ་ནས་སླར་ཡང་གཉུག་མའི་ཤེས་པ་དེའི་རྟེན་སྲོག་འཛིན་གྱི་རླུང་ཕྲ་མོ་དེ་ལས་རླུང་རགས་པ་གཡོས་པ་དང་མཉམ་དུ། ཚེ་འདིའི་ལུས་རྟེན་ལས་རྣམ་ཤེས་འཕོས་ཏེ་བར་དོ་གྲུབ་པ་དང་། གཉུག་མའི་ཤེས་པ་དེ་ལས་རགས་པ་གློ་བུར་བའི་ཤེས་པ་རྣམས་འབྱུང་བར་གསུངས།
དེ་ཡང་འགྲོ་བ་མི་ལྟ་བུ་ལ་མཚོན་ན། འཆི་བའི་གནས་སྐབས་སུ་ཕྱི་དབུགས་ཆད་དེ་ཀླད་པའི་ནང་ཁྲག་གི་རྒྱུ་བ་མཚམས་ཆད་ནས་ཀླད་པའི་བྱ་བྱེད་ཀྱང་འགགས་པ་ན། སྤྱིར་བཏང་གསོ་རིག་གི་བཤད་ཚུལ་ལྟར་ན་ཤི་ཟིན་པར་ངོས་འཛིན་བྱེད་མོད། གསང་སྔགས་བླ་མེད་ཀྱི་གཞུང་རྣམས་སུ་དེ་རྗེས་རིམ་གྱིས། སྣང་བའི་ཡེ་ཤེས་དང་། མཆེད་པའི་ཡེ་ཤེས། ཉེར་ཐོབ་ཀྱི་ཡེ་ཤེས་བཅས་རིམ་བཞིན་ཐིམ་སྟེ། མཐར་ཆེས་ཤིན་ཏུ་ཕྲ་བའི་ཤེས་པ་འཆི་བ་འོད་གསལ་གྱི་སེམས་འཆར་བར་གསུངས། དེ་དག་གི་གནས་སྐབས་སུ་དབང་པོའི་ཤེས་པ་ཐམས་ཅད་འགགས་ཟིན་པ་ཡིན་ལ། ནམ་རྒྱུན་གྱི་ཡིད་བློ་རགས་པ་ལ་སྣང་བ་འདྲ་མིན་འཆར་བ་དེ་དག་ཀྱང་འགགས་ཟིན་པས་ཡུལ་སྣང་དེ་དག་ཀྱང་མེད་པར་འཇོག་དགོས།
དེ་ལྟ་བུའི་ཤེས་པ་ཕྲ་རགས་ཀྱི་རིམ་པ་ངོས་འཛིན་ཚུལ་ཡང་། དཔལ་ནཱ་རོ་པའི་རིམ་ལྔ་བསྡུས་པ་གསལ་བ་ལས།
དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །སེམས་དང་ལུས་ཀྱི་གནས་ཐབས་ལས། །
རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཞེས་བྱ། །10
ཞེས་གསུངས་པ་ལྟར་ཤེས་པ་སྤྱིའི་དབང་དུ་བྱས་ན། དབང་པོའི་ཤེས་པ་རྣམས་རགས་པ་དང་། ཀུན་རྟོག་བརྒྱད་ཅུ་དང་། རྩ་ཉོན་དང་ཉེ་ཉོན་རྣམས་ཕྲ་བ་དང་། སྟོང་པ་བཞིའི་གནས་སྐབས་ཀྱི་སེམས་རྣམས་ཤིན་ཏུ་ཕྲ་བ་དང་། དེའི་ནང་ནས་ཀྱང་སྟོང་པ་བཞི་པ་འཆི་བ་འོད་གསལ་གྱི་སེམས་ནི་ཆེས་ཤིན་ཏུ་ཕྲ་བའི་སེམས་སུ་གསུངས་སོ། །ཡིད་ཀྱི་ཤེས་པའི་དབང་དུ་བྱས་ན། ཀུན་རྟོག་བརྒྱད་ཅུའི་རྟོག་པ་རྣམས་རགས་པ་དང་། གཞི་དུས་ཀྱི་སྟོང་པ་དང་པོ་གསུམ་སྟེ། སྣང་བ་དང་། མཆེད་པ་དང་། ཉེར་ཐོབ་ཀྱི་ཤེས་པ་རྣམས་ཕྲ་བ་དང་། སྟོང་པ་བཞི་པ་འཆི་བ་འོད་གསལ་གྱི་སེམས་ནི་ཤིན་ཏུ་ཕྲ་བའི་སེམས་སུ་གསུངས་སོ།།
རྣམ་ཤེས་དེ་དག་ཕྲ་རགས་སུ་འགྱུར་ཚུལ་ཡང་། རྣམ་ཤེས་སོ་སོ་དང་ངོ་བོ་དབྱེར་མེད་གཅིག་ཏུ་འདྲེས་པའི་རྟེན་རླུང་ཕྲ་རགས་སམ་གཡོ་བ་ཤས་ཆེ་ཆུང་གིས་འཇོག་ལ། རྣམ་ཤེས་རླུང་གི་བཞོན་པ་ཅན་ཡིན་པ་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། འདི་ནི་རྣམ་ཤེས་བཞོན་པ་སྟེ།།11 ཞེས་གསུངས་པ་ལྟར་ཡིན་ལ། དེ་ཡང་རླུང་གིས་རྣམ་ཤེས་གཡོ་བར་བྱེད་པའི་དོན་ཡིན་ནོ། །
འོ་ན་རྣམ་ཤེས་རླུང་གིས་གཡོ་བའི་དོན་ཇི་ལྟར་ཡིན་སྙམ་ན། རྣམ་ཤེས་ནི་རླུང་ལ་མ་ལྟོས་པར་ཡུལ་ལ་འགྲོ་འོང་གི་ནུས་པ་མེད་ལ། རླུང་དང་མཉམ་དུ་ཞུགས་ན་ནི་ཡུལ་བགྲོད་པའི་ནུས་པ་ཡོད་པར་གསུངས་ཏེ། དཔེར་ན། སློབ་དཔོན་འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མ་ལས། “དེ་ལྟ་མོད་ཀྱི་སྣང་བ་དང་བཅས་པ་ཡིན་ལ་དེས་ན་རླུང་གི་ཁམས་དང་ལྷན་ཅིག་མེལ་ཚེ་བྱེད།”12 ཅེས་འབྱུང་བ་ལྟ་བུའོ། །དེའི་དོན་ནི་སྣང་མཆེད་ཐོབ་གསུམ་གཟུགས་ཅན་མིན་མོད་ཀྱང་། ཡུལ་དང་བཅས་པ་ཡིན་པས་ན་རླུང་དང་ལྷན་ཅིག་ཏུ་འགྲོ་འོང་བྱེད་ཅེས་པའོ། །དེས་ན་རླུང་གི་སྒོ་ནས་ཡུལ་ལ་འཇུག་པ་ནི་སེམས་ཀྱིས་རླུང་ལ་ཞོན་ནས་ཡུལ་ལ་འཇུག་པའི་དོན་ཏེ། དེ་ལ་ནི་སེམས་ཡུལ་ལ་གཡེང་བར་བྱེད་མི་བྱེད་གཉིས་ཡོད།
རླུང་སེམས་ངོ་བོ་དབྱེར་མེད་དུ་འདྲེས་ནས་ཡུལ་ལ་བྱ་བ་བྱེད་ཚུལ་ནི། འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མ་ལས། “ཁམས་ཕྲ་བ་དང་། རྣམ་པར་ཤེས་པ་སྣང་བ་དག་ནི། གཟུགས་མེད་པས་མར་གྱི་ནང་དུ་མར་བཅུག་པ་བཞིན་དུ་འདྲེས་པར་གྱུར་ནས་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱའོ། །”13 ཞེས་མར་ལ་མར་བཅུག་པ་བཞིན་དུ་འདྲེས་པར་གསུངས་པས། རླུང་སེམས་གཉིས་ངོ་བོ་གཅིག་པའི་སྒོ་ནས་ཡུལ་ལ་བྱ་བ་བྱེད་པ་ཡིན་ནོ། །དེ་ཡང་རླུང་རགས་པ་རྣམས་རིམ་བཞིན་ཐིམ་ནས་ཕྲ་བ་ཕྲ་བས་བྱ་བ་བྱེད་པའི་ཚེ་དེ་ལ་བརྟེན་པའི་རྣམ་ཤེས་ཀྱང་རིམ་བཞིན་དམིགས་རྣམ་ཕྲ་རུ་འགྲོ་བ་ཡིན། དེ་ཡང་དཔལ་གསལ་བ་འདུས་པའི་བཤད་རྒྱུད་རྡོ་རྗེད་ཕྲེང་བ་ལས།
རླུང་རྣམས་རིམ་གྱིས་ཉམས་འགྱུར་བ། །སྔ་མ་བཞིན་དུ་གོང་ནས་གོང་། །
རང་གི་བདག་ཉིད་ལ་ཐིམ་པར། །བཏང་བཟུང་སླར་ཡང་འགྲོ་བར་བྱེད། །14
ཅེས་འཆི་བའི་ཚེ་རླུང་སྔ་མ་རྣམས་ཕྱི་མ་ལ་རིམ་གྱིས་ཐིམ་ནས། སླར་ཡང་བཏང་བཟུང་ཞེས་པའི་སྲོག་རླུང་ལ་ཐུག་པའི་བར་དུ་འགྲོ་བར་གསུངས་ལ། འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མ་ལས་ཀྱང་། “དེ་ལྟར་ལུས་ལ་གནས་པའི་སྐབས་སུ་ཐམས་ཅད་བྱ་སྟེ། མཐར་མི་ཤིགས་པར་ཞུགས་ནས།”15 ཞེས་འཆི་བའི་མཐར་རླུང་རྣམས་སྙིང་གའི་མི་ཤིགས་པའི་རླུང་ཆེས་ཤིན་ཏུ་ཕྲ་བ་ལ་ཐིམ་ནས་དངོས་པོ་མེད་པ་འོད་གསལ་དུ་འཇུག་པར་གསུངས་སོ།།
དེ་ཡང་སྔགས་བླ་མེད་སྤྱིའི་ལུགས་ལྟར་ན། རང་རྒྱུད་ཀྱི་ས་ཆུ་མེ་རླུང་བཞི་སྔ་མ་ཕྱི་མ་ལ་ཐིམ་པའི་ཚེ། རླུང་གི་གཡོ་བ་ཇེ་ཆུང་ཇེ་ཆུང་དུ་སོང་བའི་མཐར། རང་བཞིན་གྱི་རྟོག་པ་གཡོ་བའི་རླུང་རྣམ་ཤེས་དང་བཅས་པ་སྣང་བ་དང་པོ་ལ་ཐིམ་པ་ན་རང་བཞིན་གྱི་རྟོག་པ་རྣམས་ལོག་པས། སྟོང་པ་གསུམ་དང་སྟོང་པ་བཞི་པ་འོད་གསལ་རིམ་གྱིས་འཆར་ལ། དེ་རྣམས་ཀྱང་སྔ་མ་སྔ་མ་ལས་རླུང་གི་གཡོ་བ་ཇེ་ཆུང་ཇེ་ཆུང་དུ་སོང་བའི་དབང་གིས་འཆར་རོ། །དེ་ནས་སྐྱེ་བའི་ཚེ་འོད་གསལ་གྱི་རླུང་ལས་རླུང་ཅུང་ཟད་གཡོས་པ་ན་ཉེར་ཐོབ་དང་། དེ་ནས་མཆེད་པ་དང་སྣང་བ་རྣམས་སྔ་མ་སྔ་མ་ལས་རླུང་གཡོ་བ་ཆེར་སོང་བའི་དབང་གིས་འབྱུང་ཞིང་། སྣང་བའི་རླུང་ལས་གཡོ་ཚབས་ཆེར་སོང་བ་ན་རང་བཞིན་གྱི་ཀུན་རྟོག་རྣམས་སྐྱེ་བར་གསུངས་སོ། །
༢ སྣང་གསུམ་གྱི་སེམས་མཚོན་བྱེད་ཀུན་རྟོག་བརྒྱད་ཅུ་བཤད་པ།
དེ་ཡང་དཔལ་གསང་བ་འདུས་པའི་ཆོས་སྐོར་ལས་སྣང་བ་གསུམ་སྟེ། ༡ སྣང་བ་དང་། ༢ སྣང་བ་མཆེད་པ་དང་། ༣ སྣང་བ་ཉེར་ཐོབ་བཅས་སེམས་ཤིན་ཏུ་ཕྲ་བ་གསུམ་འཆད་པའི་སྐབས། སྣང་བ་དེ་གསུམ་མཚོན་བྱེད་ཀྱི་ཤེས་པ་སྣང་བའི་རང་བཞིན་སོ་གསུམ་དང་། མཆེད་པའི་རང་བཞིན་བཞི་བཅུ། ཉེར་ཐོབ་ཀྱི་རང་བཞིན་བདུན་བཅས་ཀུན་རྟོག་བརྒྱད་ཅུའི་རྣམ་གཞག་མཛད་ཅིང་། ཀུན་རྟོག་བརྒྱད་ཅུ་པོ་དེ་དག་དང་། དེ་བཞིན་དུ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་བཤད་པའི་རྣམ་རྟོག་བརྒྱ་རྩ་བརྒྱད་སོགས་ནི། རང་གི་བཞོན་པ་རྩ་བའི་རླུང་སྲོག་འཛིན་གཡོབ་ཤས་ཆུང་བ་ལ་བརྟེན་པས་ཤེས་པ་ཕྲ་མོ་ཡིན་ནོ། །ཀུན་རྟོག་དེ་རྣམས་ཀྱང་རང་གི་བཞོན་པའི་རླུང་གིས་གཡོ་བ་ཡིན་ཚུལ་ནི། སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་རིམ་ལྔའི་དོན་གསལ་བྱེད་ལས། “གང་གི་ཕྱིར་ཤེས་པ་དང་བྲལ་བའི་རླུང་གིས། ཡུལ་གྱི་རྣམ་པར་རིག་པར་མི་རུང་ངོ་ཞེས་རྒོལ་བ་དེའི་ལན་བསྟན་པའི་ཕྱིར། འདི་ནི་རྣམ་ཤེས་བཞོན་པ་སྟེ། ཞེས་སྨོས་ཏེ་འདི་ཞེས་པ་ནི་རླུང་སྟེ་དངོས་སུ་ན་རླུང་ལ་རང་གི་རྣམ་པར་ཤེས་པ་ཞོན་ནས་ཡུལ་གྱི་རྣམ་པར་རིག་པར་བྱེད་ཅེའོ། །”16 ཞེས་གསུངས་པ་ལྟར་རོ།།
དེ་ལ་ཀུན་རྟོག་བརྒྱད་ཅུ་པོ་སོ་སོའི་ངོས་འཛིན་འཆད་པར་། སྣང་བ་དང་པོའི་རང་བཞིན་སོ་གསུམ་ནི་རིམ་ལྔ་ལས།
དེ་ཡི་རང་བཞིན་འཕྲོ་གསལ་བ། །ད་ནི་རབ་ཏུ་བཤད་པར་བྱ། །
ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག །
ཡིད་ལ་འགྲོ་ཞིང་འོང་བ་དང་། །མྱ་ངན་ལ་སོགས་གསུམ་དེ་བཞིན། །
ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་མ་ཤིན་ཏུ་འཇིགས། །
སྲེད་དང་སྲེད་པ་བར་མ་དང་། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །
མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་དང་ཚོར་བ་བར་མ་དང་། །
ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིག་པ་པོ་དང་རིག་འཛིན་གཞི། །
སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །
