ས་ག་ཟླ་བའི་ངོས་འཛིན་སྐོར་མདོ་ཙམ་གླེང་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.06.2015 |
༄༅། །ས་ག་ཟླ་བའི་ངོས་འཛིན་སྐོར་མདོ་ཙམ་གླེང་བ།
སྨན་རྩིས་པ་ཨེ་པ་བསོད་ནམས་རིན་ཆེན།
ཨོྃསཱསྟི།
སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན།།
སྲིད་གསུམ་སྐྱེ་དང་འཇིག་པ་མེད།།
ཤེས་དང་ཤེས་བྱ་གཅིག་པའི་སྐུ།།
དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ།།
དེ་ཡང་བདག་ཅག་གི་སྟོན་པའི་འཁྲུངས་ཟླ་ས་ག་ཟླ་བར་འབོད་པ་དེ་ཉིད་དེང་བོད་ལུགས་ཀྱི་ཟླ་བའི་གྲངས་ལ་སྦྱོར་བའི་ཚེ། བོད་ཟླ་གསུམ་པ་ལ་ངོས་འཛིན་པ་དང་། བོད་ཟླ་བཞི་པ་ལ་ངོས་འཛིན་པའི་སྲོལ་གཉིས་བྱུང་བཞིན་ཡོད་པ་ལས། སྐབས་སུ་རང་ལུགས་བསྟན་རྩིས་དང་ལེ་ཐོའི་ལག་ལེན་ནི། གྲ་ཕུག་པའི་ལུགས་སོགས་དེང་གི་བོད་ཀྱི་ལེ་ཐོ་ཕལ་དང་ཅུང་མི་འདྲ་བར། རྒྱ་གར་དང་། འབར་མ་སོགས་ཕྱིའི་ནང་པ་རྣམས་དང་གཅིག་མཚུངས་སུ་བོད་ཟླ་གསུམ་པ་ས་ག་དང་སྦྱོར་བའི་ལུགས་ལ་ངོས་འཛིན་བཞིན་ཡོད། འོ་ན། བོད་སྤྱིའི་ལུགས་ཀྱི་ས་ཟླའི་ངོས་འཛིན་ཇི་འདྲ་ཡིན་པ་དང་། ཁྱད་པར་རང་ལུགས་བསྟན་རྩིས་སུ་རྒྱུད་ཀྱི་དགོངས་པ་དང་མཐུན་པར་ཉ་སྐར་རྩིས་ཚུལ་ཞིབ་རྩིས་ལུགས་སུ་ལག་ལེན་འདེབས་ཚུལ་ཇི་འདྲ་ཡིན་པའི་སྐོར་གནད་བསྡུས་གླེང་ན།
དང་པོ། བོད་སྤྱིའི་ལུགས་ཀྱི་རགས་པ་ས་ཟླའི་ངོས་འཛིན།
ས་ག་ཟླ་བ་དང་། ནག་པ་ཟླ་བ། ཆུ་སྟོད་ཟླ་བ་སོགས་ནི་རགས་པ་ཟླ་བའི་ཉ་སྐར་ཞེས་ཟླ་བ་དེའི་ཚེས་བཅོ་ལྔའི་མཚན་ཐོབ་ཀྱི་ཟླ་བའི་སྐར་མའི་མིང་༼སྐར་རྩིས་ལུགས་སུ་རེས་འགྲོགས་ཟླ་སྐར་ཞེས་པ་འབོད་པ་༽ཟླ་བ་དེར་བཏགས་པ་ལས་འབོད་སྲོལ་བྱུང་བ་