སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

ས་བཅད་གཉིས་པ། སྡེ་ཚན་དང་པོ། རིན་པོ་ཆེའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 

 

ས་བཅད་གཉིས་པ། གཞུང་གི་དོན་བྱེ་བྲག་ཏུ་བཤད་པར།

སྡེ་ཚན་དང་པོ། རིན་པོ་ཆེའི་སྨན་སྡེ་བཤད་པ།

 

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་བྱེ་བྲག་ཏུ་བཤད་པ་ནི། སྡེ་ཚན་བཅུ་གསུམ་པོ་མ་འདྲེས་པར་རིམ་པས་བཤད་པའི་དང་པོ་རིན་པོ་ཆེ་ལ་སྤྱི་དང་བྱེ་བྲག་གཉིས་ཡིན་ཏེ།

 

སྡེ་ཚན་དང་པོ། རིན་པོ་ཆེའི་སྨན་སྡེ་བཤད་པ།

དང་པོ། སྤྱིར་རིན་པོ་ཆེ་བཤད་པ།

གཅིག སྤྱིར་རིན་པོ་ཆེའི་རྣམ་པར་དབྱེ་བ། དང་པོ་སྤྱིར་རིན་པོ་ཆེའི་རྣམ་པར་དབྱེ་བ་མདོ་ཙམ་བཤད་པ་ལ། དབྱེ་བ་དང་ཡོན་ཏན་གཉིས་ཏེ།

དང་པོ་ནི། རིན་ཆེན་སྣ་ལྔ་དང༌། བདུན་ཞེས་དབྱེ་ཚུལ་མང་བ་ནི། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པ་པདྨ་དཀར་པོ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། རྡོ་རྗེའི་རིགས་ཀྱི་རིན་པོ་ཆེའི་རིགས་བཞི་དང༌། རིན་པོ་ཆེ་མཆོག་ལྔ་དང༌། འབྲིང་པོ་ལྔ་དང༌། ཐ་མ་ལྔ་སྟེ་བཅུ་དགུར་བཤད་དེ། རྡོ་རྗེའི་རིགས། བྲམ་ཟེ་དང༌། རྒྱལ་པོ་དང༌། རྗེ་རིགས་དང༌། དམངས་རིགས་ལས་སྐྱེས་པའི་རྡོ་རྗེ་རིན་པོ་ཆེ་རྣམས་སོ། །མཆོག་ལྔ་ནི། ཨིནྡྲ་ནྰི་ལ་དང༌། པདྨ་རཱ་ག་དང༌། ཟླ་བ་ཆུ་ཤེལ་དང༌། ཀརྐེ་ཏ་དང༌། མར་ག་ཏའོ། །འབྲིང་པོ་ལྔ་ནི། གསེར་དང༌། དངུལ་དང༌། ཟངས་དང༌། ལྕགས་རྣོན་པོ་དང༌། ཁབ་ལེན་རྣམས་སོ། །ཐ་མ་ལྔ་ནི། ཤེལ་དང༌། རྫི་ཝ་ཛཱ་ཏི་དང༌། ཌཽ་ཧི་རི་དང༌། མཆིང་བུ་དང༌། ནོར་བུ་ལྗང་གུ་རྣམས་ཏེ། དེ་ལྟར་རིགས་དེ་རྣམས་གཙོ་བོར་གསུངས་སོ། །ཡང་སློབ་དཔོན་ཆེན་པོ་སཱུརྱ་ཙནྡྲས། རིན་ཆེན་མཆོག་ལྔ་དང་ཕལ་པ་ལྔ་སྟེ་རིགས་བཅུ་གཙོ་བོར་བཤད་པས། མཆོག་ལྔ་ནི། དེ་ཉིད་ཀྱི་ས། ཟླ་འོད་ཨིནྡྲ་ནྰི་ལ་དང༌། །པུ་ཤ་རཱ་ག་དམར་ནོར་བུ། །མརྒད་མཆོག་སྟེ་དེ་རྣམས་ཀྱི་ས། །ཕྱི་མ་རེ་རེ་རྡུལ་ཚན་མཆོག །ཅེས་གསུངས་པས་དེའི་ཟླ་འོད་ནི། ཆུ་ཤེལ་དང༌། ཨིནྡྲ་ནྰི་ལ་ནི་དབང་སྔོན། པུ་ཤ་ནི་རིན་པོ་ཆེ་སྤུག་ཡིན། རཱ་ག་དམར་པོ་ནི་པདྨ་རཱ་ག ནོར་བུ་མརྒད་ནི་ལྗང་སྔོན་ནོ། །ཕལ་པ་ལྔ་ནི། གསེར་དང་དངུལ་དང་མུ་ཏིག་དང༌། རྒྱལ་པོ་འཁྱིལ་བ་བྱུ་རུ་རྣམས། །འདི་དག་རིན་ཆེན་ལྔ་རུ་བཤད། །ཅེས་གསུངས་སོ། །རྒྱལ་པོ་འཁྱིལ་བ་ནི་གཡས་འཁྱིལ་ལམ། འགའ་ཞིག་ནི་རྒྱལ་པོ་འཁྱིལ་བའི་སྐད་དོད་དུ་ནོར་བུ་རིན་པོ་ཆེ་བཤད་པའང་ཡོད་གསུངས་སོ། །ཡང་སློབ་དཔོན་པདྨས། ཤེལ་དང་དངུལ་དང་མུ་ཏིག་བྱུ་རུ་དང༌། །ཞེས་གསུངས་ལ། རིན་ཆེན་འབར་བ་ལས། གསེར་དངུལ་མུ་ཏིག་བྱུ་རུ་དང༌། །ནོར་བུ་རིན་ཆེན་རིན་ཆེན་ལྔ། །ཞེས་འབྱུང་ངོ༌། སློབ་དཔོན་ཉིན་འབྱུང་ཟླ་བས། གསེར་དང༌། དངུལ་དང༌། ཟངས་དང༌། མུ་ཏིག་དང༌། བྱུ་རུ་དང་ལྔར། རིན་ཆེན་སྣ་ལྔ་གསུངས་སོ། །ཡང་སློབ་དཔོན་ཤཱནྟི་པས། བཞི་བརྒྱ་ལྔ་བཅུ་བའི་འགྲེལ་པར། རིན་པོ་ཆེ་ལྔ་ནི། མུ་ཏིག་དང༌། གསེར་དང༌། དངུལ་དང༌། བྱུ་རུ་དང༌། མུ་མེན་ནོ་ཞེས་བཤད་ལ། སློབ་དཔོན་དགའ་བའི་རྡོ་རྗེའི་གསང་བ་འདུས་པའི་དབང་གི་རབ་ཏུ་བྱེད་པར་ཡང་དེ་དང་མཐུན་པར་བཤད་དོ། །ཡང་འདུལ་བ་རྣམ་འབྱེད་ཀྱི་འགྲེལ་པ་ལས། རིན་པོ་ཆེ་རིགས་ལྔ་བཤད་པ་ནི། བཻ་ཌཱུརྱ་དང༌། མེ་ཤེལ་དཀར་པོ་དང༌། རྡོའི་སྙིང་པོ་དང༌། སྤུག་དང༌། རིན་པོ་ཆེ་དམར་པོ་རྣམས་སོ། །ཞེས་གསུངས་ཏེ། དེ་ལྔའི་ངོ་བོ་ཡང༌། བཻ་ཌཱུརྱ་ནི་རི་བོ་བཻ་ཌཱུར་ར་ལས་བྱུང་བས་ན་བཻ་ཌཱུརྱ་ཞེས་བྱ་སྟེ། དེ་ནི་བོད་སྐད་དུ་ཤིན་ཏུ་དྭངས་པ་ཞེས་པས་ཤས་ཆེ་སྔོན་པོའོ། །མེ་ཤེལ་དཀར་པོ་ནི། ཤངྐ་ཤི་ལ་ཞེས་བྱ་སྟེ། དེ་ནི་དུང་གི་རྣམ་པ་ལྟར་མཆོག་ཏུ་དཀར་བ་དང༌། རྡོའི་སྙིང་པོ་ནི་མརྒད་དོ། །སྤུག་ནི་རིན་པོ་ཆེ་ཁྲ་བོའོ།། དམར་པོ་ནི་པདྨ་རཱ་ག་ལ་བྱའོ། །ཞེས་པ|པཎྜི་ཏ་ཚུལ་ཁྲིམས་བསྐྱངས་ཀྱིས་གསུངས་སོ། །ཡང་སངས་རྒྱས་ཀྱི་ཡོངས་སུ་དག་པའི་བསྔགས་པ་བརྗོད་པའི་མདོ་ལས། རིན་པོ་ཆེ་སྣ་བདུན་བརྗོད་པ་ནི། གསེར་དང༌། དངུལ་དང༌། བཻ་ཌཱུརྱ་དང༌། སྤུག་དང༌། མུ་ཏིག་དམར་པོ་དང༌། རྡོའི་སྙིང་པོ་དང༌། ཀེ་ཀེ་རུ་རྣམས་སོ། །ཞེས་གསུངས། ཀེ་ཀེ་རུ་དང་ཀརྐེ་ཏ་ནི་དོན་གཅིག་པར་བཤད། ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འབུམ་གྱི་འགྲེལ་པ་ལས་ཀྱང་དེ་དང་མཐུན་པར་གསུངས་སོ། །ཡང་སློབ་དཔོན་ཡང་དག་བདེན་གྱིས། གསེར་ནི་རིན་པོ་ཆེ་ཁ་དོག་སེར་པོའོ། །དངུལ་ནི་རིན་པོ་ཆེ་ཁ་དོག་དཀར་པོའོ། །བཻ་ཌཱུརྱ་ནི་རིན་པོ་ཆེ་ཁ་དོག་སྔོན་པོའོ། །སྦུག་ནི་རིན་པོ་ཆེ་ཁ་དོག་ལྗང་སེར་ཅན་ནོ། །མུ་ཏིག་དམར་པོ་ནི་སྲོག་ཆགས་དམར་པོ་ལས་བྱུང་ལ་ངོ་བོ་ཉིད་ཀྱང་དམར་པོའོ། །རྡོའི་སྙིང་པོ་ནི་རིན་པོ་ཆེ་ཁ་དོག་དམར་པོའོ། །ཀེ་ཀེ་རུ་ནི་རིན་པོ་ཆེ་ཁ་དོག་ལྗང་སེར་ཅན་ཅན་ནོ། །ཞེས་བཞེད་ལ། སློབ་དཔོན་བཙུན་པ་ངོ་བོ་ཉིད་མེད་པ་ན་རེ། རྡོའི་སྙིང་པོ་ནི་ཨནྡ་རྙིལ་དང་མཐོན་ཀ་ཆེན་པོ་རྣམས་ཀྱང་ཡིན་ལ། དེ་ཡང་ཨནྡ་རྙིལ་ནི་ལྷའི་དབང་པོའི་རིན་པོ་ཆེ་ཁ་དོག་སྔོན་པོའོ། མཐོན་ཀ་ཆེན་པོ་ནི་ལྷའི་དབང་པོའི་རིན་པོ་ཆེ་ཁ་དོག་སྔོན་པོ་མཆོག་ཏུ་གྱུར་པའོ། །ཞེས་གསུངས། ཨནྡ་རྙིལ་ཞེས་པ་ཟུར་ཆག་པ་ཡིན་ལ། ཨིནྡྲ་ནྰི་ལ་ཡིན་པ་མ་དག་པའི་ཡི་གེ་ཡིན་པར་བརྡ་སྤྲོད་དག་ལས་བཤད་དོ། །དོན་ལ་བོད་སྐད་དུ་དབང་སྔོན་ཞེས་པ་ཡིན་ནོ།།

 

གཉིས་པ་ཡོན་ཏན་བཤད་པ་ནི། ནོར་བུ་རིན་པོ་ཆེ་རིགས་གསུམ་གྱི་ནུས་པ་བཤད་པ་སྟེ། དེ་ཡང་གསུམ་གང་ཞེ་ན། ལྷའི་ནོར་བུ་དང༌། མིའི་ནོར་བུ་དང༌། བྱང་ཆུབ་སེམས་དཔའི་ནོར་བུའོ། །དེ་གསུམ་གྱི་མཆོག་ནི་བྱང་ཆུབ་སེམས་དཔའི་ནོར་བུ་སྟེ། བྱང་སེམས་ལོངས་སྤྱོད་རྫོགས་པ་རྣམས་ཀྱི་སྐུའི་རྒྱན་དང༌། སྐུ་གཉིས་ཀྱི་ཞིང་ཁམས་གཞལ་མེད་ཁང་གི་རྒྱན་དུ་བཞུགས་པའོ། །འབྲིང་པོ་ནི་ལྷའི་ནོར་བུ་སྟེ། ལྷ་དབང་བརྒྱ་བྱིན་ལ་ཡོད་པའི་རིན་ཆེན་སཱ་རཱ་ཛི་ཏི་དང༌། ལྷ་མ་ཡིན་གྱི་དབང་པོ་ཁྱབ་འཇུག་ལ་ཡོད་པའི་རིན་པོ་ཆེ་ཛམྦུ་ཀ་དང༌། ཀླུའི་རྒྱལ་པོ་རྣམས་ཀྱི་གཙུག་ནོར་བཻ་ཌཱུརྱ་སྔོན་པོ་རྣམས་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་འབྱོན་པ་དང་ལྷན་ཅིག་ཏུ་ནོར་བུ་རིན་པོ་ཆེ་རེ་རེ་འབྱུང་བ་རྣམས་ནི་ལྷའི་ནོར་བུ་སྟེ། དེ་དག་ཕལ་ཆེ་བ་ནི། བཻ་ཌཱུརྱའི་རིགས་སུ་གཏོགས་པར་བཤད་ཀྱང་དེང་སང་སྙིགས་དུས་འདིར་མིས་རྙེད་པར་དཀའ་བས་བརྗོད་པར་མ་དམིགས་སོ། །མིའི་རིན་པོ་ཆེ་ལ་མཆོག་དམན་གཉིས་ཡོད་པའི་དམན་པ་ནི་རྙེད་པར་འགྱུར་ལ། མཆོག་ཀྱང་དཀོན་པ་ལས་སྲིད་མཐའ་མ་བཀག་པ་ཙམ་འབྱུང་བའོ། །མིའི་རིན་པོ་ཆེའི་ཡོན་ཏན་ཡང༌། སློབ་དཔོན་ནཱ་གཱ་རྫུ་ནས། རིན་ཆེན་རིགས་གསུམ་གྱི་དམན་པ་མིའི་ནོར་བུ་མཐུ་ཆུང་བ་སྟེ། དེ་ཡང་ཡོངས་སུ་དག་པའི་ཁ་དོག་དང་ལྡན་པས་ཀྱང༌། དུག་དང༌། གདོན་དང༌། མུན་པ་དང༌། སྐྲངས་པ་དང༌། ཚ་བ་ལ་སོགས་པའི་སྡུག་བསྔལ་སེལ་བར་བྱེད་པས་ན་ཡོན་ཏན་གྱི་ཁྱད་པར་བདུན་དང་ལྡན་ལ། ལྷའི་ནོར་བུ་རིན་པོ་ཆེ་ལ་ཡོན་ཏན་སྔ་མ་དེ་བདུན་གྱི་སྟེང་དུ། རྟག་པར་ལྷའི་ལུས་ཀྱི་རྗེས་སུ་འབྲང་བ་དང༌། ཡང་དག་པ་དང༌། སྨྲ་བར་རུང་བ་དང༌། ཡང་ཞིང་མི་ལྕི་བ་སྟེ་ཡོན་ཏན་བཅུ་གཅིག་དང་ལྡན་ཞིང༌། བྱང་ཆུབ་སེམས་དཔའི་ནོར་བུ་རིན་པོ་ཆེ་ནི། སྔ་མའི་ཡོན་ཏན་བཅུ་གཅིག་གི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བརྟག་པ་དང༌། སྐྱེ་བའི་མཐའ་ཤེས་པ་དང༌། ཆོས་ཀྱི་སྒྲ་སྐད་སྣ་ཚོགས་པ་འབྱུང་བ་སྟེ་ཡོན་ཏན་གྱི་ཁྱད་པར་བཅུ་བཞི་དང་ལྡན་པའོ། །ཞེས་གསུངས་པ་དང༌། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། རིན་ཆེན་བརྟག་པའི་བསྟན་བཅོས་གང༌། །རྟོགས་པ་མཁས་པ་རྡོ་རྗེ་འཆང༌། །ཚེ་ཡི་ནོར་བུ་འཆང་བ་རུང༌། །ཡིད་བཞིན་སྣ་ཚོགས་ནོར་བུ་འཆང༌། །ཨིནྡྲ་ནྰི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང༌། །འཆང་བར་བྱེད་པས་འཆི་བ་ཀུན། །བཟློག་པར་འགྱུར་བ་ཐེ་ཚོམ་མེད། །གང་ཕྱིར་ནོར་བུའི་མཐུ་ལ་ནི། །སོམ་ཉི་བྱེད་པའི་མི་རིགས་ཏེ། །ནོར་བུ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་ལྡན་པར་ཐམས་ཅད་འདོད། །ཅེས་གསུངས་པས། ནོར་བུ་རིན་ཆེན་བསྟེན་པར་འོས་པ་ཁོང་སྨན་དུ་བསྟེན་པ་དང༌། མགུལ་སོགས་ལུས་ལ་འཆང་བས་ནད་བཞི་བརྒྱ་གདོན་བགེགས་བཅས་མི་འབྱུང་བར་སྲུང་བ་དང༌། བྱུང་བ་གསོ་བ་སོགས་ལ་ནོར་བུ་སྣ་རེའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་སྟེ། དཔེར་ན་རིན་ཆེན་རིལ་བུའི་ཕན་ཡོན་གྱིས་ཕྱོགས་ཙམ་མཚོན་པར་ནུས་སོ།། མིའི་རིན་ཆེན་འདིར་ཡང་བསྡུས་དོན་རིན་ཆེན་ལྔ་ནི། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་གསེར་དང༌། དངུལ་དང༌། མུ་ཏིག་དམར་པོ་དང༌། བཻཌཱུརྱ་དང༌། ཙིནྟཱ་མ་ཎི་སྟེ་ལྔར་བཤད་དོ། །དེ་ཡང་གསེར་ནི། རི་དང་རྡོ་དང་བྱེ་མ་དང་ཟངས་དམར་པོ་རྣམས་ལས་འབྱུང་ངོ༌། །མུ་ཏིག་ནི་ཉའི་ཁོག་པ་དང་རྒྱུ་མ་དང༌། སྦྲུལ་དང་གླང་པོ་ཆེའི་ཀླད་པ་རྣམས་ལས་འབྱུང༌། དངུལ་ནི་ཤིང་དང་རྡོ་སོགས་ལས་འབྱུང༌། བཻ་ཌཱུརྱ་དང་སྤུག་ལ་སོགས་པ་གཞན་དག་ནི་རིའི་ཕུག་ནས་འབྱུང་ངོ༌། །བྱུ་རུ་ཞེས་གྲགས་པ་ནི་རྒྱ་མཚོའི་ནང་གི་བྲག་སེར་པོ་དང་ཆུ་འཐབ་པའི་སར་འབྱུང་ངོ་ཞེས་རྡོ་རྗེ་མཁའ་འགྲོའི་འགྲེལ་པར་སློབ་དཔོན་བྷ་བ་བྷ་དྲས་བཤད་དོ། །མིའི་ནོར་བུའི་མཆོག་ནི་ཙིནྟ་མ་ཎི་སྟེ། ཙིནྟ་མ་ཎི་ཞེས་པ་བོད་སྐད་དུ་ཡིད་བཞིན་ནོར་བུ་སྟེ། དེ་ནི་ཡིད་ལ་ཅི་འདོད་པ་བཞིན་འགྲུབ་པས་ཡིད་བཞིན་ཞེས་བྱ་སྟེ། དེ་ནི་རྒྱ་མཚོའི་ནང་གི་ཀླུ་མོ་པདྨས་སངས་རྒྱས་འོད་དཔག་མེད་ལ་ཕུལ་བ་རྒྱལ་པོ་དྲི་མེད་ཀུན་ལྡན་ལ་ཡོད་པ་ཆོས་རྒྱལ་སྤྱན་མེད་འབྱོར་ལྡན་དེད་དཔོན་བཅས་པས་བླངས་པ་ལྟ་བུ་ཡིན་ལ། ཕྱིའི་དགྲ་འདུལ་ནང་གི་གཉེན་སྐྱོང་བ་སོགས་ཐུན་མོང་གི་དངོས་གྲུབ་ཡིད་བཞིན་འབྱུང་བའོ།།

 

