སྨན་རྩིས་དྲ་བ། - ཆེད་རྩོམ།

སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.04.2018
ཆེད་རྩོམ། >>

                               
                                     ནང་དོན་རིག་པའི་གཞུང་ལས་གསུངས
་པའི་སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན་སྐོར།
                                         
                                                                                                             - དོལ་སྤྲུལ་ཨྱོན་ཆོས་དབྱིངས་ཡེ་ཤེས་མཆོག

 

ཡུན་རིང་རྣམ་གྲངས་མང་བའི་མཛད་ཕྲིན་ཀུན།།

མཛད་ཕྲིན་གཞན་གྱི་འཇུག་པ་མི་འགོག་པར།།

སྐབས་ཀྱི་མཛད་པས་མང་ཚོགས་མགུ་བར་མཛད།།

ཞི་བདེའི་དེད་དཔོན་འཛམ་གླིང་ཡོངས་ཀྱི་ཕུལ།།

 

 

དམ་པའི་རང་བཞིན་བརྗོད་པ་སྔོན་དུ་གཏང་ནས་ཉེ་ཆར་བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་ནས་འདི་ལྟར། ༼གང་ཉིད་ནས་སྐབས་དེར་བོད་བརྒྱུད་ནང་དོན་རིག་པའི་གཞུང་དུ་ཇི་སྐད་གསུང་པའི་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་ཁོ་ནའི་ཐོག་ལ་ལག་ལེན་མྱོང་ཁྲིད་ཀྱི་གསུང་བཤད་གནང་རྒྱུ་༽ཞེས་བཀའ་གནང་བ་གཞིར་བཟུང་སེམས་འཁྲུག་པའི་རྒྱུ་རྐྱེན་སྐོར་གླེང་དགོས།  དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་སྡོམ་ཚིག་འདི་བོད་བརྒྱུད་ནང་དོན་རིག་པའི་ཁུངས་སུ་བྱས་ནས་ལུང་དྲངས་པ་ཡིན། ལུང་དོན་འདི་དག་རང་གི་མྱོང་བ་དང་སྦྱར་ནས་ཞུ་དགོས་པས་རྩ་ཉོན་དང་ཉེ་ཉོན་རྣམས་ལ་གོམས་འདྲིས་ཡོད་ཀྱང་རྣམ་པ་དང་རྣམ་གྲངས། བྱེད་ལས་དང་རྒྱུ་རྐྱེན་བཅས་ཀྱི་རབ་དབྱེ་རྣམས་ཇི་བཞིན་མི་ཤེས་པ་དང་། སྐབས་རེ་ཐར་གྲོལ་དོན་གཉེར་ལ་གསུངས་པའི་དམིགས་རྣམ་ཕྲ་མོ་རྣམས་མི་དཀྱུས་མ་ཞིག་ལ་ཧ་ཅང་ཞིབ་ཚགས་སུ་སོང་སྟབས་འཚོ་བའི་ཁྲོད་དུ་གླེང་མོལ་ཡོང་གི་མི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ངས་འདིར་གོང་གི་ལུང་དོན་གྱི་དྲྭ་བ་ལས་མ་བརྒལ་བར་མི་དཀྱུས་མའི་སེམས་ཁམས་དང་སྦྱར་ནས་སེམས་འཁྲུགས་པའི་རྒྱུ་རྐྱེན་སྐོར་གླེང་བར་འདོད།

 