ཞིག་ཡིན། ཉ་སྐར་གྱིས་ཟླ་བའི་མིང་བརྫོད་པའི་སྲོལ་འདི་ནི་བོད་ཙམ་མ་ཡིན་པར། སྔོན་གྱི་དུས་ཤར་ཕྱོགས་ཉི་འོག་པ་དང་། ལྷོ་བེེདརྦཧ། ནུབ་ཀསྨིར། དབུས་མ་མ་གྷ་དྷ་སྟེ་རྒྱ་གར་འཕགས་པའི་ཡུལ་ཀུན་དང་། ཁྱད་པར་ཤམྦྷ་ལར་དེ་ལྟར་བརྗོད་སྲོལ་ཡོད་པ་ནི་ཉི་མའི་སྙིང་པོ་སོགས་རྒྱ་གར་ནས་བསྒྱུར་བའི་མདོ་དང་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་དེ་ཤམྦྷ་ལ་ནས་བསྒྱུར་བའི་མདོ་རྒྱུད་གཉིས་སུ་གསལ་ཡོད།
སྤྱིར་ཞག་རྩིས་དབང་གིས་ཟླ་བ་ལ། ཚེས་ཟླ་དང་། ཁྱིམ་ཟླ། ཉིན་ཟླ་གསུམ་གྱི་རྩིས་ཚུལ་ཡོད་པ་ལས། སྐབས་སུ་ཚེས་ཟླ་ནི་ཚེས་སུམ་ཅུའི་བདག་ཉིད་ཅན་གྱི་ཟླ་བ་ཉ་སྟོང་བགྲོད་གཉིས་དང་། དཀར་ནག་གི་ཆ་གཉིས་ཡོངས་སུ་རྗོགས་པ་ལ་ཟླ་བ་གཅིག་གི་གྲངས་སུ་རྩིས་པ་ཡོངས་གྲགས་ཀྱང་། ཟླ་བའི་ཐོག་མཐའི་ཚིགས་མཚམས་ཀྱི་རྩིས་ཚུལ་ཐད་ལུགས་མི་འདྲ་བ་གཉིས་ཡོད་དེ། དེ་ལ་ཡར་ངོ་ཞེས་པ་ཟླ་བའི་དཀར་ཆ་དང་པོ་འཕེལ་ངོ་དང་། མར་ངོ་ཞེས་པ་དཀར་ཆ་འགྲིབ་པའམ་དམར་ཆར་འཇུག་པའི་དུས་ལ་ངོས་བཟུང་སྟེ། ཟླ་བའི་ཡར་ངོའི་ཚེས་༡ ནས་འགོ་བཟུང་སྟེ་མར་ངོའི་ཚེས་༣༠ བར་གྱི་ཚེས་ཞག་སུམ་ཅུའི་གྲངས་ཀྱི་ཡུན་ལ་ཟླ་གཅིག་དང་། ཡང་ཟླ་བ་མར་ངོའི་ཚེས་༡ སྟེ་ཚེས་༡༦ ནས་འགོ་བཟུང་སྟེ་ཟླ་བ་ཡར་ངོའི་ཚེས་༡༥ བར་གྱི་ཚེས་ཞག་སུམ་ཅུའི་གྲངས་ཀྱི་ཡུན་ལ་ཟླ་བ་གཅིག་གི་གྲངས་སུ་ངོས་འཛིན་པའི་ལུགས་གཉིས་ཡོད། དེ་ལ་སྔ་མ་ནི་ཟླ་བའི་རྐང་པའི་བགྲོད་རྩིས་པ་གཙོར་བྱེད་པ་བོད་སྤྱི་དང་བྱེ་བྲག་དུས་འཁོར་ས་རིས་པའི་ལུགས་དང་། ཕྱི་མ་ནི་བོད་སྔ་རབས་པ་རྣམས་དང་། དབྱངས་འཆར། བྱེ་བྲག་དུས་འཁོར་ལུགས་སུ་འདོད་དོ།།