གཉིས། མཆོག་གི་ནོར་བུ་རིང་བསྲེལ་བཤད་པ། གཉིས་པ་མཆོག་གི་ནོར་བུ་ནི། དེ་བཞིན་གཤེགས་པའི་རིང་བསྲེལ་རྣམ་པ་ལྔ་དང༌། དེའི་ནང་ནས་ཀྱང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རྣམས་ཡིན་ལ། དེ་ནི་མིའི་བསོད་ནམས་འབའ་ཞིག་ལས་ལྷ་སོགས་ཀྱིས་ཐོབ་པར་མི་ནུས་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་བསྟན་པ་དང༌། དེའི་གདུལ་བྱ་ཤས་ཆེ་བ་ནི་ཛམྦུ་གླིང་ཁོ་ནར་ཡོད་པའི་ཕྱིར་རོ་ཞེས་སྔོན་གྱི་སློབ་དཔོན་རྣམས་གསུངས་པས་ཡང་དག་པའི་ཚད་མའོ། །དེ་ནི་འཆང་བ་དང་མཐོང་ཐོས་དྲན་པས་བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་འདག་ཅིང་ས་དང་ལམ་གྱི་ཡོན་ཏན་རིམ་པས་རྫོགས་པར་ནུས་ན་ཐུན་མོང་གཞན་ལྟ་ཅི་སྨོས། དེ་ཡང་རྗེ་རང་བྱུང་རྡོ་རྗེས། རྒྱལ་བའི་རིང་བསྲེལ་ནོར་བུའི་མཆོག །དགོས་འདོད་ཐམས་ཅད་འབྱུང་བར་བྱེད། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དེ་བཞིན་རྣལ་འབྱོར་ལྡན་པའི་གདུང༌། །མཆོད་ཅིང་ལུས་ལ་བཅངས་པ་ཡིས། །གདོན་ཀུན་ཕྱོགས་སུ་ཉེ་མི་ནུས། །ཞེས་གསུངས་སོ། །རྒྱལ་བ་སྲས་དང་བཅས་པའི་རིང་བསྲེལ་འདི་ལ་བརྟེན་ནས་ནོར་བུ་གཞན་དག་ཀྱང་འབྱུང་བར་བཤད་པས། གཞན་ལའང་བྱིན་རླབས་འབྱུང་བའི་རྒྱུ་མཚན་ནོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ས། མིའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། དེ་བཞིན་གཤེགས་པའི་རིང་བསྲེལ་ལས་འབྱུང་སྟེ། དམ་པའི་ཆོས་ནམ་མ་ནུབ་ཀྱི་བར་ཡུལ་དེའི་གདུལ་བྱ་སྐྱོང་ལ། དམ་པའི་ཆོས་ནམ་ནུབ་པར་གྱུར་པའི་དུས་ཀྱི་ཚེ་རིང་བསྲེལ་རྣམས་རྒྱ་མཚོ་ཆེན་པོའི་ནང་དུ་ནོར་བའི་གཟུགས་སུ་འགྱུར་རོ། དཔེར་ན་ལོ་སྟོང་ལོན་པའི་ཆབ་རོམ་རིན་པོ་ཆེ་སྤུག་ཏུ་གྱུར་པ་བཞིན་ནོ། །ཞེས་གསུངས། སྔོན་སངས་རྒྱས་འཇིག་རྟེན་དུ་བྱོན་པ་རྣམས་ཀྱི་སྐུ་གདུང་རིང་བསྲེལ་དེས་སངས་རྒྱས་དེ་མྱ་ངན་ལས་འདས་ནས་དེའི་དམ་པའི་ཆོས་མ་ནུབ་པར་དེ་ཉིད་ཀྱིས་གདུལ་བྱ་སྐྱོང་ཞིང༌། འཕེལ་གདུང་སོགས་མྱོང་ན་ལས་སྒྲིབ་བྱང་ཞིང་སྐྱེ་བ་དྲན་པའི་མི་ལུས་གཙང་མ་ཐོབ་པར་བཤད་ལ། སངས་རྒྱས་དེའི་བསྟན་པའི་ཆོས་ནུབ་ནས་རྒྱ་མཚོ་ཆེན་པོར་ལྷུང་སྟེ། ནོར་བུའི་རིགས་སུ་གྱུར་ནས་ཀླུའི་གདུལ་བྱ་སྐྱོང་བས་ན་ལྷ་ཀླུ་མིའི་ནོར་བུ་མཆོག་དམན་ཐམས་ཅད་རྒྱ་མཚོ་རང་ནས་འབྱུང་བས་ན། རྒྱ་མཚོ་ལ་རིན་ཆེན་འབྱུང་གནས་ཞེས་པའི་དོན་ཏེ། དེའི་མཆོག་རྣམས་ནི་ཀླུའི་ལག་ནས་འབྱུང་ལ། དེ་ཡང་སངས་རྒྱས་དང་ལྷ་དྲང་སྲོང་སོགས་ལ་ཀླུས་ཕུལ་བས་ས་སྟེང་དུ་འབྱུང་བ་དང༌། ཕལ་པ་ཐམས་ཅད་ནི་མཚོའི་རླབས་ཀྱིས་འཕངས་པས་དེ་དང་ཉེ་བའི་སའི་རྩད་སོགས་ལས་འབྱུང་ཕྱིར་མཐའི་རྒྱ་མཚོ་དང་ཉེ་བའི་ཡུལ་རྒྱ་གར་ནག་གི་མཐའ་མ་གཏོགས་པ་ཁད་ཀྱིས་མཐོ་བའི་བོད་དང་བོད་ཆེན་སོགས་མཐའ་མཚོར་འགྱངས་པར་མི་ཡོང་བ་ཡིན་ནོ།།

 

གཉིས་པ། བྱེ་བྲག་རིན་པོ་ཆེའི་སྨན་གྱི་ནུས་པ་བཤད་པ།

གཉིས་པ་བྱེ་བྲག་རིན་པོ་ཆེའི་སྨན་གྱི་ནུས་པ་བཤད་པ་ནི། བཞུ་བ་དང་མི་བཞུ་བའི་ཁམས་གཉིས་ལས།

གཅིག མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ།

དང་པོ་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་རྩ་བ་བཞི་བཅུ་རྩ་གཉིས། ནང་ཚན་དབྱེ་བ་བཅས་བརྒྱ་དང་བཞི་ཡོད་པ་རྣམས་རིམ་པས་བཤད་པར་བྱ་སྟེ།

༡།  རྡོ་རྗེ།

རྡོ་རྗེའི་ནུས་པས་ཐོག་ཀུན་བཟློག་པར་བྱེད། །ཅེས་པའི་རྡོ་རྗེ་ནི། རྡོ་རྗེ་འདི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་དབང་བཙན་པ་ཡིན་པས་རིན་ཆེན་གཞན་གང་ཡང་གཅོད་པ་དང༌། བརྡར་བ། འབུགས་པ་སོགས་འདིས་བྱེད་པས། རུ་ཏྲའི་སྨྲེ་སྔགས་སུའང༌། རྡོ་རྗེ་ཡིས་ནི་རིན་ཆེན་ཕམ། །ཞེས་སོ། །འདིའི་ཁུངས་ནི། སྔོན་རི་རབ་ཀྱི་ཁོང་གསེང་དུ་བདེན་པའི་སྟོབས་མཐུ་བརྙེས་པའི་དྲང་སྲོང་ཞོ་འཐུང་ཞེས་བྱ་བ་ཞིག་ཡོད་པ་དེ་ཚེ་འཕོས་པའི་རུས་པ་ནི་རྡོ་རྗེའི་རང་བཞིན་ཏེ། རུས་པ་དེ་ལྷ་དང་ལྷ་མིན་སོགས་ཀྱིས་ཁྱེར་བ་ལས། རྐང་པའི་རུས་པ་ལས་བརྒྱ་བྱིན་གྱི་ཕྱག་མཚན་རྡོ་རྗེ་རྩེ་བརྒྱ་པ་དང༌། རྩིབ་མ་ལས་དབང་ཕྱུག་གི་མདུང་ཐུང༌། སོག་པ་ལས་ཁྱབ་འཇུག་གི་འཁོར་ལོ་སོགས་འཆོས་པར་བྱས་ཚེ། དེ་སྟེང་ཕྱོགས་ལྷ་ཡུལ་དུ་འཆོས་པའི་ཕྱེ་མ་འཛམ་གླིང་དབུས་སུ་བབས་པའི་ཁར་ཡུལ་ཆགས་པ་ལ་རྡོ་རྗེའི་གདན་ཞེས་གྲགས་པས་རྡོ་རྗེའི་མཐུས་མཐར་སྲིད་པ་ཡོངས་སུ་ཞིག་པའི་དུས་ཀྱང་རྒྱ་གར་རྡོ་རྗེ་གདན་མི་འཇིག་པར་ནམ་མཁར་ཟོ་ཞབས་ལྡིང་པ་ལྟར་འདུག་ཅེས་བཤད་པ་དང༌། དེ་ལས་འཆོས་པའི་མཚོན་ཆ་རྣམས་ཀྱང་ཕ་རོལ་གྱི་མཚོན་ཆ་ཅིས་ཀྱང་མི་ཚུགས་ཤིང་མི་ཤིགས་པ་དང༌། རྡོ་རྗེའི་མཚོན་ཆ་དེ་སྡང་ཚད་ལ་བརྒྱབ་པ་དང༌། བརྒྱབ་ཚད་ལ་ཕོག་པ་དང༌། ཕོག་ཚད་འཆི་བ་དང༌། ཤི་ཚད་འདྲེན་པ་སྟེ་དམ་བཅའ་བཞི་ལྡན་དུ་གྲགས་པ་དེ་ལྟ་བུའི་རིགས་ཡུལ་ཕལ་ཆེར་དུ་ཕྱེ་མ་འཐུལ་བ་ལས་བྱུང་བ་སྟེ། བཛྲ་ཧི་ར། ཞེས་རྡོ་རྗེ་ཕ་ལམ་ཡིན་ལ། འདི་ལ་རིགས་བཞི་ཡོད་པའི་མཆོག་ནི། བཛྲ་བྷཱུ་ཧི་ར། ཞེས་ས་ལས་བྱུང་བ་ནི། མེས་མི་ཚིག་པ་དང༌། བརྡུངས་པས་མི་འཇིག བཅད་པས་མི་ཆོད། བརྡར་བས་མི་འཛད་པ་ཡིན་ལ་རྡོ་རྗེ་ཆེན་པོ་ཡང་ཟེར། ཤིན་ཏུ་དྭངས་ལ་དམར་ཞིང་སྨུག་པ་ཞིག་གོ། གོང་ཐང་གསེར་ཉི་ཤུ་རྩ་ལྔའི་སྐོར་ཐང་འཇལ་དགོས་པའོ། །རབ་ནི་བཛྲ་ཤཻ་ལ་ཧི། ཞེས་རྡོ་ལས་བྱུང་བ་སྟེ་ནུས་པ་སྔ་མ་ལས་དམན་པས་མེས་བསྲེགས་ན་འཇིག་པར་ནུས་མ་གཏོགས་ཡོན་ཏན་གཞན་གསུམ་སྔ་མ་ལྟར་རོ། །གལ་ཏེ་ཆག་ནའང་དཀྱུས་ལ་དུམ་གསུམ་ཁོ་ནར་ཆག་གོ། །འདི་ལ་རྡོ་རྗེ་ཆུང་བ་ཟེར། དེ་ནི་ཁ་དོག་སྔ་མ་ལས་དམར་ཤས་ཆེ་བ་སྟེ་སྔ་མ་ལས་ལྔ་སྐོར་གྱིས་གོང་དམན་པས་གསེར་ལྔ་སྡེ་རི་བ་ཡིན། འདི་གཉིས་ཡུལ་དབུས་དང་ལྷོ་ཕྱོགས་བྷཻ་ཏ་བྷི་རའི་ཡུལ་ཁོ་ན་ནས་འབྱུང༌། འབྲིང་བ་ནི། བཛྲ་ཧི་རནྡྲེ། ཞེས་པ་དམར་སྨུག་དྭངས་ལ་རིན་ཆེན་གཞན་དྲ་གཅོད་ཐོགས་པ་མེད་པ་སྟོད་ནས་འབྱུང་བས་དངུལ་ལྔ་སྐོར་རི་བ་ཡིན། དམན་པ་ཀོ་རཉྫ་ཞེས་པ་སྨུག་ཤས་ཆེ་ལ་སྔ་མ་ཙམ་མི་དྭངས་ཤིང་ངར་ཡང་སྔ་མ་ལས་ཆུང་བ་ཞོ་རེར་དངུལ་སྐར་དོ་རི་བ་ཡུལ་ཡར་ལུང་དང་ཁམས་ཕྱོགས་མ་ངེས་པ་ནས་འབྱུང་བའོ།།

 

༢། གཡུ།

གཡུ་ཡིས་དུག་དང་མཆིན་ཚད་སེལ་བར་བྱེད། །ཅེས་པ་ནི་བཻ་རཱཛ་ཞེས་བྱ་བའི་རིན་པོ་ཆེ་སྟེ། རིན་པོ་ཆེའི་རྒྱལ་པོའམ་རྡོའི་རྒྱལ་པོ་ལ་འཇུག འདི་ལ་རིགས་བཞི་སྟེ། བསྨཾ་གི་དང༌། མ་ཡཱུ་རཾ་གི་དང༌། ཀ་གྷཾ་གི་དང༌། གིའོ། བསྨཾ་གི་ནི་མདོག་སྔོ་ལ་དཀར་ཤས་ཆེ་ལ་འོད་ཟེར་དང་བཅས་པའོ། །མ་ཡཱུ་རཾ་གི་ནི། རྨ་བྱའི་སྒྲོ་ལ་རྡུལ་གྱིས་ཅུང་ཟད་ཕོག་པ་འདྲ་བའོ། །ཀ་གྷཾ་གི་ནི་སྔོ་ནག་གི་མདོག་ཅན་ནོ། །གི་ནི་མདོག་སྔོ་ནག་སེར་ཁ་དང་བཅས་པའོ། །དེ་ནི་རྒྱ་གར་ལུགས་ཀྱི་ངོས་འཛིན་ལུགས་ཡིན་གང་ཡང་སྔ་མ་ལ་གསེར་ལྔ་སྐོར་སྤྲོད་ཅིང་ཕྱི་མ་རིམ་པས་སྔ་མའི་བཅུ་སྡེ་ལ་གཉིས་རེ་ཆག་པའི་གོང་ཐང་བྱེད་དོ། །བོད་ཀྱི་ངོས་འཛིན་ལུགས་ནི། གཡུ་རྙིང་གསུམ། བར་གཡུ་གཉིས། གཡུ་གསར་གསུམ་དང་བརྒྱད་དུ་དབྱེ་བ་ཡིན། གཡུ་རྙིང་གསུམ་ནི། སྔོ་ཞིང་དཀར་ལ་བཀྲག་མདངས་ཆེ་ལ་མུན་པར་ཡང་མཐོང་བ་དེ་ལ་དྲུག་དཀར་དང༌། སྔོ་ཞིང་དམར་མདངས་ཆེ་ལ་སྣུམ་པ་དྲུག་དམར། དེ་གཉིས་ཟིལ་གྱིས་གནོན་པ་དྲུག་དཀར་ལས་ཅུང་སྔོ་བ་ལ་གཡུ་སྤྱང་ཟེར་ཏེ་སྨན་ལ་འདི་གསུམ་མཆོག་ཏུ་ནུས་པ་ཆེའོ། བར་གཡུ་གཉིས་ནི། དྲུག་དཀར་འདྲ་ལ་དེ་ལས་བཀྲག་ཆུང་ཞིང་འོ་ཁ་ཅན་གཡུ་སྔོན། དྲུག་དམར་ལས་ཅུང་གསར་ལ་མདངས་ཞན་པ་བར་དམར་ཏེ་འདི་གཉིས་ནུས་པ་འབྲིང་བའོ། །གཡུ་གསར་ནི་རིགས་དབྱིབས་མ་ངེས་པ་གསར་ཉམས་ཅན་ནི་རྒྱ་གཡུ་སྟེ་གཡུ་བའུ་ཡང་ཟེར། ཤིན་ཏུ་གསར་པ་སྔོན་ནེ་འདྲ་ལ་རྡོ་སྲ་མཁྲེགས་དཀར་གོང་འདྲ་བ་འབྱར་བའི་འབྲུམ་པ་ཅན་གཡུ་རོ་དང༌། ཁ་དོག་ཞན་པ་སེར་ཁ་དབྱིབས་གསར་རྙིང་མ་ངེས་པ་ལ་དྲུག་སེ་ཞེས་ངན་པའོ། །འདི་རྣམས་ནི་རྒྱ་གར་ན་ཡེ་མེད་པས་མཚོ་མ་དྲོས་པའི་གཏིང་ན་ཡོད་པས། ཟླ་བ་བདུན་པའི་དུས་ཆར་ཞོད་ཆེ་དུས་མཚོ་དང་བོད་གངས་ཅན་དུ་འབབ་པའི་ཆུ་འབྲུབས་པས་རྐྱེན་བྱས་ནས་གངས་ཅན་དུ་ཐོར་བུ་འབྱུང་བ་དང༌། འགའ་ཞིག་རྒྱ་ནག་དང་ཞང་ཞུང་ནས་ཀྱང་འབྱུང་ངོ༌།།

 

༣། ཨིནྡྲ་ནྰིལ།

ཨིནྡྲ་ནྰི་ལས་ནད་ཀུན་མ་ལུས་སེལ། །ཞེས་པ་འདི་ལ་རིགས་གསུམ་སྟེ། ཨིནྡྲ་ནྰི་ལ་དང༌། ནྰི་མ་ལ་དང༌། ཀ་ཀ་ནྰི་ལའོ། །ཨིནྡྲ་ནྰི་ལ་ནི། ཁ་དོག་སྔོན་པོ་ནམ་མཁའ་དྭངས་པ་ལྟ་བུ་འོད་ཟེར་འབར་བའི་སྟེང་དུ་རས་བཞག་ན་དེ་ལ་འོད་ཀྱིས་ཕོག་པའི་འོད་ཟེར་སྔོན་པོ་གདུགས་ཕུབ་པ་ལྟ་བུ་སྟེང་དུ་འབྱུང་བ་ཆེ་ཆུང་སོར་མོ་དགུ་ཡིས་འཁྱུད་པ་ཞིག་འབྱུང་བར་རིན་ཐང་ནི་གསེར་སྟོང་གི་སྐོར་ཐང་རི་གསུངས་སོ། །ནྰི་མ་ལ་ནི་ཁ་དོག་སྔ་མ་ལྟ་བུ་ལ་འོད་སོར་གསུམ་གྱི་རྒྱ་ཁྱོན་དུ་སྔོན་པོར་ཁྱབ་པ་ཆེ་ཆུང་སོར་གསུམ་གྱི་ནང་དུ་ཆུད་པ་ཙམ་ཞིག་འབྱུང་བས་གོང་ནི་གསེར་བརྒྱ་སྐོར་རིའོ། །ཀ་ཀ་ནྰི་ལ་ནི། སྔ་མ་གཉིས་ལས་ཅུང་ཟད་གནག་པ། ཉི་མ་གར་ཤར་བའི་ཕྱོགས་སུ་རང་གི་འོད་འབྱུང་ལ་ཆེ་ཆུང་མ་ངེས་པས་གོང་གསེར་བཅུ་སྐོར་བྱེད་དོ། །དེ་གསུམ་ཀ་སིང་ག་ལ་ནས་ཡོང་བའི་ཆུ་བོ་བཞིའི་ནང་གི་ཆུ་བོ་དྷརྨ་གངྒཱ་ཞེས་བྱ་བའི་ནང་ནས་འབྱུང་བའོ།།

 

༤། བཻ་ཌཱུརྱ།

ནོར་བུ་རིན་ཆེན་བཻ་ཌཱུརྱའི་རིགས་ཀྱི༌། །འོད་དང་འཆང་བས་ནད་ཀུན་སེལ་བར་བྱེད། ཅེས་པ་ལ། རིགས་གསུམ་འབྱུང་ལ། སུ་ག་ཏ་བཻ་ཌཱུརྱ་ནི། མདོག་ལྗང་གུ་མཚན་ཕྱེད་ཙམ་ན་འོད་ཟེར་འབྱུང་བས་མུན་པ་འཕྲོག་པ་ནང་དུ་སྐུད་པ་གསུམ་བཅུག་པ་འདྲ་བ་ཞིག་ཡོད་པས། རིན་ཐང་ཡུལ་སྡེ་ཆེ་བ་ཞིག་རི་བར་བཤད་དོ། །མཉྫུ་ནི་བཻཌཱུརྱར། འོད་ཟེར་མེད་པ་མདོག་དཀར་པོ་ནང་དུ་སྐུད་པ་གཅིག་བཅུག་པ་དང་འདྲ་བ་ཞིག་ཡོད་པས་རིན་ཐང་ཡུལ་ཕྲན་གཅིག་རི་བར་གསུངས་སོ། །བཻ་ཌཱུརྱ་ནི། བྱི་ལའི་མིག་ལྟར་སེར་བ་མཚན་མོ་འོད་ཟེར་འབྱུང་བ་ནང་དུ་སྐུད་པ་དགུ་བཅུག་པ་འདྲ་བ་མེ་ལ་བཅུག་ན་འོད་ཟེར་ལྷག་པར་ཆེ་བའོ། །རིན་ཐང་ནི་གླིང་བཞི་ཀའི་སྡེ་ཟོག་རི་ཞེས་བཤད་ཚད་དུ་འདུག་གོ། །འདི་ལ་རྗེ་རང་བྱུང་རྡོ་རྗེས། བྱི་ལའི་མིག་འདྲས་སྦྲུལ་ཆེན་སྲུང༌། །ཞེས་གསུངས། འདི་གསུམ་འབྱུང་བའི་ཡུལ་ནི་རྒྱ་མཚོའི་མཐའ་ནས་འབྱུང་བར་བསྟན་བཅོས་ལས་བཤད་ཀྱང༌། དེང་སང་ཕལ་ཆེར་སིངྒ་ལའི་ཡུལ་ཕ་བ་ལི་གངྒཱ་ཞེས་པའི་ཆུ་ལས་འབྱུང་ངོ༌།།

 