དོགས་དང་བསགས་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །
རང་བཞིན་སུམ་ཅུ་རྩ་གསུམ་གང་། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །17 ཞེས་སོ།།
དེ་རྣམས་རེ་རེ་ནས་བགྲངས་ན། ༡-༣ དེ་ལ་ཆགས་བྲལ་ཞེས་པས་ནི། ཡུལ་མི་འདོད་པའི་རྣམ་པ་ཅན་ཏེ་དེ་ལ་ཤས་ཆེ་འབྲིང་ཆུང་གསུམ་མོ།། ༤ ཡིད་ལ་སྟེ་ཡིད་ཀྱི་འགྲོ་བ་ནི། ཡིད་ཕྱིའི་ཡུལ་ལ་ཕར་འགྲོ་བ་དང་། ༥ འོང་བ་ནི་ནང་གི་ཡུལ་ལ་ཚུར་འཇུག་པའོ།། ༦-༨ མྱ་ངན་ནི་ཡུལ་ཡིད་དུ་འོང་བ་དང་བྲལ་བའི་སེམས་ཀྱི་གདུང་བ་སྟེ་ཆེ་འབྲིང་ཆུང་གསུམ་མོ།། ༩ ཞི་བ་ནི་སེམས་ཞི་བར་གནས་པའམ་སེམས་རྣལ་དུ་འདུག་པའོ།། ༡༠ རྣམ་རྟོག་ནི་རྒོད་པའམ་སེམས་རྩིང་བར་རྟོག་པའོ།། ༡༡-༡༣ འཇིགས་པ་ནི་ཡིད་དུ་མི་འོང་བ་དང་ཕྲད་ནས་སེམས་སྐྲག་པ་སྟེ་དེ་ཆེ་འབྲིང་ཆུང་གསུམ་མོ།། ༡༤-༡༦ སྲེད་པ་ནི་ཡུལ་ལ་ཞེན་པ་སྟེ་དེ་ལའང་ཆེ་འབྲིང་ཆུང་གསུམ་མོ། །འདིའི་སྲེད་པ་ཞེས་པ་ནི་དགའ་བའི་རྣམ་པ་ཅན་མིན་པར་ཡུལ་དེ་ལ་གདུང་བ་ལ་སྲེད་པ་ཞེས་བཏགས་པ་ཡིན་པས་མཆེད་པའི་རང་བཞིན་བཞི་བཅུའི་གྲས་ཀྱི་ཆགས་པ་དང་མི་འདྲ་བར་གསུངས། ༡༧ ལེན་པ་ནི་འདོད་ཡོན་གྱི་ཡུལ་རྣམས་ལ་ཀུན་ཏུ་འཛིན་པའོ།། ༡༨ མི་དགེ་བ་ནི་དགེ་བའི་ལས་ལ་ཡིད་གཉིས་ཟ་བའམ་རང་གི་ཡིད་གསོད་པའོ།། ༡༩ བཀྲེས་པ་ནི་ཟས་འདོད་པའོ།། ༢༠ སྐོམ་པ་ནི་བཏུང་བ་འདོད་པའོ།། ༢༡-༢༣ ཚོར་བ་ནི་བདེ་སྡུག་བཏང་སྙོམས་གསུམ་སྟེ། དེ་ལ་ཡང་ཡུལ་གྱི་སྒོ་ནས་ཆེ་འབྲིང་ཆུང་གསུམ་མོ།། ༢༤ རིག་པ་པོ་དང་། ༢༥ རིག་པར་བྱེད་པ་དང་། ༢༦ རིག་བྱའི་ལས་ཏེ་དེ་གསུམ་ལ་རྟོག་པ་གསུམ་མོ།། ༢༧ སོ་སོར་རྟོག་པ་ནི་རིགས་པ་དང་མི་རིགས་པ་དཔྱོད་པའོ།། ༢༨ ངོ་ཚ་ཤེས་པ་ནི་རང་ངམ་ཆོས་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའོ།། ༢༩ སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའོ།། ༣༠ བརྩེ་བ་ནི་དམིགས་བྱ་ཡོངས་སུ་སྲུང་བ་དང་སྡུག་པ་དང་ཕྲད་པར་འདོད་པའོ།། ༣༡ དོགས་པ་ནི་སེམས་ངེས་པར་མི་གནས་པའོ།། ༣༢ བསགས་པ་ནི་ཡོ་བྱད་སྡུད་པའི་སེམས་སོ།། ༣༣ ཕྲག་དོག་ནི་གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུག་པའོ།། སོ་གསུམ་གྱི་གྲངས་འདྲེན་ཚུལ་ལ་ཡིད་ཀྱི་འགྲོ་བ་ཞེས་པ་ཀུན་གྱི་ཐུན་མོང་བ་ཡིན་པས་མ་བགྲངས་པར་བཀྲེས་སྐོམ་གཉིས་སོ་སོར་འདྲེན་པ་དང་། ཡང་ཡིད་ཀྱི་འགྲོ་བ་གྲངས་འདྲེན་དུ་བཅུག་ནས་བཀྲེས་སྐོམ་གཉིས་གཅིག་ཏུ་འདྲེན་པ་བཅས་ཚུལ་གཉིས་བྱུང་ཞིང་། གཞན་རྣམས་བཤད་མ་ཐག་པ་ལྟར་ཡིན་ནོ།།
གཉིས་པ་མཆེད་པའི་རང་བཞིན་བཞི་བཅུ་ནི། རིམ་ལྔ་ལས།
ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །
རངས་དང་ཤིན་ཏུ་མགུ་བ་དང་། །ངོ་མཚར་དེ་བཞིན་རྒོད་པ་དང་། །
ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །
བརྟན་དང་བརྩོན་དང་ང་རྒྱལ་དང་། །བྱ་དང་དབྲོག་དང་སྟོབས་དང་ནི། །
སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་། །དེ་བཞིན་ལྷན་ཅིག་སྐྱེས་བར་མ། །
ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲག །རྣམ་པར་སྒེག་དང་ཞེ་འགྲས་ཉིད། །
དགེ་དང་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །
ཉེ་བར་མི་ལེན་སྦྱིན་པ་པོ། །སྐུལ་དང་དེ་བཞིན་དཔའ་བོ་དང་། །
ངོ་ཚ་མེད་དང་སྒྱུ་དང་གདུག །མི་སྲུན་པ་དང་གྱ་གྱུ་ཉིད། །
མཚན་ཉིད་བཞི་བཅུ་གང་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། །18
ཞེས་འབྱུང་བ་ལྟར་རོ།། ༡ ཆགས་པ་ནི་མ་ཐོབ་པའི་ཡུལ་ལ་ཡིད་ཆགས་པའོ།། ༢ ཞེན་པ་ནི་ཐོབ་པའི་ཡུལ་ལ་ཡིད་ཆགས་པའོ།། ༣-༥ ཡིད་དུ་འོང་བ་མཐོང་ནས་སེམས་དགའ་བ་ལ་ཆེ་ཆུང་འབྲིང་གསུམ་མོ།། ༦ རངས་པ་ནི་འདོད་དོན་གྲུབ་པས་བདེ་བའི་སེམས་སོ།། ༧ རབ་ཏུ་མགུ་བ་ནི་རངས་པའི་སེམས་ཀྱིས་ཡང་དང་ཡང་དུ་མྱོང་བའོ།། ༨ ངོ་མཚར་ནི་སྔར་མ་བྱུང་བའི་དོན་ལ་སེམས་པའོ།། ༩ རྒོད་པ་ནི་ཡིད་འོང་མཐོང་བས་སེམས་གཡེང་བའོ།། ༡༠ ཚིམ་པ་ནི་ཡུལ་དེས་ངོམས་པའི་རྟོག་པའོ།། ༡༡ འཁྱུད་པ་དང་། ༡༢ འོ་བྱེད་པ་དང་། ༡༣ འཇིབ་པ་གསུམ་ནི་བྱ་བ་དེ་གསུམ་བྱ་བར་འདོད་པའི་སེམས་སོ།། ༡༤ བརྟན་པ་ནི་རྒྱུད་མི་འགྱུར་བའི་སེམས་སོ།། ༡༥ བརྩོན་པ་ནི་དགེ་བ་ལ་གཞོལ་བའོ།། ༡༦ ང་རྒྱལ་ནི་མཐོ་བར་སེམས་པའོ།། ༡༧ བྱ་བའམ་ལས་ནི་རྟག་ཏུ་བྱེད་པའི་བྱ་བ་རྫོགས་པར་བྱེད་པའོ།། ༡༨ དབྲོག་པ་ནི་ནོར་འཕྲོག་པར་འདོད་པའོ།། ༡༩ སྟོབས་ནི་གཞན་གྱི་དཔུང་འཇོམས་པར་འདོད་པའོ།། ༢༠ སྤྲོ་བ་ནི་དྲེགས་པའི་ལམ་ལ་གོམས་པར་བྱེད་པའི་སེམས་སོ།། ༢༡-༢༣ ལྷན་ཅིག་སྐྱེས་པ་ནི་དྲེགས་པའི་དབང་གིས་མི་དགེ་བ་སྤྱོད་འདོད་ཀྱི་སེམས་ཆུང་འབྲིང་ཆ་གསུམ་མོ།། ༢༤ དྲག་པ་ནི་རྒྱུ་མེད་པར་དམ་པ་རྣམས་དང་རྩོད་འདོད་པའོ།། ༢༥ སྒེག་པ་ནི་ཡིད་འོང་མཐོང་བས་འགྱིང་བའམ་རྩེ་བར་འདོད་པའོ།། ༢༦ ཞེ་འགྲས་པ་ནི་འཁོན་དུ་འཛིན་པའི་སེམས་སོ།། ༢༧ དགེ་བ་ནི་དེའི་ལས་ལ་རྩོལ་བར་འདོད་པའོ།། ༢༨ ཚིག་གསལ་བ་ནི་གཞན་གྱིས་གོ་བར་སྨྲ་འདོད་པའོ།། ༢༩ བདེན་པ་ནི་གཞན་ལ་འདུ་ཤེས་མ་བསྒྱུར་བར་སྨྲ་འདོད་པའོ།། ༣༠ མི་བདེན་པ་ནི་འདུ་ཤེས་བསྒྱུར་ཏེ་སྨྲ་འདོད་པའོ།། ༣༡ ངེས་པ་ནི་ཡི་དམ་ཤིན་ཏུ་བརྟན་པའོ།། ༣༢ ཉེ་བར་མི་ལེན་པ་ནི་ཡུལ་ཡོངས་སུ་འཛིན་པར་མི་འདོད་པའོ།། ༣༣ སྦྱིན་པ་པོ་ནི་བདོག་པ་གཏོང་བར་འདོད་པའོ།། ༣༤ སྐུལ་བ་ནི་གཞན་ལེ་ལོ་ཅན་སྐུལ་བར་འདོད་པའོ།། ༣༥ དཔའ་བོ་ནི་ཉོན་མོངས་སོགས་ཀྱི་དགྲ་ལས་རྒྱལ་བར་འདོད་པའོ།། ༣༦ ངོ་ཚན་མེད་པ་ནི་བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་མི་འཛེམ་པར་མི་དགེ་བ་ལ་འཇུག་པའོ།། ༣༧ སྒྱུ་ནི་བཅོས་མས་གཞན་སླུ་བའོ།། ༣༨ གདུག་པ་ནི་ལྟ་བ་ངན་པ་ལ་བྱང་བའོ།། ༣༩ མི་སྲུན་པ་ནི་གཞན་ལ་ཐོ་འཚམ་པའོ།། ༤༠ གྱ་གྱུ་ནི་མི་དྲང་བའོ།།
གསུམ་པ་ཉེར་ཐོབ་ཀྱི་རང་བཞིན་བདུན་ནི། རིམ་ལྔ་ལས།
ཆགས་པ་བར་མའི་སྐད་ཅིག་དང་། །བརྗེད་ངས་པ་དང་འཁྲུལ་པ་དང་། །
མི་སྨྲ་གྱུར་དང་སྐྱོ་བ་དང་། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །19 ཞེས་གསུངས་སོ།།
༡ ཆགས་པ་བར་མ་ནི་ཡུལ་ལ་འདོད་མི་འདོད་བར་མའོ།། ༢ བརྗེད་ངས་ནི་དྲན་པ་ཉམས་པའོ།། ༣ འཁྲུལ་པ་ནི་སྨིག་རྒྱུ་ལ་ཆུར་འཛིན་གྱི་རྟོག་པ་སོགས་སོ།། ༤ མི་སྨྲ་བ་ནི་སྨྲ་མི་འདོད་པའོ།། ༥ སྐྱོ་བ་ནི་ཡིད་སུན་པའོ།། ༦ ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའོ།། ༧ ཐེ་ཚོམ་ནི་ཡིད་གཉིས་ཟ་བའོ།།
དེ་ལྟར་ཀུན་རྟོག་སྡེ་ཚན་གསུམ་དུ་ཕྱེ་བ་ནི། རླུང་གི་མཐུས་ཀུན་རྟོག་ཡུལ་ལ་གཡོ་བའི་བྱ་བ་ཤུགས་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ནས་ནང་གསེས་ཕྲ་རགས་གསུམ་དུ་བཞག་པ་ཡིན་ལ། དེའང་སྣང་བ་གསུམ་གྱི་དབང་གིས་བྱུང་བ་ཡིན་ནོ། །དེ་ལ་ལུགས་ལྡོག་ཏུ་འོད་གསལ་ལས་ཉེར་ཐོབ་དང་། དེ་ལས་མཆེད་པ། དེ་ལས་སྣང་བ་བྱུང་བའི་རྗེས་སུ་རླུང་ཆེས་ཆེར་གཡོས་པ་ལས་རང་བཞིན་གྱི་ཀུན་རྟོག་དེ་དག་སྐྱེ་བ་ཡིན་ལ། དེ་དག་ལས་སོ་གསུམ་པོ་གང་རུང་ཞིག་བྱུང་ན་སྣང་བའི་ལག་རྗེས་དང་། བཞི་བཅུ་པོ་གང་རུང་ཞིག་བྱུང་ན་མཆེད་པའི་ལག་རྗེས་དང་། བདུན་པོ་གང་རུང་ཞིག་བྱུང་ན་ཉེར་ཐོབ་ཀྱི་ལག་རྗེས་ཡིན་པས་ཀུན་རྟོག་དེ་དག་སྣང་བ་གསུམ་གྱི་འབྲས་བུར་གསུངས།
