སྨན་རྩིས་དྲ་བ། - ཆེད་རྩོམ།

ཤིང་དང་མེ་ཏོག་སོགས་ཀྱི་ངོས་འཛིན་དང་ངོས་ཇི་ལྟར་འཕྲོད་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.06.2014
ཆེད་རྩོམ། >>


ཤིང་དང་མེ་ཏོག་སོགས་ཀྱི་ངོས་འཛིན་དང་ངོས་ཇི་ལྟར་འཕྲོད་ཚུལ།

དགེ་འདུན་ཆོས་འཕེལ།

 

          ༄༅། །རྒྱ་ཤུག་ངོས་ཟིན་པའི་རྣམ་ཐར་ནི། པཎྜིཏ་ངེད་ཅག་བལ་ཡུལ་དུ་སླེབས་ནས་རྒྱལ་པོའི་བླ་མ་བྲམ་ཟེ་ཆེན་པོ་གསེར་རྒྱལ་བྱ་བ་དེའི་ཁྱིམ་དུ་སོང་། ཁོང་ལ་རྣམ་འགྲེལ་གྱི་རྒྱ་དཔེ་ཁ་ཐོར་ཞིང་མ་ཚང་བ་ཞིག་འདུག་པ་བོད་དཔེ་ལ་བསྒྱུར་ཏེ་བསྒྲིགས། ངས་བོད་དཔེ་ལ་བལྟས་ནས་ཚིག་གང་ངེས་ཟིན་པ་ཁོང་ཚོ་ལ་སྨྲས། ཁོང་ཚོའི་རྒྱ་དཔེ་ལ་བཙལ་ནས་ཤོག་བུ་གོ་རིམ་བསྒྲིགས། དེར་ཁོང་གིས་གཞན་སེལ་གྱི་ཐད་དུ་སྨྱུག་མའི་སླེས་པོ་དང་ཤིང་འབྲས་ཤིག་རྟེན་བརྟེན་པའི་དཔེ་ལ་བཀོད་པ་འདུག་པས་དེ་འདྲ་བོད་དཔེ་ཡི་ནང་ན་གར་ཡོད་ཟེར། ངས་དེ་འདྲ་ཞིག་རྣམ་འགྲེལ་གྱི་ནང་ན་ཡེ་མེད་སྨྲས། དེར་དཀའ་ཚེགས་བཅས་གུང་བསྒྲིགས་པས་མཐར། རྒྱ་ཤུག་སོགས་ལ་དེ་ཡི་ཡུལ། །སྐྱེས་པ་འཁར་གཞོང་སོགས་པས་ནུས། །བྱ་བ་དེར་འདུག པདཀཎྜཾ་སོགས་སྣང་། ངའི་སེམས་ལ་རྒྱ་ཤུག་དེ་ཤུག་པ་ཡིན་པའི་སྒྲོས་བཅང་ནས་ཡོད། ཕྱིས་སུ་མཐོང་དུས་མངར་ཤིང་འབྲས་མཐེ་བོང་ཙམ་པ་ལྗང་སེར་མར་ཁུའི་རོ་བྲོ་བ་ཞིག་འདུག