༥། པདྨ་རཱ་ག

པདྨ་རཱ་གས་ནད་དང་གདོན་ཀུན་འཕྲོག །ཅེས་པ་ནི། པདྨ་རཱ་གའམ། པདྨ་རཀྟ་ཞེས་པདྨ་དམར་པོ་སྟེ། འདི་ལ་རིགས་དགུ་ཡོད་པ་ནི། པདྨ་རཀྟ་དང༌། པུཥྤེ་རཀྟ་དང༌། ཛ་ཏི་རཱ་ག་དང༌། ལླ་ལ་རཱ་ག་དང༌། མུ་ལ་རངྒ་རཀྟ་དང༌། ཧ་རི་གཽ་རི་དང༌། པུག་དང༌། བི་ཛ་ཡ་དང༌། གཽ་མོ་ད་དང་དགུའོ། །པདྨ་རཀྟ་ནི་མདོག་ངུར་དམར་རང་འོད་ཀྱིས་སོར་གསུམ་དུ་ཁྱབ་པ། མཐེབ་མཛུབ་ཀྱིས་འདུས་པའི་ཚད་ཙམ་ཡོད་དོ། །པུཥྤེ་རཀྟ་ནི། མདོག་དམར་སྨུག་ཁ་དོག་གཅིག་ལས་འོད་ཟེར་རང་ལས་བདུན་འགྱུར་ཙམ་པ་གསུམ་འབྱུང་བ་ཆེ་ཚད་མཐེབ་མཛུབ་ཀྱིས་འདུས་པ་ཙམ་མོ། །ཛ་ཏི་རཱ་ག་ནི། སྤྲིན་དམར་མཆེད་པའི་མདོག་ཅན་འོད་ཁྲུ་གང་ཙམ་གྱི་ཚད་ཙམ་དུ་ནར་མོར་འགྲོ་བ་ཆེ་ཚད་ཀྱང་ཙུ་ཏའི་འབྲུ་ཙམ་ཞིག་འབྱུང་ངོ༌། །ལླ་ལ་རཱ་ག་ནི། ཁ་དོག་སོལ་བ་ལ་མེ་མཆེད་པ་འདྲ་བ་འོད་སོར་གསུམ་ཙམ་ཕྱོགས་གཅིག་ཁོ་ནར་འབྱུང་བ་ཆེ་ཆུང་མཐེབ་སྐོར་མོས་ཚུད་པ་ཙམ་འབྱུང་ངོ༌། །མུ་ལ་རཾ་ག་རཀྟ་ནི། སེ་འབྲུའི་འབྲས་བུ་ཤིན་ཏུ་སྨིན་པའི་མདོག་ཅན། འོད་ཀྱང་ཁྲག་གི་མདོག་ཏུ་འབྱུང་བ་ཆེ་ཆུང་མཐེབ་ཆེན་ཙམ་འབྱུང་ངོ༌། །ཧ་རི་གཽ་རི་ནི། གོས་ཆེན་དམར་སྨུག་ཤིན་ཏུ་དྭངས་པའི་མདོག་ཅན་བསྒྱུར་བ་ན་འོད་དམར་པོ་དང་སེར་པོ་གཉིས་ཀ་འབྱུང་བ་ཆེ་ཚད་སྲན་མ་འཕོས་པ་ཙམ་འབྱུང་ངོ༌། །པུག་ནི། མདོག་རབ་ཏུ་དམར་བ་འོད་ཟེར་སེར་པོ་སོར་དོའི་ཚད་ཙམ་ཕྱོགས་གཅིག་ཏུ་འགྲོ་བ་ཆེ་ཚད་མཐེབ་མཛུབ་གཉིས་ཀྱི་རྩེས་འདུས་པ་ཙམ་མོ། །བི་ཛ་ཡ་ནི། མེའི་མདོག་ཅན་འོད་ཟེར་སོར་གང་གི་ཚད་ཙམ་ཕྱོགས་གཅིག་ཏུ་འགྲོ་བ་ཆེ་ཚད་སེ་འབྲུའི་འབྲས་བུ་ཙམ་མོ། །བི་ཛ་ཡ་ནི། མེའི་མདོག་ཅན་འོད་ཟེར་སོར་གང་གི་ཚད་ཙམ་ཕྱོགས་གཅིག་ཏུ་འགྲོ་བ་ཆེ་ཚད་སེ་འབྲུའི་འབྲས་བུ་ཙམ་མོ། །གཽ་མོ་ད་ནི། ཕྱི་མཆིན་ཁ་ལ་ནང་མེ་ལྟ་བུ་ས་ལ་བཞག་ན་འོད་མི་འབྱུང་ལ་མཁའ་ལ་བཏེག་ན་འོད་འབྱུང་བ་ཆེ་ཆུང་ཚད་ངེས་པ་མེད་པའོ། །དེ་རྣམས་ནི་གཙོ་བོ་སིང་ག་ལ་ནས་འབྱུང༌། །པུག་ནི་ཧཾ་ས་ཝ་ཏི་ནས་འབྱུང༌། གོང་ཐང་གི་ཚད་ནི་བཟང་ཤོས་དང༌། ཧ་རི་གཽ་རི་ལ། གླང་པོ་ཆེའི་སྟེང་ནས་རྡེའུ་ཚག་འཕེན་གྱིས་བསྐྱུར་བ་ས་ལ་ཕོག་ཚུན་ཐང་མར་གདལ་བའི་ཚད་ཀྱི་གསེར་རི་ཞེས་གོང་མེད་པའི་ཚད་དུ་བཤད་པའོ།།

 

༦། ཆུ་སྙིང༌།

ཆུ་སྙིང་མེ་ཡི་འཇིགས་པ་སྲུང་སྐྱོབ་ནུས། །ཞེས་པ་ནི། དཀར་ལ་སྔོ་བ་ཤེལ་ལྟ་བུ་ཆུ་ནང་དུ་བཅུག་ན་དྭངས་པས་མི་མཐོང་བར་ཆུ་དང་འདྲ་ཞིང༌། མེ་སྟེང་དུ་བཞག་ན་མེ་འཆི་བ་དབྱིབས་ཚ་ཚ་འདྲ་བ་གླ་བའི་རིལ་མ་ཙམ་འབྱུང་བས་རྡོག་པོ་རེས་གསེར་སྲང་རེ་རི་བའོ།།

 

༧། ཆུ་ཆུང་ནྰི་ལ།

ཆུ་ཆུང་ནྰི་ལ་ཡང་ནི་དེ་དང་འདྲ། །ཞེས་པ་ནི། ནྰི་ལ་ཚ་ཡང་ཟེར་ཏེ། མདོག་སྔོ་སྐྱ་ཤེལ་དྭངས་མའི་མདོག་འདྲ་བ། མེ་ལ་བཅུག་ཀྱང་མི་འཇིག་པ། ཆེ་ཆུང་ཚད་ལག་མགོ་ཙམ་ཡོད་པ་འབྱུང༌། དེ་གཉིས་སིང་ག་ལ་དང༌། ཧཾ་ས་ཝ་ཏི་དང༌། སུ་ཁཾ་ལ་སོགས་རྒྱ་གར་གྱི་ཡུལ་ཕལ་ཆེ་བ་ནས་འབྱུང༌། རིན་ཐང་ནི་ཞོ་རེ་ལ་དངུལ་ཞོ་ཕྱེད་ཙམ་བྱེད་དོ།།

 

༨། སི་ར་ཀ

སི་ར་ཀ་དུག་འབྱུང་པོའི་གདོན་ཀུན་སྲུང༌། །ཞེས་པའི་སི་ར་ཀ་ཞེས་བྱ་བའི་རིན་པོ་ཆེ་ནི། མདོག་སེར་ལ་དྭངས་པ་འོད་སོར་མོ་གསུམ་གྱི་ཚད་ཙམ་ཕྱོགས་གཅིག་ཏུ་འགྲོ་བ། མེ་ལ་བཅུག་ཀྱང་མདོག་མི་ཉམས་ཤིང་མི་འཇིག་པའོ། །དེ་ནི་སིང་ག་ལ་དང༌། ཀ་ལིངྐ་དང༌། ཧོ་རྨུ་ཙ་ལ་སོགས་པའི་ཡུལ་རྣམས་ནས་འབྱུང་ལ་རིན་གྱི་ཚད་ནི་དངུལ་དང་བརྗེ་བར་བྱེད་དོ།།

 

༩། ཏཽ་ར།

ཏཽ་རས་རིམས་དང་མིག་གི་ནད་ལ་ཕན། །ཞེས་པ་ནི། །ཏཽ་ར་མ་ལི་ཞེས་བྱ་བའི་རིན་པོ་ཆེ་འདི་ལ་རིགས་གསུམ་སྟེ། ཏཽ་ར་མ་ལི་དང༌། ཤཀྐ་ཏཽ་ར་མ་ལི། ཀ་ན་ཀ་ཏཽ་ར་མ་ལིའོ། །ཏཽ་ར་མ་ལི་ནི། ཁ་དོག་ལྗང་གུ་འོད་སོར་དོའི་ཚད་ཙམ་པ་འབྱུང་ལ་ཆེ་ཚད་མཐེ་བོང་ཙམ་པ་ཡོད། དེ་ནི་སིང་ག་ལ་དང༌། ཛ་བ་དི་ལ་སོགས་པ་རྣམས་ནས་འབྱུང༌། ཤཀྐ་ཏཽ་ར་མ་ལི་ནི། མདོག་ནག་པོ་མིག་གི་འབྲས་བུ་ལྟ་བུ་འོད་ཤིན་ཏུ་དྭངས་པ་སོར་གསུམ་གྱི་ཚད་དུ་འབྱུང་བ། ཆེ་ཚད་མཐེ་བོང་ཉིས་འགྱུར་ཙམ་ཡོད། འབྱུང་ཁུངས་སྔ་མ་དང་འདྲ། རིན་ཐང་དངུལ་འབུན་གྱི་ཚད་བྱེད་དོ། །ཀ་ན་ཀ་ཏཽ་ར་མ་ལི་ནི། གསེར་འོད་ཅན་ཏེ། དབྱིབས་ཚད་སྔ་མ་དང་མཐུན་པ་རིན་ཐང་དངུལ་དང་བརྗེ་བའོ།།

 

༡༠། མརྒད།

མརྒད་ནད་རྣམས་ཀུན་ལ་མཆོག་ཏུ་ཕན། །ཞེས་པ། མ་ར་ཀ་ཏི་ཞེས་ཀྱང་ཟེར་ཏེ། འདི་ལ་རིགས་གསུམ་ཡོད་པ་ནི། རཀྟ་མ་ར་ཀ་ཏི། ནྰི་ལ་མ་ར་ཀ་ཏི། ཤི་ཏ་མ་ར་ཀ་ཏིའོ། །རཀྟ་མ་ར་ཀ་ཏི་ནི་ཁ་དོག་དམར་སྐྱ་རབ་ཏུ་དྭངས་པའོ། །རིན་ཚད་དངུལ་ཞོ་ཕྱེད་ཀྱི་ཚད་དོ། །ནིའ་ལ་མ་ར་ཀ་ཏི་ནི། ཁ་དོག་སྔོན་པོ་ལ་དམར་མདངས་ཡོད་པ་ཤིན་ཏུ་དྭངས་པ་རིན་ཚད་དངུལ་ལོག་པོ་བྱེད་དོ། །ཤི་ཏ་མ་ར་ཀ་ཏི་ནི། མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཤིན་ཏུ་དྭངས་པའོ། །རིན་ཚད་དངུལ་ཞོ་བཞི་ཆའོ། །འདི་གསུམ་ཆེ་ཚད་མཐེ་བོང་སུམ་འགྱུར་ཙམ་འབྱུང༌། ཡུལ་སིང་ག་ལ་དང་ལགྨན་ཞེས་བྱ་བ་ནུབ་བྱང་གི་ཡུལ་ཞིག་ནས་འབྱུང་ངོ༌།།

 

༡༡། གནྡྷི།

གནྡྷིས་ས་གདོན་མཛེ་ཡི་ནད་ལ་ཕན། །ཞེས་པ། སུ་གནྡྷི་ཞེས་བྱ་བའི་རིན་པོ་ཆེ་སྟེ། རཀྟ་སུ་གནྡྷི་དང༌། ནྰི་ལ་སུ་གནྡྷི་གཉིས་སོ། །རཀྟ་སུ་གནྡྷི་ནི། ཟངས་ཀྱི་མདོག་ལྟ་བུ་འོད་ཟེར་སོར་ཕྱེད་ཙམ་འབྱུང་བ་ཡོད། རིན་ནི་དངུལ་དང་བརྗེ་བའོ།།  ནྰི་ལ་སུ་གནྡྷི་ནི་མདོག་སྔོ་ནག་འོད་སོར་གསུམ་གྱི་ཚད་འབྱུང་བ་དངུལ་དང་ལྔ་སྐོར་བྱེད་པའོ། །དེ་གཉིས་མ་གནྡྷ་དང༌། སིང་ག་ལ་ནས་འབྱུང་ལ་དབྱིབས་ཟུར་གསུམ་པ་རང་བྱུང་དུ་གྲུབ་པའོ།།

 

༡༢། རྡོ་ཡི་སྙིང་པོ།

རྡོ་ཡི་སྙིང་པོས་མཆིན་པའི་དུག་ནད་སེལ། །ཞེས་པ། རིན་པོ་ཆེ་ཨ་སྨ་གརྦྷ་ཞེས་བྱ་བ་ལ་རིགས་གཉིས་ཏེ། ཨ་སྨ་ གརྦྷ་དང༌། དྲུ་མ་ཨ་སྨ་གརྦྷའོ། །ཨ་སྨ་གརྦྷ་ནི་མདོག་ཤིན་ཏུ་གནག་པ་ལ་འོད་ཟེར་ཤིན་ཏུ་དམར་བ་འབྱུང༌། དྲུ་མ་ཨ་སྨ་གརྦྷ་ནི་སྔ་མ་དང་འདྲ་བ་ལ་འོད་ཅུང་ཞིག་གསལ་བའོ། །འདི་གཉིས་ཆུ་ནང་གི་རྡོ་ལས་སྐྱེས་པའི་ཚུལ་དུ་འབྱུང་བས་ཨ་སྨ་གརྦྷ་སྟེ་བོད་སྐད་དུ་རྡོའི་སྙིང་པོ་ཞེས་བྱ། ཡུལ་སིང་ག་ལ་དང་སཽ་རཱ་རྣམས་ནས་འབྱུང་ལ། གོང་ཚད་ནི་སྔ་མ་ལ་དངུལ་གྱི་དོ་སྐོར་ཕྱི་མ་ལ་བརྗེ་བོ་བྱེད་པའོ། །སློབ་དཔོན་ཡང་དག་བདེན་པས། རྡོའི་སྙིང་པོ་ནི་ཁ་དོག་དམར་པོའོ། །ཞེས་པ་དང༌། པཎ་ཆེན་ཚུལ་ཁྲིམས་བསྐྱངས་ཀྱིས་རྡོའི་སྙིང་པོ་ནི་མརྒད་ཡིན་གསུངས་པ་དང༌། བོད་ཀྱི་གབ་ཚིག་ཏུ་དངུལ་ལ་རྡོའི་སྙིང་པོ་ཞེས་པ་དེ་རྣམས་ལ་སྐབས་འདི་མི་ཚོམ་པར་བྱའོ།།

 

༡༣། ཛཱ་ཏི།

ཛཱ་ཏིས་སྲིད་སྤེལ་བྱིས་པའི་ཆུང་གདོན་ཐུབ། །ཞེས་པས། ཛཱ་ཏི་རུ་པ་ཞེས་བྱ་བ་རིགས་གཉིས་ཏེ། སྔོན་པོ་དང༌། དམར་པོའོ། །སྔ་མ་ནི་སྔོ་སྐྱ། ཕྱི་མ་ནི་དམར་སྐྱ་སྟེ། འདི་གཉིས་ལེན་པའི་དུས་ལག་པས་མི་ཟིན་པ་ལྟ་བུ་འབྱུང་བས་ལྷ་ལ་མཆོད་བསྟོད་བཟང་པོ་བྱེད་ནས་ལེན་དགོས་པར་བཤད། ཡུལ་ཀསྨི་ར་ནས་འབྱུང༌། རིན་ཐང་ནི་ཞོ་བརྒྱའི་ཚད་དུ་བཤད་དོ།།

 

༡༤། ཙུ་ཏ།

ཙུ་ཏས་གྲིབ་གདོན་རྨི་ལྟས་ངན་པ་བཟློག །ཅེས་པས། ཙུར་མ་ཎིའམ། ཙུ་ཏ་མ་ཎི་ཞེས་ཁ་དོག་སེར་པོ་ཕྱོགས་གང་ནས་བལྟས་ཀྱང་མིག་གི་རི་མོ་ལྟ་བུ་ཡོད་པ། མེས་མི་འཇིག་པ་ལ་གཞན་དང་འདྲ་བའི་འོད་ཟེར་མི་འབྱུང་བ་ཞིག་ཡོད་པ། ཡུལ་མུ་ཙེ་ར་ཏ་ལ་སོགས་པའི་ཚོང་འདུས་རྣམས་སུ་འབྱུང་ལ། རིན་ཚད་དངུལ་ཞོ་རེ་ལ་རྡོག་པོ་བཅུ་རེའོ།།

 

༡༥། རྨ་བྱའི་མགྲིན་འདྲ།

རྨ་བྱའི་མགྲིན་འདྲས་ཚད་པ་མ་ལུས་སེལ། །ཞེས་པས། རིན་པོ་ཆེ་སཱ་ན་ཞེས་ཟེར་ཏེ། ཁ་དོག་རྨ་བྱའི་མགྲིན་པ་ལྟར་ཤིན་ཏུ་སྔོ་ལ་ནག་པོའི་རི་མོ་ཆ་ཕྲ་བ་མངོན་པ་ཙམ་ཞིག་ཡོད་དོ། །ཡུལ་དེ་ཝྰི་ཀོ་ཌའི་གནས་ནས་འབྱུང༌། རིན་ཐང་ནི་དངུལ་བྲེ་བཅོ་ལྔའི་སྡེ་བྱེད་པའོ།།

 

༡༦། སྦྲུལ་གྱི་ནོར་བུ།

སྦྲུལ་གྱི་ནོར་བུས་དུག་སྦྱང་ནད་ལ་ཕན། །ཞེས་པ། སརྦ་མ་ཎི་ཞེས་བྱ་བས། ཁ་དོག་ཙུ་ར་མ་ཎི་ཇི་ལྟ་བ་ལས་ཁྱད་པར་དུ་ཆུ་སྟེང་དུ་བཞག་ན་གཏིང་དུ་མི་བྱིང་བ་ཞིག་ཡོད་དོ། །ངོ་བོ་ནི་སྦྲུལ་གྱི་ཁ་ནས་ཡོང་བ་ཡིན་ལ། མ་ཧཱ་ཙི་ན་ལ་སོགས་པའི་ཤར་ཕྱོགས་ཀྱི་ཡུལ་རྣམས་ནས་འབྱུང་ལ་རིན་ཚད་དངུལ་ཞོ་བརྒྱར་བཤད་དོ།།

 

༡༧། ཆུ་ཡི་སྙིང་པོ།

ཆུ་ཡི་སྙིང་པོས་གནམ་ལྕགས་ཐོག་སྲུང་བྱེད། །ཅེས་པ། བི་ཙུལ་ར་མ་ཎི་ཞེས་བྱ་བ་སྟེ། ཁ་དོག་ལ་སོགས་ཙུ་ར་མ་ཎི་ཇི་ལྟ་བ་ལས་ཁྱད་པར་ཉི་མར་ལག་མཐིལ་དུ་བཞག་ན་ཆུ་འབྱུང་ཞིང༌། ཁར་བཅུག་ན་ཆུ་འཐུང་བ་ལྟ་བུའི་ཉམས་སྣང་འབྱུང་བ་ཞིག་ཡོད། འདི་ནི་ཐོག་འབབ་པའི་སར། ཐོག་ལྕགས་ཀྱི་སྣོད་ཆུས་བཀང་ལ། དེའི་ནང་དུ་འཁར་གཞོང་བཞག་པས་དེར་ཐོག་འཕངས་པ་དང་མཉམ་དུ་ནོར་བུ་འཁར་གཞོང་དུ་འབབ་པས་འཁར་གཞོང་བཤིག་སྟེ། ཐོག་སྣོད་ཀྱི་ཆུ་ནང་དུ་འདུག་པ་ཡིན་ཏེ་བསོད་ནམས་དང་ལྡན་པ་རྣམས་ཀྱི་ལག་ཏུ་འབྱུང་ལ། རིན་ཚད་ནི་གསེར་ཞོ་བརྒྱའོ།།

 

༡༨། ནལ།

ནལ་གྱིས་དུག་ཚད་སྦྱར་དུག་མཆིན་ནད་སེལ། །ཞེས་པ། རིན་ཆེན་རྙིང་མ་ཁ་དོག་པདྨ་རཱ་ག་འདྲ་བ་ལ་དེ་ལས་སྨུག་ཤས་ཆེ་བས་མཆིན་པའི་མདོག་ཅན་ཏེ། ཀོ་རཉྫའི་མདོག་ལྟ་བུ་སྟེ། དེ་ལས་དྭངས་ཤས་ཆེ་བ་རྒུན་འབྲུམ་གྱི་ཁུ་བ་ལྟར་དམར་ལ་སྨུག་ཅིང་དྭངས་པ་དུང་གི་སྟེང་དུ་བཞག་ན་དུང་ལ་མེའི་མདངས་འོད་སྦྱིན་པ། དབྱིབས་མ་ངེས་ཀྱང་ཤས་ཆེ་གྲུ་བཞི་ལེབ་མོ་གྲུ་མིག་ཅན་འབྱུང༌། ཆེ་ཆུང་ནས་འབྲུ་ནས་མཐེ་བོང་ཙམ་བར་ངེས་མེད་འབྱུང༌། དེ་ཡང་རིགས་གཉིས་ཏེ། དམར་ལ་དྭངས་པས་མཆིན་ཁྲག་འཇོམས། །སྨུག་ལ་ནག་པས་དུག་རྙོག་སེལ། །ཞེས་གསུངས་སོ།།

