སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

སུམ་པ་ཡེ་ཤེས་དཔལ་འབྱོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.08.2017
གསོ་རིག་མཁས་དབང་རིམ་བྱོན། >>


སུམ་པ་ཡེ་ཤེས་དཔལ་འབྱོར།


- བྱམས་པ་འཕྲིན་ལས།
 

            སུམ་པ་ཡེ་ཤེས་དཔལ་འབྱོར་ཞེས་པ་ནི། རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ (སྤྱི་ལོ་1704) ལོར་མཚོ་སྔོན་གཡས་རུའི་ཐོ་ལི་ཞེས་པར་ཡབ་ཨོས་རོད་པ་རྡོ་རྗེ་བཀྲ་ཤིས་དང་། ཡུམ་ཇུན་གར་བ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་དགོན་ལུང་དུ་(1)ཐོས་བསམ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་བཞེས་པ་ཆུ་ཡོས་ (སྤྱི་ལོ་1723) ལོར་དབུས་སུ་གསན་སྦྱོང་མཛད་ནས་གཞུང་རབ་འབྱམས་ལ་མཁས་པར་གྱུར་ཅིང་། གསོ་རིག་སོགས་རིག་གནས་ཀུན་ལ་མཁས་པ་ཕུལ་བྱུང་གི་སྦྱངས་པ་གནང་། འབྲས་ཡུལ་སྐྱེད་ཚལ་གྱི་མཁན་པོར་བཞུགས། ཕྱིས་སུ་ལྕགས་ཕག་ (སྤྱི་ལོ་1731) ལོ་ལ་དགོན་ལུང་དུ་ཕྱིར་ཕེབས། མེ་སྦྲུལ་ (སྤྱི་ལོ་1734) ལོར་གོང་མ་ཆན་ལུང་རྒྱལ་པོས་པེ་ཅིང་དུ་གདན་དྲངས།  ཆུ་སྤྲེལ་ (སྤྱི་ལོ་1752) ལོར་ཇག་རུང་སྨད་ཀྱི་སྟག་ལུང་དགོན་གྱི་ཨ་སྐེ་སྨན་རམས་པ་ཉི་མ་རྒྱལ་མཚན་ཞེས་པ་སྔར་རྒྱལ་དབང་ལྔ་པའི་བླ་སྨན་ཕུག་པོ་ཆེའི་སློབ་མ་དེ་ནི་བར་སྐབས་དེར་མདོ་སྨད་བྱང་ཕྱོགས་ཀྱི་སྨན་པ་གྲགས་ཅན་གཅིག་པུ་ཡིན་པས། ཁོང་གིས་སྨན་རམས་པ་ཆེན་པོའི་དྲུང་ནས་གསོ་རིག་རྒྱུད་བཞིའི་ལུང་ཁྲིད་དང་། སྔོའི་ངོས་འཛིན་བཅས་ཞིབ་རྒྱས་གསན།
 