ཁམ་རུས་དེ་རང་རེའི་ཤིང་ཐོག་ཙོལ་རི་ལ་འདྲ་བ་འདུག་པས་དེའི་རིགས་ཤིག་ཡིན་ནམ་སྙམ་པ་བྱུང་། ལོ་གཅིག་ལྷག་ཙམ་སོང་སྟེ་པྰཊལིཔུཏྲ་ཡོད་དུས་རྒྱ་ཤུག་གི་འབྲས་བུ་འགའ་ཞིག་ཟས་པའི་ལྷག་མ་རྡོག་པོ་གཉིས་ཆ་སྒམ་ཞིག་གི་ཟུར་དུ་ལུས་པ་ལ་དོ་སྣང་ཡེ་མ་བྱས། ཟླ་བ་གསུམ་ཙམ་ཞིག་གི་རྗེས་སུ་ཡོ་བྱད་འགའ་ཞིག་ལེན་པའི་ཞར་ལ་ཆ་སྒམ་གྱི་ཟུར་ན་ཕ་ཡུལ་ནས་འོངས་པའི་ཤིང་ཏོག་ཙོལ་རི་དམར་སེང་ངེ་བ་གཉིས་འདུག་པ་མཐོང་། ཡ་མཚན་པ་ལ་ཚོད་མ་བྱུང་། གྲོགས་འགའ་རེ་ལ་ཁྱེད་ཚོས་འདི་གང་ནས་ཁྱེར་འོངས་སྨྲས་པས། ཁོང་ཚོས་ཁྱེར་འོངས་པ་ཡིན་ཟེར། གཅིག་ཟས་པས་ཁམ་རུས་མཐོང་ནས་དྲན་པ་སོས། སྔར་ལུས་པའི་རྒྱ་ཤུག་གི་འབྲས་བུར་འདུག དེས་ན་རྒྱ་ཤུག་དེ་རང་རེས་ཙོལ་རི་དང་བོད་དབུས་པས་འཕྱི་བིས་ཁར་འབོད་པའི་ཤིང་འབྲས་དམར་པོ་ཨ་མདོ་ན་ཅི་བས་ཀྱང་མང་བ་དེར་འདུག འོན་ཀྱང་རྒྱ་གར་བས་དེ་སྐམ་པ་སོགས་ཡེ་བྱེད་ཀྱིན་མི་འདུག རྒྱ་ཤུག་སྨིན་པ་ལྟ་བུའི་མཆུ་སྒྲོས་སོགས་ལེགས་སྦྱར་ལ་བྲིས་པ་མཐོང་ཞིང་དགའ་བོ་མངལ་གནས་ཀྱི་མདོར་ཡང་རྒྱ་ཤུག་གི་མདོག་དམར་པོར་བཤད་པ་དང་ཡང་འབྲེལ། བྱང་སེམས་དཀའ་བ་སྤྱོད་པ་ན་རྒྱ་ཤུག་འབྲུ་རེ་ཟས་བྱ་བ་ཡང་ཤུག་ཏོག་ཟས་པ་མིན་འདུག ཚིགས་བཅད་ཀྱི་མཛོད་ལས་ཀྱང་། ངན་གཡོ་ཚིག་སྙན་རྒྱ་ཤུག་གི། །འབྲས་བུ་མངར་ཡང་འཁྲུ་བར་བྱེད། །གསུངས་བས་ཀྱང་ཤུག་ཏོག་མིན་པ་ཤེས། རྒྱ་ཤུག་གི་སྡོང་པོ་ཤིང་ཆེན་པོ་ཐོག་ཚད་གཉིས་ཙམ་པ་ལ་ལོ་མ་ཆུང་ངུ་མཐའ་སྐོར་དུ་རྩིབས་ཆགས་པ་མཚོན་གང་སོགས་ཅི་རིགས་པར་ཡོད། ཡལ་གའི་ལྕུག་མ་ལ་ཚེར་མ་ཆུང་ངུ་དེ་ལོ་མའི་གསེབ་ཏུ་ཡིབ་སྟེ་མི་མངོན་པས་མི་ངན་པ་ལ་རང་བཞིན་རྒྱ་ཤུག་གི་ཚེར་མ་ལྟ་བུ་སོགས་ཀྱང་ཟེར།