 

༡༩། ཡིད་བཞིན་ནོར་བུ།

ཡིད་བཞིན་ནོར་བུ་འཆང་བས་བསམ་པ་འགྲུབ། །ཅེས་པ་ནི། ཙིན་ཏ་མ་ཎི་ཞེས་བྱ་བའི་རིན་པོ་ཆེ་སྟེ། མདོག་སྣ་ལྔའི་རི་མོ་མིག་ལྟ་བུ་བདུན་ཡོད་པ། ཁ་དོག་སྤྱིར་དྭངས་སེར་ཅན། ཆེ་ཚད་མཐེ་བོང་གཉིས་གཤིབས་པ་ཙམ་ཡོད་ལ། དེ་ནི་རས་དུ་མ་བརྩེགས་པའི་འོག་ཏུ་བཞག་སྟེ་བདེན་སྟོབས་བརྗོད་ན་རས་མ་བརྟོལ་པར་སྟེང་དུ་འབྱུང་བས་ཅི་སྨོན་འགྲུབ་པའི་རྟགས་དང༌། དེ་ནམ་མཁར་བཏེག་པ་མིག་ལ་བཀབ་ནས་བལྟས་པས་ཉིན་དཀར་ཡང་ཉི་འོད་ཀྱིས་མི་སྒྲིབ་པར་གནམ་གྱི་སྐར་མ་ཐམས་ཅད་མཐོང་བ་སྟེ། ཡུལ་མ་ངེས་པ་གང་ནས་ཀྱང་འབྱུང་ལ་རིན་ཚད་ནི་ཛམྦུ་གླིང་ཚང་མའི་ཚད་ཡིན་ཞེས་བཤད་དོ།།

 

༢༠། མེ་ཤེལ།

མེ་ཤེལ་གྲང་བའི་ནད་དང་གཟའ་རྣམས་འཇོམས། །ཞེས་པ། སཱུརྫ་ཀནྟི་འམ། སཱུརྱ་ཀནྟི་ཞེས་བྱ་བ་སྟེ། ཁ་དོག་ཤིན་ཏུ་དཀར་བ་རང་གི་འོད་ལས་དེ་མ་ཐག་ཏུ་མེ་འབྱུང་བ་ཡིན། ཡུལ་ལྷོ་ཕྱོགས་མ|uལའི་ཡུལ་དང༌། ཀ་སྨིར་ལ་སོགས་པའི་རྡོའི་བྱེ་བྲག་ལས་བྱུང་ལ་རིན་ཚད་ནི་དངུལ་ཞོ་གང་ལ་རྡོག་པོ་བཅུ་བྱེད་པ་ཡིན། ད་ལྟ་རྒྱ་ནག་ནས་བཟོས་པའི་ཤེལ་འོད་ལ་མེ་འབར་བ་འབྱུང་བས་ཀྱང་ཚབ་རུང་ལ། དེ་ནི་བཟོས་པའི་རྟགས་སུ་ནང་དུ་སྦུ་བ་ཁྲ་ཙག་ཙིག་ཡོད་དོ།།

 

༢༡། ཆུ་ཤེལ།

ཆུ་ཤེལ་ཀླུ་གདོན་ཚད་པ་ཞི་བར་བྱེད། །ཅེས་པ། ཙནྡྲ་ཀནྟི་ཞེས་བྱ་བའི་རིན་པོ་ཆེ་སྟེ། མདོག་དཀར་ལ་སྔོ་བའི་ཆ་ཤས་ཅུང་ཟད་ཡོད་པ། ཚེས་བཅོ་ལྔའི་ཟླ་བ་ཉ་གང་བའི་ཟླ་འོད་ལ་མཚན་མོ་བསྟན་པ་ཙམ་གྱིས་མོད་ལ་ཆུ་ཤིན་ཏུ་གྲང་མོ་འབྱུང་ཞིང༌། རྒྱུ་ནི་སའི་ཤེལ་རིགས་སུ་གཏོགས་པས་ཀ་སྨིར་དང༌། མ་ལ་ཝའི་ཡུལ་ནས་འབྱུང་བ་ཤས་ཆེ་ལ་རིན་ཚད་ནི་སྔ་མ་དང་འདྲ། འདི་ལུས་ལ་ཡོད་པས་རྒྱ་གར་ནག་གི་རོང་ཚད་ནད་ཀྱིས་མི་ཚུགས་སོ། །རྒྱ་ནག་གི་བཟོ་མ་ཞིག་ཀྱང་འབྱུང་བ་ཚབ་རུང་ཙམ་མོ།།

 

༢༢། བྷཻ་རོ།

བྷཻ་རོས་གདོན་རིགས་ཀུན་སྲུང་གཟེར་བ་འཇོམས། །ཞེས་པས། བྷཻ་རོ་དྷ་ལ་དང༌། སིང་ག་ལི་གཉིས་ཏེ། སྔ་མ་ནི་མདོག་སེར་པོ་མཐེ་བོང་གཉིས་བསྡོམས་པ་ཙམ་ལ་འོད་ཟེར་བཞི་ཙམ་འཕྲོ་བ་འབྱུང༌། སིང་ག་ལི་ནི་གཡུ་སྦྲང་གི་མདོག་ལྟ་བུ་འོད་ལས་ཟེར་མི་འཕྲོ་བའོ། །ཆེ་ཚད་སྲན་མ་ཙམ་ཡོད་ལ། སྔ་མ་ནི་སིང་ག་ལ་ཁོ་ན་ནས་འབྱུང་ལ། ཕྱི་མ་འདི་ཙོ་རཻ་མཎྜ་ལི་ནས་འབྱུང༌། རིན་ཚད་སྔ་མ་ལ་གསེར་དོ་སྐོར་དང༌། ཕྱི་མ་ལ་ནི་གསེར་ཞོ་རེ་ལ་བརྒྱ་ཕྲེང་གསུམ་རེ་བྱ་བ་ཡིན།།

 

༢༣། ཁྱུང་སྐྱུགས།

ཁྱུང་སྐྱུགས་དུག་སོགས་ནད་ཀུན་འཇོམས་པའི་མཆོག །ཅེས་པ་འདི་ནམ་མཁའ་ལྡིང་བརྫུས་སྐྱེས་ཀྱིས་དུག་སྦྲུལ་ཟོས་པས་དུག་གི་སྟོབས་ཀྱིས་འཆི་བའི་ཚེ་ལུས་མེས་སྲེག་པར་བྱེད་ལ། སྙིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱའི་རང་བཞིན་དུ་གྱུར་ལ། མི་ཆེ་བའི་བརླ་ལྷུའི་ཤ་ཙམ་མདོག་ཤིན་ཏུ་སྔོ་བར་གྱུར་ནས་གནས་སོ། །དེ་ནི་བརྒྱ་བྱིན་གྱིས་ཐོབ་ན་གཙུག་གི་ནོར་བུར་བྱེད་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ཐོབ་ན་ནང་ནོར་རིན་པོ་ཆེ་བྱེད་དོ། ཞེས་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་ཆེན་ལས་བཤད་དོ། །འདིའི་མཆོག་ནི་དཀོན་ལ། ཕལ་རིགས་ཤིག་མི་དཀོན་ཙམ་འབྱུང༌། བརྟགས་ན་སྔོན་པོ་གཡུ་རྙིང་ལྟ་བུ་དང༌། རབ་ནི་དེ་ལས་ཅུང་ཟད་མཐིང་མདངས་ཆགས་ལ་ནམ་མཁར་བཏེག་ན་ཤེལ་རིགས་ཙམ་ཕྱི་ནང་བསྒྲིབ་པར་མི་གསལ་ཡང༌། དམའ་སར་བཞག་ནས་བལྟས་ན་རྡོ་ཧ་ཤིག་དྭངས་པའི་ཉམས་ལྟར་ལ་དེ་ལས་ཤིན་ཏུ་དྭངས་པས་གཏིང་ནས་མི་བསྒྲིབ་པ་ལྟར་གསལ་ལོ། །ཁྱད་པར་མི་ནོར་བའི་རྟགས་ནི་འདི་རིགས་མཆོག་དམན་གང་ཡང་ཡུང་བ་སེར་པོའི་ཁུ་བར་བརྡར་ན་ཁ་དོག་དམར་པོ་ཁྲག་ལྟར་འབབ་པར་བྱེད་དོ། །འདིའི་མཆོག་གིས་གསེར་བདུན་སྐོར་རྩི། ཕལ་པས་དངུལ་བདུན་སྐོར་བྱེད་དོ། །འདི་རིགས་འགའ་ཞིག་གཡུ་དང་ནོར་བ་འབྱུང་ཡང་ཡུང་བར་བརྡར་བས་ཤེས། འདི་སྟེང་ལྷ་ཡུལ་ནས་ཡོང་བར་བཤད་ཀྱང་མི་ཡུལ་མ་ངེས་པ་ནས་འབྱུང་ངོ༌།།

 

༢༤། ཁྲ་མན།

ཁྲ་མན་གཟའ་ནད་འབྱུང་པོའི་གདོན་ཀུན་ཐུབ། །ཅེས་པ། དཀར་ཁྲ་མན་ཏེ་འདི་ངོས་འཛིན་མང་ཡང༌། གཟིའི་རྒྱུ་ལས་རི་མོ་སྔོ་དཀར་དམར་སོགས་མ་ངེས་པ་ཞིག་ཡོང་ལ། རིགས་གཅིག་ནི་གཟི་ནག་ཁྲ་འགྱུར་མིག་དགུ་པ་ཡིན་པར་བཤད།།  དཔྱད་དོན་ལས། སྔོ་ལྗང་དམར་སེར་འདྲེས་པ་མིག་གི་རྒྱན། །ལྕི་ལ་སྙི་ཞིང་ལ་དྲིལ་འདྲ་ན་བཟང༌། །དྭངས་ཤིང་མཁྲེགས་ན་རྒྱ་ཡི་བཟོ་མ་སྟེ། །འདི་ནི་ཆུ་ལས་བྱུང་པའི་རིན་པོ་ཆེ། །རྔ་ཡབ་གླིང་ནས་ཤང་ཤང་ཉིད་ཀྱིས་ཁྱེར། །ཨུ་རྒྱན་མཁའ་འགྲོའི་གནས་སུ་ཚོང་སྤྲད་པས། །ད་ལྟ་དཀར་གྱི་ཁྲ་མན་ཞེས་སུ་གྲགས། །འདི་ཉིད་བཏགས་ན་གཟའ་སྐར་སྟེང་གདོན་ཐུབ། །ཅེས་སོ།།

 

༢༥། ཤེལ།

ཤེལ་གྱིས་སྙིང་བྱིངས་འཐིབས་རྨུགས་རྨོངས་པ་སེལ། །ཞེས་པ། སྥཊི་ཀ་ཞེས་བྱ་བའི་རིན་པོ་ཆེ་སྟེ། འདི་ལ་རིགས་གསུམ་ལས། སྤྱི་མིང་མངོན་བརྗོད་ནི། སྥཊི་ཀ ཤེལ། པྲ་བྷ་སཱ་རོ། འོད་གསལ་སྙིང་པོ། ཨརྐ། ཉི་འོད། ཨ་སྨ་པྲ་བྷ། རྡོ་བ་འོད་གསལ། པརྦ་ཏ་ཛ། རི་སྐྱེས། ད་ཧ་ནོ་བ་ལ། སྲེག་བྱེད། ཤལི་པིཥྚཾ། ཤཱ་ལིའི་ཕྱེ། དྷཽ་ཏ་ཤི་ལཾ། སྦྱངས་རྡོ་བ། གནྡྷི་ཀཾ དྲི་ལྡན། ཙ་ལ་སཱ་ར། རྩ་བའི་སྙིང་པོ། ཨ་ཙྪ། དྭངས་པ། ཤུདྡྷ་ཤི་ལ་ཤྭེ་ཏ། དག་པའི་རྡོ་དཀར། གནྡྷ་སྭ་མཾ། ཟླ་བའི་དྲི། སི་ཏ་པ་ལཾ། རྡོ་བ་དཀར་པོ་རྣམས་མིང་གི་གྲངས་སོ། །རིགས་གསུམ་ནི། སྥ་ཊི་ཀ་དང༌། ཡ་བ་ན་དང༌། ཀིརྦ་ནའོ། སྥཊི་ཀ་ནི་དཀར་པོའོ། །ཡ་བ་ན་ནི་ཅུང་ཟད་སྔོ་དྭངས་ཆུའི་མདོག་གོ། །ཀིརྦ་ན་ནི་ཅུང་ཟད་དམར་བའི་ཆ་ཡོད་པ་སྟེ། ཀུན་ཀྱང་དྭངས་པའི་རང་བཞིན་ཅན་ནོ། །འདི་གསུམ་ཀ་ཡུལ་ཀོངྐ་ན་དང༌། སིང་ག་ལ་དང༌། ཀ་སྨིར་ལ་སོགས་པ་ནས་འབྱུང་ངོ༌། །ཀུན་ཀྱང་དངུལ་སྲང་རེ་ལ་བརྒྱ་ཕྲེང་གསུམ་རེ་བྱེད་པ་ཡིན། རྒྱའི་བཟོ་མས་ནི་ཚབ་མི་ཡོང་གསུངས་སོ།།

 

༢༦། བྱུ་རུ།

བྱུ་རུས་མཆིན་ཚད་རྩ་ནད་དུག་ཚད་སེལ། །ཞེས་དང༌། རང་བྱུང་རྡོ་རྗེས་སྨན་ནུས་རྒྱས་པར་བཤད་པ་ལས། བྱུ་རུས་འདུས་པའི་ནད་ལ་ཕན། ཞེས་པ་ལ་མིང༌། ཝནྣ་ཀ མདོག་ཅན། པྲ་བ་ལ། སྟོབས་རབ། བི་དྲུ་མ། རྣམ་པར་ཤིང༌། མུངྐ་བ་ནི། བྱུ་རུའི་སྡོང་པོ་ཞེས་དང༌། ཕལ་སྐད་དུ། སྡོམ་པ་ལ་དང༌། ས་བ་ར་ཟེར། འདི་ལ་རིགས་གསུམ་སྟེ། དམར་པོ་དང༌། ནག་པོ་དང༌། དཀར་པོ་གསུམ་མོ། །དམར་པོ་ནི་མཆོག་སྟེ་སྨན་ལ་གཏོང་བ་འདི་ཁོ་ནའོ། །ནག་པོ་ནི། ཧོར་ལ་སོགས་པས་གཙིགས་ཆེར་བྱེད་པ་ཡིན། དཀར་པོ་ནི། བོད་ལ་འབྲིམ་ཡང་རྒྱ་གར་བས་གཙིགས་ཆུང་བས་ལེན་པར་མ་བརྩོན་སྟབས་དཀོན་པར་བཤད། འདི་དག་ནི་མཐའི་རྒྱ་མཚོའི་འགྲམ་གྱི་བྲག་དང་བྱེ་མ་ལས་ཤིང་ལྟར་སྐྱེ་བས་རྒྱུ་དངོས་རྡོ་ཡིན་ཀྱང༌། སྐྱེ་ལུགས་ཀྱིས་ཤིང་ཡང་ཟེར་ཏེ། སློབ་དཔོན་ཧཱུཾ་ཆེན་ཀ་རའི་པད་དཀར་ཆུན་པོ་ལས། རིན་ཆེན་བྱུ་རུ་མཚོ་འགྲམ་བྱེ་མའི་ཤིང༌། །ཞེས་དང༌། རྡོ་རྗེ་མཁའ་འགྲོ་ལས་ཀྱང་དེ་དང་མཐུན་པར་གསུངས། དམར་པོ་ནི་སིང་ག་ལ་དང༌། མུ་ཀུ་ཌ་ལ་སོགས་པའི་གླིང་ནས་འབྱུང༌། དེང་སང་ཀ་སྨིར་དང༌། ནཻ་པ་ལའི་ཚོང་པ་རྣམས་ཀྱིས་མང་དུ་ཁྱེར་ཡོང༌། དེ་ཡང་དམར་སྐྱ་ལ་རྙིང་པ་དང༌། དམར་སྨུག་ལ་གསར་པ་བྱེད་པ་གྲགས་ཆེ་ཡང་དམར་སྐྱ་རླན་གཤེར་ཆེ་བའི་བྱེ་མ་ལས་སྐྱེས་པས་སྦོམ་ཡང་མ་ཚིག་པས་སྐྱ་བ་དང༌། དམར་པོ་སྐམ་པའི་བྲག་ལས་སྐྱེ་བས་ཕྲ་ལ་སྨིན་ཅིང་ཚད་པས་གདུངས་པས་དམར་བ་ཡིན། གང་ཡང་རྟིང་པ་ས་མཚམས་སུ་ཟུག་པ་དཀར་ཤས་ཆེ་བ་ཡིན། ཞེས་དང༌། བོད་སྔ་རབས་པ་ལ་སྐྱ་བོ་སྦོམ་པས་གཙིགས་ཆེ་ཡང༌། ཕྱི་རབས་པ་དམར་བ་ཁ་དོག་གསལ་བ་ལ་དགའ་བས་འབྲིམ་ཆེ་ཆུང་གི་དབང་ལས། ད་ལྟ་ཚོང་པ་རྣམས་དམར་པོ་ཆེད་དུ་གཉེར་ནུས་བསྒྲུབས་ཡོང་བས་གསར་ཉམས་དང༌། དམར་སྐྱ་ཕྱིས་མ་འབྲིམ་དབང་གིས་མ་བུད་པས་རྙིང་ཉམས་ཡོད་པ་ཡིན་ཛོ་ཀི་རྣམས་སྨྲའོ། གོང་རགས་པ་དངུལ་དང་མཉམ་འདེགས་ཡིན་རུང་ཆེ་ཆུང་དང་དབྱིབས་ལ་རག་ལས་པའོ། །ནག་པོ་ནི། །ནུབ་ཕྱོགས་ཀྱི་ཡུལ་གླིང་སོ་ཀི་དྷ་རི་བྱ་བ་ནས་འབྱུང༌། གོང་དངུལ་གྱི་འབུན་ཚད་དོ།།  ལར་རིན་པོ་ཆེའི་གོང་ཐང་འདི་རྣམས་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ལུགས་ཡིན་པས་རྒྱ་གར་དུ་རིན་ཆེན་བོད་ལས་མོད་ལ་གསེར་དངུལ་དཀོན་པ་དང༌། བོད་དེ་ལས་ལྡོག་པས་དེ་ལུགས་ཀྱིས་འཕྲུལ་དགོས་པ་ཡིན།།

 

༢༧། མུ་མེན།

མུ་མེན་དུག་དང་ཆུ་སེར་མཛེ་ནད་སེལ། །ཞེས་པར། རང་བྱུང་རྡོ་རྗེས། མུ་མེན་དུག་དང་སྐྲ་དཀར་འཇོམས། །གསུངས་པའི་མིང༌། བཻ་ར་ཊ། མུ་མེན། རཱ་ཛ་ཝརྟ། རྒྱལ་པོ་འཁྱིལ་བ། རཱ་ཛ་པཊྚ། རྒྱལ་པོའི་ཅོད་པན། བི་རཱ་ཊཛ། རྣམ་གསལ་སྐྱེས་དང༌། ཡུལ་སྐད་དུ། ར་བི་ཏྲི་ཟེར། འདི་ལ་རིགས་གསུམ་སྟེ། གསེར་ཐིགས་འདྲེས་པ་གསེར་མུ་མེན། སྔོ་ནག་སླད་མེད་ཤིན་ཏུ་གསལ་བ་མཐིང་མུ་མེན། སྔོ་སྐྱ་རྡོ་དཀར་འདྲེས་པ་གཡུ་མུ་མེན་ནོ། །སྔ་མ་ལས་ཕྱི་མ་རིམ་པས་ཞན། གོང་ལེགས་པ་ལ་དངུལ་གྱི་ལྔ་སྐོར། འབྲིང་བར་བཅུ་སྐོར། ཐ་མར་ཉི་ཤུ་སྐོར་བྱེད་པར་བཤད། འདི་ཁ་ཆེ་དང་མང་ཡུལ་གྱི་མཚམས་ནནྟ་པྲ་ས་ཏ་བྱ་བའི་རི་དང་སྐམ་ནས་འབྱུང་བ་དང༌། རཱ་ཛ་གི་རི་ནས་ཀྱང་འབྱུང་བ་ལས་རྒྱ་མཚོ་ལས་མི་འབྱུང་ངོ༌།།

 

