ཤིང་སྨན་མཐུད་སྦྱོར་གྱི་ཐབས་ལམ་ཟབ་སྦྱོང་། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.04.2023 |
ཤིང་སྨན་མཐུད་སྦྱོར་གྱི་ཐབས་ལམ་ཟབ་སྦྱོང་།
ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༧ ཉིན་འགྲོ་ཕན་སྨན་རྩིས་ཁང་གི་ས་མཐོའི་སྔོ་སྨན་འདེབས་ལས་སྡེ་ཚན་དང་། ཧིམཱཅལ་མངའ་སྡེ་ས་གནས་སོ་ལན་གྱི་སྐྱེད་ཚལ་རིག་པ་དང་ཤིང་ནགས་འདེབས་ལས་གཙུག་ལག་སློབ་གཉེར་ཁང་གི་ Dr. Y. S. Parmar མཆོག་གི་གཟིགས་སྐྱོང་འོག དེ་བཞིན་ས་གནས་ཧམཱིར་པཱུར་གྱི་སྐྱེད་ཚལ་རིག་པ་དང་ཤིང་ནགས་འདེབས་ལས་མཐོ་སློབ་ཁང་གསུམ་གྱིས་མཉམ་རུབ་ཐོག་ཅོན་ཏ་ར་གསོ་བ་རིག་པ་སློབ་གཉེར་དང་ཉམས་ཞིབ་ཁང་དུ་ཉིན་གཅིག་རིང་དེང་རབས་ཤིང་མྱུག་ལྡུམ་རའི་ཐོན་སྐྱེད་ཐབས་ཇུས་དང་། དེ་ཡང་དམིགས་བསལ་གྱི་ཤིང་སྨན་མཐུད་སྦྱོར་དང་ཐེའུ་ཐོན་སྐྱེད་ཐབས་ཚུལ་གྱི་བརྗོད་གཞི་ཐོག་སྦྱོང་བརྡར་རམ་ཟབ་སྦྱོང་ཞིག་གནང་ཡོད།
སྦྱོང་བརྡར་དེར་བདེ་སྐྱིད་གླིང་དང་ཅོན་ཏ་རའི་ས་མཐོའི་སྔོ་སྨན་འདེབས་ལས་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་རྣམས་དང་། དེ་བཞིན་ཅོན་ཏ་ར་གསོ་བ་རིག་པ་སློབ་གཉེར་དང་ཉམས་ཞིབ་ཁང་གི་ལས་བྱེད་དང་སྨན་པ་རྣམས་པ། དྷ་ས་འགྲོ་ཕན་སྨན་རྩིས་ཁང་དང་ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་གྱི་འབྲེལ་ཡོད་སྨན་པ་རྣམས་མཉམ་ཞུགས་གནང་ཡོད། ཟབ་སྦྱོང་འདི་བཞིན་ཤིང་སྡོང་དང་ཤིང་ནགས་འདེབས་ལས་སྡེ་ཚན་འགན་འཛིན་ Prof. Dr. Kamal Sharma ལགས་དང་། ཧམཱིར་པཱུར་གྱི་སྐྱེད་ཚལ་རིག་པ་དང་ཤིང་ནགས་འདེབས་ལས་མཐོ་སློབ་ཁང་གི་ Dr. Yashasvi Thakur ལགས། ས་གནས་སུ་སྦྱོང་བརྡར་ལག་ལེན་དམར་ཁྲིད་གནང་མཁན་ Mr. Suresh Kumar ལགས་ཡིན་པ་བཅས་ཀྱིས་མཐུན་རྐྱེན་ལེགས་པར་སྦྱར་གནང་ཡོད། ཟབ་སྦྱོང་འདིར་བརྗོད་གཞི་ཆེ་ཁག་ནང་ནས་གཙོ་བོ་ཨ་རུ་ར་དང་སྐྱུ་རུ་ར་ལྟ་བུའི་ཤིང་སྨན་དག་གི་ཡན་ལག་རྙིང་པ་ནས་རྩ་བ་དང་སེའུ་མེ་ཏོག་སོགས་གསར་སྐྱེ་ཐབས་ལམ་སྟེ་མཐུད་སྦྱོར་དང་ཐེའུ་ཐོན་སྐྱེད་སྐོར་དམར་ཁྲིད་གནང་ཡོད་པས་འབྲེལ་ཡོད་སྨན་ལས་རྣམས་ཀྱི་ཤེས་བྱ་གོང་འཕེལ་ཐོག་ཕན་ཐོགས་ངེས་ཅན་འབྱུང་ཡོད་པ་གོར་མ་ཆག།
མཐའ་མའི་འདོན་ཐེངས་།: 25.04.2023 ཉིན། 4:09 PM
<< སྔ་མ།