                                              དང་པོ་ཡུལ་ཉེ་བར་གནས་པ། 

མང་ཆེ་བ་ཞིག་གིས་འདོད་དབང་མིན་པའི་ཡུལ་ཉེ་སར་ཡོད་ན་ནུས་མེད་བཟོ་བ་དང་། ཡང་ན་གཡོལ་ཐབས་བྱེད་པ་ལས་དེ་དག་དང་བསྟུན་ནས་རང་སེམས་བཅོས་ཐབས་བྱེད་ཀྱི་མེད། འོན་ཀྱང་སྟབས་ཉེས་པ་གཅིག་ལ་ཉི་མ་གཅིག་ལ་ཕྱག་ཚོད་ ༨ ཉུང་མཐའ་དང་བདུན་ཕྲག་གཅིག་ལ་ཆུ་ཚོད་༤༠ ལོ་གཅིག་ལ་བདུན་ཕྲག་བཞི་བཅུ་ཞེ་ལྔར་ཕྱག་ཚོད་ ༡༨༠༠ རིང་ལ་ཕྱག་ལས་གནང་བའི་ཁོར་ཡུག་དང་འབྲེལ་ཡོད་མི་སྣ་དང་ལྷན་དུ་ཕྱག་ལས་གནང་དགོས། ཡུན་རིང་བའི་དུས་ཚོད་འདི་སེམས་འཁྲུག་པའི་ཡུལ་རྐྱེན་སྟོབས་ཆེ་ཤོས་ཡིན། གང་ལགས་ན། སྐབས་དེར་རང་གི་ལས་འགན། ལས་དཔོན། ལས་རོགས། ཁོར་ཡུག་སོགས་ཉེ་བར་གནས་པ་ལ་མ་རིག་པའི་དབང་གིས་འདོད་ཆགས་དང་། ཞེ་སྡང་། སེམས་སྡུག སེམས་ཕམ་སོགས་སྐྱེ་བཞིན་ཡོད། གནས་སྟངས་འདི་ལ་འདམས་ཁ་གསུམ་ལས་མེད། ༡ ལས་དགོངས་ཞུ་རྒྱུ། ༢ དབང་ཚད་ཡོད་ན་ཡུལ་རྐྱེན་བཅོས་རྒྱུ། ༣ རང་སེམས་བཅོས་ནས་ཡུལ་རྐྱེན་ཡོད་ཀྱང་རང་ཚུགས་མི་ཤོར་བ་བྱེད་རྒྱུ་རེད། ལས་དགོངས་ནི་འཚོ་བའི་གནད་དོན་ལ་ཐུག་པ་དང་། ཡུལ་རྐྱེན་བཅོས་པ་ནི་བདག་དབང་ཡོད་མེད་ལ་ཐུག་ཡོད། དེས་ན་ཐབས་ལམ་གསུམ་པ་དེར་འགོག་རྐྱེན་གང་ཡང་མེད་པས་དེ་དག་ལ་འབད་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱིས་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །ཞེས་གསུངས་སོ། །

 

                                            གཉིས་པ་ཚུལ་བཞིན་མ་ཡིན་ཡིད་བྱེད།

འདིར་གསུང་རབས་ལས་བྱུང་བའི་རྩ་ཉོན་ཉེ་ཉོན་གྱི་རྣམ་གཞག་དེ་དག་རེ་ཞིག་བཏང་སྙོམས་སུ་བྱས་ནས་དེང་རབས་སྤྱི་ཚོགས་ནང་གི་སེམས་འཁྲུགས་པའི་རྒྱུ་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱི་རྣམ་གྲངས་ལ་དྲུག་སྟེ།