        ཨཤྭཐ་ནི་བྱང་ཆུབ་ཤིང་ལ་ཕོ་མོའི་ཤིང་གཉིས་ལས་ཕོ་ལ་པིཔལ་དང་མོ་ལ་ཨཤྭ་(ཨཤྭཐ་)ཟེར། ལོ་འདབ་སོགས་བྱང་ཆུབ་ཤིང་དང་ཁྱད་མེད་ཅིང་ལོ་མ་རྣོ་པོ་ཡོད།

        ནཻགྲོདྷ་ནི་ཧ་ཅང་ཡ་མཚན། མདྷུརའི་ཤར་གྱི་མཚོ་ཁར་ནཻགྲོདྷ་ཞིག་གྲགས་ཅན་ཡོད་པའི་འཁོར་རྒྱང་ལ་རྒྱང་གྲགས་གཅིག་ཙམ་ཡང་ཡོད་ཟེར། ཡལ་ག་རྒྱང་རིང་བར་དུ་བརྐྱངས་བའི་བར་བར་ནས་ཤིང་རྩིད་ལྟ་བུ་ཞིག་ཐུར་དུ་དཔྱངས། རིམ་གྱིས་ས་གཞི་ལ་ཐུག་སྟེ་ས་ཕུག་ནས་ཐུར་དུ་འགྲོ། དེ་ནས་སྒོར་དུ་སོང་སྟེ་དེ་ཡང་ཤིང་གི་གཞུང་རྟ་གཉིས་པ་ལྟར་ཡོང་། དེ་འདྲ་མང་པོ་ཡལ་གའི་ཕྱོགས་ཕྱོགས་ནས་འོངས། རྒྱང་ནས་བལྟས་ན་སྡོང་པོ་མང་པོ་ཕྱོགས་གཅིག་ཏུ་སྐྱེས་པ་ལྟར་སྣང་། དོན་ལ་ཡལ་གའི་སྟེང་གི་རྩ་བ་རྣམས་རེད། དེ་འདྲ་མེད་ན་ཡལ་ག་ཐད་དུ་བརྐྱངས་དྲགས་པས་ཆགས་པ་ལས་འོས་མེད། འདིའི་མིང་ལ་རྐང་མང་ཞེས་བརྗོད་པ་ཡང་དེ་ལ་ཟེར་བ་རེད། ཉི་མ་སྦས་པའི་ཚིགས་བཅད་ཀྱི་མཛོད་དུ་ཡང་། ཤིང་འདིའི་རྩ་བ་རྣམས་ཕྱོགས་ཐམས་ཅད་ལ་བཙུགས་ནས་བརྟན་པོར་བྱེད་པ་བཞིན་རྒྱལ་པོས་ཀྱང་བུ་ཚ་རྣམས་སྤེལ་ནས་སྲིད་བརྟན་པར་བྱེད་དགོས་སོགས་སྦྱར་སྣང་། ཤིང་ཆེན་རེ་རེ་ལ་ཡང་རྩ་བ་དེ་ལྟ་བུ་ཆེ་ཆུང་བསྡོམས་པ་སུམ་སྟོང་ལྷག་ཙམ་རེ་ཡོད་ཅིང་། མི་བདུན་སྟོང་ཙམ་རེ་ཤིང་གཅིག་གི་འོག་ཏུ་སྡོད་ནུས།

        བྱང་ཆུབ་ཤིང་ནི་འདི་ཕོ་དང་འདི་མོ་ཡིན་པས་གཉིས་དག་མཉམ་དུ་བཅད་ནས་བཙུགས་པ་དགེ་བ་རླབས་ཆེན་དུ་བྱེད། བུ་མེད་པ་རྣམས་ཀྱིས་རིམ་གྲོ་ལ་དེ་འདྲ་བྱེད། ཤིང་འདི་གཉིས་ཀའི་ལོ་མ་ལ་ཡང་ཕོ་མོའི་མཚན་མའི་རྣམ་པར་ཡོད་པ་ཡིན། ཤིང་གཉིས་ཀ་གར་ཡོད་ཐམས་ཅད་ཀྱི་འོག་སྟེགས་བུ་ཆེན་པོ་བརྩིགས་པ་ལ་རབ་བྱུང་རྣམས་ཉལ་བ་དང་། མཆོད་སྦྱིན་བྱེད་པ་སོགས་བྱེད། ཤིང་དེ་འདྲའི་འོག་ཏུ་རའི་སྐེ་བྲེགས་པའམ་རང་ཉིད་འཆི་ནུས་ན་ནི་བྲམ་ཟེ་བསད་པའི་སྡིག་པ་ཡང་འདག་སྐད། ནཻགྲོདྷའི་ས་བོན་ནི་མཆུ་སྒྲོས་དམར་པོར་བྱེད་པས་འདི་ལ་ཁ་རྒྱན་བྱ་བར་བརྗོད་པ་ཡང་དེ་ཡིན།

        ཛམྦུའི་སྡོང་པོ་ནི་ཐོག་ཚད་གཉིས་གསུམ་ཙམ་ལོ་མ་སྟུག་ཅིང་། ཡལ་ག་འཐོར་ཏེ་མ་གྱེས་པ་ཚོམ་བུའི་ཚུལ་དུ་ཆགས། དེའི་འབྲས་བུ་བོད་དབུས་གཙང་ན་ཀུ་ཤུ་ཟེར་ཞིང་། ཨ་མདོ་རྣམས་ཆང་བ་ལིར་འབོད་པ་དེ་འཁྲུལ་མེད་རང་དུ་འདུག དེས་ན་ཛམྦུའི་སྡོང་པོ་ཆང་བ་ལིའི་སྡོང་པོ་དང་རྒྱ་ཤུག་ཙོལ་རིར་སོང་བ་དེ་སྟབས་ལེགས་ཚད་དུ་སྣང་།