༢༨། གཟི་རྙིང༌།

གཟི་རྙིང་གཟའ་ཡི་ནད་དང་གདོན་གཟེར་འཇོམས། །ཞེས་པ། རྟོགས་སླ་ལ་གསར་པ་མི་འབྱུང༌། དབྱིབས་མདོག་ནག་ཁྲ་སེར་ཁྲ་ཁམ་ཁྲ་དང༌། ཟླུམ་པོ་སྟག་ལོག རྐང་རིང༌། ཁྲ་ཆུང་རྣམས་འབྱུང༌། སྔོན་བཟོ་ཁྲ་འཁྱོགས་དང་མ་ནོར་བ་གཅེས། སྲུང་བའི་མཆོག་ནི་སྟག་ལོག་ཟླུམ་པོ་དང༌། རྐང་རིང་འགྱུར་དགུ་ཡིན། འདིས་ཕྱིས་པས་མིག་ནད་ལ་ཕན་པ་དང༌། ཆུ་གྲང་དུ་ཞག་གཅིག་སྦངས་པའི་ཆུས་ཁྲག་གིས་གཟེར་བ་ལ་ལྕགས་སུ་བརྡེགས་པ། བཏུང་བས་གཟའ་ནད་ཁྲག་ལ་བབས་པར་ཕན། ཁོང་སྨན་དུ་འགྲོ་བའང་ཡོད། མདེའུར་སྦྱར་ནས་བྱ་གདོན་གཟིར་ཐབས་དང༌། ལུས་ལ་འཆང་བས་གཟའ་ནད་སྲུང་བར་ཡང་བཤད། འདི་ཀླུས་འཆོས་ནས་ཀླུ་སྒྲུབ་ལ་སྔར་ཕུལ་ཕྱིས་མ་བུད་ཟེར་བའི་ཁ་བཤད་ཙམ་ལས་ཁུངས་མ་མཐོང༌།

 

༢༩། མཆོང༌།

མཆོང་དང་མརྒད་དག་ཀྱང་དེ་དང་འདྲ། འདི་ལ་རིགས་བཞི་འབྱུང་བའི་མཆོག་ནི། དཀར་ལ་སྔོ་མདངས་ཅན་དྭངས་པས་ཕྱི་ནང་མི་སྒྲིབ་པ་ཞིག་འབྱུང་བ་དཀར་མོ་ལག་གཡས་ཞེས་པས་སྡེ་བརྒྱད་སྲུང་ནུས་པའི་ནོར་བུ་ཡིན་པ་དང༌། དེ་འདྲ་བ་ལས་དེ་ཙམ་མི་དྭངས་པ་དམར་མདངས་ཆགས་པ་མ་ན་ཧཱུཾ་ཞེས་པའང་སྔ་མ་དང་ཕྱོགས་མཚུངས་ཙམ་མོ། །འདི་གཉིས་མ་ཧཱ་ཙི་ན་ནས་འབྱུང༌། ཁ་ཆེའི་ཡུལ་ནས་འབྱུང་བའི་དམར་པོ་དང༌། སྔ་རབས་ཀྱི་དཀར་ཁྲ་ཞིག་འབྱུང་བ་དམན་པར་བཤད། ནུས་པ་གཟི་དང་འདྲ་ཞེས་པའོ།།

 

༣༠། སྦུར་ལེན།

སྦུར་ལེན་མིག་གི་རབ་རིབ་ནད་ལ་ཕན། །ཞེས་པ་ལ་རིགས་གསུམ་སྟེ། མཆོག་ནི། ནི་མ་རི་པ་ཏ་ཞེས་པའི་རྡོ་དཀར་པོ་དང༌། ན་རི་ཀི་ལའི་ཆུ་དང༌། མཚལ་དང་ཡུང་བ་རྣམས་ཆ་མཉམ་པར་བསྲེས་ནས་ཤེལ་སྣོད་དུ་ཞག་བདུན་ལྷག་པར་བཞག་པས་དེ་ཞོ་ལྟར་ཆགས་པ་དང༌། སྦ་ལ་སོགས་པའི་སྣོད་དུ་ཡང་ཞག་བདུན་བསྙལ། དེ་རྗེས་དབྱིབས་གང་འདོད་འཆོས་པ་ཡིན་པར་བཤད། ན་རི་ཀེ་ལའི་ཆུ་དང་མཚལ་བསྲེས་པའི་སྟོབས་ཀྱིས་སྤོས་དཀར་གྱི་དྲི་བྲོ་བ་དེ་ལ་ཀ་པུ་ར་ཡང་ཟེར། འདི་འདྲ་བ་རྡོ་ལས་རང་བྱུང་ཞིག་ཀྱང་ཡོང༌། འདི་ལ་སླད་མེད་ཅིང་རྒྱུ་ནང་ཚན་འདྲེས་མ་འདྲེས་ཀྱི་དབྱིབས་འདྲ་བའི་རི་མོ་དཀར་སེར་མཚམས་ཉམས་ཡོད་པ་སྔ་མ་དང༌། འབྲིང་རྡོ་ལས་བྱུང་བ་དེ་ཕྱེད་སོགས་དཀར་སེར་གྱི་ཆ་ཡོད་ལ་ཟུར་དུ་རྡོ་རྩི་ཆགས་པ་ཕྱི་མ་ཡིན། འདི་གཉིས་མིག་ལ་ནན་གྱིས་བཏབ་པས་མིག་ཐུར་མ་མི་དགོས་པར་མིག་འགྲིབ་འབྱེད་པར་དེ་ལ་བོད་ཀྱི་སྤོས་ཤེལ་སྤོས་སྙིང་དུ་འབོད། རིན་ཐང་དངུལ་བཞི་སྐོར་དགོས། དམན་པ་ནི། སྤོས་དཀར་ལ་གཞི་བྱས་ནས་རྫས་བཟོ་བྱས་པ། ཡུལ་ཋ་ཊ་ཁམ་པ་ཝ་ཏི་རྣམས་སུ་འཆོས་པ་ཁ་བལ་གྱིས་མང་དུ་འཁྱེར་ཡོང་བ་ཁ་དོག་འདྲ་མིན་དང་ཆ་ཆེ་ཆུང་སྣ་ཚོགས་འབྱུང་ལ་དྲི་མ་སྔ་མ་དང་ཕྱོགས་མཐུན་པ་ནི་ཚབ་རུང་ཙམ་མོ། །གོང་ནི་ཀ་སྨིར་རུ་དངུལ་དང་མཉམ་འདེགས་བྱེད་པའོ།། འདི་སྤོས་ཀྱི་རིགས་སུ་འགྲོ་བས་སྤོས་ཤེལ་དང༌། སྦུར་མ་ལེན་པར་སྦུར་ལེན་ཟེར་རོ།།

 

༣༡། ཤང་ཀ་ཤི་ལ།

ཤང་ཀ་ཤི་ལས་གདོན་ཀུན་སྲུང་བར་བྱེད། །ཅེས་པ་རྒྱུ་མེ་ཤེལ་དཀར་པོ་ལ་དབྱིབས་རིན་པོ་ཆེ་དུང་གི་རྣམ་པ་ལྟར་རབ་ཏུ་དཀར་བ་ཞིག་ཡོད་པར་འདུལ་བ་ལུང་རྣམ་འབྱེད་ཀྱི་འགྲེལ་པར་པཎྜི་ཏ་ཚུལ་ཁྲིམས་བསྐྱངས་ཀྱིས་གསུངས་སོ།།

 

༣༢། ཆུ་ཡི་ནོར་བུ།

ཆུ་ཡི་ནོར་བུས་ཚད་རིགས་མཐའ་དག་འཇོམས། །ཞེས་པ་ནི། འདི་ལ་རིགས་གཉིས་ཏེ། ཧྭ་ཤང་གི་འབུམ་འགྲེལ་དུ། འབྱུང་བ་ལྔའི་ནོར་བུ་བཤད་པའི་སྐབས་སུ། ཆུའི་ནོར་བུ་ནི་གངས་སམ། ཆབ་རོམ་ལོ་སྟོང་ལོན་པ་ལ། རིན་པོ་ཆེ་སྤུག་ཅེས་པ་གོང་བུར་ཆགས་པར་བཤད་པ་དེ་ཡིན་ལ། རྒྱུ་འཆགས་པ་སྔོ་ཟར་འདྲ་བར་ཡོད་གསུངས་ལ། དེ་ཡང་ཁ་དོག་ཁྲ་བོར་ཡོད་པར་ཚུལ་ཁྲིམས་བསྐྱངས་ཀྱིས་གསུངས་སོ། །རིགས་གཅིག་ལྗང་ཞད་དང་སེར་ཁ་ཅུང་ཟད་ཡོད་པ་ཞིག་ཡོད་པ་ལ། སློབ་དཔོན་ཡང་དག་བདེན་གྱིས། རིན་པོ་ཆེ་སྤུག་ནི་ཁ་དོག་ལྗང་སེར་ཅན་ནོ་གསུངས་པ་དེ་ཡིན་གསུངས།

 

༣༣། མུ་ཏིག

མུ་ཏིག་ཀླད་པ་འཛག་གཅོད་དུག་ནད་སེལ། །ཞེས་པ་མིང་ནི། མུཀྟི་ཀ མཽ་ཀྟི་ཀཾ གྲོལ་བ་ཅན། མུཀྟ་ཕ་ལཾ། མུ་ཏིག་འབྲས། ཀོ་ཥ་ཛཾ། སྦུག་སྐྱེས། བ་རཱ་སོ་པ་ལཾ། ཡུལ་སྐད་དུ། ཨེ་ལུ་དང༌། པ་ནི་ཕ་ལ། ཆུའི་འབྲས་བུ་རྣམས་སོ། །རྒྱ་ནག་སྐད་དུ། གུ་བ་རི། ཕྲོམ་གྱི་ཡུལ་སྐད་དུ། མ་གྷན་ཐ་ཡ་ཟེར། འདི་ལ་རིགས་ཆེན་དྲུག་དང་ཐོར་བུ་པ་བཞི་བཅས་བཅུ་འབྱུང་སྟེ། རིགས་དྲུག་ནི། རཀྟ་མུཀྟི་ཀ་ཞེས་མུ་ཏིག་དམར་པོ་སངས་རྒྱས་སྲོག་ཆགས་དམར་པོར་འཁྲུངས་པ་ལ་བྱུང་བས་མཆོག་ཏུ་བཤད་པས་གསེར་བཅུ་སྐོར་རི་བ་དང༌། ག་ཛ་མུཀྟི་ཀ་ཞེས། གླང་པོའི་མུ་ཏིག་ནི། ལུང་ཐང་གི་འབྲས་བུའི་རྡོག་པོ་ཙམ་དཀར་མདངས་ཆེ་བ་གླང་པོ་ཆེ་མཆོག་གི་སྤྱི་བོའམ། མཆེ་བའི་ནང་ནས་འབྱུང་བ་སྟེ་འདི་ཡོད་པའི་གླང་པོ་ཆེ་དེའི་དྲི་ཚོར་བ་ཙམ་ནས་གླང་པོ་ཆེ་ཕལ་པ་རྣམས་འབྲོས་པར་བྱེད་པ་ཞིག་ལས་འབྱུང་བས་རིན་གསེར་གྱི་བཅུ་སྡེ་བྱེད་པ་དང༌། བ་ལུ་མུཀྟི་ཀ་ནི། སྔོ་མདངས་ཅན་སྲན་མ་ཆེ་ཤོས་ཙམ་པ་རྒྱ་གར་ལྷོ་ཕྱོགས་ནགས་ཁྲོད་དུ་ཤིང་དུ་ཡ་ཞེས་པའི་འདབ་མར་ཆར་བབས་པ་ལས་བྱུང་བ་རིན་ཐང་གསེར་གྱི་འབུན་བྱེད་པ་དང༌། རཾ་པ་མུཀྟི་ཀ་ཞེས་ཅུང་ཟད་ལྗང་ཉམས་ཅན་ཆེ་ཆུང་སྲན་མ་ཙམ་པ། རྒྱ་གར་ཤར་ཕྱོགས་ཀྱི་གླིང་ཕྲན་ཛ་བ་དི་བ་བྱ་བ་ཞིག་གི་ཤིང་ཀེ་ལ་ཞེས་པའི་འདབ་མ་ལ་ཆར་བབས་པ་ལས་བྱུང་བས་གོང་གསེར་གྱི་ཞོ་གང་དང་བཞི་ཆ་བྱེད་པ་དང༌། སརྦ་མུཀྟི་ཀ་ཞེས་སེ་འབྲུ་དམར་པོ་རློན་པའི་མདོག་འདྲ་བ་ཚད་ཀྱང་དེ་ཙམ་ཞིག་ནུབ་ཕྱོགས་ཧོར་ཡུལ་གྱི་སྦྲུལ་འགའ་ཞིག་གི་ཀླད་པ་ལས་བྱུང་བས་རིན་གསེར་དང་བརྗེ་བོ་བྱེད་པ་དང༌། ཤི་སཾ་ཀ་མུཀྟི་ཀ་ཞེས་ཅུང་ཟད་སེར་ཉམས་ཡོད་པ་ཆེ་ཆུང་མ་ངེས་པ། ཡུལ་སིང་ག་ལའི་རྒྱ་མཚོར་གནས་པའི་སྲོག་ཆགས་ཉ་ཕྱིས་ལས་བྱུང་བ་དང༌། ཉ་ཕྱིས་འདྲ་བའི་སྲོག་ཆགས་སྤང་རྩི་ཞེས་པའི་ལྟེ་བ་ལས་བྱུང་བ་འདི་གཉིས་འདྲ་བ་ལ་མིང་ཤུ་ཀྭཾ་བི་ཛི། ཉ་ཕྱིས་ས་བོན། སཽཀྟི་ཀེ་ཡཾ། ཉ་ཕྱིས་སྐྱེས་རྣམས་ཟེར་བ་གོང་གསེར་དོ་ལོག་འཇལ་དགོས་པ་དང་དྲུག་གོ །ཐོར་བུ་བཞི་ནི། མུ་ཏིག་མཆོག་ཏུ་གྱུར་པ་ནག་པོ་ཞིག་འབྱུང་བར་བཤད་པ་དང༌། རྒྱ་མུ་ཏིག་ཅེས་དཀར་ཉམས་ཅན་དང༌། ཨ་མདོའམ་འདོལ་ཁ་ཞེས་སྔོ་ཉམས་ཅན་དང༌། སྲོ་མ་ཞེས་རྒྱ་གར་ནག་གིས་སྦྱར་ཏིག་ཞིབ་པ་ཞིག་འབྱུང་བའོ། །དེ་དག་མཆོག་དམན་ནི་གོ་རིམ་བཞིན་ཕྱི་མ་དམན་པའོ།།  དེ་ཡང་མིག་མེད་པ་ཕོའོ། །ཤུན་པ་མང་ཞིང་ཁོང་སྟོང་འབྱུང་བ་མོ་རིགས་སུ་བྱེད་དོ།།

 

༣༤། ཉ་ཕྱིས།

ཉ་ཕྱིས་མུ་ཏིག་ནུས་པ་ཁྱད་པར་མེད། །ཅེས་པར་མིང༌། ཉ་སྐྱོགས། མུ་ཏིག་ཤུན་པ། ཉ་ཕྱིས་རྣམས་ཟེར། འདི་ལ་རིགས་གཉིས། བཟང་བ་དུང་ལྟར་འཁྱིལ་བ་མདངས་དཀར་ལ་འོད་དར་ཞིང་མདངས་ལྔ་འཆར་བ་དང༌། ངན་པ་ལེབ་མོ་གཉིས་ཐལ་མོ་སྦྱར་བ་ལྟ་བུ་ཕྱི་ལ་ཆུ་དྲེག་ནག་པོ་ཡོད་པ་ནང་དཀར་ལ་འོད་ལྔའི་མདངས་སྔ་མ་ལས་དམན་ཙམ་འཕྲོ་ཞིང་ནང་དུ་མུ་ཏིག་གི་འབྲུམ་ཕྲན་ཡོད་པ་བཟང༌། མེད་པ་ངན། ཕྱི་མ་འདི་ཉའི་སོག་པ་ཡིན་སྨྲ་བ་ནི་མ་མཐོང་བའི་ཚོད་གཏམ་སྟེ། གཉིས་ཀ་འབུ་སྐྱོགས་ཀྱི་རིགས་ཡིན། ཕྱི་མ་འདི་རྒྱ་ནག་གི་ཡུལ། ཡན་ཅུ་མན་དང༌། ཙི་ཧོ་ཥིས་ཟེར་བ་རྣམས་ཀྱི་ཆུ་ནང་དུ་ཆེ་བ་ཁྲུ་རེ་མན་དང༌། ཆུང་བ་སེན་མོ་ཙམ་གྱི་བར་འབྱུང་ལ་ནང་དུ་འབུ་མཆེར་པ་འདྲ་བ་ཡོད་པ། སྒང་ནས་ཁ་འབྱར་བའི་འདབ་ནས་ཕྱེ་ལ་འབུ་མངོན་པས་རྡོ་གསེང་དུ་འགྲོ་བ་མཐོང༌། ད་ལྟ་རྒྱས་ཕྲེང་བ་དང་པད་འདབ་སོགས་འཆོས་ནས་འཚོང་བ་འདི་ཡིན་ནོ།།

 

༣༥། པ་ཏྲ།

པ་ཏྲས་སྦྱར་དུག་བརྟག་དང་སྲུང་བར་ནུས། །ཞེས་པ་ལ་རིགས་གཉིས་ཏེ། ཨ་ཡི་པ་ཏྲ་དང༌། ཀེ་ལ་པ་ཏྲའོ། །འདི་གཉིས་ཀ་དབྱིབས་ཉ་སྐྱོགས་ལྟ་བུ་ལས། ཁྱད་པར་ནང་གི་ཁོང་འབུའི་གཞུང་སྲོག་ཐུར་ཕྲེང་ཐག་ལྟར་ལ་འབུའི་ཤང་མ་སོར་ལྔ་དྲུག་ཙམ་རེ་ཕྲེང་བ་བརྒྱུས་པ་ལྟར་ཡོད་པའི་ཤུལ་དང་གའི་ཚིགས་འགགས་ལྟར་ཡོད་པའི་དཀྱིལ་དུ་སྲོག་ཐུར་གྱི་ཤུལ་བུག་ཡོད་ལ་ཤས་ཉ་སྐྱོགས་ལས་སྲབ་པ་ཚད་ཉ་སྐྱོགས་ལས་ཅུང་ཆེ་བ་ཡོད། དེའི་ཨ་ཡི་པ་ཏྲ་ནི་ཤིན་ཏུ་དམར་བའི་འོད་ཅན་ནོ།།  གོང་གསེར་དང་བརྗེ་བོ་རི། ཀེ་ལ་པ་ཏྲ་ནི་ཁ་དོག་ཉ་སྐྱོགས་ལེགས་པ་ལྟར་རོ། །རིན་གསེར་གྱི་འབུན་རྩིས་བྱེད། སྔ་མ་མཆོག་ཡིན། ཕྱི་མ་དམན། གཉིས་ཀ་རྒྱ་མཚོ་ལས་འབྱུང་ངོ༌། །འདི་ནང་དུ་ཟས་བླུགས་པས་སྦྱར་དུག་ཡོད་ན་ཚེག་སྒྲ་བཅས་ཡར་བ་དང་ཁོལ་བ་ལྦུ་བ་སོབ་པ་སོགས་སྟོབས་དང་མཐུན་པའི་རྟགས་ཡོང༌། གྱུར་དུག་ཕྲན་བུ་ཞག་རེ་བཞག་པས་མེད་པར་འགྱུར་རོ།།

 

༣༦། ཅེ་སྤྱང་རྭ།

ཅེ་སྦྱང་རྭ་ཡིས་ཕྱུགས་ནོར་ནད་རྣམས་སྲུང༌། །ཞེས་པ་རྒྱ་གར་དུ་ཅེ་སྤྱང་ཞེས་པའི་གཅན་གཟན་ཡོད་པ་དེ་ཅེ་སྤྱང་ནས་ཅེ་སྤྱང་དུ་གཞན་གྱིས་བར་མ་ཆོད་པའི་སྐྱེ་བ་ལྔ་པ་ལ་རྭ་སྐྱེ་བ་དེ་ནོར་བུ་ཡིན་པར་རིན་པོ་ཆེའི་བསྟན་བཅོས་དག་ཏུ་བཤད་པ་དེའོ།།

 