༡ བསམ་ཤེས་མེད་པ།

༢ བདེན་པའི་ཨུ་ཚུགས།

༣ མ་དག་སྐྱོན་ཅན།

༤ ངོས་ལེན་མེད་པ།

༥ འདོད་རྔམས་ཆེ་བ།

༦ བློ་ཁོག་ཆུང་བ།


༡ བསམ་ཤེས་མེད་པ། 

བསམ་ཤེས་མེད་པའི་རྐྱེན་གྱིས་ཁྱིམ་ཚང་གྲོང་རོགས་ནས་བཟུང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་ཀུན་བསམ་ཤེས་མེད་པས་སེམས་ཁམས་འཁྲུགས་པའི་ལོ་རྒྱུས་ཡིན། གང་ལྟར་བསམ་ཤེས་མེད་པས་གཞན་ལ་འཚེ་བ་དང་དེའི་ལེ་ལན་དུ་རང་ལའང་འཚེ་བ་ཡོང་གི་ཡོད། མི་ཚེར་སྐྱིད་འདོད་ན་བསམ་ཤེས་ནི་མེད་དུ་མི་རུང་བ་ཞིག་ཡིན། སྤྱིའི་ཆ་ནས་མི་རིགས། ཆོས་ལུགས། རིག་གཞུང་ལ་བསམ་ཤེས་དང་། བྱེ་བྲག་མི་སྒེར་གྱི་མོས་པ་དང་ལངས་ཕྱོགས་སྒྱུ་རྩལ་ལ་བསམ་ཤེས་མ་ཐུབ་ན་གཞན་ལ་དངོས་དང་ཞོར་ལ་ཁྱད་གསོད་འགྲོ་བཞིན་ཡོད། ལྷག་པར་དུ་བོད་དང་ཧི་མ་ལ་ཡའི་སྤྱི་ཚོགས་ནང་དུ་ཆོས་ལུགས་གཞན་ལས་ཀྱང་ཆོས་བརྒྱུད་གཞན་དང་དེ་ཞུགས་རྗེས་འབྲང་ཡོངས་ལ་བསམ་ཤེས་བྱེད་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན་པ་ང་ཚོའི་སེམས་ཁམས་ལས་ཤེས་ཐུབ། འདིའི་ཐད་ལ་སངས་རྒྱས་རྗེས་འཇུག་རྣམས་བསམ་ཤེས་ཆེ་བ་དགོས་ཚོད་ཡིན་ཀྱང་སྐབས་རེ་མི་རིགས་གཞན་དང་ཆོས་མེད་རིང་ལུགས་གཞན་ལས་ཀྱང་ཐབས་སྐྱོ་བ་ཡིན་སྲིད་པ་ཙམ་གྱི་མཚམས་ལས་འཕར་མ་གང་ཡང་མ་མཐོང་། བདག་འདྲ་ཉམས་ལེན་པར་ཁས་ཆེ་ཞིག་གི་ངོས་ནས་ཞུས་ན་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་འོལ་སྤྱི་ཙམ་ལས་སེམས་ཅན་གཞན་ལ་མྱོང་ཚོར་གང་ཡང་མེད། དེ་ཡང་མཐར་གཏུགས་ན་བསམ་ཤེས་མེད་པར་ཐུག་འདུག སྤྱོད་འཇུག་ལས་བདག་གཞན་མཉམ་བརྗེ་ནན་པོ་བྱས་ནས་གསུངས་པ་དེའང་རྩ་བ་བསམ་ཤེས་སྐྱེ་དགོས་པའི་དོན་མིན་ནམ། བསམ་ཤེས་ཀྱིས་སྙིང་རྗེ་དང་། དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་དགོས་པའི་རིམ་པ་འདི་ཐེག་ཆེན་ནང་པ་གཅིག་པའི་སྒེར་ཆོས་མིན་པར་བྱམས་བརྩེ་འདོད་པ་ཀུན་གྱི་སེམས་ཀྱི་འཚོ་བ་གལ་ཆེན་ཞིག་ཡིན་པ་ངོས་འཛིན་ཞུ་ཡི་ཡོད།

 