        ཨཤྰོཀ་ནི་ཤིང་ཆུང་ངུའི་རིགས་ཏེ་རང་རེའི་ཡུལ་གྱི་འོའུ་རྗེའུ་བྱ་བའི་ཤིང་དེ་དང་ཤིན་ཏུ་འདྲ་སྟེ་རིགས་ཨེ་གཅིག་གམ་མ་ཤེས། མེ་ཏོག་ལག་མཐིལ་ཙམ་པ་དཀར་པོ་དང་། དམར་པོ་ཤར་བའི་རིགས་གཉིས་ཡོད། དྲི་བཟང་དེ་ཙམ་མི་ཆེ།

        ཏམྦུལ་ནི་འཁྲི་ཤིང་ལ་སྐྱེས་པའི་ལོ་མ་དྲི་ཞིམ་ལ་རོ་ཁ་བ་ཟར་རུང་བ་ཞིག་དང་། སྟོད་ཇ། ལི་ཤི། རྡོ་ཐལ། ཆུ་པ་རི་སོགས་སྦྱར་ནས་བྱེད། སྟོད་ཇའི་ཁུ་བ་ཁྲག་ལྟར་འོངས་པས་མཆུ་དམར་པོར་བྱེད་ཅིང་། ཁ་དྲི་ཞིམ། གཞོན་ནུ་ཕོ་མོ་རྣམས་ལ་དགོས་པ་དེ་གཉིས་ཀྱི་ཆེད་དུ་གཙོ་བོར་ཟ། སོ་རྕིའི་ཁུ་བས་ལམ་ཁྲ་བོ་བྱས་པ་དེད་ནས་སོགས་བཟོད་སྨྲའི་སྐྱེས་རབས་ལས་བཤད་ལ། རྒྱ་གར་མི་བགྲོད་ལམ་རྣམས་ཟླ་མཚན་འཛགས་པ་བཞིན་འདིའི་ཁུ་བས་ཁྲ་བོ་ཡོད། ཕི་གླིང་བའི་ཁང་བཟང་གི་ནང་དུ་ཟ་མི་ཆོག་པའི་ཁྲིམས་ཀྱང་བྱས། ཁོང་རྣམས་སྦྱིན་སྲེག་ལ་ཡང་ཏམྦུལ་དེ་ཀ་རང་འབུལ། གཞན་ཡང་ལྷའི་མཆོད་པ་ཀུན་ལ་འབུལ། ཟས་ཟོས་ཟིན་པའི་འོག་ཏུ་ཏམྦུལ་རེ་སྟེར། བུད་མེད་གཞོན་ནུ་ལ་ཏམྦུ་ལ་སྦྱིན་ཏེ་མགོ་བསྐོར་དགོས་པ་སོགས་འདོད་པའི་བསྟན་བཅོས་ལས་བཤད། མི་གཅིག་གསར་དུ་ཕྲད་ཚེ་ཏམྦུལ་སྟེར་བས་ལྷ་ལ་ཡང་དེ་འབུལ། ལོ་ཙཱ་བ་ཞིག་གིས་མིཏྲ་ཛོགི་ལ་ཏམྦུལ་ཕུལ་ནས་བསྙུན་དྲིས་པ་དང་། ཁ་ཆེ་པཎ་ཆེན་གྱི་ཕྱག་ནས་སྐུ་བརྙན་གྱིས་བཞེས་པ་སོགས་ཀྱང་འདུག སིཾཧལ་པ་རྣམས་ཏམྦུལའི་ལོ་མ་ཉི་ཤུ་རེ་བརྩེགས་ཏེ་དུས་སྟོན་སོགས་ཀྱི་ཚེ་ཕན་ཚུན་ལ་སྟེར་རེས་བྱེད། རང་རེའི་ཁ་བཏགས་ཀྱི་ཚོད་ཡིན། མིག་གཡོ་བའི་མཛེས་མ་དང་ཏམྦུལ་ནི་མཐོ་རིས་ན་ཡང་མེད་པའི་གཏམ་དཔེ་ཡོད། ལྷ་མོ་རྣམས་མིག་མི་འཛུམ་པ་དང་མི་འགུལ་བར་གྲགས། ཏམྦུའི་འཁྲི་ཤིང་འདི་དང་པོ་གསེར་གླིང་ནས་ཁྱེར་ཏེ་འོངས་པར་གྲགས། སིངགྷལར་ཏམྦུལ་བྱ་བའི་རི་བོ་ཞིག་ཡོད་པ་དེ་ལྷ་ཡུལ་ནས་བབས་པ་ཡིན་ཟེར། འོ་ན་ལྷ་ཡུལ་ན་ཡང་ཡོད་དམ་དཀའ་གནད་འདི་དག་སུ་ཞིག་གིས་ཤོད།