གཉིས་པ། ཉ་སྐར་རྩིས་ཚུལ་ཞིབ་རྩིས་སུ་ལག་ལེན་འདེབས་ཚུལ་སྐོར་གནད་བསྡུས་གླེང་བ།
མདོ་རྒྱུད་ལུགས་གཉིས་དང་མཐུན་པར་ཞིབ་རྩིས་ལུགས་སུ་ལག་ལེན་འདེབས་ཚུལ་ལའང་རགས་ཞིབ་གཉིས་ཡོད་པ་ལས། རགས་པ་ས་རིས་རི་མོར་ཇི་ལྟར་འཆར་བའི་ཚེས་༡༥ སྐར་མ་གང་ཡིན་ཙམ་ལ་ལྟོས་ཏེ་ཉ་སྐར་ངོས་འཛིན་དང་། ཞིབ་པ་ཉི་ཟླའི་སྐར་མ་དང་ཉ་སྐར་གྱི་འཕོ་མཚམས་ཞིབ་རྩིས་སུ་བྱས་ཏེ་ངོས་འཛིན་པའི་ལུགས་སོ།།
དང་པོ། རགས་པ་ཚེས་བཅོ་ལྔའི་ཟླ་བའི་སྐར་མ་ཙམ་ལྟོས་ཏེ་ཉ་སྐར་ངོས་འཛིན་པ།
ཟླ་རེའི་ཚེས་བཅོ་ལྔའི་མཚན་ཐོབ་ཀྱི་ཟླ་སྐར་(རེས་འགྲོགས་)གང་ཡིན་ལ་ལྟོས་ཏེ་ཟླ་བའི་ཉ་སྐར་ངོས་འཛིན་པའི་ལུགས་ནི། དཔེར་ན། ཕུག་པའི་ལུགས་ཀྱིས་ཟླ་བའི་ཉ་སྐར་བརྗོད་པའི་སྐབས། ཚེས་བཅོ་ལྔའི་རེས་འགྲོགས་ཟླ་སྐར་གང་ཡིན་ལ་བརྟགས་ཏེ། བོད་ཟླ་གསུམ་པ་ལྟ་བུར་ཚེས་བཅོ་ལྔའི་ཟླ་སྐར་ས་གར་ཁེལ་ཚེ་རགས་པ་ནག་པ་དང་། ཞིབ་པ་ས་ག་ཟླ་བ་ཞེས་ལེ་ཐོའི་ཟླ་བཤད་དུ་འགོད་སྲོལ་ཡོད་ཀྱང་། ཡོངས་གྲགས་སུ་བོད་ཟླ་གསུམ་པ་དཔྱིད་ཐ་ནག་པ་ཟླ་བ་ཞེས་བརྗོད་བཞིན་པ་ལྟར་རོ། །
གཉིས་པ་ཉ་སྐར་ཞིབ་རྩིས་སུ་བྱས་ཏེ་ས་ཟླ་སོགས་ཟླ་བའི་མིང་བརྗོད་པའི་ལུགས།
ཉ་སྐར་ཞིབ་རྩིས་སུ་བྱས་ཏེ་ས་ཟླ་སོགས་ཟླ་སྐར་གྱི་ཟླ་བའི་མིང་བརྗོད་པའི་ལུགས་ལ། འཇིག་རྟེན་པའི་གྲགས་པ་དང་ཉེ་བར་སྤྱོད་པའི་དུས་འཁོར་གྱི་ལུགས་བྱེ་བྲག་པ་སྐར་རྩིས་ས་རིས་པའི་བཞེད་པ་དང་། དེ་ལས་ཀྱང་ཞིབ་རྩིས་སུ་བྱས་ཏེ་བོད་མཁས་པ་དག་གིས་དོན་ཁྱིམ་ཟླ་བའི་སྒང་ངམ་བྱེད་སླའི་ཁྱིམ་ཞེས་བཞེད་པའི་སྟེང་དུ་ཡོངས་སུ་འབྱོར་བའི་དུས་འཁོར་སྤྱི་ལུགས་གཉིས་ཡོད་པ་ལས་སྐབས་སུ་རང་ལུགས་ཕྱི་མ་ཉིད་གནད་བསྡུས་གླེང་བ་ལ།
