སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་ལེགས་གྲུབ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.06.2017 |
སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་ལེགས་གྲུབ།
བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་གྱིས་ལོ་ལྟར་སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་སྤྲོད་མུས་ལྟར།འདི་ལོ་ཡང་སྔར་བཞིན་ཟབ་སྦྱོང་གི་གསལ་བསྒྲགས་དང་ཡིག་འབྲེལ་སོགས་ལ་བརྟེན་ནས་སྙན་ཞུ་དང་འབྲེལ་གཏུགས་བྱེད་མཁན་མང་པོ་བྱུང་ཡང་། སློབ་ཡོན་ཅུང་ཆེ་དྲག་པའི་དབང་གིས་དངོས་སུ་འཛུལ་ཞུགས་བྱེད་མཁན་བཅུ་མ་གཏོགས་བྱུང་མེད། དེ་ཡང་ཕྱི་ལོ ༢༠༡༧ ཟླ ༦ ཚེས་ ༡༤ ནས་ཚེས ༢༣ བར་ཉིན་བཅུའི་ཟབ་ཁྲིད་བྱས་ཡོད།
ད་ལམ་ཟབ་ཞུགས་པ་རྣམས་ལ་ནང་པའི་སེམས་ཁམས་ཚན་རིག་སྐོར་ནས་ལུས་སེམས་སྲོག་གི་གནས་ལུགས་སྤྱི་བཤད་དང་། རྩ་ཉོན་དྲུག་གིས་ལུས་སེམས་ལ་གནོད་ཚུལ། བཟོད་པ་དང་དགེ་བ་བཅུ་གཅིག་གིས་ལུས་སེམས་འཕྲོད་བསྟེན་ལ་དགེ་ཕན་ཅི་ཡོད་སྐོར་ནས་ངོ་སྤྲོད་དང་། བྱམས་སྙིང་རྗེ་དང་དྲན་པ་ཉེར་གཞག་ཉམས་སུ་ལེན་ཚུལ་དང་ཇི་ལྟར་སྒོམ་ཚུལ་དང་ཕན་ཡོན་བཅས་ཟབ་ཁྲིད་བྱས་ཤིང་། དེ་བཞིན་གསོ་བ་རིག་པའི་ཟས་སྤྱོད་བསྟེན་ཚུལ་དང་། སེམས་ནད་བཅོས་ཐབས་སྐོར་ནས་ཟབ་ཁྲིད་ཞུས་པ་དང་། བོད་རྩིས་རིག་པའི་ཐོག་ནས་སེམས་ནད་སྔོན་འགོག་ཇི་ལྟར་བྱ་ཚུལ་བཅས་ཀྱི་ཟབ་ཁྲིད་གནང་བས་ཟབ་ཞུགས་པ་རྣམས་ལ་ཧ་ཅང་ཕན་ཐོགས་དང་ཡིད་ཚིམ་པོ་བྱུང་བའི་སྐོར་མཇུག་སྡོམ་མཛད་སྒོའི་སྐབས་བསམ་ཚུལ་བསྡུ་ལེན་ལས་རིམ་ལས་ཤེས་རྟོགས་བྱུང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།
མཐའ་མའི་འདོན་ཐེངས་།: 28.06.2017 ཉིན། 4:56 PM
<< སྔ་མ།