༢  བདེན་པའི་ཨུ་ཚུགས། 

བདེན་པའི་ཨ་ཚུགས་ནི། སྐབས་འདིར་གང་ཞིག་བདེན་པ་ཡིན་རུང་ཁོར་ཡུག་དང་འབྲེལ་ཡོད་གང་ལའང་མ་ལྟོས་པར་བཤད་རྐྱང་དང་ལས་རྐྱང་བྱེད་པའི་དོན་ལ་གོ་དགོས། བདེན་པ་ར་སྤྲོད་དང་བདེན་པའི་གྲུབ་འབྲས་གང་ཡིན་རུང་གོ་སྐབས་དང་འབྲེལ་ཡོད་ལ་ལྟོས་ཏེ་གསལ་བཤད་དང་ལས་འགུལ་སྤེལ་དགོས། རྒྱབ་མདུན་གང་ལའང་མ་ལྟོས་པར་བདེན་པའི་ང་རྒྱལ་ཁོ་ནས་ལས་འགུལ་སྤེལ་ན་སྐབས་རེ་ཕན་པ་ལས་གནོད་པ་ཆེ་བ་ཡོང་གི་ཡོད། གང་ལགས་ཞུས་ན་དོ་བདག་རང་དང་འདྲ་བའི་རིགས་ལ་མཚོན་ནའང་ཡོན་ཏན་ལས་སྐྱོན་མང་བ་ཡོད་པས་གཞན་ཞིག་གིས་ཐད་ཀར་སྐྱོན་མཚང་ཐོག་ནས་བཏོན་ན་ཁོང་ཁྲོ་སྐྱེ་ངེས་ཅན་ཡིན་པས་བདེན་པའི་ཨུ་ཚུགས་ནི་སེམས་འཁྲུགས་པའི་རྒྱུ་ཡིན། དེ་ལྟར་ན་ངང་རྒྱུད་རིང་བ། གོ་སྐབས་དང་མཐུན་པ། ཐབས་ཇུས་དང་ལྡན་པས་བདེན་པའི་གསལ་བཤད་དང་གྲུབ་འབྲས་ལ་འབད་དགོས།


༣ མ་དག་སྐྱོན་ཅན། 

སྐྱོན་དུ་མཐོང་བ་ལས་ཡར་རྒྱས་ཕྱིན་པའི་འཕེལ་རིམ་དེ་དག་འདིར་གླེང་གིན་མེད། སུ་ཡིན་རུང་ཉིན་གཅིག་ལ་མཐོང་ཐོས་བྱུང་བའི་གནས་ཚུལ་རིགས་བརྒྱ་ནས་ལྔ་བཅུ་ལྷག་སྐྱོན་གྱི་ཕྱོགས་ནས་ལྟ་བ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་ན་སེམས་འཁྲུགས་པའི་གནས་ཚད་མཐོ་བོ་ཡིན་པར་འདོད། དུས་གང་ཞིག་གི་མཚམས་ནས་ངན་གོམས་ཤོར་ན་སྣང་བ་དགྲ་ལངས་ཟེར་བའི་དཔེ་ལྟར་གང་བྱས་མ་འགྲིག་པ། མ་ཚང་བ། མ་མཐུས་པ་སོགས་ཀྱི་སྐྱོན་མང་བའི་འཆར་སྣང་བྱུང་ན་རང་ཉིད་མགུ་བའི་སྣང་བ་དག་པ་རྩ་མེད་དུ་འགྲོ་ཚབས་ཆེ་ན་རང་སྲོག་རང་གི་བཅད་པ་སོགས་བྱེད་བཞིན་ཡོད། དེས་ན་ངུ་བ་ལས་དགད་ན་དགའ་ཟེར་བའི་དཔེ་ལྟར་གང་ཐུབ་ཐུབ་ཀྱིས་བཟང་ཕྱོགས་ནས་དང་། ཡོན་ཏན་གྱི་ཕྱོགས་ནས་དང་། དག་པའི་ཕྱོགས་ནས་ལྟ་དགོས། འདིས་སེམས་ཞི་བར་བྱེད་པའི་རྒྱུ་མཚན་གྱིས་སྔགས་ཀྱི་ཐེག་པའི་གླེང་གཞི་བྱུང་བ་ཡིན། སྔགས་ཀྱི་ཐེག་པར་ལྷ་དང་ཞིང་ཁམས་སྒོམ་པའི་དོན་ཡང་མ་དག་པའི་སྣང་བ་ནུབ་ནས་དག་པའི་སྣང་བ་འབྱམས་སུ་ཀླས་པའི་དོན་དུ་ཡིན། དེ་ཡང་དངོས་ཡོད་འཚོ་བའི་ཁྲོད་དུ་ཆུང་ས་ནས་ཡོན་ཏན་གྱི་ཕྱོགས་ནས་བལྟས་ནས་ཆེ་ས་ནས་ལྷའི་རྣལ་འབྱོར་ལ་སློབ་དགོས། དག་པ་ལྷ་རྣམ་སྒོམ་ཀྱང་རྗེས་ཐོབ་འཚོ་བའི་ཁྲོད་དུ་སྐྱོན་ལས་བསམ་རྒྱུ་མེད་ན་དངོས་གྲུབ་རྣམ་གཉིས་ཕ་རིའི་སྤང་རྒྱན་ཡིན། དེས་ན་འཚོ་བའི་ནང་དུ་ཆུ་འདོད་པའི་མི་ལ་ཆུ་ཕོར་བ་ཕྱེད་ལ་མཚོན་ན་ཕྱེད་གང་བའི་ཆ་ནས་དང་ཡང་ཕྱེད་སྟོང་པ་ཡིན་པའི་ཆ་ནས་བལྟ་བའི་མི་ལ་ཁྱད་ཆེན་པོ་ཡོད་པས་སྣང་བ་དག་པར་སྦྱོང་དགོས། 