གོང་འཁོད་ལས་ཁྱད་དུ་འཕགས་པ་ནི་བོད་མཁས་པ་དག་གིས་དོན་ཁྱིམ་ཟླ་བའི་སྒང་ངམ་བྱེད་སླའི་ཁྱིམ་ཞེས་བཞེད་པའི་སྟེང་དུ་ཡོངས་སུ་འབྱོར་བའི་དུས་འཁོར་སྤྱི་ལུགས་སུ་གྱུར་བའི་རྩ་ངེས་ཁྱིམ་འཕོ་ལ་སྦྱོར་བའི་ཟླ་བ་ཉ་སྐར་གྱི་རྣམ་པ་དབྱེ་ཚུལ་ཉིད་ཡིན་ཏེ། དེ་ཡང་ཞིབ་པར་བཤད་ན། གོང་དུ་བཤད་པའི་ཉ་སྐར་དེ་ཡི་སྟེང་དུ། དབྱུག་ལ་སོ་གཅིག་དང་སྲང་ལ་ཐིག་མེ་༣༡།༣༠ བརྒྱན་པས་ཟླ་བ་སོ་སོའི་ཉ་སྐར་འགྲུབ་པ། དཔེར་ན། དཔྱིད་ཐ་ས་ག་ཟླ་བ་སྟེ་ད་ལྟའི་ཡོངས་གྲགས་བོད་ཟླ་གསུམ་པ་འདིའི་ཉ་སྐར་ནི། བྱེད་སླའི་ཁྱིམ་མམ་དོན་ཁྱིམ་ཟླ་བའི་སྒང་ཚད་(རྒྱུད་ལུགས་བོད་ཟླ་གསུམ་པའི་སྒང་ཚད་)༠།༣༡།༣༠ འདི་སྟེང་འཁོར་ཕྱེད་བསྣན་པས་དེ་བསྟུན་ཟླ་སྐར་ས་རིའི་དབྱུག་ཏུ་ཟླ་བ་དང་སྲང་གནས་སུ་བླ་རྩེ་ཡན་༡༤།༡།༣༠ ཟིན་པ་འགོར་བྱས་ཤིང་དེའི་སྟེང་སྐར་མིག་དབྱུག་ཚེས་བསྣན་པས་ལྷ་མཚམས་ཀྱི་དབྱུ་གུར་དུས་ཟླ་དང་སྲང་དུ་ཐིག་རྩེ་བྱུང་བ་དེ་མ་ཟིན། ༡༠།༡༦།༣༠ བར་གྱི་ཟླ་སྐར་གང་ཤར་ཡང་ས་ཟླའི་ཉ་སྐར་གྲུབ་ལ་ཡར་ངོའི་ཚེས་བཅོ་ལྔའི་ཉིན་ཉ་སྐར་དེ་དག་གང་རྗོགས་པའི་ཚེས་དེ་ནས་ས་ཟླ་རྗོགས་པ་ཡིན་ནོ། །དེ་བཞིན་ཟླ་བ་གཞན་རྣམས་ཀྱི་ཉ་སྐར་ཡང་ཟླ་བ་སྔ་མའི་སྟེང་དུ་སྐར་མིག་དབྱུག་ཚེས་རིམ་བཞིན་བསྣན་པས་ཟླ་བ་ཕྱི་མ་རྣམས་ཀྱི་ཉ་སྐར་རྣམས་ཀྱང་ཚེགས་མེད་དུ་རིམ་གྱིས་འཆར་བས་རིག་འགྲེ་རུ་ཤེས་པར་འགྱུར་རོ།། དེ་ལྟར་རྩིས་པས་རྒྱུད་ཕུག་ལུགས་གཉིས་ཀའི་བོད་ཟླ་གསུམ་པའི་ཚེས་༡༥ ཉིན་ཉ་སྐར་ས་གར་འཇུག་པའི་འགོ་རྩོམ་ཞིང་བོད་ཟླ་བཞི་པའི་ཚེས་༡༥།༡༦ མཚམས་ཉ་སྐར་ས་གའི་མཇུག་རྗོགས་པར་བྱེད་པས་ན་དེའི་ཡུན་གྱི་ཟླ་བ་དོན་གྱི་ཉ་སྐར་ས་གས་དབང་བའི་ས་ག་ཟླ་བ་ཡིན་པས། མར་ངོ་སྔོན་འགྲོའི་དབང་དུ་བྱས་ཏེ་བོད་ཟླ་གསུམ་པ་ས་ག་ཟླ་བ་དང་སྦྱོར་བའི་ཤེས་བྱེད་ཀྱང་དེ་ཡིན་པས་རྩིས་ཚུལ་འདི་ཉིད་དོན་དུ་རྒྱུད་ལུགས་རྩིས་ཁོ་ནའི་སྟེང་དུ་འབྱོར་བ་ཡིན་ནོ།།
མཐའ་དོན་སངས་རྒྱས་ཀྱི་འཁྲུངས་སྐར་སོགས་ལུགས་གང་གི་རྗེས་སུ་དྲངས་ན་འོས་པར་བསྟན་པ།
ཟླ་བར་སྐར་མའི་མིང་འདོགས་ཚུལ་ལས། དུས་འཁོར་རྒྱུད་ཀྱིས་མཚོན་པའི་མདོ་རྒྱུད་ཕལ་ཆེར་དཔྱིད་ཐ་ཞེས་འགྱུར་བ་ནི་ད་ལྟར་བོད་རྣམས་ཀྱིས་ཡོངས་གྲགས་ཟླ་བ་གསུམ་པར་འདོད་པ་འདི་ཡིན་ལ། དེ་ཡང་། དུས་འཁོར་ས་རིས་པའི་ལག་ལེན་དང་གོ་བསྟུན་ཚེ་ནག་ཟླ་ཞེས་འབྱུང་སྟེ། དུས་འཁོར་རྩ་འགྲེལ་ལས་དཔྱིད་ལ་སོགས་པའི་དུས་རྣམས་དང་། ལུག་ལ་སོགས་པའི་ཁྱིམ་རྣམས་དང་། ནག་པ་ལ་སོགས་ཟླ་བ་རྣམས། ཞེས་དང་། དེ་བཞིན་དུ། ནག་པ་ལ་སོགས་འདས་ཟླ་བསྲེས་ཏེ་འོག་མ་དུས་ཀྱིས་བསྒྱུར་བས་མཁའ་མེ་ཟླ་བས་རྣམ་པར་དབྱེ། །ཞེས་སོགས་ལོ་རེའི་རྩིས་འགོ་ཡར་ངོ་སྔོན་འགྲོ་ནག་ཟླ་ནས་འཛིན་པས་ཡོངས་གྲགས་བོད་ཟླ་གསུམ་པ་འདི་དཔྱིད་ཐ་ལ་ནག་ཟླར་བརྗོད་ཅེ་ན། ས་རིས་རི་མོའི་ལམ་ནས་ཟླ་དེར་སྔར་གྱི་ནག་ཟླའི་འཕྲོ་ཞག་གྲངས་ངེས་མེད་ལྷག་པས་དེ་མ་རྗོགས་བར་ཟླ་བའི་ཚིགས་མཚམས་བརྩི་ཐབས་ཟད་པར་བརྟེན། མཛོད་ལས། ཟླ་བ་ཕྱེད་དང་གཉིས་འདས་ཤིང་། ། ཟླ་བ་ཕྱེད་ནི་ལྷག་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་གསུངས་པ་ལྟར་ནག་ཟླའི་ཞག་ལྷག་མ་ལོངས་བ་རྣམས་སྐབས་ཀྱི་ས་ཟླར་གནས་ཕྱིར་དེའི་ངོ་སྐལ་ཙམ་དུ་ནག་ཟླ་བ་ཞེས་བརྗོད་ཀྱང་། དུས་འཁོར་རྩ་འགྲེལ་དུ། ལྷུན་པོའི་ལྷོའི་དུམ་བུ་འདིར་ཉི་མ་ལུག་ལ་གནས་པས་དཔྱིད་ཐ་ཆུང་