༣༧། དུང༌།

དུང་གིས་རྣག་སྐེམ་འགྱིངས་འབིགས་རུས་ཚད་སེལ། །ཞེས་པ་ལ་ཨིང༌། ཤཾ་ཁ། དུང༌། ཛ་ལ་ཛ། ཆུ་སྐྱེས། ཛ་ལ་ཀ་རཾ་ཀ ཆུ་ཀ་རཾ་ཀ སཱུ་ཙི་ཀ་མུ་ཁ། ཁབ་ཀྱི་ཁ། ཀམྦུ་ར་དང༌། ནི་བུ་ཤ་ནི་རྣམས་ཟེར། འདི་ལ་རིགས་ལྔ་འབྱུང་སྟེ། མཆོག་འབྲིང་དམན་གསུམ་དུ་ཕྱེ་ན། དཀྵི་ཎ་ཝ་རྟ་ཤཾ་ཁ་ཞེས་པ་དུང་གཡས་སུ་འཁྱིལ་བ་སྟེ་འདི་སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་དུང་སྐྱེ་བ་ལྔ་པ་ཡིན་པར་བཤད། ཁ་དོག་ཀུཀྟ་ལྟར་རབ་ཏུ་དཀར་བ་འབྱུང༌། འདི་བཀྲ་ཤིས་པའི་རྫས་ཏེ། བརྒྱ་བྱིན་བྲམ་ཟེ་སྐར་རྒྱལ་དུ་སྤྲུལ་ནས་བཅོམ་ལྡན་འདས་ལ་ཕུལ་བའི་རིགས་སོ། །གཟི་དུང་ཞེས་དུང་མཇུག་འབུད་ཁའི་ཕྱོགས་ཕྲ་ལ་རིང་བ། ཁ་དོག་གཟི་སེར་ཁྲ་འདྲ་བར་ཁྲ་བ་འདི་གཉིས་བཟང་ས་སྔ་མ་མཆོག་དང་ཕྱི་མ་རབ་ཡིན། སི་ཏ་ཤཾ་ཁའམ། ཤཾ་ཁ་ཝརྟ། ཞེས་པ་དུང་དཀར་རམ། དུང་འཁྱིལ་པ་སྟེ། ཡོངས་གྲགས་དུང་དཀར་འདི་སྟེ་འབྲིང་བའོ། །ཀཎྜ་ཤཾ་ཁ། ཞེས་པ་དུང་ཚེར་མ་ཅན་ནམ། དུང་རྭ་ཅན་ཟེར་ཏེ། དུང་གི་ཕྱི་ལ་གཟུགས་མོ་བྱི་ཐུར་འདྲ་བའི་དུང་གི་ཚེར་མས་ཁྱབ་པ་ཞིག་འབྱུང་བ་དང༌། རཀྟ་ཤཾ་ཁ་ཞེས་དུང་དམར་ཏེ། སིནྡྷུ་རའི་མདོག་འདྲ་བ་ཞིག་འབྱུང་ཞེས་པ་རྣམས་རིམ་པས་ཞན་པའོ། །འདི་རྣམས་ནི་ཡུལ་མཱ་ར་ཤ་ཏི་དང༌། སི་ཀོ་དྷ་ར་དང༌། རྡོ་བ་རི་ཀ་ལ་སོགས་ཀྱི་རྒྱ་མཚོ་ནང་ནས་འབྱུང་བའོ། །རིན་ཐང་ནི། གཡས་འཁྱིལ་ལ་གསེར་སྒོར་བརྗེ་བྱེད་པ་དང༌། ཕྱི་མ་བཞི་ལ་དངུལ་སྲང་གང་དང༌། དེ་ལས་རིམ་པས་ཞོ་དོ་རེ་འབྲི་བར་བྱེད་པའོ། །འདི་རུས་ཚད་སྐབས་མ་གཏོགས་སོལ་མེར་དཀར་སངས་ཚོས་པར་བསྲེག་དགོས། སྨན་ལ་དུང་དཀར་ཡོངས་གྲགས་ལེགས་ཞེས་གསུངས།།

 

༣༨། ག་ཛ་དནྟ།

ག་ཇ་དནྟས་གདོན་དང་རིམས་ནད་སྲུང༌། །ཞེས་པའི། ག་ཛ་དནྟ་ནི། གླང་པོའི་སོ་སྟེ། བ་ལང་གི་སོ་ཡང་ཟེར་ཏེ། གླང་ཆེན་གྱི་ཡས་གྱི་ཁ་ལ་མཆེ་བ་ཕྱི་ལ་ཡར་གྱེན་དུ་ཕྱུར་བ། ཐལ་ཀར་ཞེས་པ་རབ་ལ་གཡས་གསུམ་གཡོན་གསུམ་སྟེ་དྲུག་དང༌། འབྲིང་ལ་བཞི། ཐ་མར་གཉིས་རེ་འབྱུང་པའི་རབ་ཀྱི་མཆེ་བ་ནོར་བུ་ཡིན་པར་བཤད་ལ། ཆེ་བར་མི་ཆ་ལག་རིང་བའི་འདོམ་གང་ལྷག་ཙམ་ནས་འདོམ་ཕྱེད་ཡན་ཅི་རིགས་ལ་ཕྲ་སྒོམ་སྡོང་ཕྲན་ཙམ་སོགས་འབྱུང༌། ཤིན་ཏུ་ལྕི་ལ་ནང་སྦུབས་ཅན་ཏེ་ནོར་འཕྲང་མེད་རུང༌། དུམ་བུ་ཆུང་ངུ་ནི། མ་ཧེའི་རུས་པ་དང་ནོར་བའི་མཁོ་ཆས་ཆུང་ངུ་འཆོས་པ་ཡོད་པས། རུས་པ་གཞན་ལས་འབོལ་ལ་ཁམ་ཞད་ཡོད་པ། འོད་རུས་པ་ལས་ཆུང་བ་གས་ཞིབ་ཆུང་དུ་འབྱུང་བའོ། །ཁྱད་པར་བརྟག་པ་ནི། གང་ཡིན་པ་དེའི་སྒང་དུ་མཆིལ་མ་ཐིགས་པ་ནས་ཕྱེད་ཙམ་ཞིག་བླུག་པའི་སྟེང་དུ་རྩྭ་འཇག་སྐྱའི་ཚལ་པ་ཁབ་ཙམ། སྣ་ནས་འབྲུ་ཕྱེད་གཉིས་ཙམ་ཡོད་པ་ཞིག་འཕྲེད་ལ་བཞག་པས། འཕྲེད་ལ་མི་སྡོད་པར་རུས་པའི་སྣ་རྒྱུད་དུ་འཁོར་ན་ངེས་པའོ། །

 

༣༩། གླ་བའི་ནོར་བུ།

གླ་བའི་ནོར་བུས་སྦྲུལ་སོགས་དུག་སྲུང་བྱེད། ཅེས་པ། གླ་བ་ལ་སོགས་པའི་དབང་པོ་རིལ་བུས་སྦྲུལ་དང་སྦྱར་དུག་སོགས་ཀྱི་འཇིགས་པ་ལས་སྐྱོབ་པར་བྱེད་པས་ངོས་འཛིན་པ་དང༌། གླ་བའི་རྩི་རིལ་གཅིག་ཏུ་འདྲིལ་བ་ཁ་དོག་ནག་ལ་འོད་ཟེར་འབར་བ་ཞིག་ཡོང་བ་ལ་བྱེད་པ་ལུགས་གཉིས་ཏེ། ཕྱི་མ་འདི་ལེགས་པར་སེམས།།

 

༤༠། རྡོ་བ་ཆར་འབེབས།

རྡོ་བ་ཆར་འབེབས་སོ་སོར་ནད་བྱུང་སེལ། །ཞེས་པ། ཉ་སོགས་སྲོག་ཆགས་མ་ངེས་པའི་ཀླད་པའི་ནང་དུ་ཀླད་པའི་སྙིང་པོ་རྡོའི་རིལ་བུར་འདྲིལ་བ་དབྱིབས་དང་ཚད་མ་ངེས་པ་འབྱུང༌། དེ་མ་ཉམས་པ་ཆུ་མིག་ཏུ་བཅུག་པས་ནམ་དགོས་ཆར་འབེབས་པར་བཤད་ལ། ཆར་འབེབས་པར་ཆུ་གནས་སྲོག་ཆགས་ལས་བྱུང་བ་བཟང་ཞེས་དང༌། དེ་སེམས་ཅན་གྱི་ལུས་གནས་ཕྱི་ནང་མ་ངེས་པར་འབྱུང་བས་གང་བྱུང་སོ་སོའི་ནད་ལ་ཕན།།

 

༤༡། ཆུ་ཚན་རིང་བསྲེལ།

ཆུ་ཚན་རིང་བསྲེལ་གདོན་ནད་ཐམས་ཅད་སེལ། །ཞེས་པ། ཆུ་ཚན་གྱི་སྦུག་སོགས་སུ་ཆུ་ལས་བྱུང་བའི་དབང་རིལ་འོད་ཟེར་འཕྲོ་བ་འབྱུང་བར་བཤད་པས་དེའོ།།

 

༤༢། ཀུ་ཤ་བྷནྡྷ།

ཀུ་ཤ་བྷནྡྷས་རིམས་ནད་སེལ་བར་བྱེད། །ཅེས་པ། རྒྱ་གར་ནག་དུ་རྩྭ་ཀུ་ཤ་སྐྱེས་པ་ལ་འབྲས་བུ་སྨིན་པ་ཡོང་བ་རིན་པོ་ཆེར་བཤད་པ་དེ་ཡིན་ལ། འགའ་ཞིག་ཀུ་ཤ་བྷནྡྷ་དུང་གཡས་འཁྱིལ་ཡིན་ཟེར་བ་ཡོད་ཀྱང་ཁྱབ་པ་མེད་པ་འདྲའོ། །གཞན་ཡང་རྒྱ་ནག་ལས་འབྱུང་བའི་རིན་པོ་ཆེ། ཞུ་ཧུ་རྫིང་དང༌། མ་ན་ཧོ་དཀར་པོ་དང༌། དམར་པོ་དང༌། གཡང་བྲེའུ་དང༌། བསེ་རུ་དཀར་པོ་དང༌། ཏར་མི་དཀར་པོ་དང༌། ཏར་མི་སྨུག་པོ་དང༌། ཏར་མི་ཁྲ་བོ་རྣམས་ལ་སྤྱིར་ཡོན་ཏན་ཕྱོགས་ཙམ་ལས་ཞིབ་པ་མ་མཐོང་བས་རེ་ཞིག་དེ་ཙམ་མོ།།

དེ་ལྟར་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་རྩ་བ་བཞི་བཅུ་རྩ་གཉིས་ནང་རིགས་བཅས་བརྒྱ་དང་རྩ་ལྔ་རྒྱས་པར་བཤད་ཟིན་ཏོ།།

 

གཉིས། བཞུ་བའི་ཁམས་ཀྱི་རིན་པོ་ཆེ།

ད་ནི་གཉིས་པ་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་རྩ་བ་བཅོ་ལྔ་དང༌། ནང་ཚན་དབྱེ་བ་བཅས་དྲུག་ཅུ་རྩ་གཅིག་རིམ་པས་བཤད་པར་བྱ་སྟེ།

 

༡། གསེར།

གསེར་གྱིས་ཚེ་རིང་རྒས་སྲ་དབྱིག་དུག་སེལ། །ཞེས་དང༌། མན་ངག་བེ་བུམ་ལས། གསེར་ནི་རོ་བསྐ་ཞུ་རྗེས་ཁ། །ནུས་བསིལ་དུག་སེལ་ཚེ་འཕེལ་ཡང༌། །དུག་དང་ལྡན་པས་སྐྱེ་རྒྱུན་གཅོད། །ཅེས་པའི་མིང་ནི། སོ་ན། གསེར། སཽ་ཝœ་དང༌། སུ་ཝœ། མདོག་བཟང༌། ཧ་ཊ་ཀ ཟོ་མཆོག ཙྭ་མྶེ་ཡ། ཙམ་པ་སྐྱེས། ག་གེ་ཡཾ། གངྒཱ་སྐྱེས། ཨ་ལངྐ་ར་སུ་ཝརྞཾ། རྒྱན་མདོག་བཟང༌། ཏ་པ་ནྰི་ཡཾ། བསྲེག་བྱ། ཙཱ་ལིའ་ཀ་རཾ། ས་ལེ་སྦྲམ། ཛཱ་ཏ་རཱུ་པཾ། སྐྱེ་གཟུགས། ཨཥྚ་པཱ་ད། རྐང་བརྒྱད་པ། ཤ་ཏ་ཀུམྦྷ། བུམ་བརྒྱ་པ། ཀཻ་རི་ཀཾ། རི་ལས་སྐྱེས། ཀརྟ་སྭ་རཾ། འོད་བྱེད། ཛམྦུ་ན་དཾ། ཛམྦུ་ཆུ་གསེར། ཀ་ལ་དྷཽ་ཏ། ཆ་ཤས་སྦྱང༌། བནྠི་བི་ཛ། མེའི་ས་བོན། ཏཻ་ཛ་སཾ། གཟི་བརྗིད་སྐྱེས། མ་ཧཱ་ཏགྣི། རིན་ཆེན་མེ། ཛ་ཏཾ། སྐྱེས་པ། ཙ་ཀུ་ར་ཛ་ཏཾ། ཙ་ཀུ་ར་སྐྱེས། ཏ་ར་ཛི་བ་ནི། འཚོ་བ་སྒྲོལ་བྱེད། བྷཱུ་རི་ཙནྡྲཾ། སའི་ཟླ་བ། ལོ་ཧ་པ་རཾ། ལྕགས་མཆོག ཀུརྦུ་རཾ། མདངས་ལྡན། ཧཱ་ཊ་ཀཾ། ཚོང་འདུས་འགྲིམ། མ་ཧཱ་རཱ་ཛ། ཁ་དོག་རྒྱལ་པོ། སྭ་ཝ་རྞཾ། ཀ་ན་ཀ ཧེ་མ། ཀཱཉྩ་ནཾ། རུགྨཾ། མདོག་ལྡན། ཨཱ་ལ། ཧི་ར་ཎྱཾ། ཀ་ན་ཀཾ། བྷ་ན། གསེར། ཞེས་རྒྱ་བོད་སྤེལ་སྐད་ཀྱི་མིང་གྲངས་དང༌། ཧོར་གྱིས། ཨ་ལྠས་ཟེར། ཤྲིཾགྰི། ཀ་ན་ཀཾ རྭ་ཅན་གསེར་ཟེར་རོ། །འཕྲལ་སྐད་དུ། སོ་ན། གབ་ཏུ། ལྕགས་ཀྱི་གཙོ་བོ། སའི་སྙིང་པོ། སྐྱེ་བ་རྒྱུན་གཅོད། ཅེས་ཟེར། འདི་ལ་རིགས་ཆེན་གཉིས་དང༌། རིགས་ཕྲན་དྲུག་སོགས་འབྱུང་བས། རིགས་ཆེན་ནི། དམར་པོ་དང༌། སེར་པོ་གཉིས་སོ། །དམར་པོ་ནི། ཤིང་ཛམྦུ་བྲཾཀྵའི་འབྲས་བུ་རྒྱ་མཚོར་ལྷུང་བ་ཀླུས་ཟོས་པའི་བྲུན་ཐམས་ཅད་གསེར་དུ་གྱུར་པ་རྒྱ་མཚོའི་རླབས་ཀྱིས་བྱེ་མ་དང་འདྲེས་པར་ཆུ་འགྲམ་དུ་ཆགས་པས་ཛམྦུ་ཆུ་བོའི་གསེར་ཞེས་གྲགས་ལ། ཀླུའི་རྒྱལ་པོས་རིན་པོ་ཆེ་སྣ་བདུན་དང་སྦྲགས་ནས་ཟོས་པས་རིན་ཆེན་བདུན་འདུས་པར་བཤད། གསེར་དེ་བྱ་མེ་ཟན་ནམ། བྱ་ཚེ་རིང་གིས་ཟོས་པའི་བྲུན་རྒྱ་ནག་དང་ཧོར་ཡུལ་སོགས་སུ་ཆགས་པ་ཡང་སྔ་མ་ལྟར་ཡོད་པ་རྣམས་ནི། དབྱིབས་ཟངས་དམར་གཡའ་ཆད་པ་འདྲ་བ་ཆེར་དམར་བ་ཞིབ་ཏུ་བརྟགས་ན་འཇའ་འོད་ཅུང་ཟད་ཆགས་པ། དྲིལ་བུ་སོགས་བཅོས་ན་གསུང་ཤིན་ཏུ་སྙན་པ་ཞིག་འབྱུང་བ་ལ། མིང༌། ཛྷི་ཀྵིམ་དང༌། ཟུར་ཆག་པར་ཟི་ཁྱིམ་དང༌། རྫི་ཁྱིམ་ཟེར། འདི་ལ་ཀུན་མཁྱེན་པུ|u་རི་ཀས། ཟི་ཁྱིམ་སིནྡྷུའི་ཆུ་ཀླུང་དག་གི་འགྲམ། །གསེར་བཞིན་ཆགས་པས་གསེར་དམར་ཡིན་པར་གྲགས། །འདི་ལ་ཀླུ་ཡི་རིན་ཆེན་སྣ་བདུན་པོ། །མ་ལུས་འདུས་པས་ཡིད་བཞིན་ནོར་བུ་འདྲ། །ཁ་དོག་ཆེར་དར་ཞིབ་བརྟགས་འཇའ་འོད་སྣང༌། །དུག་ཆུས་རེག་ན་དབང་པོའི་གཞུ་ཉིད་སྟོན། །ཞེས་གསུངས་བཞིན་བཙན་དུག་གི་ཆུ་བྱུགས་ན་འཇའ་འོད་ཆགས་པ་དང༌། དུག་བརྟགས་ཚེ་ནད་པའི་ཁར་བཅུག་པའམ། ལུས་དྲོད་དུ་འཆང་བས་ཀྱང་དེ་བཞིན་འབྱུང་བ་འདི་ནི་དབྱིག་དུག་ལ་མཆོག་ཏུ་ཕན་པ་བཅས་མཆོག་གི་གསེར་རོ།། གཉིས་པ་སེར་པོ་ལ་མཆོག་དམན་གཉིས་ལས། མཆོག་ནི་ས་ལེ་སྦྲམ་ཞེས་པའམ། ཛམྦུ་ཆུ་བོའི་གསེར་སྔ་མ་དང་རྒྱུ་མཚན་འདྲ་བ། ཁ་དོག་དམར་སེར་གུར་གུམ་གྱི་མདོག་ལྟ་བུ་འོད་ཟེར་འཕྲོ་བ། ཤིན་ཏུ་སྣུམ་པ་དང༌། ཕལ་པ་ལ། སེར་ལ་དམར་མདངས་ཅན་དང༌། སེར་སྐྱ་སྔོ་མདངས་ཅན་དང༌། སེར་སྐྱ་དཀར་ཤས་ཅན་རྣམས་འབྱུང་བ་རིམ་པས་མཆོག་ནས་དམན་པའོ། །ཁུངས་ཀྱང༌། རྒྱ་གར་ནག གུ་ལང༌། ཐོ་གོར་གར་ལོག མངའ་རི་ཏྲེ་ནག་ཁམས། སྒ་འབྲི། མི་ཉག ལི་ཆུ་སོགས་ནས་འབྱུང་བ་སྔ་མ་ལེགས་པར་བཤད་ཀྱང་མ་ངེས་སོ། །འོན་ཀྱང་བརྟག་ཐབས་གསུམ་གསུངས་པ་ལྟར་མ་བརྟགས་ན་གསེར་འགྱུར་བྱས་པའི་གསེར་མན་དང་ནོར་འཕྲང་ཆེའོ། །ཡན་ལག་བརྒྱད་པ་ལས། པདྨའི་འདབ་མར་ཆུ་བཞིན་དུ། །གསེར་གྱི་ཡན་ལག་ལ་མི་ཆགས། །ཚེ་ཡང་རིང་དུ་འཕེལ་བར་འགྱུར། །ཞེས་དང༌། ཟླ་ཟེར་ལས། གང་གི་ཕྱིར་གསེར་འཐུངས་པར་གྱུར་པས་དུག་ཟོས་པའི་ཡན་ལག་རྣམས་ལ་དུག དེ་ཆགས་ཤིང་ཞེན་པར་མི་འགྱུར་ཏེ། དཔེར་ན་པདྨའི་འདབ་མར་ཆུ་ཆགས་པར་མི་འགྱུར་བ་དེ་བཞིན་དུ་དུག་ཆགས་པར་མི་འགྱུར་བ་དང༌། དེ་བཞིན་དུ་གསེར་འཐུངས་བར་གྱུར་པ་དག་ནི་ཚེ་རིང་ཞིང་འཕེལ་བར་འགྱུར་བ་ཉིད་ཀྱང་ཐོབ་པར་འགྱུར་རོ། །ཞེས་དང༌། རང་བྱུང་རྡོ་རྗེས། གསེར་གྱིས་རྒས་པ་རྣམ་པར་འཇོམས། །ཞེས་གསུངས་སོ། །སྲིད་སྲུང་ལ་སེར་པོ་བཟང་ངོ། །གསེར་རང་བཞིན་གཏོང་དགོས་རིགས་ལ་དུག་ཕྲལ་ནས་གཏོང་བ་ལ་དུག་འདོན། དུག་དང་ལྡན་པར་གཏོང་དགོས་ལ་དུག་སློང༌། ཚོན་དུ་གཏོང་ཚེ། ཁ་དོག་འདོན་པ་ལ་བཙོ་མ་བྱེད་པ་བཙོ་སྤྲད། འདུལ་ལུགས། མདོག་བསྒྱུར། དངུལ་ཟངས་སོགས་ལ་ཚ་གསེར་བྱུགས་ཐབས། གསེར་ཤོག་བྱེད་ན་བརྡུང་བའི་ལག་ལེན། དེ་རྒྱག་ཐབས། མགར་དུ་བྱེད་པའི་ཚལ་རྣམས་དང༌། ཐལ་སྨན་དགོས་ཚེ་གསེར་སོགས་རིན་པོ་ཆེའི་ཐལ་བ་འོས་ཚད་ཀྱི་ལག་ལེན་བཅས་ཁོ་བོས་ལོགས་སུ་གསལ་བར་བྱས་ཡོད་པ་ལས་ལོངས་ཤིག།

 