 

༤ ངོས་ལེན་མི་ཐུབ་པ། 

ངོས་ལེན་མི་ཐུབ་པའི་སྤྱི་དང་སྒེར་གྱི་གནས་ཚུལ་གཉིས་ཡོད། དང་པོ་ནི། འཛམ་གླིང་འདིར་ཆོས་ལུགས། མི་རིགས། རིག་གཞུང་། ཆབ་སྲིད། མོས་པ། ལངས་ཕྱོགས། འདམ་ག། ཚོར་སྣང་མི་འདྲ་བ་འདི་དག་ཡིན། འདི་དག་ངོས་ལེན་བྱེད་མ་ཐུབ་ན་རྒྱུན་དུ་སེམས་འཁྲུགས་ནས་སྡོད་རྒྱུ་ལས་མེད། གནས་སྟངས་མི་འདྲ་བ་འདི་དག་ལ་རང་ཉིད་དགའ་ས་གཅིག་དང་མི་དགའ་ས་གཉིས། མི་དགའ་ས་ལ་འགྱུར་བ་གཏོང་ཐུབ་པ་དང་མི་ཐུབ་པ་གཉིས། འགྱུར་བ་གཏོང་ཐུབ་པའི་རིགས་ངོས་ལེན་བྱེད་སླ་བ་དང་། མི་ཐུབ་པར་ངོས་ལེན་བྱ་རྒྱུ་དཀའ་ལས་ཡོད། འོན་ཀྱང་གནས་སྟངས་གང་ཞིག་མི་དགའ་བ། འགྱུར་བ་གཏོང་མི་ཐུབ་པའི་སྤྱི་སྒེར་གྱི་གནས་ཚུལ་མི་ཚེའི་ནང་ཡང་ནས་ཡང་དུ་ཡོང་གི་ཡོད་པས་ཉུང་ཉུང་མིན། དེས་ན་མི་སུམ་ཅུ་ལ་བསམ་བློ་སུམ་ཅུ། གཡག་སུམ་ཅུ་ལ་རྭ་ཁ་དྲུག་ཅུ། ཞེས་པའི་གཏམ་དཔེ་ལ་བློ་ཁ་ཕྱོགས་ནས་གཅིག་གྱུར་མིན་པའི་རྣམ་གྲངས་འདི་དག་ལ་སེམས་ཁམས་དང་འབྲེལ་བའི་དགོས་མཁོ་རེ་ཡོད་པ་མཁྱེན་ན་ངོས་ལེན་བྱ་རྒྱུར་དེ་ཙམ་དཀའ་ལས་མེད། གཉིས་པ་སྒེར་གྱི་གནས་ཚུལ་ནི། རང་གི་སྐྱོན་ངོས་ལེན་མི་ནུས་པ་དང་། རང་ལ་འཕྲད་པའི་དཀའ་ངལ་ངོས་ལེན་མི་ནུས་པ་གཉིས་ཡིན། ཕྱི་མ་སེམས་ཁམས་རིག་པའི་ཆ་ནས་བཤད་ན་ཉེན་ཁ་ཆེན་པོར་རྩི་བཞིན་འདུག དེ་ཡང་དཀའ་ངལ་འབྱུང་མི་སྲིད་པ་བྱུང་བ་དང་། རང་ཉིད་གཅིག་པུ་ལ་བྱུང་བ། གཡོལ་ཐབས་མེད་པ་ལྟ་བུའི་བསམ་བློས་དང་ལེན་བྱེད་མ་ནུས་སེམས་ནད་ཀྱི་ཉེན་ཁ་ཆེན་པོ་ཡོད། དེས་ན་དཀའ་ངལ་འཕྲད་ཚེ་སྨན་དང་ཆོ་གའི་རིམ་གྲོ་གྲོགས་སུ་བསྟེན་ན་ཕན་ཐོགས་ལོས་ཡོད། གཙོ་བོ་རང་གི་བསམ་བློའི་ནང་དུ་དཀའ་ངལ་འཕྲད་སྲིད་པ། སུ་ལའང་ཡོང་སྲིད་པ། དེ་ལ་ཐབས་ཡོད་པའི་བསམ་བློས་གནས་སྐབས་ཀྱི་དཀའ་ངལ་ངོས་ལེན་བྱེད་ཐུབ། ངོས་ལེན་ནུས་པ་ཙམ་གྱིས་སེམས་གུ་ཡངས་སུ་ཕྱིན་ནས་དཀའ་ངལ་ལ་གོམས་འདྲིས་བྱ་རྒྱུའི་ཆོད་སེམས། ཐབས་ལམ་འཚོལ་བའི་སྤོབས་པ་སྐྱེ་བ་ཡིན།