ས་ག་ཟླ་བས་བྱེད་དོ། །ཞེས་ཡོངས་གྲགས་དཔྱིད་ཟླ་བོད་ཟླ་གསུམ་པ་འདིར་དུས་འཁོར་ལུགས་ཀྱི་ལོ་འགོར་བཞག་པའི་ལོ་མཇུག་གི་ཟླ་བ་བཅུ་གཉིས་པ་ནག་ཟླར་རང་གྲུབ་ཏུ་འོང་བ་ཡང་རང་བཞིན་གྱིས་གྲུབ་པར་བརྟེན། དུས་འཁོར་ལེའུ་ལྔ་ཀའི་ལུང་རིག་སྤྱི་ལ་ལྟོས་ཚེ་ས་ཟླར་གྲུབ་པ་དང་། ཁྱད་པར་དེ་འབྲེལ་སངས་རྒྱས་ཀྱི་དུས་ཆེན་སོགས་རྟེན་འབྲེལ་ཁྱད་པར་ཅན་གྱི་གནད་ཟླ་ཚེས་ཀྱི་རྗེས་སུ་འབྲང་སྟེ་སྦྱར་ཚེ། དཔྱིད་ཐ་ས་ག་ཟླ་བ་བོད་ཟླ་གསུམ་པ་ལ་སྦྱོར་དགོས་པའང་། རྒྱུད་ལས། དཔྱིད་ཐ་ས་གའི་ཉ་ལ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤཱྀ་དྷ་ན་ཀ་ཊ། ཞེས་སོགས་གསུངས་བས་ཀྱང་རྟོགས་ནུས་སོ། །
དེ་ལྟར་སྟོན་པ་སངས་རྒྱས་ཀྱི་འཁྲུངས་ཟླ་ས་ག་ཟླ་བ་བོད་ཟླ་གསུམ་པ་དང་བཞི་པ་སོ་སོར་སྦྱོར་ལུགས་སྙིང་བསྡུས་དང་། ཁྱད་པར་སྟོན་པ་འཁྲུངས་འདས་སོགས་ཀྱི་ཟླ་བ་ནི་དུས་འཁོར་སྤྱི་ལུགས་སུ་འདོད་པའི་བོད་ཟླ་གསུམ་པ་ས་ག་ཟླ་བ་དང་སྦྱར་ན་འཐད་ཆེ་བའི་རྒྱུ་མཚན་སྙིང་བསྡུས་གླེང་བ་འདི་བཞིན། ད་ལམ་དཔལ་སྤུངས་ཤེས་རབ་གླིང་དུ་རྒྱུད་ལུགས་ལེ་ཐོའི་རྗེས་སུ་དྲངས་པའི་བསྟན་རྩིས་ལྟར་དཔྱིད་ཐ་ས་ག་ཟླ་བ་བོད་ཟླ་གསུམ་པ་དང་སྦྱོར་བའི་ལུགས་ཀྱི་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་སྐལ་བཟང་དུས་ཀྱི་དགའ་སྟོན་དང་བསྟུན་རིག་པ་འདི་ལ་ཐུགས་སྣང་ཅན་གྱི་རང་རིགས་སྤུན་ཟླ་རྣམས་ནས་མཁྱེན་རྟོགས་སླད་རབ་གནས་ཤིང་ལུག་ཡེ་ལོ་༢༠༡༥ སྟོན་པ་སྐུ་བལྟམས་ཏེ་བགྲང་ཆ་༢༩༦༧ འདས་པའི་དཔྱིད་ཐ་ས་ཟླའི་ཉ་ལ་ཨེ་པའི་མིང་ཅན་གྱིས་བྲིས་སོ། །
མཐའ་མའི་འདོན་ཐེངས་།: 22.06.2015 ཉིན། 12:59 PM
<< སྔ་མ།