༢། དངུལ།

དངུལ་གྱིས་ཆུ་སེར་ནད་དང་རྣག་ཁྲག་སྐེམ། །ཞེས་པར། རང་བྱུང་རྡོ་རྗེས། དངུལ་གྱིས་སོ་ནི་བཟང་པོར་འགྱུར། །ཞེས་དང༌། མན་ངག་ཏུ། དངུལ་ནི་གསེར་དང་ཕྱོགས་མཐུན་ལ། །རོ་ཁ་ཞུ་རྗེས་ཁ་ཡང་སྙོམས། །ཞེས་གསུངས། མིང་ནི། རུ་ཕྱཾ། དངུལ། ར་ཛ་ཏཾ། ཚོན་ཅན། དུ་རྺརྞཾ། མདོག་ངན། བྷངྒ་བི་ཛ། འཁྱོག་པའི་ས་བོན་དང༌། ཤྭེ་ཏ་ཁ་རྫུ་ར། ཁརྫུ་རཾ། ཤྭེ་ཏཾ། དཀར་པོ། ཙནྟྡ། ཨིནྡྷུ། དྷ་ར། རུ་པ། རཱུ་པ། ཨརྦ་ཊཾ། རཱ་ཏེ། ཞེས་དང་གབ་ཏུ། རྡོ་སྙིང༌། རྒྱ་ནག་གིས་ཡི་འཛི། ཧོར་གྱིས་མུན་འགུ། བྱུང་ཁུངས་ས་ལས་བྱུང་བ་དང༌། ཤིང་ལས་བྱུང་བ་དང༌། རྡོ་ལས་བྱུང་བ་གསུམ་ཡོད། ས་ལས་བྱུང་བ་ནི། ཛམྦུ་གླིང་གི་གླིང་ཕྲན་གཞན་པ་ཨ་ལ་ཡི་ཞེས་བྱ་བའི་ཡུལ་དུ་ས་བྲུས་པའི་ནང་དུ་ཆར་བབས་པའི་རྐྱེན་གྱིས་ཆབ་རོམ་ལྟར་ཆགས་པར་བཤད་པའོ། །དེ་ནི་མཆོག་ཏུ་བཤད། ཤིང་ལས་བྱུང་བ་ནི། ཁྭ་ར་ས་ནའི་ཡུལ་དུ་ཤིང་གི་སྡོང་པོ་རུ་པ་ད་རུ་ཞེས་པ་བསྲེགས་པ་ལས་ཞུན་དུ་བབས་ནས་ཆགས་པར་བཤདཔའོ།། རྡོ་ལས་བྱུང་བ་ནི། དངུལ་རྡོ་སྔོན་པོ་འོད་ཕྲོམ་པ་དེ་བཞུས་པ་ལས་འབྱུང༌། དེ་ཡང་རྡོ་རིགས་ཀྱི་ཁྱད་པར་ལས་རྡོ་བཞུས་པ་ནས་དངུལ་འབབ་པ་དང༌། རྡོ་བཞུས་པས་དང་པོ་ལྕགས་འབབ་པ་དང༌། གཤའ་འབབ་པ་དང༌། ཞ་ཉེ་འབབ་པ་དང༌། ཟངས་འབབ་པ་སྟེ། དེ་བཞི་གང་ཡང་སླར་བཞུ་བཏུལ་བྱས་པས་སྔ་མ་དག་ནས་དངུལ་འདུག་པའི་རིགས་ཏེ། ནད་ལ་ཡང་རང་རང་གི་མ་དང་མཐུན་པར་ཕན་གསུངས། རྒྱུད་རིན་ཆེན་སྤུངས་པ་ལས། དངུལ་ནི་མཚལ་ལས་བྱུང་བ་ཡིན། །ཞེས་གསུངས་པ། དངུལ་དུ་དགོངས་པའི་ཁུངས་མ་མཐོང་ངོ༌། །དེ་དག་རྒྱུའི་སྒོ་ནས་ས་དངུལ། ཤིང་དངུལ། རྡོ་དངུལ་ཞེས་འབོད་པར་གྲགས་ཀྱང༌། བོད་དུ་རྡོ་དངུལ་འབའ་ཞིག་ལས་མི་འབྱུང་ལ། དེར་ཡང༌། ལྕགས་དངུལ་སྔོ། གཤའ་དངུལ་དཀར། ཞ་དངུལ་ཁམ། ཟངས་དངུལ་དམར་ཟེར། འོན་ཀྱང་དེང་སང་བོད་ཆེ་ཆུང་དུ་འབྱུང་བ་འདི་ལ་ར་དངུལ་ལུག་དངུལ་གཉིས་སུ་འདུས། ར་དངུལ་སྔོ། ལུག་དངུལ་དཀར་བའོ། །དེ་ཡང་ཧོར་དངུལ་ཤིང་ཁ་མ་བཟོ་དབྱིབས་མ་ངེས་པ་དང༌། རྒྱ་དངུལ་འོ་ཁ་མ་སྟེ་འདི་ལ་བོད་དངུལ་བསྲེས་པ་མང༌། དེ་ལ་དབྱིབས་ཁྱད། རྒྱ་ནག་གི་རྟ་རྨིག་མ། ལུག་རྨིག་མ། ར་རྨིག་མ། རྟ་དྲས་མ། ཡིག་ཕྭན་སོགས་དང༌། རྒྱ་གར་ཊཾ་ག་ཡུལ་ཁྱད་ཀྱིས་གྲུ་བཞི་ཟླུམ་པོ་གཉིས་ལ་ཞོ་གསུམ་རེ་ཡོད་པ། བལ་པོའི་ཊཾ་ག་ཞོ་ཕྱེད་དང་དོ་རེ་ཡོད་པ། དེར་ཡང་ཡམ་བུ་དང༌། ཡེ་རང་དང༌། ཁོ་ཁོམ་གསུམ་པའི་རང་རྟགས་ཁ་རིས་དང༌། རེ་རེར་ཡང་རྒྱལ་རབས་རེ་རེ་བཞིན་གྱི་རྟགས་ཁ་ཡིག་ཨངྐི་ལོ་རྟགས་བཅས་གསལ་བ་དང༌། ནང་པ་ལ་རང་རྟགས་མཆོད་རྟེན། ཕྱི་པ་ལ་དབང་ཕྱུག་གི་རྩེ་གསུམ། ཐུན་མོང་ལ་འདྲེས་པ། ཆོས་རྒྱལ་བ་སུ་དྷ་རའི་བསྒྲུབ་པའི་མ|uལ་རྟེན་མདའ་གཞུ་བྲིས་པ་སོགས་དང༌། དེ་བཞིན་མོན་ཊཾ་ཞོ་རེའི་ཚད། རྒྱ་སེར་གྱི་འདྲ་མིན་སྐར་རེ་ལངས་པ་རྣམས་ནི་ར་དངུལ་ཡིན་པར་བཤད། ཁམས་དངུལ་ཞོ་ཁ་མ་ལའང་དངུལ་ཁ་མང་སྟབས་མི་འདྲ་བ་ཅུང་འབྱུང་ཡང་རིགས་གཅིག་པར་བྱེད་པ་དང༌། གཞན་རྡོ་དངུལ་ནས་ཟངས་ཀྱི་བར་རྣམས་ལས་ལྕགས་དངུལ་མ་གཏོགས་པ་སྟེ་དེ་དག་ལུག་དངུལ་དུ་བརྩི་བ་གཞུང་གི་རྩིས་ལུགས་སོ། །གང་ལའང་ར་མེད་པ་སྟེ་སླད་བྲལ་བ་དགོས། དེ་ཡང་རྡོ་ནག་ལ་གྲུས་པས། སེར་ན་རག་འདྲེས། དམར་ན་ཟངས། ནག་ན་ཞ་ཉེ། སྔོ་ན་གཤའ་འདྲེས་པས་མ་དག་བར་བཞུ་བཏུལ་གྱིས་རང་འདུག་བྱེད་ཅིང་གསེར་ལྟར་ཚ་བརྡུང་ཐུབ་པ་དགོས། ར་མེད་པར་རི་མོ་དཀར་ནར་གྱིས་འོང་བ་ཡིན་ནོ། །རང་བྱུང་རྡོ་རྗེས། གསེར་དངུལ་ཐལ་བས་ཤ་རོ་རྨེན་འབྲས་གཅོད། །ཅེས་དང༌། མན་ངག་ཁ་ཅིག་ཏུ། དངུལ་ཐལ་རུལ་གཅོད་འབྲས་འདུལ་དམུ་ཆུ་སྐེམ། །ཞེས་འབྱུང་བ་རྣམས་ནི་དངུལ་འདི་ཐལ་བ་ཤས་ཆེར་བྱེད་དགོས་པའོ།།

 

༣། དངུལ་ཆུ།

དངུལ་ཆུས་བཅུད་ལེན་ནད་གདོན་ཀུན་འཇོམས་མཆོག །ཅེས་པའི་མིང་ལ། སཱུ་ར། བདུད་རྩིའམ་དངུལ་ཆུ། སཱ་ད་ར། རྒྱུག་བྱེད། ཙ་པ་ལ། འདེད་བྱེད། སཱ་ར་ཏོ་རམ། ཁུ་བའི་དབང་པོ། ཧ་ར་མྰིཛྫ། འཕྲོག་བྱེད་ས་བོན། མ་ཧཱ་དྷཱ་ཏུ། ཁམས་ཆེན་པོ། ཤུདྡྷ་དྷཱ་ཏུ། དག་པའི་ཁམས། སཱུ་ཏ་ཀཾ། མཚལ་སྐྱེས། ཧིངྒུ་ལཾ། དམར་པོ་སྐྱེས། རཀྟི། དམར་པོ། པ་ར་ད། མཆོག་སྦྱིན། ཧཾ་ས་པཱ་དཾ། ངང་པའི་རྐང་པ། ར་ས་ཡ་ན། བཅུད་ཀྱིས་ལེན་པ། པ་ར་ཏ། མཆོག་ལྡན། ར་ས་པ་ར། རོ་མཆོག་ཅེས་དང༌། གབ་ཏུ། འབིགས་བྱེད་རྒྱལ་པོ། མཚལ་ཆུ། མཚལ་གྱི་བུ། ཟླ་བའི་གཟུགས་ཅན། ཟླ་བ། ཟླ་བསིལ། བདུད་རྩི་བཅུད་རྒྱལ། ཀུནྡའི་རང་བཞིན། དབང་ཕྱུག་ཐིག་ལེ། ས་བདག་བཅུད་འདུས། རབ་ཏུ་གཡོ་བ། ཆུ་སྨན་རལ་གྲི་རེག་གཅོད། བདུད་རྩི་དར་ཡ་ཀན། ཐིག་ལེ་དར་ཡ་ཀན། བདུད་རྩི་ཟླ་བའི་ཟིལ་པ། སྨན་གྱི་གཙོ་བོ་སྤྱི་ས། ཟུག་རྔུ་ཞི་བྱེད། ཆུའི་སྨན་པ་དཀར་པོ། བསིལ་བྱེད་གངས་ཀྱི་ཁྱུང་རྒོད། བསིལ་ཆེན་གངས་ཀྱི་ཆུ་རྒྱུན། གནམ་གྱི་བྱ་ཁྱུང་དཀར་པོ། ལྕགས་ཀྱི་དུར་ཕག་སྔོན་པོ། བདུད་རྩི་གངས་ཀྱི་སེང་གེ། བདུད་རྩི་ཆུ་རྒྱུན། གནམ་ལྕགས་རྡོ་རྗེའི་ཁྲབ་རིང༌། དུག་རལ་འབར་བ་བརྩེ་དགུ། རྫས་ཀྱི་རྡོ་རྗེ་ཕ་ལམ། དེ་དག་མིང་གི་མངོན་བརྗོད་ཡིན་ལ། སྐབས་འགར། ད་ཆུ་ཟེར་བ་ཡོད་པས་མཚལ་ད་ཆུ་དང་མ་ནོར་སྐབས་ཕྱེད་གཅེས་སོ། །འདིའི་ལོ་རྒྱུས་སྔོན་རབས་མང་ཡང་བཤད་ཁུངས་ཡང་འདྲ་མིན་མང་ཕྱིར་བཞག །དོན་ལ་ལྷ་དབང་ཕྱུག་ཆེན་པོའི་ཐིག་ལེ་ཡིན་པར་བཤད། བྱུང་ཁུངས་རང་བྱུང་ཞིག་བྲག་དབང་ཕྱུག་གི་ལིངྒ་འདྲ་བར་ཡོད་པ་བུད་མེད་ཀྱིས་ལེན་པ་ཆགས་རྐྱེན་གྱིས་འབབ་ཚུལ་སོགས་གཏམ་ཁུངས་འདུག་ཀྱང་བརྟག་བྱར་མཆིས། ལག་ལེན་དངོས་ལ། རྒྱ་བོད་ཀྱི་མཚལ་རིགས་གང་རུང་དང༌། རྡོ་དངུལ་རྡོ་འདྲ་ལ་བསྲེགས་ན་དུད་པར་ཡལ་བ་ཞིག་དང༌། རྡོ་ཕ་བོང་ལོང་བུ་དང༌། མིའི་རྔུལ་དྲེག་ཅན་གྱི་གོས་དང༌། རོ་གོས་ཆར་ཟག་སོང་བ་དང༌། མཚེར་ཤུལ་གྱི་རེ་བ་ཆར་ཟག་སོང་བ་དང༌། སྔོ་སྣེའུ་དང༌། བྱ་ཕུག་རོན་དང༌། འབུ་སྡིག་པ་ནག་པོ་སྟེ། རྫས་སྣ་དགུ་པོ་འདི་གང་རིགས་ལས་འབྱུང་བས་དེའི་ལག་ལེན་ཁོ་བོས་ལོགས་སུ་བྱས་ཡོད་ལ། དེ་དག་ཀྱང་དོན་བསྡུ་ན། རྡོ་ལས་བྱུང་བ་དང༌། སྲོག་ཆགས་ལས་དང༌། སྔོ་ལས་བྱུང་བ་གསུམ་དུ་འདུས། གང་ཡང་དཀར་ཞིང་གཡོ་བ་ནི་རྒོད། སྔོ་ཞིང་དལ་བ་གཡུང༌། རྒོད་གཡུང་གང་ལ་ཡང༌། ལྕི་བའི་དུག་དང༌། འབིགས་པའི་དུག རྩིའི་དུག་དང་གསུམ་ཡོད་པས། དེ་གསུམ་བསད་ཐབས། བཀྲུ་བཙོ་སྤྱད་གསུམ་གྱི་ཆོ་གས་ལག་ལེན་རྒྱས་པ་གྲུབ་པའི་སློབ་དཔོན་མང་པོའི་ཕྱག་ལེན་ཐ་དད་པ་རྣམ་གྲངས་བཅོ་ལྔ་ཙམ་ཡོད་པ་ཁོ་བོས་གཅེས་བསྡུས་སུ་གསལ། རྫས་སྦྱོར་འགའ་ཞིག་གི་སྐབས་དགོས་ཆེད་མ་གཏོགས་ནམ་ཡང་དུག་མ་བསད་པ་སྨན་དུ་གཏོང་བའི་ཐབས་མེད་པ་གནད་ཀྱི་དམ་པའོ།།

 

༤། ཟངས།

ཟངས་ཀྱིས་རྣག་སྐེམ་གློ་མཆིན་ཚ་བ་སེལ། །ཞེས་དང༌། རང་བྱུང་བས། ཟངས་ཀྱིས་དམུ་རྫིང་སྐེམ་པར་བྱེད། ཅེས་དང༌། མན་ངག་ཏུ། ཟངས་ནི་རོ་མངར་ཞུ་རྗེས་དང༌། །ནུས་བསིལ་གློ་བའི་རྣག་ཆུ་སྐེམ། ཞེས་པའི་མིང་ནི། ཤཱུ་ལཾ། ཝ་རིཥྛ། དྱཥྚ། དུམྭ་ར། ཏཱ་མྲཾ། ཟངས་མ། སྭུ་གཱ་གོ། ཉི་མའི་ལུས། རིཥྛཾ། འཇོན་དམར། ཨུ་དུམྦ། དམར་མཆོག རཀྟི། དམར་པོ། བདྱཥྚཾ། གཉིས་བརྒྱད། མླེཙྪ་མུ་ཁཾ། ཀླ་ཀློའི་ཁ། མུ་ནི་བརྟེ་ལཾ། ལོ་ཧི་ཏཱ་ཡཿ ལྕགས་དམར། ས་རི་ཏྲཾ། ཡོངས་སྐྱོབ། ཤུ་ཝ་བ། སི་ཧི་ར། ཞེས་པ་རྣམས་དང༌། ཡུལ་སྐད་དུ། ཏཾ་མེ་ཧ་ར། གབ་མིང་དུ། དམར་ཐལ། བརྡ་རྙིང་དུ། དམར་རུག ཧོར་གྱིས། རྫས་སི་རྣམས་མིང་སྟེ། འདི་ལ་རིགས་ནི་མཆོག་གཅིག ཕལ་པ་གཉིས་དང་གསུམ་འབྱུང༌། མཆོག་ནི་རང་བྱུང་ཟངས་ཞེས་ས་འོག་ནས་རང་བྱུང་གསེར་ལྟར་འབྱུང༌། ད་ལྟ་བོད་དུ་ལྷ་རྩེ་དང་གཙང་ཇོ་ནང་གི་ཉེ་ཆ་ཞིག་ཏུ་ཡོད་པར་གྲགས། ཕལ་པ་གཉིས་ནི་རྡོ་ལས་འབྱུང་སྟེ། རིན་ཆེན་སྤུངས་པ་ལས། ཟངས་ནི་སྤང་མ་དག་ལས་འབྱུང༌། །ཞེས་པས་སྤང་མཐིང་དང་ཟངས་རྡོ་ཕན་ཚུན་རྒྱུད་གཅིག་པར་མཐོང༌། དོན་ལ་རྡོ་བཞུ་བ་ཁོ་ནས་འབྱུང༌། དེ་ཡང་ཁ་དོག་དམར་ནག་གྱོང་ལ། བརྡུངས་ཚེ་སྐད་ངན་པ་ལ་ལྕགས་ཟངས་སམ་ཕོ་ཟངས། དམར་ལ་མཉེན་པ་བརྡུངས་ཚེ་སྐད་བཟང་བ་ལ་གསེར་ཟངས་སམ་མོ་ཟངས་ཡིན། ཟངས་རྡོ་སླད་ཡོད་པ་དུག་ཅན་ཏེ། དེ་ནི་སེག་བརྡར་གྱིས་བརྡར་ཕྱེར་རྒྱ་ཚ་ཆང་བཅས་སྦྱར་ནས་དཀར་ཡོལ་ནང་ན་ཡུན་དུ་བཞག་ཚེ་ཞུ་ནས་སྤང་མ་ལྟར་གྱུར་པ་ཆུས་བཀྲུས་པས་མ་ཞུ་བའི་རྡོ་ནག་ལྕི་བ་སྙིགས་མར་ལུས་པའི་ཟངས་དེ་སྤང་བྱའོ། །སྨན་གྱི་སྐབས་སུ་ཕལ་ཆེར་ཐལ་སྨན་བྱ་དགོས། རང་བྱུང་པས། ཟངས་ཐལ་ཆུ་སེར་མ་ལུས་སེལ། །ཞེས་དང༌། རིན་ཆེན་སྐབས་སུ། ཟངས་ཐལ་མེད་ན་ལུས་ལ་དངུལ་མི་འཆགས། ཞེས་དང༌། མན་ངག་ཏུ། ཟངས་ཐལ་རྣག་དང་ཆུ་སེར་སྐེམ། །ཞེས་སོ། །སྐབས་འགར། ཟངས་དྲེག་ཅེས་པ་ནི། ཟངས་མགར་བས་བསྲེགས་ལ་བརྡུངས་པའི་དྲེག་པ་ཡིན། འདིས་འོར་དམུ་ཆུ་གློ་རྣག་ལུས་ཀྱི་ཆུ་སེར་སྐེམ་ལ་ཚབ་ནད་ལ་ཕན། ཟངས་སྣོད་མེས་གདུངས་པའི་དྲེག་པ་ལ་བྱེད་པ་ནོར་རོ།།

 