            ཕྱིས་སུ་སུམ་པ་མཁན་པོས་གཅིག་ཏུ་སྨན་གྱི་དགེ་རྒན་རིན་པོ་ཆེའི་གསོ་དཔྱད་ཀྱི་ལག་ལེན་ཡང་དག་ཟབ་རྒྱས་ཁྱད་པར་ཅན་རྣམས་མི་ཉམས་ཡོང་ཆེད་དང་། གཉིས་སུ་མན་ངག་རིན་ཆེན་ལྟ་བུ་རྙེད་པ་བརྗེད་ངས་ཀྱི་རྐུན་པོས་ཁྱེར་སྲིད་དགོངས་ནས། དཔེ་མཁྱུད་གབ་སྦས་མེད་པར་ནག་འགྲོས་ཚུལ་དུ་སྨན་གཞུང་མ་བུ་གསུམ་དང་། གཞན་དག་ཀྱང་ཡི་གེར་བཀོད་ཅེས་གསུངས། དེ་རྗེས་ས་ཕག་ (སྤྱི་ལོ་1779) ལོར་པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་ནས་སུམ་པ་ཡེ་ཤེས་དཔལ་འབྱོར་ལ་ཨེར་ཏི་ནི་ཤྲི་ཀོ་ཐུ་པཎྜིཏ་ཞེས་པའི་ཆོ་ལོ་གནང་། དམ་པ་དེའི་སྨན་གྱི་སློབ་རྒྱུན་མཐའ་ཡས་པ་བྱུང་ཞིང་། དགོན་ལུང་དུ་ལོ་མང་བཞུགས་རིང་སྨན་གྱི་སློབ་མ་མང་པོ་འདུས་ཡོད། དཔེར་ན། ཁོང་གི་སྐུ་ཚེའི་སྨད་དགུང་ལོ་བགྲེས་པོའི་དུས་སུ་ཆུ་སྟག་ (སྤྱི་ལོ་1782) ལོར་དགོན་ལུང་དུ་སྒྲ་སྙན་ངག་སྡེབ་སྦྱོར་སློབ་མཁན་མི་གྲངས་བཞི་བཅུ་དང་། གསོ་རིག་སྦྱོང་མི་སུམ་ཅུ། སྐར་རྩིས་སྦྱོང་མི་སུམ་ཅུ་བྱུང་ཞེས་རང་ཉིད་ཀྱི་རྣམ་ཐར་ནང་བཀོད་པ་ལྟར་ཡིན།
 

            སུམ་པ་པཎྜིཏའི་སྨན་རྒྱུན་དགོན་ལུང་དུ་དར་ཧན་སྨན་རམས་པ་དཀོན་ཅོག་དགེ་ལེགས་བསམ་འགྲུབ། ཁོང་གི་དྲུང་འདོ་བ་ནང་སོ་ཨེམ་ཆི་དཔོན། མན་ངག་ལྷན་ཐབས་ཀྱི་མཆན་རྩོམ་པ་པོ་ཆོས་རྒྱལ་བློ་བཟང་དབང་རྒྱལ་སོགས་དང་། ད་ལྟའི་ཏ་ཐུང་ཤན་དུ་གྲགས་པར་ཟངས་སྐོར་དགོན་དུ་བཟང་སྐོར་ཚང་། ཡང་སྟོང་ཀྱ་མཁན་པོ་ཚང་། ཕྱིས་ཀྱི་བརྒྱུད་པ་ལོ་རེ་རྫོང་དུ་མ་ཡང་སྨན་པའི་བརྒྱུད་ཀྱི་སྨན་པ་བར་མ་ཆད་པ་བྱུང་བ་ཡིན་ལ། སྨན་བརྒྱུད་འདི་བར་རྩ་བལྟ་བའི་སློབ་གཞིའི་ཐང་ཀ་དྲུག་ཡོད་པ་ནི་ཕྱོགས་ཀྱི་སྨན་པ་རྣམས་ཀྱིས་དཔེ་བཤུས་བྱས་པ་དང་། ཚད་པར་བྱེད་པའི་དཔེ་རིས་ངོ་མཚར་བ་ཞིག་ཀྱང་ཡིན། མ་ཡང་སྨན་བརྒྱུད་རྗེས་མ་ད་ལྟའི་བློ་གསལ་གྱི་བར་བརྒྱུད་མ་ཆད་པར་བྱུང་ཞིང་། དེ་དང་མཚུངས་པར་ཁོང་གི་སློབ་རྒྱུན་ནང་སོག་མཁར་སྔོན་པོར་ཡང་འཕེལ་ཡོད། ལྕགས་སྟག་ (སྤྱི་ལོ་1770) ལོར་སུམ་པ་ཡེ་ཤེས་དཔལ་འབྱོར་བདེ་ལྡན་དགོན་དུ་ཕེབས་དུས། སྒྲ་དང་། བཟོ། གསོབ། སྙན་ངག སྡེབ་སྦྱོར། རྩིས་སོགས་སློབ་འཁྲིད་མཛད་པ་རྣམ་ཐར་ནང་གསལ་བ་ལྟར་ཆ་གར་མུར་གུ་ཆེ་དགོན་པའི་སྨན་རམས་པ་ཆོས་རྗེ་དགེ་ལེགས་སོགས་ཀྱང་ཁོང་གི་སློབ་མ་ཡིན། ཡང་རྣམ་ཐར་དུ་ཆུ་སྤྲེལ་ (སྤྱི་ལོ་1752) ལོར་ལྷ་བཙུན་ཆོས་རྗེ་བློ་བཟང་བསྟན་འཛིན་གྱིས་གདན་དྲངས་ནས་ཆུ་བྱ་ལོར་དེ་གའི་དགོན་སྡེ་རྣམས་སུ་མཚན་ཉིད་དང་། བསྡུས་གྲྭ། སྒྲ། གསོ་བ། སྙན་ངག སྡེབ་སྦྱོར། རྩིས་སོགས་ཟབ་འཁྲིད་གནང་བའི་སྐོར་གསུངས་ཡོད་པ་བཅས་མདོར་ན་སུམ་པ་མཁན་པོ་ནི་རིག་གནས་ཀུན་ལ་ཕྱག་རྗེས་ཆེ་བ་དང་། ཁྱད་པར་གསོ་རིག་གི་ཐད་ནས་བཤད་ན་བྱང་ཕྱོགས་ཀྱི་ཡུལ་གྲུ་ཀུན་དུ་དར་བར་མཛད་པས་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སོག་ཡུལ་སོགས་ལ་ཁོང་གི་མཚན་སྙན་ཤིན་ཏུ་ཆེ་བ་དང་། དད་གུས་བྱེད་མཁན་སྐྱེ་བོ་མང་པོ་ཡོད་དོ།།
 