༥ འདོད་རྔམས་ཆེ་བ། 

འདོད་རྔམས་ཆེ་བའི་མི་ཕལ་ཆེ་བར་བདེ་སྐྱིད་ལ་ས་མཚམས་ཤིག་ཡོད། ཐོབ་དང་སྙན་པ་རྒྱུ་སོགས་ཚད་འདི་ཙམ་ཞིག་བྱུང་ན་བསམ་པ་འདི་ཡིན། ཚད་འདི་རང་ལ་ཡོད་པ་ལས་གསུམ་འགྱུར་གྱི་མང་བ་དང་མཐོ་བ་དང་རིང་བ་ཡིན། རང་ལ་ཡོད་པ་དང་འདོད་པ་གཉིས་ཀྱི་མཚམས་སུ་བར་ཐག་རིང་པོ་ཡོད་པའི་རིང་ལ་ཡོད་པ། མཐུས་པ། ཚང་བ། འགྲིག་པའི་ཚོར་སྣང་མེད་པས་སེམས་འཁྲུགས་ཀྱི་ཡོད། བར་མཚམས་འདི་གཉིས་ཐག་ཉེ་རུ་གཏོང་བའི་ཐབས་ལ་སངས་རྒྱས་ཀྱིས་འདོད་པ་ཆུང་བ་དང་ཆོག་ཤེས་པའི་ཉམས་ལེན་གྱི་རིམ་པ་གསུངས་མོད། འདིར་གོ་བདེ་བའི་ཚིག་ཅིག་བེད་སྤྱོད་གཏོང་འདོད་པ་ནི། དགོས་ངེས་གཏན་ཡིན་པ། ཞེས་པ་འདི་ཡིན། དེ་ཡང་ལས་འགན། ཤེས་ཡོན། གོ་གནས། མ་རྩ་དང་རན་པའི་དགོས་ངེས་གཏན་དགོས། ཚོང་ཁང་དུ་འགྲོ་བའི་སྐབས་ལྟ་བུར་འདོད་རྔམས་ཀྱི་དབང་དུ་སོང་ནས་དེ་མ་ཐག་དངུལ་འདང་མིན་མི་ལྟ་བར་རང་གི་རང་ལ་དགོས་ངེས་ཡིན་མིན་འདྲི་དགོས། དངོས་ཡོད་འཚོ་བའི་ནང་དུ་ཉོ་མ་ཐུབ་ནས་ལུས་པ་དང་། ཉོ་མ་ཐུབ་ཀྱང་དགོས་ངེས་མིན་པར་མཐོང་ནས་བློས་བཏང་བའི་སེམས་ཚོར་ལ་ཁྱད་པར་ཆེན་པོ་ཡོད། མདོར་ན་དགོས་ངེས་ཀྱི་ཆ་རྐྱེན་དགོས་ཀྱང་འདོད་རྔམས་ཀྱི་རྒྱས་སྤྲོས་མི་དགོས།