འདི་དག་ལ་སྣང་བ་གསུམ་གྱི་རང་བཞན་ཞེས་པ་ནི་སྣང་བ་གསུམ་གྱི་མཚན་ཉིད་ཅེས་པའི་དོན་ཡིན་ལ། དེ་དག་གིས་སྣང་བ་གསུམ་མཚན་ཚུལ་ཡང་། ལྟོ་ལྡིར་བ་བུམ་པའི་མཚན་ཉིད་དུ་འཇོག་པ་ལྟ་བུའི་ངོ་བོ་གཅིག་པའི་མཚོན་ཚུལ་མིན་པར། བྱ་རོག་གིས་བྱ་རོག་དང་ལྡན་པའི་ཁང་པ་མཚོན་པ་ལྟར་ངོ་བོ་ཐ་དད་པའི་མཚོན་བྱེད་ལ་མཚན་ཉིད་དུ་བཞག་པའོ། །དེ་ཡང་རང་བཞིན་གྱི་ཀུན་རྟོག་ལ་རླུང་གི་གཡོ་བ་ཆུང་འབྲིང་ཆེ་གསུམ་ཡོད་པའི་རྟགས་ཀྱིས་དེའི་རྒྱུ་སྣང་བ་ལའང་རླུང་གི་གཡོ་བ་ཆུང་འབྲིང་ཆེ་གསུམ་ཡོད་པར་མཚོན་ཞིང་། རྟོག་པ་ཚན་པ་གསུམ་དུ་བཅད་པ་ནི་ཡུལ་དང་འཛིན་སྟངས་མི་འདྲ་བའི་སྒོ་ནས་མིན་གྱི། རླུང་གི་མཐུས་ཀུན་རྟོག་ཡུལ་ལ་གཡོ་བའི་བྱ་བ་ཤས་ཆེ་ཆུང་འབྲིང་གསུམ་གྱི་སྒོ་ནས་ཡིན་ལ། དེའང་སྣང་བ་གསུམ་གྱི་དབང་གས་བྱུང་ངོ་། །རང་བཞིན་གྱི་ཀུན་རྟོག་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་དང་། རྟོག་བཅས་རྟོག་མེད་གཉིས་ཀ་ཡོད་པས་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་ཁོ་ན་ལ་བྱར་མི་རུང་ངོ་།།
༣) ཕྲ་བ་དང་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རྣམ་གཞག
ཕྲ་བ་དང་ཤིན་ཏུ་ཕྲ་བའི་རླུང་སེམས་ངོས་འཛིན་པ་ལ། སྣང་མཆེད་ཐོབ་གསུམ་བཞོན་པའི་རླུང་དང་བཅས་པ་ནི་ཕྲ་བ་དང་། གཉུག་སེམས་བཞོན་པའི་རླུང་དང་བཅས་པ་ཤིན་ཏུ་ཕྲ་བར་འཇོག་ཅིང་། སྤྱིར་སྣང་མཆེད་ཐོབ་གསུམ་སོགས་ཤེས་པ་ཤིན་ཏུ་ཕྲ་མོ་ཡིན་པའི་རྒྱུ་མཚན་ནི། རང་གི་བདག་རྐྱེན་ཡིད་དབང་ཕྲ་མོ་དང་། བཞོན་པ་སྲོག་འཛིན་ཕྲ་མོ་གཡོ་བ་ཤིན་ཏུ་ཆུང་བ་ལ་བརྟེན་པའི་རགས་པའི་སྣང་བ་ནུབ་པའི་ཡིད་བློ་རྟོག་པ་ཡིན་པས་ཤིན་ཏུ་ཕྲ་མོར་བཞག་པ་ཡིན། རླུང་སེམས་ཕྲ་མོ་གཉིས་འཇུག་པ་གཅིག་ཅིང་ངོ་བོ་དབྱེར་མེད་ཡིན་ཞིང་ཡུལ་གསལ་བའི་ཆ་ཤེས་པ་དང་། གཡོ་བའི་ཆ་རླུང་དུ་འཇོག་ཅིང་། ཁ་ཆེའི་མཁས་པ་ལཀྵྨྰིའི་རིམ་པ་ལྔའི་འགྲེལ་པར་ཞ་བོ་མིག་ཅན་དང་ལོང་བ་རྐང་ཅན་གཉིས་གཅིག་ལ་གཅིག་བརྟེན་ཏེ་ཡུལ་གཞན་དུ་བགྲོད་ནུས་པའི་དཔེ་དང་སྦྱར་ནས་རྣམ་ཤེས་ཡུལ་ལ་འཕོ་བའམ་བགྲོད་པ་ནི་རང་གི་བཞོན་པའི་རླུང་གིས་བྱེད་ལ་ཡུལ་མཐོང་བ་ནི་རྣམ་ཤེས་ཀྱིས་བྱེད་པས་དེ་གཉིས་ནམ་ཡང་འབྲལ་ཐབས་མེད་པའི་ཚུལ་པོད་དང་པོའི་ནང་བཤད་ཟིན་ཏོ།།
རིམ་ལྔ་ལས། སྣང་དང་སྣང་བ་མཆེད་པ་དང་། །དེ་བཞིན་སྣང་བ་ཉེར་ཐོབ་པའོ།།
སེམས་ནི་རྣམ་པ་གསུམ་བཤད་ནས།།20 ཞེས་སོགས་ཀྱིས་བསྟན་པའི་སྣང་མཆེད་ཐོབ་གསུམ་སོ་སོའི་ངོ་བོ་ནི། ཀུན་རྟོག་གཡོ་བ་དང་ཐིམ་པའི་བར་དུ་འབྱུང་ཞིང་། ནང་རྟགས་སུ་སྟོན་ཀའི་ནམ་མཁའ་གཡའ་དག་པ་ལ་ཟླ་བའི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དཀར་ལམ་པའི་སྣང་བ་འཆར་གྱི། དེ་ལས་གཞན་པའི་གཉིས་སྣང་རགས་པ་གཞན་གང་ཡང་མི་འཆར་བའི་ཡིད་ཀྱི་ཤེས་པ་དེ། སྣང་བའི་ཡེ་ཤེས་ཀྱི་ངོ་བོ་ཡིན། སྒྲ་བཤད་ནི། ཀུན་རྟོག་གཡོ་བའི་རླུང་ཐིམ་ནས་ཟླ་འོད་ལྟ་བུར་སྣང་བའི་སྒོ་ནས་སྣང་བ་ཞེས་བྱ་ལ། དེ་ཉིད་ཀུན་རྟོག་བརྒྱད་ཅུ་རླུང་དང་བཅས་པས་སྟོང་པས་སྟོང་པ་ཞེས་ཀྱང་ཟེར་ཏེ། འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མ་ལས།
དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པར་བྱེད་པ་བཞིན་དུ་རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན་སྣང་བ་སྟེ། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ།21 ཞེས་གསུངས་པ་ལྟ་བུའོ།།
སྣང་བ་མཆེད་པའི་ཡེ་ཤེས་ཀྱི་ངོ་བོ་ནི། ཀུན་རྟོག་གཡོ་བ་དང་ཐིམ་པའི་བར་དུ་འབྱུང་ཞིང་། ནང་རྟགས་སུ་སྟོན་ཀའི་ནམ་མཁའ་གཡའ་དག་པ་ལ་ཉི་མའི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དམར་ལམ་པའི་སྣང་བ་འཆར་གྱི། དེ་ལས་གཞན་པའི་གཉིས་སྣང་རགས་པ་གཞན་གང་ཡང་མི་འཆར་བའི་ཡིད་ཀྱི་ཤེས་པའོ།། སྒྲ་བཤད་ནི། ཉི་འོད་བཞིན་དུ་ཆེས་གསལ་བའི་སྒོ་ནས་སྣང་བ་མཆེད་པ་དང་། སྣང་བ་རླུང་དང་བཅས་པས་སྟོང་པས་ཤིན་ཏུ་སྟོང་པ་ཞེས་ཀྱང་ཟེར་རོ། །དེ་ལྟར་ཡང་སྤྱོད་བསྡུས་སྒྲོན་མ་ལས། “སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། དེ་ཡང་གཟུང་བ་དང་འཛིན་པ་དང་བྲལ་བའི་རྣམ་པ་མེད་པའི་རང་བཞིན་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པར་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྟེ།” ཞེས་སོ།།
ཉེར་ཐོབ་ཡེ་ཤེས་ཀྱི་ངོ་བོ་ནི། ཀུན་རྟོག་གཡོ་བ་དང་ཐིམ་པའི་བར་དུ་འབྱུང་ཞིང་། ནང་རྟགས་སུ་སྟོན་ཀའི་ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སང་ནག་ལམ་པའི་སྣང་བ་འཆར་གྱི། དེ་ལས་གཞན་པའི་གཉིས་སྣང་རགས་པ་གཞན་གང་ཡང་མི་འཆར་བའི་ཡིད་ཀྱི་ཤེས་པའོ། །སྒྲ་བཤད་ནི། ཐུན་མཚམས་ཀྱི་སྨག་བཞིན་དུ་ཤིན་ཏུ་མི་གསལ་བར་སྣང་ཞིང་འོད་གསལ་དང་ཉེ་བས་སྣང་བ་ཉེར་ཐོབ་དང་། མཆེད་པ་རླུང་དང་བཅས་པས་སྟོང་པས་སྟོང་པ་ཆེན་པོ་དང་། མི་གསལ་བས་མ་རིག་པ་ཞེས་ཀྱང་བཏགས་ཏེ། ཉེར་ཐོབ་ཀྱི་ཕྱོགས་གཅིག་གི་མིང་ངོ་། །དེ་ཡང་སྤྱོད་བསྡུས་སྒྲོན་མ་ལས།
སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་སྨག་ལ་བབ་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ། སེམས་མེད་པ་མི་གཡོ་བ་ངག་གི་ས་བོན་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་པ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོ་སྟེ་རྣམ་པར་ཤེས་པ་གསུམ་དུ་བཤད་དོ།།23 ཞེས་སོ།།
ཉེར་ཐོབ་ནག་ལམ་པ་ཤར་བ་ན། རླུང་འགག་ཤུགས་ཆེར་སོང་བའི་རྐྱེན་གྱིས་ཡུལ་སྣང་ནི་སྟོན་ཀའི་ནམ་མཁའ་ཤིན་ཏུ་དྭངས་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་འདྲ་བའི་ནག་པོའི་རྣམ་པ་འཆར་ལ། སེམས་དེའི་གནས་སྐབས་ཀྱི་ཐོག་མའི་ཆ་ལ་དྲན་པ་ཡོད་ཅིང་། རིམ་གྱིས་ཡུལ་ཅན་གྱི་དྲན་པ་ཉམས་ནས་དྲན་མེད་དུ་འགྲོའོ། །
ཆེས་ཤིན་ཏུ་ཕྲ་བའི་གཉུག་སེམས་བཤད་པ་ལ། སློབ་དཔོན་འཕགས་པ་ལྷའི་བདག་བྱིན་གྱིས་བརླབ་པའི་རིམ་པ་ལས།
ས་ནི་ཆུ་ལ་ཐིམ་འགྱུར་ཏེ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །
མེ་ནི་ཕྲ་བའི་ཁམས་སུ་ཞུགས། །རླུང་ཡང་སེམས་ལ་ཐིམ་འགྱུར་ཏེ།།
སེམས་ནི་སེམས་ལས་བྱུང་ལས་འགྱུར། །སེམས་བྱུང་མ་རིག་པར་ཞུགས་ནས།།
དེ་ཡང་འོད་གསལ་བར་སོང་སྟེ། །སྲིད་པ་གསུམ་པོ་འགག་པར་འགྱུར།།24
ཞེས་གསུངས་པ་ལྟར་རང་རྒྱུ་ཉེར་ཐོབ་ཡེ་ཤེས་བཞོན་པའི་རླུང་དང་བཅས་པ་ཐིམ་སྟེ། འོད་གསལ་ཤར་བའི་ཚེ་ཉེར་ཐོབ་ཀྱི་སྨད་དྲན་མེད་དེ་སངས་ནས་གཉིས་སྣང་རགས་པ་ཅུང་ཟད་ཀྱང་མེད་པར་སྟོན་ཀའི་ནམ་མཁའ་གཡའ་དག་པ་ལ་སློད་བྱེད་ཀྱི་སྐྱོན་ཟླ་ཉི་སྨག་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་སྟོང་སང་ཤིན་ཏུ་དྭངས་པའི་སྣང་བ་འཆར་ཞིང་། རང་གི་བཞོན་པ་ཤིན་ཏུ་ཕྲ་བའི་གཉུག་རླུང་ལ་བརྟེན་པའི་གཞི་དུས་ཀྱི་ཡིད་ཤེས་དེ། གཞི་དུས་ཀྱི་ཆེས་ཤིན་ཏུ་ཕྲ་བའི་གཉུག་སེམས་ཀྱི་ངོ་བོར་འཇོག དེ་ནི་སྐྱོན་དང་ཡོན་ཏན་ཐམས་ཅད་སྐྱེད་པའི་ནུས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་སྐད་ཅིག་ཀྱང་རྒྱུན་མི་ཆད་དུ་རྗེས་སུ་ཞུགས་པ། རང་གི་རང་བཞིན་དྲི་མས་མ་བསླད་ཅིང་། དྲི་མ་རྣམས་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་རྐྱེན་ལས་བྱུང་བས་འོད་གསལ་གྱི་སེམས་དེ་དང་འབྲལ་རུང་གི་གློ་བུར་བ་ཡིན་ལ། གཉུག་སེམས་དེ་ནི་གཞི་དུས་ཀྱི་སེམས་ཕྲ་ཤོས་ཡིན་ནོ།།
དེ་ལྟ་བུའི་གཉུག་སེམས་ཤིན་ཏུ་ཕྲ་བ་དེ་དང་། དེའི་བཞོན་པར་གྱུར་བ་གཉུག་སེམས་དེ་དང་ངོ་བོ་དབྱེར་མེད་པའི་རླུང་ཤིན་ཏུ་ཕྲ་བ་སྟེ། ངོ་བོ་དབྱེར་མེད་ཀྱི་རླུང་སེམས་ཤིན་ཏུ་ཕྲ་བ་དེ་གཉིས་ལ་གཉུག་མའི་ལུས་སེམས་ཞེས་བྱ་ལ། གཉུག་སེམས་ཀྱི་བཞོན་པར་གྱུར་བའི་རླུང་དེ་ལ་སྲོག་འཛིན་གྱི་རླུང་ཞེས་བྱ། སྤྱིར་སྲོག་འཛིན་གྱི་རླུང་ལ་ཕྲ་རགས་གཉིས་ལས་གཉུག་སེམས་ཀྱི་བཞོན་པའི་རླུང་ནི་སྲོག་འཛིན་ཕྲ་བ་དེ་ཡིན་ནོ། །ཆེས་ཤིན་ཏུ་ཕྲ་བའི་སེམས་ཀྱི་རྟེན་སྲོག་འཛིན་གྱི་རླུང་སྙིང་གར་གནས་པར་བཤད་པའི་སྙིང་ག་ནི་མི་ལྟ་བུ་ལ་མཚོན་ན་ནུ་མ་གཉིས་ཀྱི་བར་གྱི་ཐད་དྲང་སྒལ་པ་དང་ཉེ་བ་ན། རྩ་དབུ་མར་རོ་རྐྱང་གི་མདུད་པ་སྟེང་འོག་གཉིས་ཡོད་པའི་དབུས་སུ་མི་ཤིགས་པའི་ཐིག་ལེ་གནས་པ་དེ་ལ་སྐབས་འདིའི་སྙིང་གར་བཤད། སྲོག་འཛིན་རགས་པ་ནི། གཞི་དུས་ནས་སྣ་བུག་ལ་འབྱུང་འཇུག་བྱེད་ཅིང་སྙིང་གའི་རྩ་འཁོར་ལ་གནས་ཀྱང་གོང་དུ་བཤད་པའི་སྙིང་གའི་རྩ་མདུད་ཀྱི་དྷྰུ་ཏྰིའི་ནང་ན་གནས་པ་མིན་ལ། སྲོག་འཛིན་གྱི་རླུང་ཕྲ་བ་ནི་འོད་གསལ་གྱི་སེམས་ཤིན་ཏུ་ཕྲ་བ་དང་ངོ་བོ་དབྱེར་མེད་ཅིང་། སེམས་དེའི་བཞོན་པར་གྱུར་པ་འོད་ཟེར་ལྔ་འབར་བའི་མི་ཤིགས་པའི་རླུང་ཤིན་ཏུ་ཕྲ་བ་སྙིང་གའི་རྩ་འཁོར་གྱི་དབུས་རྩ་མདུད་ཀྱི་དྷྰུ་ཏྰིའི་ནང་ན་གནས་པར་གསུངས་ཏེ། འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་ལས།