མཆན་བུ།

(1) དགོན་ལུང་བྱམས་པ་གླིང་ནི་རབ་བྱུང་བཅུ་པའི་ཤིང་འབྲུག་ (སྤྱི་ལོ་1604) ལོར་ནག་ཟླའི་ཚེས་བདུན་ལ་རྒྱལ་སྲས་དོན་ཡོད་རྒྱ་མཚོས་ཕྱག་འདེབས་མཛད་ཅིང་། དེ་དང་མཉམ་དུ་རྒྱལ་སྲས་རི་ཁྲོད་ཅེས་པའང་གསར་འཛུགས་གནང་བ་འདི་ནི་སྨན་ཆོག་གྲྭ་ཚང་དུ་ཚུགས་པ་ཡིན། གྲྭ་ཚང་འདི་ལ་གྲྭ་པ་ཉུང་བའི་སྟབས་ཀྱིས་སྨན་གྱི་ལག་ལེན་བྱེད་བདེ་བས་ན་གྲྭ་ཚང་འདིའི་གྲྭ་པ་ཁ་ཤས་དང་། ཚོགས་ཆེན་བཅས་ཀྱི་གྲྭ་པ་དུ་མ་ནས་སྨན་སློབ་པའི་ཕྱག་རྒྱུན་ཡོད་ལ། གྲགས་ཆེ་བའི་སྨན་པའང་མང་པོ་ཐོན། དཔེར་ན་སུམ་པ་ཡེ་ཤེས་དཔལ་འབྱོར་ལྟ་བུ་དགོན་ལུང་བྱམས་པ་གླིང་དང་། རྒྱལ་སྲས་རི་ཁྲོད་ཀྱི་སྨན་ཆོག་གྲྭ་ཚང་ནས་ཐོན་པའི་སྨན་པ་མཁས་ཆེན་བྱུང་པ་ལྟ་བུ་ཡིན་ནོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།


 

མཐའ་མའི་འདོན་ཐེངས་།: 21.08.2017 ཉིན། 2:58 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།