 

༦ བློ་ཁོག་ཆུང་བ། 

ང་ཚོའི་སྤྱི་ཚོགས་ནང་དུ་ཁོ་དང་མོ་ལ་བློ་ཁོག་ཡོད། གང་ཡིན་ཟེར་ན་སྐྱོན་ཐད་ཀར་བརྗོད་ནུས་ཟེར། བསམ་བློ་ཞིབ་ཏུ་གཏང་ན་བློ་ཁོག་ཆེ་རྒྱུ་གང་ཡང་མི་འདུག གཞན་གྱི་ཡོན་ཏན་མི་བཟོད་པ་ནི་གུ་ཡངས་དང་བཟོད་བསྲན་བློའི་ཁོག་པ་ཆེ་བའི་སེམས་ཁམས་དང་དངོས་སུ་འགལ་བ་ཡིན། དེ་ལྟར་ན་བློ་ཁོག་ངོ་མ་ནི་གཞན་གྱི་ཡོན་ཏན་བརྗོད་རྒྱུ་དེ་རེད་འདུག གཞན་གྱི་སྐྱོན་དང་ཡོན་ཏན་བརྗོད་པ་གཉིས་བསྡུར་ན་གཞན་གྱི་སྐྱོན་བརྗོད་ལྡབ་འགྱུར་གྱིས་སླ་བ་ཡོད། རང་ཉིད་ལ་མཚོན་ནའང་གཞན་གྱི་ཡོན་ཏན་ཐོས་ཚེ་ཕྲག་དོག་གི་དབང་གིས་ཡིན་ནའང་ཟེར་བཞིན་གཞན་གྱི་སྐྱོན་དངོས་ཤུགས་བརྒྱུད་ནས་བརྗོད་ཀྱི་ཡོད་ལ་བཟོད་བསྲན་དང་གུ་ཡངས་པའི་བློ་ཁོག་གི་མྱོང་ཚོར་ཡོང་གི་མེད། དེ་བཞིན་ང་ཚོས་བློ་ཁོག་ཆེན་པོར་རྩི་བའི་མི་རྣམས་ཀྱིས་ཞལ་ནས། སུ་གཅིག་ལ་ཧ་མི་ལས།བརྩི་མི་དགོས། གུས་མི་དགོས། ཉན་མི་དགོས་ཞེས་གསུང་གི་ཡོད།  གསུང་སྟངས་ལ་བརྟགས་ན་ཁོང་རྣམ་པར་གཞན་གྱི་ཕུན་ཚོགས་བཟོད་པའི་བློ་རྒྱ་མེད་པ་གསལ་པོ་རེད། བློ་རྒྱ་དང་བཟོད་བསྲན་མེད་པ་ཞིག་ལ་བློ་ཁོག་ཆེན་པོ་རྩི་བའི་སྲོལ་རྒྱུན་ངན་པ་འདི་དེང་སང་ཡར་ཐོན་གྱི་རྒྱལ་ཁབ་ཁག་གི་ནང་དུ་དར་ཡོད་ན་གང་འདྲ་ཞིག་ཡོད་ན། གནམ་ཐང་། མེ་འཁོར་དང་རླངས་འཁོར་འབབ་ཚུགས། ཁྲོམ་ཚོགས་རྣམས་སུ་དགོངས་དག་དང་ཐུགས་རྗེ་ཆེ་ཞེས་པའི་ཚིག་སྙན་པོ་འདི་དག་གི་ཚབ་ཏུ་མིག་ཞར་རམ། ཤོང་གིན་མི་འདུག་གམ། གོ་མ་བྱུང་ཟེར་བའི་སེམས་འཁྲུགས་པའི་འུར་སྒྲ་དིར་རེ་ཡོད་ཚོད་རེད། དེས་ན་གཞན་གྱི་ཡོན་ཏན་ཐོས་ཚེ་སྐབས་རེ་ཨ་ཤུགས་དང་། སྐབས་རེ་དག་སྣང་དང་། སྐབས་རེ་ཡོན་ཏན་ལ་དྲང་པོས་ཐོག་ནས་ཡིན་ནའང་ཟེར་བའི་ཚབ་ཏུ་རེད། རེད། དེ་རང་རེད། ངོ་མ་རེད། ཅེས་ཡོན་ཏན་བརྗོད་ན་ཡི་རངས་རིམ་གྱིས་འཕེལ་ནས་སེམས་བདེ་མྱོང་ངེས་ཡིན་ནོ།།