        ཏལའི་སྡོང་པོ་དེ་ཐོག་ཚད་བཞི་ལྔ་ཙམ་མཐོ། ཀ་བ་བཞིན་དུ་ཧྲེང་ངེར་ཡོད་ཅིང་། རྩེ་ལ་ལོ་མ་སོབ་སོབ་གདུགས་ལྟར་ཆགས་པ་ལས་ཡལ་ག་སོགས་ཤིང་གཞན་པ་ལྟར་མེད། ནརིཀེལ་འདིའི་རྩེ་ལ་ཐོགས། དེའི་ནང་སྙིང་བེད་བྱ་བའི་ནག་པོ་དེ་ཡིན། དེ་ལ་ཏལཀུཙ་སྟེ་ཏ་ལའི་ནུ་མར་ཡང་གྲགས། སྣུམ་ཡང་དེ་ལས་བཙག་ནུས། ནང་ཁོང་དུ་ཆུ་བསིལ་མངར་ཅན་གྱིས་གང་པ་བཏུང་བ་ལ་བཟང་། འབྲས་བུ་ཤིན་ཏུ་ཆེ་ཞིང་ལྕི་བས་སྐབས་འགར་མིའི་དཔྲལ་བ་གཞོམ་སྟེ་གསོད། ཁང་པ་རྫ་ཕག་གི་ཐོག་ཅན་གྱི་སྟེང་དུ་ལྷུང་ན་ཡང་སྐབས་འགར་ཐོག་ཕུག་སྟེ་འགྲོ། སིངགྷལར་སྡོད་ཚེ་སྐབས་ཤིག་མཚན་མོ་ངེད་ཀྱི་ཁང་སྟེང་དུ་ཡང་ལྷུང་ནས་སྲོག་ཉེན་ཆེ་བ་ཞིག་བྱུང་། ཏལཀུཙ་ལས་ཚོད་མ་ཡང་བྱེད། དེའི་པགས་པ་ལས་རས་ལྡེ་འཐགས་པའི་རྩ་ཕྲ་མོ་འབྱུང་། སིངྒལ་ན་ཏ་ལའི་ནགས་ཚལ་ཆེན་པོ་གྲོང་དང་རི་ཐང་མེད་པར་ཡོད་ཅིང་། ཐམས་ཅད་ཀྱིས་བཀོལ་ལུགས་སྣ་ཚོགས་བྱས་ཏེ་ལོངས་སུ་སྤྱོད་པས་ཏ་ལའི་ཤིང་ལ་སིཾཧལའི་དཔག་བསམ་ལྗོན་པར་འབོད། བེ་ཏའི་ཕྱི་ཤུབས་སྐམ་ན་ཤིན་ཏུ་མཁྲེགས་ཤིང་དབྱིབས་མིའི་དཔག་བསམ་ལྗོན་པར་འབོད། བེ་ཏའི་ཕྱི་ཤུབས་སྐམ་ན་ཤིན་ཏུ་མཁྲེགས་ཤིང་དབྱིབས་མིའི་ཐོད་པ་མངོན་སུམ་ལྟ་བུ་ལ་ནང་གི་རྩ་རྒྱུས་ཀྱི་རི་མོ་ཙམ་གསལ་བས། རྒྱུད་ལས་བཏུང་སྣོད་དུ་བསྔགས། སློང་མོ་བ་དང་མུ་སྟེགས་ཀྱི་རྣལ་འབྱོར་བ་རྣམས་ཀྱང་དེ་བཏུང་སྣོད་དུ་བྱེད། ལར་ཏལ་བྱ་བ་ཤིང་འབྲས་འདིའི་མིང་ཡིན་ཞིང་། དེ་བཞིན་རྒྱ་ཤུག་ཨམྲ་སོགས་ཤིང་འབྲས་ཀྱི་མིང་ཡིན་པས་ཏ་ལའི་སྡོང་པོ་ཞེས་མ་སྨྲོས་ན་ཏལ་ནི་ནརིཀེལ་ཉིད་ལ་གོ། །དེའི་ཕྱིར་བྱ་རོག་དང་ཏ་ལའི་དཔེ་བྱ་བ་ཡང་། རང་རེས་བསམ་ཚུལ་དེ་ཅང་མིན་པར་སྨྲ་ཡིན་འདུག་འདུག་སྟེ། ཏལ་སྨིན་ནས་སྐད་ཅིག་གཉིས་པར་ལྷུང་ངེས་སུ་གནས་པའི་ཤིང་རྩེ་ལ་བྱ་རོག་བབས་པ་དང་། དེ་མ་ཐག་ཏལའི་འབྲས་བུ་ས་ལ་ལྷུང་བ། གཞན་གྱིས་བལྟས་ཚེ་བྱ་རོག་གིས་འཕང་བ་ལྟར་གྱུར་ཀྱང་དོན་ལ་འབྲེལ་བ་མེད་པའི་དཔེར་བྱེད་ཀྱིན་འདུག སྡོང་པོ་དེའི་མགོ་བཅད་ན་རྩ་བ་ནས་སྐམ་པ་ཡང་བདེན། ཏལའི་རིགས་འགའ་ཞིག་ལས་མྱོས་འགྱུར་གྱི་ཁུ་བ་ཊ་རིར་གྲགས་པ་བྱུང་བའི་རྒྱུད་ན་ཡང་ཏ་ལའི་ཆང་བྱ་བ་ཡོད།