ཕྱེད་ཚད་ཙམ་གྱི་ཕྲ་མོའི་མཆོག །ཡིད་ཀྱི་དངོས་པོའི་ཐིག་ལེའི་གཟུགས། །
རྟག་ཏུ་སྙིང་གི་དབུས་གནས་པ། །འོད་ཟེར་ཆེན་པོ་འབར་བ་ཅན།།25
ཞེས་འབྱུང་བ་ལྟར་ཡིན་ལ། རླུང་གཞན་རྣམས་ཐིམ་ནས་ལྷན་ཅིག་སྐྱེས་པའི་རླུང་རང་གནས་སུ་གནས་པ་ཡང་སྲོག་འཛིན་གྱི་རླུང་ཤིན་ཏུ་ཕྲ་བ་འདི་ཉིད་ཡིན་ནོ།།
༤) རླུང་སེམས་ཐིམ་པའི་རིམ་པ་དང་འཆི་རིམ་བཤད་པ།
འོ་ན་སེམས་རགས་པ་ཕྲ་མོར་ཐིམ་ཚུལ་དང་། སེམས་ཕྲ་མོ་ལས་རགས་པ་སྐྱེ་ཚུལ་གང་ཡིན་ཞེ་ན། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་ལུགས་ལྟར་ན། ཁམས་དྲུག་ལྡན་གྱི་མི་ལྟ་བུ་ཞིག་འབྱུང་ཁམས་རིམ་གྱིས་བསྡུས་ཏེ་འཆི་བའི་ཚེ་ཐོག་མར་ཆུའི་ཁམས་ཀྱིས་མེའི་ཁམས་ཉམས་པར་བྱེད་ཅིང་། དེ་ནས་སའི་ཁམས་ཀྱང་ཆུ་ལ་ཞུགས་ཏེ་མི་སྣང་བར་འགྱུར་ལ། དེ་ནས་ཆུའི་ཁམས་ཀྱང་རླུང་གིས་སྐེམ་པར་བྱེད། དེ་ནས་རླུང་ཡང་ནམ་མཁའ་ལ་རིམ་གྱིས་ཐིམ་སྟེ་མི་སྣང་བར་གྱུར་པ་དེའི་ཚེ། རྩ་དབུ་མའི་མདུད་པ་རང་གྲོལ་བྱས་ནས་རོ་རྐྱང་གཉིས་ཀྱི་རླུང་གི་རྒྱུ་བ་འགགས་ཏེ་རླུང་དབུ་མར་ཞུགས་ཤིང་ཐིམ་པ་ན། གློ་བུར་ཡུལ་སྣང་གི་རྟོག་པ་མ་ལུས་པ་འགགས་པས། རང་བཞིན་འོད་གསལ་གྱི་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་པ་ནམ་མཁའ་ལྟ་བུའི་རྣམ་པ་ཅན་རང་གི་ངང་གིས་འཆར་ཞིང་། འདི་ལ་འཆི་བ་འོད་གསལ་མངོན་དུ་བྱས་པ་ཞེས་ཟེར་ཏེ། དུས་འཁོར་སྒྲུབ་ཐབས་ལེའུའི་འགྲེལ་ཆེན་ལས།
ཆུ་ཡིས་ཞེས་པ་ལ་སོགས་པ་སྟེ་མིའི་འཇིག་རྟེན་འདིར་མངལ་ནས་སྐྱེས་པ་རྣམས་འཆི་བའི་དུས་སུ་ཆུ་ཡིས་མེ་རྣམ་པར་ཉམས་པར་བྱེད་དོ། །དེའི་ཕྱིར་ཏིང་ངེ་འཛིན་དེ་ཉིད་ཀྱིས་ཆུ་ཡིས་མེ་ནི་རྣམ་པར་ཉམས་པ་དང་པོར་འདིར་ནི་ལུས་ཀྱི་དབུས་སུ་སྡོམ་བརྩོན་རྣམས་ཀྱིས་བྱ། ཕྱི་ནས་མེ་མེད་པའི་ཕྱིར་འཛིན་མ་དག་ནི་སྲ་བ་ཉིད་སྤངས་ཏེ་ལན་ཚྭ་བཞིན་དུ་ཞུ་བར་གྱུར་ནས་ཆུར་འགྱུར་ཏེ་ཆུའི་དབུས་སུ་རབ་ཏུ་ཞུགས་སོ། །དེ་ནས་རླུང་ནི་ཆུ་དེ་རྣམས་མཐའ་དག་སྐམ་ནས་ནམ་མཁའ་ལ་མི་སྣང་བར་འགྱུར་རོ། །དེ་ལྟར་ཁམས་ཀྱི་ཚོགས་མྱུར་དུ་རྣམ་པར་ཉམས་ཏེ་དེ་ནས་སེམས་ནི་མེ་དང་མུན་པའི་མཐའ་སྟེ་ནམ་མཁའི་ཁམས་རྣམ་པ་ཐམས་ཅད་པའི་གཟུགས་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱི་ས་ལ་ཀུན་གཞིའི་རྣམ་པར་ཤེས་པ་གཞག་པར་བྱའོ།།26
ཞེས་གསུངས། འདིའི་ཀུན་གཞིའི་རྣམ་ཤེས་ཞེས་པ་འོད་གསལ་གྱི་སེམས་དང་། སེམས་ནི་མེ་དང་མུན་པའི་མཐའ་སྟེ་ཞེས་པའི་མུན་པ་འཆི་བའི་དུས་ཀྱི་ཉེར་ཐོབ་དང་། མེ་ནི་ཉེར་ཐོབ་དེ་ལས་བྱུང་བའི་འཆི་བའི་འོད་གསལ་ཡིན་ལ། འཆི་བའི་འོད་གསལ་དེ་ཐ་མལ་པ་རྣམས་ཀྱིས་ཉམས་སུ་མྱོང་ཡང་ངེས་མི་ནུས་པར་གསུངས། དེ་ལྟར་ན་གཞི་དུས་སུ་དབང་ཤེས་མངོན་དུ་གྱུར་པའི་སྐབས་དབང་ཤེས་རྣམས་རགས་པ་དང་། དབང་ཤེས་འགགས་ནས་ཀུན་རྟོག་གཡོ་བའི་རླུང་མ་ཐིམ་པའི་བར་གྱི་སེམས་ནི་ཕྲ་མོ་དང་། ཀུན་རྟོག་གཡོ་བའི་རླུང་ཐིམ་ཞིང་སྣང་བ་གསུམ་གྱི་བཞོན་པའི་རླུང་ཐིམ་པའི་བར་གྱི་སེམས་ནི་ཆེས་ཤིན་ཏུ་ཕྲ་བ་འོད་གསལ་འཆར་བའི་དུས་སུ་གསུངས་སོ།།
བླ་མེད་སྤྱིའི་ལུགས་ལྟར་ན། མངལ་སྐྱེས་ཁམས་དྲུག་ལྡན་གྱི་མི་ཞིག་རིམ་གྱིས་འཆི་བ་ན། རྣམ་ཤེས་རགས་པའི་རྟེན་བྱེད་པའི་འབྱུང་བ་སོགས་ཐིམ་པའི་རིམ་པས་རྣམ་ཤེས་རགས་རིམ་ནས་ཐིམ་རིམ་དང་། ཕྱི་ནང་གི་རྟགས་འཆར་ཚུལ་སོགས་གཞུང་གང་གིས་བསྟན་པ་ནི། གསང་འདུས་རྒྱུད་ཕྱི་མ་ལས།
མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན།།
སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན།།
མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པ་འོ།།
བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ།།27
ཞེས་གསུངས། །དེ་ལྟར་ཐིམ་པའི་རིམ་པ་ནི། དེ་ཡང་གཟུགས་ཀྱི་ཕུང་པོ་ཐིམ་པའི་འགོ་ཚུགས་པའི་དུས། སའི་ཁམས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཤུགས་ཆུང་དུ་ཕྱིན་ཏེ་ས་ཁམས་ཀྱི་ནུས་པ་ཉམས་པ་དང་དུས་མཉམ་དུ་ཆུའི་ཁམས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་དེ་ཇེ་གསལ་ཇེ་གསལ་དུ་འགྲོ་བ་ཡིན། རིམ་པ་འདི་ལ་ས་ཁམས་ཆུ་ཁམས་ལ་ཐིམ་པ་ཞེས་བཤད་པ་ཡིན་གྱི། ས་ཁམས་ཆུ་ཁམས་ཀྱི་ངོ་བོར་སོང་བ་ནི་མ་ཡིན། མེ་རླུང་ལ་ཐིམ་པའི་བར་དུའང་དེ་བཞིན་ནོ། །འདིའི་ཕྱི་རྟགས་ལ་རྐང་ལག་ཕྲ་རུ་འགྲོ་བ་དང་། རྒུད་དུ་འགྲོ་བ། མདངས་ཤོར་བ་དང་། རང་གི་ལུས་ས་འོག་ཏུ་ཐིམ་པའི་སྣང་བ་འབྱུང་བ་དང་། མིག་མི་གསལ་བར་འགྱུར་བ་སོགས་འབྱུང་བར་གསུངས། ནང་རྟགས་ལ་གསང་བ་འདུས་པའི་རྒྱུད་ལྟར་ན་སྨིག་རྒྱུ་ལྟ་བའིུ་སྣང་བ་འཆར་བར་གསུངས་ཏེ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་རྣམ་གཞག་རིམ་པ་ལས།
དེ་ལས་གཟུགས་ཀྱི་ཕུང་པོ་འོད་གསལ་དུ་ཞུགས་པའི་མཚན་མ་ལ་མཁས་པས་ཤེས་པར་བྱ་སྟེ། ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམ་ཆུང་ཞིང་ལྷོད་པར་འགྱུར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པ་ན་རབ་རིབ་དུ་འགྱུར་རོ། །སའི་ཁམས་འགགས་པ་ན་ལུས་ཐམས་ཅད་སྐམས་པར་འགྱུར་རོ། །མིག་གི་དབང་པོ་འགགས་པ་ན་མིག་འགྱུར་ཞིང་ཟུམ་པར་འགྱུར་རོ། །གཟུགས་ཀྱི་ཡུལ་འགགས་པ་ན་རང་གི་ལུས་ཀྱི་མདངས་མེད་ཅིང་ཉམས་ཟད་པ་ཉིད་དུ་འགྱུར་རོ།།28 ཞེས་སོ།།
གཟུགས་ཕུང་གི་རྗེས་ཚོར་བའི་ཕུང་པི་ཐིམ་ཞིང་། སྐབས་འདིར་ཆུའི་ཁམས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆུང་དུ་འགྲོ་བ་དང་། དེ་ལ་བརྟེན་ནས་མེའི་ཁམས་ཀྱི་ནུས་པ་དེ་མངོན་གསལ་ཆེ་རུ་འགྲོ་ཞིང་། ཕྱིའི་རྟགས་ལ་ལུས་ཀྱི་རླན་གཤེར་སྐམ་འགྲོ་བར་བཤད་དེ། དཔེར་ན། ཁ་སྐམ་པ་དང་། མིག་ནང་གི་རླན་གཤེར་དེ་ཡང་ཕྲན་བུ་སྐམ་ཞིང་། མིག་འགུལ་ཤུགས་ཆུང་དུ་འགྲོ་བར་གསུངས། །གསང་བ་འདུས་པའི་རྒྱུད་ལྟར་ན་འདིའི་ནང་རྟགས་ལ་དུ་བ་ལྟ་བའི་སྣང་བ་འཆར་བར་གསུངས་ཏེ། སློབ་དཔོན་ཀླུ་བྱང་གི་རྣམ་གཞག་རིམ་པ་ལས།
ཚོར་བའི་ཕུང་པོ་ཐིམ་པ་ན་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་ལ་སོགས་པ་ལུས་ཚོར་ཉམས་སུ་མྱོང་བར་མི་འགྱུར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐིམ་པ་ན་ཡིད་ཀྱི་ཚོར་བ་རྣམ་པ་གསུམ་དྲན་པར་མི་འགྱུར་རོ། །ཆུའི་ཁམས་སྐམ་པ་ན་རང་གི་ལུས་ལ་ཁ་ཆུ་དང་ཁྲག་དང་ཁུ་བ་ལ་སོགས་པ་སྐམ་པར་འགྱུར་རོ། །རྣ་ཡི་དབང་པོ་ཐིམ་པ་ན་ཕྱི་དང་ནང་གི་སྒྲ་ཐོས་པར་མི་འགྱུར་རོ། །སྒྲའི་ཡུལ་ཐིམ་པ་ན་རང་གི་ལུས་ཀྱི་སྒྲ་ཐོས་པར་མུ་འགྱུར་རོ།།29 ཞེས་སོ།།
ཚོར་ཕུང་གི་རྗེས་སུ་འདུ་ཤེས་ཀྱི་ཕུང་པོ་ཐིམ་ཞིང་། འདིའི་སྐབས་མེའི་ཁམས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆུང་དུ་འགྲོ་བ་དང་། རླུང་ཁམས་ཀྱི་ནུས་པ་དེ་མངོན་གསལ་ཆེ་རུ་འགྲི་ཞིང་། ཕྱིའི་རྟགས་ལ་ལུས་ཀྱི་དྲོད་བསྡུས་པའི་སྒོ་ནས་དྲོད་ཀྱི་མྱོང་ཚོར་མེད་པར་འགྱུར་ཞིང་། སོ་སོར་ཉེ་བའི་མི་རྣམས་ཀྱང་དྲན་མི་ནུས་པར་དྲན་པ་ཉམས་པར་འགྱུར་ཏེ། གསང་བ་འདུས་པའི་རྒྱུད་ལྟར་ན་ནང་རྟགས་ལ་མཁའ་སྣང་མེ་མཁྱེར་རམ་མེ་སྟག་འཐོར་བ་ལྟ་བུའི་སྣང་བ་འཆར་རོ། །དེ་ཡང་རྣམ་གཞག་རིམ་པ་ལས།