གསུམ་པ་ཕྲ་རྒྱས་སྤང་བ་མ་ཡིན་པ། 

ཕྲ་རྒྱས་སྤང་བ་མ་ཡིན་པ་ཞེས་པ་གཙོ་ཆེ་བའི་དབང་དུ་བྱས་ནས་གསུངས་པ་ཡིན། སྤྱིར་བཏང་གི་ཆ་ནས་ཉོན་མོངས་མ་སྤང་བར་སྐྱེ་བའི་སྟོབས་ཙམ་མིན་པར་ལུས་ཕུང་གི་རིགས་རྒྱུན་དང་། ལུས་ཕུང་གི་གྲུབ་ཆ། དེར་བརྟེན་པའི་གོམས་གཤིས། ནད་རིགས་སོགས་ནས་སེམས་ཁམས་འཁྲུགས་པ་ཡོང་གིན་ཡོད། དེ་དག་གི་ཐབས་ལམ་གྱི་རིམ་པའང་སྣ་ཚོགས་ཡོད་སྐད་ཐོས། འོན་ཀྱང་གཙོ་བོ་ནི་བདག་མེད་རྟོགས་པའི་ཤེས་རབ་དང་འགལ་བའི་ཉོན་མོངས་པ་འདི་དག་སེམས་འཁྲུགས་པའི་རྒྱུ་རྐྱེན་ཡིན་པ་སྟེ། སྤྱོད་འཇུག་ལས། 


ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡོད་མིན་ལ། །

དཔའ་མཛངས་མིན་ཡང་ཅི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས། །

 

བདག་གི་སེམས་ལ་གནས་བཞིན་དུ། །དགའ་མགུར་བདག་ལ་གནོད་བྱེད་པ། ། 

དེ་ལ་མི་ཁྲོ་བཟོད་པ་ནི། །གནས་མིན་བཟོད་པ་སྨད་པའི་གནས། ། 

 

གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང༌། ། 

དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། ། 

 

ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་འཕྲད་ན་རི་རབ་ཀྱང༌། ། 

ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། ། 

 

བདག་གི་ཉོན་མོངས་དགྲ་བོ་གང༌། །དུས་རིང་ཐོག་མཐའ་མེད་པ་ལྟར། །

དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ། ། 

 

མཐུན་པར་རིམ་གྲོ་བསྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་ན། །

                                               ཉོན་མོངས་རྣམས་ནི་བསྟེན་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། །
ཅེས་གསུངས་པ་ལྟར་རོ།།


- སྨན་རྩིས་ཁང་ནས་འདི་ལོ་དཔར་བསྐྲུན་ཞུས་པའི་དེབ་ <<ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པའི་གསུང་བཤད་ཕྱོགས་སྒྲིག་>> ཅེས་པ་ནས་ཟུར་འདོན་ཞུས།






མཐའ་མའི་འདོན་ཐེངས་།: 07.04.2018 ཉིན། 4:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།