༥། ལྕགས།

ལྕགས་ཀྱིས་མཆིན་དུག་མིག་ནད་སྐྱ་རྦབ་སེལ། །ཞེས་དང༌། རང་བྱུང་པས། ལྕགས་ཀྱིས་ཆུ་དང་མཚོན་རྣམས་ལྡོག །ཅེས་པའི་མིང༌། ལོ་ཧ། ཨ་ཡཿ། ལྕགས། ཤ་ཀཾ མཚོན་ཆ་སྣ། ཏིཀྵ། རྣོན་པོ། པཎྜི། གོང་བུ། ཨ་ཡ། གར་བུ། ཀཱ་ལ། ནག་པོ། སཱ་ལ་སིའ། གོང་པ། གི་ར་སཱ་ར། རི་སྙིང༌། ཨསྨ་སཱ་ར། རྡོའི་སྙིང་པོ། ཞེས་དང༌། གབ་མིང༌། ཨཱཡུཿཧ་ར། ཚེ་འཕྲོག གསོད་བྱེད། གཅོད་བྱེད། ངར་འཐུང་ཞེས་ཟེར། འདི་ལ་རིགས་མཆོག་གཉིས། ཕལ་པ་དྲུག་སྟེ། རྒྱུ་ནི་རྡོ་བཞུས་པ་ལས་འབྱུང༌། མཆོག་གི་དང་པོ་ནི། གང་བྷེ་ལ་ཞེས་པ་ཞིག་ཨ་ཤའི་ཡུལ་ནས་འབྱུང་པའི་མདོག་ཁམ་ནག་ཞིག་གོ། །དེའི་རལ་གྲིས་གླང་པོ་ཆེ་ཡང་ཕྱེད་ཚད་དུ་ཆོད་པར་ནུས་པ་དེ་ལ་ཡིག་འབྲུ་འདྲ་བའི་རི་མོ་ཡོད་པར་བཤད། གོང་དངུལ་དང་བཅུ་འགྱུར་ཡིན་ཟེར། གཉིས་པ་ལི་ཚེ་རི་བྱ་བ་ནི་ཡུལ་ལ་ན་དང་ཀསྨི་རའི་བྱང་ཕྱོགས་ནས་འབྱུང༌། མདོག་ཤིན་ཏུ་སྔོ་བ་ཞིག་གོ། །དེ་ལས་བྱས་པའི་མཚོན་ཆས་ལན་ཅིག་བསྣུན་པའི་ཤུལ་དུ་ཡང་མ་བསྣུན་ཀྱང་གོམ་པ་བདུན་འདོར་ལོང་གི་ཡུན་ཙམ་དུས་ཡིད་ལ་རྒྱག་པར་མ་སེམས་པས་ཀྱང་སྔ་མ་ལྟར་ཕོག་པ་ཞིག་ཡོད་པར་གྲགས་སོ། །ཕྱི་མ་འདི་གསེར་དང་མཉམ་འཇོག་རི་བར་བཤད། དེ་གཉིས་ལ་ལྕགས་མཆོག་ཅེས་ཟེར་རོ།། ཕལ་པ་ནི། སྲོག་ཆགས་ལས་བྱུང་བ་དང༌། རྡོ་ཁབ་ལེན་ལས་བྱུང་བ་དང༌། ལྕགས་རྡོ་ལས་བྱུང་བ་དང༌། མདུང་རྩེ་ལས་བྱུང་བ་སོགས་ཡོད་པར་བཤད། བོད་འདིར་དར་བ་ལྕགས་རྡོ་ལས་བྱུང་བ་འདི་ཡིན། དེ་ལ་ཁ་དོག་གི་དབྱེ་བས་འབྱུང་བ་ལྔའི་མིང་འདོགས་ཡོད་ཀྱང་མདོར་ན་མཉེན་ལྕགས་དང༌། ངར་ལྕགས་གཉིས་སུ་འདུས། མཉེན་ལྕགས་ནི་ཁ་དོག་དཀར་ལ་ངར་མི་འཐུང་བ་མོ་ལྕགས་དང༌། ཁ་དོག་ནག་ལ་བརྡུངས་རྗེས་དམར་བ་དང༌། དཀར་ཡང་ངར་ཆེར་འཐུང་བ་ཕོ་ལྕགས་ཡིན། ཁབ་ལེན་ལས་བྱུང་བ་ལ་རིགས་བཞི་སྟེ། རང་བྱུང་རྡོ་རྗེས། ཁབ་ལེན་རིགས་ནི་རྣམ་པ་བཞི། འགུགས་བྱེད་ལྕགས་རྣམས་འགུགས་པར་བྱེད། །གཅོད་བྱེད་འབིགས་བྱེད་སྐོར་བྱེད་རྣམས། །ལྕགས་ཀུན་ལས་བྱེད་ཁམས་མཆོག་ཡིན། །ཞེས་གསུངས་པའི་རྡོ་རིགས་དེ་བཞི་ལས་བྱུང་བ་སྟེ། འགུགས་བྱེད་ཀྱི་ལྕགས་ནི་སྔ་རབས་པས་ཕུར་པ་སོགས་འཆོས་པས་ཁབ་ལེན་པ་དེ་ཡིན། གཏེར་མའི་ཕུར་པ་དང་རྡོ་འདི་རིགས་ལས་བྱས་པ་མང༌། གཅོད་བྱེད་དང་འབིགས་བྱེད་ཀྱི་ལྕགས་ཀྱིས་ལྕགས་གཞན་ཤིང་ལྟར་གཅོད་འབིགས་བྱེད་པ་དང༌། སྐོར་བྱེད་ཀྱི་ལྕགས་ནི་རྒྱ་ནག་ནས་འབྱུང་བའི་ཕྱོགས་བརྟག་འཁོར་ལོའི་ར་མགོ་བྱས་པ་དེ་ཡིན་པས་གླིང་གི་བྱང་ངོས་རི་རབ་ཀྱི་ལྷོའི་ངོས་ལ་ཁབ་ལེན་གྱི་བྲག་ཡོད་པ་དེ་ལ་བསྐོར་ཏེ་ཕྱོགས་པར་བྱེད་པ་དེ་ཡིན། འདི་བཞི་ནུས་པ་མཐུན་པར་བཟང༌། རྒྱ་སོགས་སོལ་རྡོས་བཞུ་བསྲེག་བྱས་པའི་བོད་ཀྱིས་ཤིང་སོལ་གྱིས་བསྲེགས་པས་བརྡུང་མི་བཏུབ་པའི་རིགས་ནི་དུག་ལྕགས་ཡིན་པས་ངན། ལྕགས་ཕྱེ་ལྕགས་ཐལ་གང་བྱེད་ཀྱང་ལྕགས་ཞུན་འཐར་ལེགས་པར་བྱ་དགོས། ལྕགས་ཐལ་མཆིན་དུག་དམུ་རྫིང་སྐེམ་པའི་མཆོག །ཅེས་པ་ལྕགས་འཕྲུལ་ཐལ་བྱས་པ་ཡིན། །ལྕགས་ཕྱེས་མིག་ནད་དུག་དང་སྨུག་པོ་འཇོམས། །ཞེས་པ་ལྕགས་སེག་བརྡར་གྱིས་བརྡར་ཕྱེ་སྨན་གྱིས་དུག་བཏོན་ལ་སྨན་གྱིས་བཤིག་པའོ། །ལྕགས་ཁུས་མཆིན་ཚད་མིག་ནད་ཤུ་བ་སེལ། །ཞེས་པ་ལྕགས་སྨན་གྱིས་བཞུས་པའི་ཁུ་བའོ། །ལྕགས་དྲེག་མིག་ནད་སྦྱངས་དང་སེར་ནད་འཇོམས། ཞེས་པས་ལྕགས་བསྲེག་བརྡུང་བྱས་པའི་གོག་དྲེག་གོ །ལྕགས་སོལ་མིག་སེར་རུས་ཞེན་འདོན་པར་བྱེད། །ཅེས་པས་ལྕགས་ཞུན་བྱས་པའི་ཐབ་ཀྱི་སླེ་ཞུན་ཆགས་པ་ལ་སྔགས་དང་སྦྱོར་སྡེ་སོགས་པས་མི་ལ་ཤ་སེར་ལ་ཕན་པའོ།།

 

༦། ཐོང་ལྕགས།

ཐོང་ལྕགས་དུགས་ཀྱིས་ཚད་གཟེར་ཁྲག་གཟེར་འཇོམས། །ཞེས་པས། རྨོས་ལྕགས་བྱང་མས་གཟེར་སར་གྲང་དུགས་བྱེད་པའོ།།

 

༧། ལྕགས་ཀྱི་བཙའ།

ལྕགས་ཀྱི་བཙའ་ཡིས་མཆིན་པའི་ནད་ལ་ཕན། །ཞེས་པ། དུར་ནང་གི་ས་འོག་ཏུ་སྦས་ལ་བཞག་པས་བཙས་ཟོས་པ་རྡོ་ཕྱེ་འདྲ་བ་སེར་པོར་སོང་བ་དེ་ཡིན།

 

༨། གནམ་ལྕགས།

གནམ་ལྕགས་རིགས་ཀྱིས་བགེགས་འཇོམས་སྨྱོ་བྱེད་ཐུབ། །ཅེས་པ་སྔོན་བྱོན་དྲེགས་འདུལ་རྣམས་ལ་སྡེ་བརྒྱད་སོགས་ཀྱིས་ཕུལ་བའི་ལྕགས་ཁ་དོག་རིགས་ལྔ་སོགས་འབྱུང་བས་བྱས་པའི་ཕྱག་མཚན་བྱས་པ་གཏེར་དུ་སྦས་མིན་སྣ་ཚོགས་འབྱུང་ལ། རྭ་དང་ཤིང་སོགས་ཀྱིས་བརྡུངས་ན་སྐད་སྙན་པོར་སྒྲོགས་པ། ཁ་དོག་གསལ་མིན་སྣུམ་མདངས་ཅན་ལྕགས་ཕལ་པས་མི་བརྫི་བའོ།།

 

༩། ཐོག་ལྕགས།

ཐོག་ལྕགས་རྩ་དཀར་ནད་ལ་ཕན་པ་ཡིན། །ཞེས་པ། ཐོག་གི་ལྕགས་ས་འོག་ཏུ་བསྐལ་པར་ལུས་ཀྱང་བཙའ་ཞུ་སོགས་མ་བྱུང་བའི་ལྕགས་དཀར་སེར་དམར་ནག་རིགས་བཞི་གང་ཡང་ལིའི་རྒྱུ་འདྲ་བར་གཟུགས་བརྙན་སྣ་ཚོགས་འབྱུང་བ་དེའོ།།

 

༡༠། ལི།

ལི་ཡིས་མིག་གི་སྐམ་ཚག་རྔོ་འབྲས་འདུལ། །ཞེས་པའི་ལི་ལ་རྒྱ་ལི་བོད་ལི་གཉིས། དེ་རེ་རེ་ལའང་དཀར་དམར་གཉིས་རེ་ཡོད་ལ། རྒྱ་གར་གྱི་ལི་རྡོ་རང་བཞུས་པ་ནས་ལི་འབྱུང་བ་ལི་ཡུལ་གྱི་རི་ལས་འབྱུང་བ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ལ། པུཎྜ་རྰི་ཀའི་ཞལ་སྔ་ནས། ལི་དཀར་དཀར་དྭངས་ཅུང་ཟད་སེར་བ་ཡིན། །ལི་དམར་དམར་མདངས་ཅུང་ཟད་སེར་བ་ཡིན། །འདི་གཉིས་ལི་ཡུལ་རི་ལ་ཐུབ་དབང་བཞིས། །བྱིན་གྱིས་བརླབས་པ་ལས་འོང་མཆོག་ཏུ་བསྔགས། །ཞེས་པའི་ལི་འདིའི་གཡའ་མིག་ལ་བྱུགས་ན་སྐམ་ཚག་ལ་མཆོག་ཏུ་ཕན་ལ། བོད་ལི་ནི་སྟོད་ཀྱི་གཤའ་དཀར་དངུལ་འདྲ་བ་ལ་ཟངས་དྲུག་སྐོར་བསྲེས་པ་དང་བརྒྱད་སྐོར་བསྲེས་པ་ལ་བལ་པོ་སོགས་ཀྱིས་མཆོད་ཆ་བྱས་པའི་ལི་འདི་འདྲ་བ་དཀར་དམར་འབྱུང་བའི་མེ་ལོང་གི་གཡས་ཀྱང་མིག་ལ་ཕན་ཞིང༌། ལི་དེའི་བསྲེག་ཚུག་གིས་རྔོ་འབྲས་འདུལ་བ་ཡིན།

 

༡༡། འཁར་བ།

འཁར་བ་ར་གན་གཡའ་ཡིས་མིག་ནད་སེལ། །ཞེས་པའི་འཁར་བ་ལ་དཀར་དམར་གཉིས་ཡོད་པའི་རྒྱུ་ཁམས་ཚ་བ་སོགས་ནས་འབྱུང་བའི་གཤའ་དཀར་དང་འཇུས་ནས་འབྱུང་བའི་གཤའ་ནག་ལ་ཟངས་བདུན་སྐོར་བསྲེས་པས་གཤའ་དཀར་ནག་སོ་སོར་འབྱུང་ལ། ལར་གཤའ་རིགས་ཀྱི་རྒྱུ་དང་དེ་བཞིན་ཟངས་སྐོར་ཐ་ཁ་ཚར་ཏི་ཚ་གསེར་དངུལ་ལ་སོགས་བསྲེ་ཚོད་ཀྱི་དབྱེ་བས་ལི་འཁར་དང༌། ལི་ལ་དཀར་སེར་དམར་གསུམ། དེ་ལ་ཡང་མདོག་ལ་སྐད་ལི་གཉིས། འཁར་བ་དཀར་སེར་དམར་ནག་བཞི་སོགས་ཀྱི་ལག་ལེན་སྐོར་ཐང་བདག་གིས་བྱས་པ་ལོགས་སུ་གསལ། དེའི་འཁར་དཀར་འདུལ་མ་སྨན་དང་སྦྱར་ནས་མིག་ལ་བྱུགས་པ་དང༌། འཁར་དམར་གཡའ་སག་ཏུ་སློང་ནས་རྔོ་ཤུ་ལ་བྱུགས་པས་ཕན་པ་མྱོང་གྲུབ་བོ།།

 

༡༢། ར་གན།

ར་གན་ནི། རྒྱ་རག་བོད་རག་སོ་སོ་ལ། ཕོ་རག་སྐྱ་བོ་དང༌། མོ་རག་ལྗང་སེར་གཉིས་རེ་ཡོད་ཀྱང༌། སྐབས་འདིར་བོད་རག་གིས་ཆོག་སྟེ། དེ་ཡང་ཏི་ཚ་དཀར་པོ་ལ་ཟངས་སུམ་སྐོར་བསྲེས་པའི་མོ་རག་ལྗང་སེར་དང༌། ཟངས་བཞུས་པར་རག་རྡོ་ཚོད་ཀྱིས་བཏབ་པའི་ཕོ་རག་སྐྱ་བོ་གཉིས་སོ་སོར་འབྱུང་བ། བཞུ་དུས་ཀྱི་དུད་པ་ལ་སྣོད་གཞན་བུབ་པར་ཆགས་པའི་སྐྱ་བོ་དེ་དང་བརྡར་བའི་འདུལ་ཕྱེས་མིག་ལ་ཕན། སྔ་མ་ལྟར་བྱས་པའི་གཡའ་བྱུགས་པས་ཤུ་འབྲས་ལ་ཕན་པའོ།།

 

༡༣། གཤའ་དཀར།

གཤའ་དཀར་རྨ་གསོ་དངུལ་ཆུ་འཆིང་བྱེད་ཡིན། །ཞེས་དང༌། རང་བྱུང་པས། ཀླུ་ནི་དཀར་དང་ནག་པ་གཉིས། གདོན་སྲུང་སྤུ་རྣམས་ནག་པོར་བྱེད། ཅེས་པར་མིང༌། ཀླུ་དཀར་དང༌། ནུས་ལྡན་མཆེ་བ་ཅན་དཀར་ཟེར། འདི་ཡང་རྡོ་བཞུས་པ་ལས་འབྱུང་ལ། དེར་ཡང་སྟོད་རྒྱ་གར་ནས་འབྱུང་བ་དང༌། སྨད་རྒྱ་ནག་ནས་འབྱུང་བ་གཉིས་རབ་ཏུ་དཀར་ལ་མཉེན་པ་མཆོག་ཡིན། བོད་ཀྱི་གཤའ་དཀར་འབྲིང༌། གཤའ་ནག་ངན། འདུལ་མས་རྨ་གསོ་ཤའུ་སྐྱེད་པ་དང༌། གཤའ་གང་བྱུང་ཆོག དངུལ་ཆུ་འདུལ་ཆེན་སྐབས་ལྕགས་བརྒྱད་ཀྱི་གྲས་སུ་དགོས་པ་དང༌། དངུལ་ཆུ་ཤ་ལྟར་ཟ་བའི་ལག་ལེན་སྐབས་དགོས་པ་རྣམས་ལ་དཀར་པོ་བཟང་བ་དགོས། འཕྲུལ་ཐལ་བྱས་པས་སྐེམ་སྨན་དང་དུག་སྨན་ལ་འགྲོ་བ་ཡོད་དོ།།

 

༡༤། ཞ་ཉེ།

ཞ་ཉེས་དུག་འཇོམས་ཤ་རོ་གཅོད་པར་བྱེད། །ཅེས་པ་ལ་མིང༌། ཞ་ཉེ། ཞ་ནེ། རོ་ཉེ། ཚོན་མོ་ཏ། ཀླུ་ནག ཀླུའི་དབང་པོ། ནུས་ལྡན་མཆེ་བ་ཅན་ནག་རྣམས་ཟེར། འདི་དངུལ་རྡོ་འདྲ་བའི་རྡོ་ལས་བབ་པ་དང༌། དངུལ་གྱི་ཐལ་གདན་ལས་འབབ་པ་དང༌། ས་འོག་ནས་ཐལ་གདན་ཞེས་པའི་རྡོ་ལྗང་སེར་རབ་ཏུ་ལྕི་བ་ལས་འབབ་པ་སོགས་ཡོད་པ་གང་ཡང་བཞུས་པའི་ཁུ་བ་སྟེ། རྡོ་ཁྱད་ལས་དཀར་ནག་གཉིས་འབྱུང༌། འཕྲུལ་ཐལ་གྱིས་ཞ་ཉེ་རང་ལ་སྦྱར་བའི་དུག་འཇོམས་འཕྲུལ་ཐལ་ལ་ཞ་དཀར་བཟང༌། སྐྲ་དང་སྨར་སྨིན་སོགས་དཀར་བ་ནག་པོར་གཏོང་བའི་སྦྱོར་སྡེ་ལ་ནག་པོ་དགོས། དངུལ་ཆུ་འཆིང་བར་གཉིས་ཀ་ཆ་མཉམ་བཟང་གསུངས་སོ།།

 

༡༥། ཏི་ཚ།

ཏི་ཚ་དཀར་པོའི་དུད་པས་མིག་ལ་ཕན། །ཞེས་པར། མིང་སྔོ་ཆོག་ཀྱང་ཟེར། འདི་རྡོ་སྔོན་པོ་དང་དམར་པོ་རིགས་གཉིས་ལས་འབྱུང༌། ངོ་བོ་དངུལ་འདྲ་ཡང་དེ་ལས་སྔོ་བ། སོ་བར་བལྡད་པས་སེག་སྒྲ་འབྱིན་པ། སོལ་མེར་བསྲེགས་པས་དུད་པ་སྔོ་སེར་དུ་ཡལ་བ་ཞིག་སྟེ། སྟོད་ནས་ལེབ་མོ་ཤོག་མོར་དོད་པ་དང༌། སྨད་ནས་གར་བུ་ཁྲིག་པ་བཅག་འཕྲོ་ཅོང་ཞིའི་དབྱིབས་ཏེ། སྔ་མ་མོ་རིགས་བཟང༌། ཕྱི་མ་ཕོ་རིགས་དམན། ཟངས་ལ་རག་འཆོས་ན་སྔ་མ་སེར། ཕྱི་མ་དཀར་ཤས་ཆེའོ། །འདི་འཕྲུལ་ཀོང་བྱས་ནས་བསྲེགས་པའི་དུད་པས་མིག་ནད་མཐའ་དག་དང་ཁྱད་པར་ལིང་ཐོག་ལ་ཕན་ནོ།།

 

༡༦། ཟི་ལ།

ཟི་ལས་རྨ་ཤུ་རེག་དུག་འཇོམས་པར་ནུས། །ཞེས་པ། རྒྱ་ནག་ནས་འབྱུང་བས་ཁ་དོག་དང༌། རྒྱུ་གཤའ་དཀར་འདྲ་ལ། དེ་ལས་སྲ་ཞིང་མཁྲེགས་པ། ཏི་ཚ་ལྟར་སོ་མི་སེག་པ། ལུགས་པས་སྐད་ལི་ལ་བསྲེས་པས་སྐད་ཐག་རིང་པོ་འབྱུང་བ་ཞིག་སྟེ། རྒྱས་སྐད་ལི་དྲིལ་བུ་ལ་བསྲེ་བ་དང༌། ཟི་ལ་རོང་གི་ཆང་བུམ་དང༌། ཆང་འཚོང་བའི་ཆང་འཇལ་སྣོད་རྣམས་བྱེད་པ་དེ་འདུལ་བས་རེག་དུག་ལ་ཕན་པའོ། །འདི་ཟངས་རག་སོགས་ལ་བསྲེས་པའི་སྟོང་ཞེས་པ་ལ་སྟོང་དཀར་དང་སྟོང་དམར་འབྱུང་ལ། ཁ་དོག་དངུལ་འདྲ་བ་ལས་ཅུང་ཁམ་པ་བརྡུང་བ་ལ་མཉེན་སྣག་ཆེ་བ་འབོལ་ཞིང་བཞུན་པ་སྟོང་དཀར་དང༌། དེ་འདྲ་བ་དེ་ལས་ཅུང་དམར་བ་སྟོང་དམར་ཏེ། དེ་གཉིས་ཀྱང་རེག་དུག་ལ་ཕན་ཞེས་ཟེར།

 

༡༧། འཁྲོ་ནག

འཁྲོ་ནག་གདོན་གཟེར་སྲིན་དང་དུག་ནད་འཇོམས། །ཞེས་པ། རྡོ་བཞུས་པ་ལས་བྱུང་བའི་ཁྲོ་ལྕགས་རྒྱ་ནག་པས་བཞུ་བླུགས་བྱས་པའི་སྣོད་རིགས་འབྱུང་བ་བརྡུང་དུ་མེད་པ་འདི་དར་ཆེ་བས་ཤེས་སླ་བ་འདིས་གདོན་གཟེར་དང་འབུ་སྲིན་ལས་སྦྱར་བའི་དུག་ལ་ཕན་པར་བཤད་པའོ།།

 

དེ་ལྟར་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་རྩ་བ་བཅོ་ལྔ། ནང་རིགས་བཅས་དྲུག་ཅུ་རྩ་གཅིག་གི་དབྱེ་བ་རྒྱས་པར་བཤད་ཟིན་ཏོ།།

ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བར་གྱི་དང་པོ་ཁམས་གཉིས་ཀྱིས་བསྡུས་པ་རྩ་བ་ལྔ་བཅུ་རྩ་བདུན་ནང་རིགས་བཅས་བརྒྱ་དང་དྲུག་ཅུ་རྩ་དྲུག་གི་གྲངས་ཀྱི་རིན་པོ་ཆེའི་སྨན་གྱི་ངོ་བོ་ནུས་མིང་རྒྱས་པར་བཤད་པའི་སྐབས་ཏེ་གཉིས་པའོ།། །།

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 3:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།