འདུ་ཤེས་ཀྱི་ཕུང་པོ་ཐིམ་པ་རྐང་གཉིས་པ་ལ་སོགས་སེམས་ཅན་རྣམས་དྲན་པར་མི་འགྱུར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ཐིམ་པ་ན་ཕ་དང་མ་དང་བུ་དང་གཉེན་ལ་སོགས་པ་རྣམས་དང་འགྲོ་བ་ཐམས་ཅད་ཀྱི་མིང་མི་དྲན་ནོ། །མེའི་ཁམས་ཐིམ་པ་ན་བཟའ་བ་ཐམས་ཅད་མི་འཇུའོ། །སྣའི་དབང་པོ་ཐིམ་པ་ན་སྟེང་གི་རླུང་རྩེག་ཅིང་རྩེག་ཅིང་སར་འགྲོ་བར་འགྱུར་རོ། །དྲིའི་ཡུལ་ཐིམ་པ་ན་རང་གི་ལུས་ལ་དྲིིའི་ཡུལ་བྲོ་བར་མི་འགྱུར་རོ།།30 ཞེས་གསུངས།
འདུ་ཤེས་ཀྱི་ཕུང་པོའི་རྗེས་སུ་འདུ་བྱེད་ཀྱི་ཕུང་པོ་ཐིམ་ཞིང་། དེའི་སྐབས་རླུང་ཁམས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆུང་དུ་འགྲོ་ཞིང་། ཕྱི་རྟགས་ལ་དབུགས་འགགས་པ་དང་། ནང་རྟགས་ལ་མར་མེ་ཏ་ལ་ལ་འབར་བ་ལྟ་བུའི་སྣང་བ་འཆར་བར་གསུངས། སྔར་མེ་སྟག་འཐོར་བ་ལྟ་བུའི་སྣང་བ་ཡོད་པ་དེ་ཕྲ་རུ་སོང་ནས་དམར་ལྷང་ལྷང་གི་སྣང་བ་ཙམ་ལྷག་ལ། སྐབས་དེར་སྙིང་འགུལ་མཚམས་དང་དབུགས་ཀྱི་འགྲོ་འོང་ཆད་པས་ཡོངས་གྲགས་ཤི་བར་ངོས་འཛིན་བྱེད། དེ་ལྟར་ཡང་རྣམ་གཞག་རིམ་པ་ལས།
དེ་ལ་འདུ་བྱེད་ཀྱི་ཕུང་པོ་ཐིམ་པ་ན་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར་རོ། །བྱ་བ་གྲུབ་པའི་ཡེ་ཤེས་ཐིམ་པ་ན་འཇིག་རྟེན་པའི་བྱ་བ་དང་དགོས་པ་དྲན་པར་མི་འགྱུར་རོ། །རླུང་གི་ཁམས་ཐིམ་པ་ན་སྲོག་ལ་སོགས་པ་རླུང་བཅུ་རང་གི་གནས་ནས་འཕོའོ། །ལྕེའི་དབང་པོ་ཐིམ་པ་ན་ལྕེ་སྦོམ་པ་དང་ཐུང་བ་དང་རྩ་བ་སྔོན་པོར་འགྱུར་རོ། །རོའི་ལུས་ཐིམ་པར་ན་རོ་དྲུག་ཉམས་སུ་མི་མྱོང་ངོ། །31 ཞེས་སོ།།
འདུ་བྱེད་ཀྱི་ཕུང་པོའི་རྗེས་སུ་རྣམ་ཤེས་རགས་པ་རྣམས་རྣམ་ཤེས་ཕྲ་བར་ཐིམ་ཚུལ་ཡང་། རང་བཞིན་བརྒྱད་ཅུའི་ཀུན་རྟོག་བཞོན་པའི་རླུང་དང་བཅས་པ་ཐིམ་ཟིན་པ་ན། སྟོང་པ་ཞེས་པ་སྣང་བ་དང་པོ་འཆར་བར་གསུངས་ཏེ། ནམ་མཁའ་སྤྲིན་མེད་པ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་འབྱུང་། དེ་ནས་སྣང་བ་དེ་བསྡུས་པའི་རྗེས་སུ་ཤིན་ཏུ་སྟོང་པ་ཞེས་སྣང་བ་མཆེད་པ་འཆར་ཏེ། ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཤར་བ་བཞིན་དུ་དམར་པོའམ་དམར་སེར་ཀྱི་སྣང་བ་འཆར། དེ་ནས་སྣང་བ་དེའང་བསྡུས་པའི་རྗེས་སུ་སྟོང་ཆེན་ཞེས་པ་སྣང་བ་ཉེར་ཐོབ་འཆར་ཏེ། ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ་ནག་ལམ་པའི་སྣང་བ་འབྱུང་བཞིན་དྲན་པའང་ཉམས་ནས་འགྲོའོ། །དེ་ནས་ནག་ཐོམ་གྱིས་སོང་བའི་དྲན་མེད་དེ་སངས་པ་ན་ཐམས་ཅད་སྟོང་པ་ཞེས་པ་འདོ་གསལ་འཆར་ཏེ། ནམ་མཁའ་སློད་བྱེད་ཟླ་ཉིའི་འོད་དང་ནག་པོའི་རྣམ་པ་ཅན་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བའི་སྣང་བ་ཞིག་འཆར་ཞིང་དེ་ནི་འོད་གསལ་དགོས་གཞིའོ།།
གཞུང་དུ་རླུང་རྣམ་ཤེས་ལ་ཐིམ་ཞེས་གསུངས་པ་ནི། རང་བཞིན་གྱི་རྟོག་པ་དངོས་སུ་གཡོ་བར་བྱེད་པའི་རླུང་གིས་རྣམ་ཤེས་ཀྱི་བཞོན་པ་བྱེད་པའི་ནུས་པ་ལོག་ནས་དེའི་ནུས་པ་སྣང་བའི་རླུང་ལ་འཕོས་པ་ལྟ་བུ་ལ་རླུང་སྣང་བ་ལ་ཐིམ་པར་གསུངས་ཀྱི་རླུང་ཐམས་ཅད་ཐིམ་པ་མིན་ནོ། །ལྷན་སྐྱེས་ཀྱི་རླུང་ཕྲ་མོ་གཅིག་པུས་ཤེས་པའི་རྟེན་བྱེད་ཅིང་རླུང་རགས་པས་རྟེན་མི་བྱེད་པའི་དུས་ནི། འབྱུང་བ་སྡུད་པའི་ཚེ་རླུང་སེམས་སྣང་བ་ལ་ཐིམ་པ་དང་། དེ་མཆེད་པ་ལ་ཐིམ་པ་དང་། དེ་ཉེར་ཐོབ་ལ་ཐིམ་པ་དང། དེ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ་པའི་དུས་རྣམས་ཡིན་ནོ།།
སེམས་ཕྲ་མོ་ལ་རགས་པ་སྐྱེ་ཚུལ་ཡང་། འདུས་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་འདི་ལྟར་གསུངས་ཏེ།
གང་འོད་གསལ་ལས་འབྱུང་བ་རྣམ་པར་ཤེས་པ་དེ་ཉིད་སེམས་དང་། ཡིད་དང་།་རྣམ་པར་ཤེས་པ་ཞེས་བྱ་ལ། དེ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བདག་ཉིད་དེ་ལས་རྟོག་པ་གཉིས་སུ་གྱུར་ཏེ་བདག་དང་། གཞན་དག་ཏུའོ། །རྣམ་པར་ཤེས་པ་དེའི་བཞོན་པ་རླུང་ངོ། །རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ལས་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། ཡུལ་ལྔ་སྟེ། དེ་དག་ཐམས་ཅད་ནི། རྣམ་པར་ཤེས་པ་རླུང་དང་འདྲེས་པའོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སྣང་བ་རབ་ཏུ་གསལ་བར་སྤྱོད་པ་རྗེས་སུ་མྱོང་བར་བྱེད་དེ། །སྣང་བའི་རྒྱུས་རང་བཞིན་རྣམས་ཡང་དག་པར་འབྱུང་ངོ། །32 ཞེས་སོ།།
འོད་གསལ་ལས་རླུང་ཅུང་གཡོས་ཏེ་ལངས་པ་ན། དང་པོར་ཉེར་ཐོབ་དང་། དེ་ནས་མཆེད་པ་དང་། དེ་ནས་སྣང་བ་སྐྱེ་ལ། དེ་ནས་མར་མེ་ལྟར་འབར་བ་ནས་སྨིག་རྒྱུ་ལྟ་བུའི་བར་བཞི་ལུགས་ལྡོག་ཏུ་འབྱུང་བར་གསུངས། དེ་ཡང་མངལ་དུ་ཉིང་མཚམས་སྦྱར་མ་ཐག་ཏུ་འབྱུང་བ་བཞི་ཀ་ཡོད་མོད། འོན་ཀྱང་འབྱུང་བ་རགས་པས་རྣམ་ཤེས་ཀྱི་རྟེན་བྱེད་པའི་དབང་དུ་བྱས་ནས། དང་པོར་རླུང་མེ་ཆུ་ས་རྣམས་རིམ་པ་ལྟར་འབྱུང་ཞིང་། དེ་ནས་གཟུགས་སོགས་ཕུང་པོ་རྣམས་དང་། མིག་སོགས་སྐྱེ་མཆེད་རྣམས་འབྱུང་བར་གསངས།
དཔལ་དུས་ཀྱི་འཁོར་ལོའི་གཞུང་ལྟར་ན། མངལ་སྐྱེས་ཁམས་དྲུག་ལྡན་གྱི་མིའི་ལུས་འགྲུབ་ཚུལ་སོགས་འདི་ལྟར་བྱ་སྟེ། དེ་ཡང་ཕ་མ་གཉིས་སྙོམས་འཇུག་བྱས་པ་ལས་བྱུང་བའི་ཁུ་ཁྲག་གི་དབུས་སུ་བར་དོ་འགགས་པའི་ཡིད་ཀྱི་རྣམ་ཤེས་ཤིན་ཏུ་ཕྲ་བའི་འོད་གསལ་གྱི་སེམས་ཀུན་གཞིའི་མིང་ཅན་དེ་ཞུགས་པའི་ཁུ་ཁྲག་རྣམ་ཤེས་གསུམ་མའི་མངལ་དུ་འདྲེས་པ་ལས། སེམས་ཅན་གྱི་ལུས་འགྲུབ་པ་ཡིན་ལ། དེ་འདྲའི་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པའི་གོང་བུ་དེ་མའི་མངལ་གྱི་སའི་ཁམས་ཀྱིས་འཛིན་པར་བྱེད། ཆུའི་ཁམས་ཀྱི་སྡུད་པར་བྱེད། །མེའི་ཁམས་ཀྱིས་སྨིན་པར་བྱེད། །རླུང་གི་ཁམས་ཀྱི་འཕེལ་བར་བྱེད། ནམ་མཁའི་ཁམས་མངལ་གྱི་སྟོང་པའིོ་ཆ་དེས་འཕེལ་བའི་གོ་སྐབས་འབྱེད་པར་བྱེད་དོ། །མངལ་གྱི་ཁུ་ཁྲག་རྣམ་ཤེས་འདྲེས་པ་དེའི་ཚོགས་པའི་སའི་ཁམས་ཀྱི་ལྕི་ཤིང་སྲ་བར་བྱེད། ཆུས་གཤེར་བ་ཉིད་དུ་བྱེད། མེས་སྨིན་པར་བྱེད། མ་འོངས་པ་ན་འབྱུང་བར་འགྱུར་བའི་རླུང་བཅུའི་ས་བོན་དུ་གྱུར་པའི་རླུང་གི་ཁམས་ཀྱི་ལུས་དེ་འཕེལ་བར་བྱེད། ནམ་མཁའི་ཁམས་ཀྱིས་ལུས་དེ་འཕེལ་བའི་གོ་སྐབས་འབྱེད་པར་གསུངས་སོ།།
དེ་ལྟར་གོང་དུ་རྒྱུད་རྒྱལ་གསང་བ་འདུས་པའི་ཆོས་སྐོར་གཙོ་བོར་བྱས་ཏེ། གཞི་ལ་འཆི་བའི་རིམ་པ་ཇི་ལྟར་འབྱུང་ཚུལ་དང་སྦྱར་ནས་རགས་རིམ་ནས་ཕྲ་རིམ་ལ་ཐིམ་ཚུལ་དང་། ཕྲ་རིམ་ནས་རགས་རིམ་འགྲུབ་ཚུལ་སོགས་བཤད་པའི་ཚུལ་འདི། སྲིད་པར་སྐྱེ་འཆི་འབྱུང་ཚུལ་ཙམ་དུ་མ་ཟད། ཉིན་ཞག་ཕྲུགས་གཅིག་གི་ ༡ སད་པ་དང་། ༢ རྨི་ལམ་དང་། ༣ གཉིད་འཐུག་པའི་གནས་སྐབས་གསུམ་ལའང་། ཤེས་བར་རགས་རིམ་ནས་ཕྲ་རིམ་ལ་འཕོ་བར་འཇོག་ཏུ་ཡོད་པ་དང་། དེ་བཞིན་དུ་ཐ་ན་རྣམ་ཤེས་སྐད་ཅིག་མ་གཅིག་སྐྱེ་བའི་ཚུལ་ལའང་། གཉིད་ཀྱི་གནས་སྐབས་ལྟ་བུ་སྟོང་པའི་གནས་སྐབས་དང་། རྨི་ལམ་ལྟ་བུ་ཤེས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་གནས་སྐབས་དང་། སད་པ་ལྟ་བུ་ཤེས་པ་མངོན་གྱུར་པ་སྐྱེ་བའི་གནས་སྐབས་བཅས་གསུམ་དུ་དབྱེར་རུང་བ་སོགས་གསུངས། དེ་ཡང་གཞིའི་གནས་སྐབས་སུ་སྒྲ་དང་རྣམ་རྟོག་དང་། གཟུང་འཛིན་གྱི་གཉིས་སྣང་རགས་པས་བསླད་པ་ལས་ཆེས་འདས་པའི་ལྷན་སྐྱེས་ཀྱི་གནས་ལུགས་སམ་གཉུག་མའི་འོད་གསལ་གྱི་སེམས་ཤིག་ཡོད་པ་ནི། རྒྱུན་གྱི་ཐ་མལ་པའི་སྤྱོད་པའི་གནས་སྐབས་སུའང་སྐབས་འགར་མཚོན་རྟགས་ཙམ་མངོན་ཐུབ་པ་ནི། སངས་རྒྱས་ཡེ་ཤེས་ཞབས་ཀྱི་རིམ་པ་གཉིས་ཀྱི་དེ་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་ལུང་དུ།
ཆོས་སྐུ་རབ་དགའ་མཁའ་མཉམ་པ།།
ཤི་དང་བརྒྱལ་དང་གཉིད་ལོག་དང་།།
གླལ་དང་འཁྲིག་དུས་སྐད་ཅིག་ཙམ།།
མྱོང་བར་འགྱུར་བས་རབ་བསྒོམས་ན།།33
ཞེས་ཤི་བ་དང་། བརྒྱལ་བ་དང། གཉིད་འཐུག་པོའི་གནས་སྐབས་དང་། གླལ་བ་དང་། མཁྲིག་དུས་ཏེ་འཛགས་བདེ་མྱོང་བའི་གནས་སྐབས་རྣམས་སུ། ཐ་མལ་པ་རྣམས་ལའང་རང་བྱུང་གིས་གཉུག་སེམས་ཆ་འདྲ་བ་ཞིག་སྐད་ཅིག་ཙམ་སྟེ་ཡུན་ཐུང་ངུ་ཞིག་ལ་འཆར་བ་གསུངས་སོ།། །།
1 སྡེ་དགེ བསྟན། མངོན་པ། ངུ་། གནས་ལྔ་པ། ཤོག ༡༢༩ བ། དཔེ་བསྡུར་མ། དེབ། ༨༠ ཤོག ༡༡༤༧
2 སྡེ་དགེ བསྟན། མངོན་པ། ཅུ། གནས་དང་པོ། ཤོག ༥༡ བ། དཔེ་བསྡུར་མ། དེབ། ༨༡ ཤོག ༡༢༦
3 སྡེ་དགེ བསྟན། མངོན་པ། ཅུ། གནས་གསུམ་པ། ཤོག ༣༢༧ ན། དཔེ་བསྡུར་མ། དེབ། ༨༡ ཤོག ༨༡༡
4 སྡེ་དགེ བསྟན། མངོན་པ། གུ གནས་དང་པོ། ཤོག ༣༩ ན། དཔེ་བསྡུར་མ། དེབ། ༨༠ ཤོག ༩༣
5 སྡེ་དགེ བསྟན། སེམས་ཙམ། ཟི། བམ་པོ་སོ་གསུམ་པ། ཤོག ༦ ན། དཔེ་བསྡུར་མ། དེབ། ༧༤ ཤོག ༧༥༨
6 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤླཽཀ ༤༢ ཤོག ༨ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༡༨
7 སྡེ་དགེ བསྟན། མངོན་པ། ཀུ གནས་གཉིས་པ། ཤོག ༦༠ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༡༥༠
8 སྡེ་དགེ བསྟན། སེམས་ཙམ། ཚི། ས་གཉིས་པ། ཤོག ༨ ན། དཔེ་བསྡུར་མ། དེབ། ༧༢ ཤོག ༦༨༧
9 སྡེ་དགེ བསྟན། མངོན་པ། ཁུ། གནས་བརྒྱད་པ། ཤོག ༧༩ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༨༧༡
10 སྡེ་དགེ བསྟན། རྒྱུད་འགྲེལ། ཞི། ཤླཽཀ ༢ ཤོག ༢༧༦ ན། དཔེ་བསྡུར་མ། དེབ། ༢༦ ཤོག ༡༧༤༧
11 སྡེ་དགེ བསྟན། རྒྱུད་འགྲེལ། ངི་། རིམ་པ་དང་པོ། ཤླཽཀ ༣ ཤོག ༤༥ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༡༢༩
12 སྡེ་དགེ བསྟན། རྒྱུད་འགྲེལ། ངི་། ལེའུ་བཞི་པ། ཤོག ༧༩ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༢༡༥
13 གོང་མཚུངས། ལེའུ་བཞི་པ། ཤོག ༧༩ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༢༡༦
14 སྡེ་དགེ བཀའ། རྒྱུད། ཅ། ལེའུ་རེ་བརྒྱད་པ། ཤླཽཀ ༦༩-༧༠ ཤོག ༢༧༦ བ། དཔེ་བསྡུར་མ། དེབ། ༨༡ ཤོག ༩༡༥
15 སྡེ་དགེ བསྟན། རྒྱུད་འགྲེལ། ངི་། ལེའུ་གསུམ་པ། ཤོག ༧༠ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༡༩༥
16 སྡེ་དགེ བསྟན། རྒྱུད་འགྲེལ། ཅི། རིམ་པ་དང་པོའི་བཤད་པ། ཤོག ༢༡༡ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༡༣༣༣
17 སྡེ་དགེ བསྟན། རྒྱུད་འགྲེལ། ངི་། རིམ་པ་གཉིས་པ། ཤླཽཀ ༧-༡༡ ཤོག ༤༨ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༡༣༧
18 གོང་མཚུངས། རིམ་པ་གཉིས་པ། ཤླཽཀ ༡༦-༢༠ ཤོག ༤༨ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༡༣༧
19 གོང་མཚུངས། རིམ་པ་གཉིས་པ། ཤླཽཀ ༢༤-༢༥ ཤོག ༤༩ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༡༣༨
20 སྡེ་དགེ བསྟན། རྒྱུད་འགྲེལ། ངི་། རིམ་པ་གཉིས་པ། ཤླཽཀ ༣༡ ཤོག ༤༩ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༡༣༩
21 སྡེ་དགེ བསྟན། རྒྱུད་འགྲེལ། ངི་། ལེའུ་བཞི་པ། ཤོག ༧༧ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༢༡༢
22 གོང་མཚུངས། ལེའུ་བཞི་པ། ཤོག ༧༧ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༢༡༢
23 སྡེ་དགེ བསྟན། རྒྱུད་འགྲེལ། ངི་། ལེའུ་བཞི་པ། ཤོག ༧༨ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༢༡༣
24 སྡེ་དགེ བསྟན། རྒྱུད་འགྲེལ། ངི་། ཤླཽཀ ༢༠-༢༡ ཤོག ༡༡༢ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༣༠༨
25 སྡེ་དགེ བཀའ། རྒྱུད། ཅ། ལེའུ་དང་པོ། ཤླཽཀ ༡༨ ཤོག ༢༧༨ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༩༤༩
26 སྡེ་དགེ བསྟན། རྒྱུད་འགྲེལ། ད། མདོར་བསྡུས་དང་པོ། ཤོག ༣༢ བ། དཔེ་བསྡུར་མ། དེབ། ༦ ཤོག ༧༥༧
27 སྡེ་དགེ བསྟན། རྒྱུད། ཅ། ཤོག ༡༥༤ བ། དཔེ་བསྡུར་མ། དེབ། ༨༡ ཤོག ༥༩༩
28 སྡེ་དགེ བསྟན། རྒྱུད་འགྲེལ། ངི་། རིམ་པར་ཕྱེ་བ་བཞི་པ། ཤོག ༡༣༠ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༣༥༨
29 གོང་མཚུངས། ཤོག ༡༣༠ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༣༥༩
30 གོང་མཚུངས། ཤོག ༡༣༠ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༣༥༩
31 གོང་མཚུངས། ཤོག ༡༣༠ བ། དཔེ་བསྡུར་མ། དེབ། ༡༨ ཤོག ༣༥༩
32 སྡེ་དགེ བཀའ། རྒྱུད། ཅ། ཤོག ༢༨༢ བ། དཔེ་བསྡུར་མ། དེབ། ༨༡ ཤོག ༩༦༣
33 སྡེ་དགེ བསྟན། རྒྱུད་འགྲེལ། དི། ཤོག ༡༥ ན། དཔེ་བསྡུར་མ། དེབ། ༢༡ ཤོག ༨༦༡
- སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག སྨད་ཆ། ཀུན་བཏུས་པོད། ༢ པ་ནས་ཟུར་འདོན་ཞུས།
སྐབས་དགུ་པ། སེམས་ཕྲ་རགས་དང་འཆི་རིམ་གྱི་རྣམ་གཞག
(ཀུན་བཏུས། པོད་ལྔ་པ།)
- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།
༡ ཐེག་པ་ཐུན་མོང་བའི་གཞུང་ལས་སེམས་ཕྲ་རགས་གསུངས་ཚུལ།
གོང་དུ་བཤད་པའི་སེམས་དང་སེམས་བྱུང་གིས་བསྡུས་པའི་བློ་དེ་དག་ལ་ནང་གསེས་ཕྲ་རགས་མང་པོ་ཡོད་ཅིང་། སྔགས་བླ་མེད་ཀྱི་ལུགས་ལྟར་ན་ཤེས་པ་སོ་སོའི་བཞོན་པའི་རླུང་ཕྲ་རགས་ཀྱི་སྒོ་ནས་སེམས་ཕྲ་རགས་ཀྱི་ཁྱད་པར་འབྱེད་ལ། ཕར་ཕྱིན་ཐེག་པའི་གཞུང་ལྟར་ན་ནི། བློ་དེ་ངོས་འཛིན་བྱེད་དཀའ་སླ་དང་། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་པ་ཡིན་མིན་གྱི་སྒོ་ནས་དང་། བློ་དེའི་ཡུལ་ཕྲ་རགས་དང་། བློ་དེའི་དམིགས་རྣམ་གསལ་མི་གསལ་སོགས་ལས་ཕྲ་རགས་ཀྱི་ཁྱད་པར་འབྱེད་དོ།།
མིའི་ཤེས་པ་ལྟ་བུ་ལ་མཚོན་ན་གསོན་པའི་གནས་སྐབས་ཀྱི་ཤེས་པ་དེ་རགས་པ་དང་། འཆི་བའི་སྐབས་ཀྱི་ཤེས་པ་ཕྲ་བ་ཡིན་ལ། གསོན་པའི་གནས་སྐབས་སུའང་ཉིན་ཞག་ཕྲུགས་གཅིག་ལ་མཚོན་ན། སད་དུས་ཀྱི་གནས་སྐབས་ཀྱི་ཤེས་པ་དེ་རགས་ལ། དེ་ལས་རྨི་ལམ་གྱི་གནས་སྐབས་ཀྱི་ཤེས་པ་ཕྲ་ཞིང་། དེ་ལས་ཀྱང་རྨི་ལམ་མེད་པའི་གཉིད་མཐུག་པོའི་སྐབས་ཀྱི་ཤེས་པ་ཕྲ་བ་ཡིན་ལ། ཡང་སྐྱེ་བོ་ཕལ་པ་རྣམས་རླུང་མཁྲིས་བད་ཀན་ཅི་རིགས་ཀྱི་དབང་གིས་འཆི་བའི་ཚེ་ལུས་ཀྱི་འབྱུང་བཞིའི་ནུས་པ་ཉམས་ཤིང་། དྲོད་རིམ་གྱིས་བསྡུས་ཏེ་དབང་ཤེས་རྣམས་འགགས་ནས་མཐར་ཡིད་ཤེས་གཅིག་པུ་གནས་ཤིང་། ཡིད་ཤེས་ཀྱང་རགས་པ་རྣམས་རིམ་གྱིས་འགགས་ཏེ་མཐར་འཆི་སེམས་ཕྲ་མོ་མངོན་དུ་གྱུར་པའི་ཚེ་འཆི་བ་དངོས་ཡིན་ཞིང་། འཆི་སེམས་ཕྲ་མོ་ནི་གཞིའི་གནས་སྐབས་ཀྱི་སེམས་ཕྲ་ཤོས་སུ་འཇོག་གོ།
ཡང་ནང་པའི་གཞུང་དུ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བསྒྲུབས་ཏེ། སེམས་ཕྲ་རུ་བཏང་ནས་ས་གོང་མ་གོང་མའི་སེམས་ཐོབ་པའི་ཚུལ་དང་། སེམས་དེ་ལའང་འདོད་ཁམས་ཀྱི་སེམས་དང་། གཟུགས་ཁམས་ཀྱི་སེམས། གཟུགས་མེད་ཁམས་ཀྱི་སེམས་བཅས་ཁམས་གསུམ་དུ་གཏོགས་པའི་སེམས་གསུམ་ཡོད་ལ། དེ་གསུམ་ལས་སྔ་མ་སྔ་མ་རགས་ཤིང་། ཕྱི་མ་ཕྱི་མ་ཕྲ་ལ། ཕྱི་མ་གཟུགས་མེད་ཀྱི་སེམས་ལའང་བཞི་ཡོད་པའི་ནང་ནས་ཀྱང་སྲིད་རྩེའི་སེམས་ཕྲ་ཤོས་ཡིན་ལ། དེའི་ཚུལ་ནི་ཕྱི་རོལ་ཏུ་གཡེང་བའི་སེམས་རགས་པ་རྣམས་ཞི་གནས་ལ་བརྟེན་ནས་ནང་དུ་བསྡུས་ཏེ་བྱིང་རྒོད་ཕྲ་རགས་ཀྱི་སྐྱོན་དང་བྲལ་བ་ལས། སེམས་རིམ་གྱིས་ཕྲ་རུ་ཕྲ་རུ་འགྲོ་བར་བཤད་དོ།།
༢ སྔགས་བླ་མེད་ཀྱི་གཞུང་ནས་བྱུང་བའི་སེམས་ཕྲ་རགས་ཀྱི་རྣམ་གཞག
༡) སྤྱིར་བཤད་པ།
འཕགས་ཡུལ་གྱི་ནང་པའི་གཞུང་ལས་བཤད་པའི་སེམས་ཁམས་རིག་པའི་རྣམ་གཞག་ཤིན་ཏུ་གལ་ཆེ་བ་ཞིག་ནི། སྔགས་བླ་མེད་ཀྱི་གཞུང་སྤྱི་དང་། ལྷག་པར་དཔལ་གསང་བ་འདུས་པའི་ཆོས་སྐོར་དཔེར་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་ལྔ་དང་། འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་རྣམ་གཞག་རིམ་པ། དཔའ་ནཱ་རོ་པའི་རིམ་ལྔ་བསྡུས་པ་སོགས་ནས་གསུངས་པའི་ཚུལ་དེ་ཡིན་ཞིང་། གཞུང་དེ་དག་གི་ནང་དུ་མདོ་ཕྱོགས་ཀྱི་གཞུང་ལས་བྱུང་བའི་སེམས་ཁམས་རིག་པའི་བཤད་པ་ལས་མ་ཐོན་པའི་གནད་མང་པོ་ཞིག་འབྱུང་སྟེ། དཔེར་ན། རྣམ་ཤེས་རྣམས་བཞོན་པའི་རླུང་དང་ལྡན་པ་དང་། ཕྲ་མོའི་གནས་སྐབས་སུ་རླུང་སེམས་གཉིས་ངོ་བོ་གཅིག་ཏུ་གནས་པ་དང་། དེ་བཞིན་དུ་རྣམ་ཤེས་ཀྱི་བྱ་བ་མང་པོ་ཞིག་བཞོན་པའི་རླུང་གི་སྟེང་ནས་འགྲེལ་བརྗོད་མཛད་པ་དང་། ཕྱི་རོལ་ཡུལ་དང་ནང་སེམས་ཀྱི་འབྲེལ་པ་ལྟ་བུ་ལ་མཚོན་ནའང་། རླུང་གི་བྱེད་ལས་ཀྱི་སྒོ་ནས་ཕྱིའི་འབྱུང་བ་དང་ནང་གི་འབྱུང་བའི་བར་གྱི་འབྲེལ་པའི་བཤད་པ་སོགས་ཞིབ་ཏུ་གསུངས་པས། འདིར་ཡང་སྔགས་བླ་མེད་ཀྱི་གཞུང་ལས་འབྱུང་བའི་སེམས་ཀྱི་རྣམ་གཞག་སྐོར་མདོ་ཙམ་ཞིག་འཆད་པར་བྱའོ།།
སྤྱིར་སྔགས་བླ་མེད་ཀྱི་གཞུང་རྣམས་སུ་ཤེས་པ་ལ་ནང་གསེས་ ༡ གློ་བུར་བའི་ཤེས་པ་དང་། ༢ གཉུག་མའི་ཤེས་པ་གཉིས་སུ་ཕྱེ་ནས། གློ་བུར་བའི་ཤེས་པ་ཞེས་པ་ནི། དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་མིག་གི་ཤེས་པ་དང་རྣ་བའི་ཤེས་པ་སོགས་དབང་ཤེས་རྣམས་དང་། དེ་བཞིན་དུ་འདས་མ་འོངས་ད་ལྟ་བའི་དོན་དྲན་པ་ལྟ་བུ་ཡིད་ཀྱི་དབང་པོ་ལ་བརྟེན་པའི་ཤེས་པ་རགས་པ་རྣམས་དང་། རྩ་ཉོན་དང་ཉེ་ཉོན་རྣམས་དང་། སྣང་བ་གསུམ་གྱི་སེམས་རྣམས་སོ། །དེ་ལྟ་བུའི་གློ་བུར་བའི་ཤེས་པ་རྣམས་རྟེན་ལུས་རགས་པ་ཡོད་པའི་སྐབས་སུ་ཡོད་ཅིང་། རྟེན་ལུས་རགས་པ་དེ་འགགས་པར་གྱུར་པ་ན་གློ་བུར་བའི་ཤེས་པ་དེ་དག་ཀྱང་རིམ་གྱིས་འགག་པར་འགྱུར་ལ། ཆེས་ཤིན་ཏུ་ཕྲ་བ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དང་དེའི་བཞོན་པའི་རླུང་ཤིན་ཏུ་ཕྲ་བ་གཉིས་ཆུ་དང་རླན་བཞིན་སེམས་ཅན་རྣམས་ལ་དུས་རྟག་ཏུ་མི་འབྲལ་བར་གནས་པར་གསུངས།
དེ་ཡང་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་གཉུག་མ་ལྷན་ཅིག་སྐྱེས་པའི་ཤེས་པ་དེ་ལས་རགས་པ་གློ་བུར་བའི་ཤེས་པ་རྣམས་འབྱུང་ཞིང་། འདི་དག་འཆི་སེམས་ཕྲ་མོ་མངོན་དུ་མ་གྱུར་བར་དུ་སྲོག་འཛིན་གྱི་རླུང་རགས་པ་ལ་བརྟེན་ཏེ་གནས་ལ། འཆི་བའི་གནས་སྐབས་སུ་སྲོག་འཛིན་གྱི་རླུང་རགས་པ་ལ་བརྟེན་པའི་རགས་པ་གློ་བུར་བའི་ཤེས་པ་རྣམས་རིམ་གྱིས་ཕྲ་རུ་སོང་སྟེ། གཉུག་མ་ལྷན་ཅིག་སྐྱེས་པའི་ཤེས་པ་ཤིན་ཏུ་ཕྲ་མོ་དེ་ཉིད་ལ་ཐིམ་ནས་གཉུག་སེམས་ཕྲ་མོ་ལ་གནས་པའི་ཚེ་འཆི་བ་འོད་གསལ་ཞེས་བརྗོད།
དེ་ཡང་འགྲོ་བ་མི་ལྟ་བུ་ལ་མཚོན་ན། འཆི་བའི་གནས་སྐབས་སུ་ཕྱི་དབུགས་ཆད་དེ་ཀླད་པའི་ནང་ཁྲག་གི་རྒྱུ་བ་མཚམས་ཆད་ནས་ཀླད་པའི་བྱ་བྱེད་ཀྱང་འགགས་པ་ན། སྤྱིར་བཏང་གསོ་རིག་གི་བཤད་ཚུལ་ལྟར་ན་ཤི་ཟིན་པར་ངོས་འཛིན་བྱེད་མོད། གསང་སྔགས་བླ་མེད་ཀྱི་གཞུང་རྣམས་སུ་དེ་རྗེས་རིམ་གྱིས། སྣང་བའི་ཡེ་ཤེས་དང་། མཆེད་པའི་ཡེ་ཤེས། ཉེར་ཐོབ་ཀྱི་ཡེ་ཤེས་བཅས་རིམ་བཞིན་ཐིམ་སྟེ། མཐར་ཆེས་ཤིན་ཏུ་ཕྲ་བའི་ཤེས་པ་འཆི་བ་འོད་གསལ་གྱི་སེམས་འཆར་བར་གསུངས། དེ་དག་གི་གནས་སྐབས་སུ་དབང་པོའི་ཤེས་པ་ཐམས་ཅད་འགགས་ཟིན་པ་ཡིན་ལ། ནམ་རྒྱུན་གྱི་ཡིད་བློ་རགས་པ་ལ་སྣང་བ་འདྲ་མིན་འཆར་བ་དེ་དག་ཀྱང་འགགས་ཟིན་པས་ཡུལ་སྣང་དེ་དག་ཀྱང་མེད་པར་འཇོག་དགོས།
དེ་ལྟ་བུའི་ཤེས་པ་ཕྲ་རགས་ཀྱི་རིམ་པ་ངོས་འཛིན་ཚུལ་ཡང་། དཔལ་ནཱ་རོ་པའི་རིམ་ལྔ་བསྡུས་པ་གསལ་བ་ལས།
དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །སེམས་དང་ལུས་ཀྱི་གནས་ཐབས་ལས། །
རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཞེས་བྱ། །1
ཞེས་གསུངས་པ་ལྟར་གཞི་དངོས་པོའི་གནས་ལུགས་ལ་ལུས་སེམས་སོ་སོ་བའི་གནས་ལུགས་དང་། དེ་གཉིས་ཐུན་མོང་གི་གནས་ལུགས་གཉིས་ལས། ལུས་སེམས་སོ་སོ་བའི་གནས་ལུགས་ནི། དེ་རེ་རེ་ལ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རེ་ཡོད་ལ། དེ་ཡང་རྐང་ལག་སོགས་ནི་ལུས་རགས་པ་དང་། ལུས་ལ་གནས་པའི་རྩ་རླུང་ཐིག་ལེ་གསུམ་ནི་ལུས་ཕྲ་བ་དང་། སྟོང་པ་བཞིའི་སེམས་ཀྱི་བཞོན་པར་གྱུར་པའི་རླུང་རྣམས་ནི་ཤིན་ཏུ་ཕྲ་བའི་ལུས་ཡིན་ལ། སེམས་ལའང་སྒོ་ལྔའི་རྣམ་ཤེས་རྣམས་ནི་སེམས་རགས་པ་དང་། རྩ་ཉོན་ཉེ་ཉོན་རྣམས་དང་། སྣང་བ་གསུམ་མཚོན་བྱེད་ཀྱི་ཀུན་རྟོག་བརྒྱད་ཅུ་དང་མཚུངས་ལྡན་གྱི་སེམས་རྣམས་ནི་སེམས་ཕྲ་བ་དང་། སྟོང་པ་བཞིའི་ངོ་བོར་གྱུར་པའི་སེམས་རྣམས་ནི་ཤིན་ཏུ་ཕྲ་བའི་སེམས་ཡིན་ལ། དེ་བཞིའི་ནང་ནས་ཀྱང་སྟོང་པ་བཞི་པ་འོད་གསལ་གྱི་སེམས་ནི་ཆེས་ཤིན་ཏུ་ཕྲ་བ་ཡིན་ནོ། །ལུས་སེམས་ཐུན་མོང་གི་གནས་ལུགས་ནི། ནམ་ཡང་འབྲལ་དུ་མི་རུང་བའི་རླུང་སེམས་ཕྲ་བའི་མཐར་ཐུག་པ་ངོ་བོ་དབྱེར་མེད་པ་དེ་ལ་བྱའོ།།
རྣམ་ཤེས་དེ་དག་ཕྲ་རགས་སུ་འགྱུར་ཚུལ་ཡང་། རྣམ་ཤེས་སོ་སོ་དང་ངོ་བོ་དབྱེར་མེད་གཅིག་ཏུ་འདྲེས་པའི་རྟེན་རླུང་ཕྲ་རགས་སམ་གཡོ་བ་ཤས་ཆེ་ཆུང་གིས་འཇོག་ལ། རླུང་སེམས་ཕྲ་མོ་གཉིས་འཇུག་པ་གཅིག་ཅིང་ངོ་བོ་དབྱེར་མེད་ཡིན་ཞིང་ཡུལ་གསལ་བའི་ཆ་ཤེས་པ་དང་། གཡོ་བའི་ཆ་རླུང་དུ་འཇོག་ཅིང་། ཁ་ཆེའི་མཁས་པ་ལཀྵྨཱིའི་རིམ་པ་ལྔའི་འགྲེལ་པར་ཞ་བོ་མིག་ཅན་དང་ལོང་བ་རྐང་ཅན་གཉིས་གཅིག་ལ་གཅིག་བརྟེན་ཏེ་ཡུལ་གཞན་དུ་བགྲོད་ནུས་པའི་དཔེ་དང་སྦྱར་ནས་རྣམ་ཤེས་ཡུལ་ལ་འཕོ་བའམ་བགྲོད་པ་ནི་རང་གི་བཞོན་པའི་རླུང་གིས་བྱེད་ལ་ཡུལ་མཐོང་བ་ནི་རྣམ་ཤེས་ཀྱིས་བྱེད་པས་དེ་གཉིས་ནམ་ཡང་འབྲལ་ཐབས་མེད་པར་བཤད། རྣམ་ཤེས་རླུང་གི་བཞོན་པ་ཅན་ཡིན་པ་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། འདི་ནི་རྣམ་ཤེས་བཞོན་པ་སྟེ།།2 ཞེས་གསུངས་པ་ལྟར་ཡིན་ལ། དེ་ཡང་རླུང་གིས་རྣམ་ཤེས་གཡོ་བར་བྱེད་པའི་དོན་ཡིན་ནོ། །འོ་ན་རྣམ་ཤེས་རླུང་གིས་གཡོ་བའི་དོན་ཇི་ལྟར་ཡིན་སྙམ་ན། རྣམ་ཤེས་ནི་རླུང་ལ་མ་ལྟོས་པར་ཡུལ་ལ་འགྲོ་འོང་གི་ནུས་པ་མེད་ལ། རླུང་དང་མཉམ་དུ་ཞུགས་ན་ནི་ཡུལ་བགྲོད་པའི་ནུས་པ་ཡོད་དོ།།
སྔགས་བླ་མེད་སྤྱིའི་ལུགས་ལྟར་ན། རང་རྒྱུད་ཀྱི་ས་ཆུ་མེ་རླུང་བཞི་སྔ་མ་ཕྱི་མ་ལ་ཐིམ་པའི་ཚེ། རླུང་གི་གཡོ་བ་ཇེ་ཆུང་ཇེ་ཆུང་དུ་སོང་བའི་མཐར། རང་བཞིན་གྱི་རྟོག་པ་གཡོ་བའི་རླུང་རྣམ་ཤེས་དང་བཅས་པ་སྣང་བ་དང་པོ་ལ་ཐིམ་པ་ན་རང་བཞིན་གྱི་རྟོག་པ་རྣམས་ལོག་པས། སྟོང་པ་གསུམ་དང་སྟོང་པ་བཞི་པ་འོད་གསལ་རིམ་གྱིས་འཆར་ལ། དེ་རྣམས་ཀྱང་སྔ་མ་སྔ་མ་ལས་རླུང་གི་གཡོ་བ་ཇེ་ཆུང་ཇེ་ཆུང་དུ་སོང་བའི་དབང་གིས་འཆར་རོ། །དེ་ནས་སྐྱེ་བའི་ཚེ་འོད་གསལ་གྱི་རླུང་ལས་རླུང་ཅུང་ཟད་གཡོས་པ་ན་ཉེར་ཐོབ་དང་། དེ་ནས་མཆེད་པ་དང་སྣང་བ་རྣམས་སྔ་མ་སྔ་མ་ལས་རླུང་གཡོ་བ་ཆེར་སོང་བའི་དབང་གིས་འབྱུང་ཞིང་། སྣང་བའི་རླུང་ལས་གཡོ་ཚབས་ཆེར་སོང་བ་ན་རང་བཞིན་གྱི་ཀུན་རྟོག་རྣམས་སྐྱེ་བར་གསུངས་སོ། །སྣང་མཆེད་ཐོབ་གསུམ་སོ་སོའི་ངོ་བོ་དང་། སྣང་གསུམ་མཚོན་བྱེད་ཀྱི་ཀུན་རྟོག་བརྒྱད་ཅུའི་ངོས་འཛིན་བཅས་ཀུན་བཏུས་པོད་གཉིས་པར་བཤད་ཟིན་ཏོ།།
༢) རླུང་སེམས་ཐིམ་པའི་རིམ་པ་དང་འཆི་རིམ་བཤད་པ།
འོ་ན་སེམས་རགས་པ་ཕྲ་མོར་ཐིམ་ཚུལ་དང་། སེམས་ཕྲ་མོ་ལས་རགས་པ་སྐྱེ་ཚུལ་གང་ཡིན་ཞེ་ན། དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་ལུགས་ལྟར་ན། ཁམས་དྲུག་ལྡན་གྱི་མི་ལྟ་བུ་ཞིག་འབྱུང་ཁམས་རིམ་གྱིས་བསྡུས་ཏེ་འཆི་བའི་ཚེ་ཐོག་མར་ཆུའི་ཁམས་ཀྱིས་མེའི་ཁམས་ཉམས་པར་བྱེད་ཅིང་། དེ་ནས་སའི་ཁམས་ཀྱང་ཆུ་ལ་ཞུགས་ཏེ་མི་སྣང་བར་འགྱུར་ལ། དེ་ནས་ཆུའི་ཁམས་ཀྱང་རླུང་གིས་སྐེམ་པར་བྱེད། དེ་ནས་རླུང་ཡང་ནམ་མཁའ་ལ་རིམ་གྱིས་ཐིམ་སྟེ་མི་སྣང་བར་གྱུར་པ་དེའི་ཚེ། རྩ་དབུ་མའི་མདུད་པ་རང་གྲོལ་བྱས་ནས་རོ་རྐྱང་གཉིས་ཀྱི་རླུང་གི་རྒྱུ་བ་འགགས་ཏེ་རླུང་དབུ་མར་ཞུགས་ཤིང་ཐིམ་པ་ན། གློ་བུར་ཡུལ་སྣང་གི་རྟོག་པ་མ་ལུས་པ་འགགས་པས། རང་བཞིན་འོད་གསལ་གྱི་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་པ་ནམ་མཁའ་ལྟ་བུའི་རྣམ་པ་ཅན་རང་གི་ངང་གིས་འཆར་ཞིང་། འདི་ལ་འཆི་བ་འོད་གསལ་མངོན་དུ་བྱས་པ་ཞེས་བཤད།
བླ་མེད་སྤྱིའི་ལུགས་ལྟར་ན། མངལ་སྐྱེས་ཁམས་དྲུག་ལྡན་གྱི་མི་ཞིག་རིམ་གྱིས་འཆི་བ་ན། རྣམ་ཤེས་རགས་པའི་རྟེན་བྱེད་པའི་འབྱུང་བ་སོགས་ཐིམ་པའི་རིམ་པས་རྣམ་ཤེས་རགས་རིམ་ནས་ཐིམ་རིམ་དང་། ཕྱི་ནང་གི་རྟགས་འཆར་ཚུལ་སོགས་ནི། ཐོག་མར་ས་ཆུ་ལ་ཐིམ་པ་ཡིན་ལ། དེ་ཡང་སའི་ཁམས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཤུགས་ཆུང་དུ་ཕྱིན་ཏེ་ས་ཁམས་ཀྱི་ནུས་པ་ཉམས་པ་དང་དུས་མཉམ་དུ་ཆུའི་ཁམས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་དེ་ཇེ་གསལ་ཇེ་གསལ་དུ་འགྲོ་བ་ཡིན་ཞིང་། རིམ་པ་འདི་ལ་ས་ཁམས་ཆུ་ཁམས་ལ་ཐིམ་པ་ཞེས་བཤད་པ་ཡིན་གྱི། ས་ཁམས་ཆུ་ཁམས་ཀྱི་ངོ་བོར་སོང་བ་ནི་མ་ཡིན་ལ། མེ་རླུང་ལ་ཐིམ་པའི་བར་དུའང་དེ་བཞིན་ནོ། །འདིའི་ཕྱི་རྟགས་ལ་རྐང་ལག་ཕྲ་རུ་འགྲོ་བ་དང་། རྒུད་དུ་འགྲོ་བ། མདངས་ཤོར་བ་དང་། རང་གི་ལུས་ས་འོག་ཏུ་ཐིམ་པའི་སྣང་བ་འབྱུང་བ་དང་། མིག་མི་གསལ་བར་འགྱུར་བ་སོགས་འབྱུང་ཞིང་། ནང་རྟགས་ལ་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར་རོ།།
དེའི་རྗེས་ཆུ་མེ་ལ་ཐིམ་པ་ཡིན་ཞིང་། སྐབས་འདིར་ཆུའི་ཁམས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆུང་དུ་འགྲོ་བ་དང་། དེ་ལ་བརྟེན་ནས་མེའི་ཁམས་ཀྱི་ནུས་པ་དེ་མངོན་གསལ་ཆེ་རུ་འགྲོ་ཞིང་། ཕྱིའི་རྟགས་ལ་ལུས་ཀྱི་རླན་གཤེར་སྐམ་འགྲོ་བར་བཤད་དེ། དཔེར་ན། ཁ་སྐམ་པ་དང་། མིག་ནང་གི་རླན་གཤེར་དེ་ཡང་ཕྲན་བུ་སྐམ་ཞིང་། མིག་འགུལ་ཤུགས་ཆུང་དུ་འགྲོ་བ་དང་། ནང་རྟགས་ལ་དུ་བ་ལྟ་བུའི་སྣང་བ་འཆར་རོ།།
དེའི་རྗེས་མེ་རླུང་ལ་ཐིམ་པ་ཡིན་ཞིང་། འདིའི་སྐབས་མེའི་ཁམས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆུང་དུ་འགྲོ་བ་དང་། རླུང་ཁམས་ཀྱི་ནུས་པ་དེ་མངོན་གསལ་ཆེ་རུ་འགྲོ་ལ། ཕྱིའི་རྟགས་ལ་ལུས་ཀྱི་དྲོད་བསྡུས་པའི་སྒོ་ནས་རྐང་ལག་གྲང་མོར་འགྱུར་ཞིང་དྲོད་ཀྱི་མྱོང་ཚོར་མེད་པར་འགྱུར་བ་དང་། སོ་སོར་ཉེ་བའི་མི་རྣམས་ཀྱང་དྲན་མི་ནུས་པར་དྲན་པ་ཉམས་པར་འགྱུར་ལ། ནང་རྟགས་ལ་མཁའ་སྣང་མེ་འཁྱེར་རམ་མེ་སྟག་འཐོར་བ་ལྟ་བུའི་སྣང་བ་འཆར་རོ།།
དེའི་རྗེས་རླུང་རྣམ་ཤེས་ལ་ཐིམ་པར་རྩོམ་པ་ཡིན་ལ། འདིའི་སྐབས་རླུང་ཁམས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆུང་དུ་འགྲོ་ཞིང་། ཕྱི་རྟགས་ལ་དབུགས་འགགས་པ་དང་། ནང་རྟགས་ལ་མར་མེ་ཏ་ལ་ལ་འབར་བ་ལྟ་བུའི་སྣང་བ་འཆར་ཞིང་། སྔར་མེ་སྟག་འཐོར་བ་ལྟ་བུའི་སྣང་བ་ཡོད་པ་དེ་ཕྲ་རུ་སོང་ནས་དམར་ལྷང་ལྷང་གི་སྣང་བ་ཙམ་ལྷག་ལ། སྐབས་དེར་སྙིང་འགུལ་མཚམས་དང་དབུགས་ཀྱི་འགྲོ་འོང་ཆད་པས་ཡོངས་གྲགས་ལ་ཤི་བར་ངོས་འཛིན་བྱེད།
དེའི་རྗེས་སུ་རྣམ་ཤེས་རགས་པ་རྣམས་རྣམ་ཤེས་ཕྲ་བར་ཐིམ་ཚུལ་ཡང་། ཐོག་མར་རང་བཞིན་བརྒྱད་ཅུའི་ཀུན་རྟོག་བཞོན་པའི་རླུང་དང་བཅས་པ་སྣང་བ་ལ་ཐིམ་པ་ཡིན་ལ། དེའི་ཚེ་སྟོང་པ་ཞེས་པ་སྣང་བ་དང་པོ་འཆར་ཞིང་། ནམ་མཁའ་སྤྲིན་མེད་པ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་འབྱུང་། དེ་ནས་སྣང་བ་དེ་བསྡུས་པའི་རྗེས་སུ་ཤིན་ཏུ་སྟོང་པ་ཞེས་པ་སྣང་བ་མཆེད་པ་འཆར་ཏེ། ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཤར་བ་བཞིན་དུ་དམར་པོའམ་དམར་སེར་གྱི་སྣང་བ་འཆར། དེ་ནས་སྣང་བ་དེའང་བསྡུས་པའི་རྗེས་སུ་སྟོང་པ་ཆེན་པོ་ཞེས་པ་སྣང་བ་ཉེར་ཐོབ་འཆར་ཏེ། ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ་ནག་ལམ་པའི་སྣང་བ་འབྱུང་ཞིང་དྲན་པའང་ཉམས་ནས་འགྲོའོ།།
དེ་ནས་ནག་ཐོམ་གྱིས་སོང་བའི་དྲན་མེད་དེ་སངས་པ་ན་ཐམས་ཅད་སྟོང་པ་ཞེས་པ་འོད་གསལ་འཆར་ཏེ། ནམ་མཁའ་སློད་བྱེད་ཟླ་ཉིའི་འོད་དང་ནག་པོའི་རྣམ་པ་ཅན་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྣང་བ་ཞིག་འཆར་ཞིང་དེ་ནི་འཆི་བ་འོད་གསལ་ཡིན་ནོ། །འཆི་བ་འོད་གསལ་འདི་ལ་མི་ཐ་མལ་བའི་རྣམ་ཤེས་ཕལ་ཆེར་ཞག་གསུམ་གྱི་བར་དུ་གནས་པ་དང་། ནད་ཀྱིས་ཡུན་རིང་དུ་མནར་བས་ལུས་ཟུངས་ཟད་དྲགས་པ་རྣམས་ནི་ཞག་མ་སོང་ཙམ་དུ་གནས་པ་སོགས་ཡོད་ལ། རྣལ་འབྱོར་པ་རྣམས་ནི་ཞག་གྲངས་མང་ཉུང་མ་ངེས་པ་ལ་གནས་པའང་ཡོད་པར་བཤད་དོ།།
རླུང་སྣང་བ་ལ་ཐིམ་ཞེས་པའང་རང་བཞིན་གྱི་རྟོག་པ་དངོས་སུ་གཡོ་བར་བྱེད་པའི་རླུང་གིས་རྣམ་ཤེས་ཀྱི་བཞོན་པ་བྱེད་པའི་ནུས་པ་ལོག་ནས་དེའི་ནུས་པ་སྣང་བའི་རླུང་ལ་འཕོས་པ་ལྟ་བུ་ལ་རླུང་སྣང་བ་ལ་ཐིམ་པར་བཤད་པ་ཡིན་གྱི་རླུང་ཐམས་ཅད་ཐིམ་པ་མིན་ནོ། །ལྷན་སྐྱེས་ཀྱི་རླུང་ཕྲ་མོ་གཅིག་པུས་ཤེས་པའི་རྟེན་བྱེད་ཅིང་རླུང་རགས་པས་རྟེན་མི་བྱེད་པའི་དུས་ནི། འབྱུང་བ་སྡུད་པའི་ཚེ་རླུང་སེམས་སྣང་བ་ལ་ཐིམ་པ་དང་། དེ་མཆེད་པ་ལ་ཐིམ་པ་དང་། དེ་ཉེར་ཐོབ་ལ་ཐིམ་པ་དང་། དེ་ཐམས་ཅད་སྟོང་པ་འོད་གསལ་ལ་ཐིམ་པའི་དུས་རྣམས་ཡིན་ནོ།།
སེམས་ཕྲ་མོ་ལས་རགས་པ་སྐྱེ་ཚུལ་ཡང་། འོད་གསལ་ལས་རླུང་ཅུང་གཡོས་ཏེ་ལངས་པ་ན། དང་པོར་ཉེར་ཐོབ་དང་། དེ་ནས་མཆེད་པ་དང་། དེ་ནས་སྣང་བ་སྐྱེ་ལ། དེ་ནས་མར་མེ་ལྟར་འབར་བ་ནས་སྨིག་རྒྱུ་ལྟ་བུའི་བར་བཞི་ལུགས་ལྡོག་ཏུ་འབྱུང་བར་གསུངས། དེ་ཡང་མངལ་དུ་ཉིང་མཚམས་སྦྱར་མ་ཐག་ཏུ་འབྱུང་བ་བཞི་ཀ་ཡོད་མོད། འོན་ཀྱང་འབྱུང་བ་རགས་པས་རྣམ་ཤེས་ཀྱི་རྟེན་བྱེད་པའི་དབང་དུ་བྱས་ནས། དང་པོར་རླུང་མེ་ཆུ་ས་རྣམས་རིམ་པ་ལྟར་འབྱུང་ཞིང་། དེ་ནས་གཟུགས་སོགས་ཕུང་པོ་རྣམས་དང་། མིག་སོགས་སྐྱེ་མཆེད་རྣམས་འབྱུང་བར་གསུངས།
དཔལ་དུས་ཀྱི་འཁོར་ལོའི་གཞུང་ལྟར་ན། མངལ་སྐྱེས་ཁམས་དྲུག་ལྡན་གྱི་མིའི་ལུས་འགྲུབ་ཚུལ་སོགས་ནི། ཕ་མ་གཉིས་ཉལ་པོ་བྱས་པ་ལས་བྱུང་བའི་ཁུ་ཁྲག་གི་དབུས་སུ་བར་དོ་འགགས་པའི་ཡིད་ཀྱི་རྣམ་ཤེས་ཤིན་ཏུ་ཕྲ་བའི་འོད་གསལ་གྱི་སེམས་དེ་ཞུགས་པའི་ཁུ་ཁྲག་རྣམ་ཤེས་གསུམ་མའི་མངལ་དུ་འདྲེས་པ་ལས། སེམས་ཅན་གྱི་ལུས་འགྲུབ་པ་ཡིན་ལ། དེ་འདྲའི་ཁུ་ཁྲག་རྣམ་ཤེས་གསུམ་འདྲེས་པའི་གོང་བུ་དེ་མའི་མངལ་གྱི་སའི་ཁམས་ཀྱིས་འཛིན་པར་བྱེད། ཆུའི་ཁམས་ཀྱིས་སྡུད་པར་བྱེད། མེའི་ཁམས་ཀྱིས་སྨིན་པར་བྱེད། རླུང་གི་ཁམས་ཀྱིས་འཕེལ་བར་བྱེད། ནམ་མཁའི་ཁམས་མངལ་གྱི་སྟོང་པའི་ཆ་དེས་འཕེལ་བའི་གོ་སྐབས་འབྱེད་པར་བྱེད་དོ། །མངལ་གྱི་ཁུ་ཁྲག་རྣམ་ཤེས་འདྲེས་པ་དེའི་ཚོགས་པའི་སའི་ཁམས་ཀྱིས་ལྕི་ཞིང་སྲ་བར་བྱེད། ཆུས་གཤེར་བ་ཉིད་དུ་བྱེད། མེས་སྨིན་པར་བྱེད། མ་འོངས་པ་ན་འབྱུང་བར་འགྱུར་བའི་རླུང་བཅུའི་ས་བོན་དུ་གྱུར་པའི་རླུང་གི་ཁམས་ཀྱིས་ལུས་དེ་འཕེལ་བར་བྱེད། ནམ་མཁའི་ཁམས་ཀྱིས་ལུས་དེ་འཕེལ་བའི་གོ་སྐབས་འབྱེད་པར་གསུངས་སོ།།
དེ་ལྟར་གོང་དུ་གསང་བ་འདུས་པའི་ཆོས་སྐོར་གཙོ་བོར་བྱས་ཏེ། གཞི་ལ་འཆི་བའི་རིམ་པ་ཇི་ལྟར་འབྱུང་ཚུལ་དང་སྦྱར་ནས་རགས་རིམ་ནས་ཕྲ་རིམ་ལ་ཐིམ་ཚུལ་དང་། ཕྲ་རིམ་ནས་རགས་རིམ་འགྲུབ་ཚུལ་སོགས་བཤད་པའི་ཚུལ་འདི། སྲིད་པར་སྐྱེ་འཆི་འབྱུང་ཚུལ་ཙམ་དུ་མ་ཟད། ཉིན་ཞག་ཕྲུགས་གཅིག་གི ༡ སད་པ་དང་། ༢ རྨི་ལམ་དང་། ༣ གཉིད་མཐུག་པོའི་གནས་སྐབས་གསུམ་ལའང་ཤེས་པ་རགས་པ་ནས་ཕྲ་རུ་འགྲོ་བ་ཡོད་ལ། གཞིའི་གནས་སྐབས་སུ་ཤིན་ཏུ་ཕྲ་བའི་གཉུག་མའི་འོད་གསལ་གྱི་སེམས་ཤིག་ཡོད་པའི་ཚུལ། སངས་རྒྱས་ཡེ་ཤེས་ཞབས་ཀྱི་རིམ་པ་གཉིས་ཀྱི་དེ་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་ལུང་དུ།
ཆོས་སྐུ་རབ་དགའ་མཁའ་མཉམ་པ།།
ཤི་དང་བརྒྱལ་དང་གཉིད་ལོག་དང་།།
གླལ་དང་འཁྲིག་དུས་སྐད་ཅིག་ཙམ།།
མྱོང་བར་འགྱུར་བས་རབ་བསྒོམས་ན།།3
ཞེས་ཐ་མལ་པའི་རྒྱུན་གྱི་སྤྱོད་པའི་གནས་སྐབས་སུའང་སྐབས་འགར་མཚོན་རྟགས་ཙམ་མངོན་ཐུབ་པ་ནི། ཤི་བ་དང་། བརྒྱལ་བ་དང་། གཉིད་མཐུག་པོའི་གནས་སྐབས་དང་། གླལ་བ་དང་། འཁྲིག་དུས་ཏེ་འཛགས་བདེ་མྱོང་བའི་གནས་སྐབས་རྣམས་སུ་ཐ་མལ་པ་རྣམས་ལའང་གཉུག་སེམས་ཆ་འདྲ་བ་ཞིག་སྐད་ཅིག་ཙམ་སྟེ་ཡུན་ཐུང་ངུ་ཞིག་ལ་འཆར་བར་གསུངས་པ་ལྟ་བུའོ།། །།
1 སྡེ་དགེ བསྟན། རྒྱུད་འགྲེལ། ཞི། ཤླཽཀ ༢ ཤོག ༢༧༦ ན། དཔེ་བསྡུར་མ། དེབ། ༢༦ ཤོག ༡༧ ༤༧
2 སྡེ་དགེ བསྟན། རྒྱུད་འགྲེལ། ངི། རིམ་པ་དང་པོ། ཤླཽཀ ༣ ཤོག ༤༥ ན། དཔེ་བསྡུར་མ། དེབ། ༡༨ ཤོག ༡༢༩
3 སྡེ་དགེ བསྟན། རྒྱུད་འགྲེལ། དི། ཤོག ༡༥ ན། དཔེ་བསྡུར་མ། དེབ། ༢༡ ཤོག ༨༦༡
- སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་འབྲིང་བའི་སྟོད་ཆ། ཀུན་བཏུས་པོད། ༥ པ་ནས་ཟུར་འདོན་ཞུས།
མཐའ་མའི་འདོན་ཐེངས་།: 11.10.2016 ཉིན། 10:28 AM
<< སྔ་མ།