           གྲོག་མཁར་གྲགས་ཆེན་དེ་ནི་གྲོག་མ་དཀར་པོ་རྣམས་ཀྱིས་བརྩིགས། གྲོག་མ་དཀར་པོ་འདི་དག་གིས་བལ་རས་སོགས་ཟ་བས་འཇིགས་པ་ཆེ། གྲོག་མཁར་དེ་དབྱིབས་འདི་འདྲ་བར་ཡོད་ཅིང་། ཐོག་ཚད་གཅིག་ཙམ་མཐོ་བ་ཡང་མཐོང་། དབང་པོའི་མཆོད་སྡོང་བྱ་བ་ཡང་འདིའི་མིང་གི་རྣམ་གྲངས་ཡིན་ཏེ་འདིའི་དབྱིབས་མཆོད་སྡོང་དང་འདྲ་བ་ཡིན། ནང་པར་བལྟས་ཚེ་འདིའི་ནང་ནས་གྲོག་མའི་ཁ་རླངས་དུ་བ་བཞིན་དུ་འོངས་བ་དེ་ཤིན་ཏུ་བདེན། གལ་ཏེ་བརྒྱ་སྦྱིན་སྤྱི་བོ་མེད་སོགས་ཀྱི་རྣམ་འགྲེལ་འགྲེལ་པར་ཚིག་ཀྱང་དེ་ལ་ཟེར་བར་འདུག དྲང་སྲོང་གྲོག་མཁར་སྒོམ་ལ་ཡུར་བ་ཕྱི་ནས་གྲོག་མ་རྣམས་ཀྱིས་གྲོག་མཁར་བརྩིགས་ཏེ་ལུས་ཧྲིལ་པོ་གཡོགས་ཀྱང་མ་ཟས་པར་གྲགས་པས་མིང་དེ་ཐོགས་ཟེར།

        མལླིཀ་ནི་མེ་ཏོག་དཀར་པོ་ཆུང་ངུ་འཁྲི་ཤིང་ལ་སྐྱེས། རྒྱ་གར་དབུས་པས་ཅམེལི་ཞེས་འབོད། རིགས་མི་འདྲ་བ་ཁ་ཤས་ཙམ་ཡོད། འགའ་ཞིག་དྲི་ཤིན་ཏུ་ཞིམ། འགའ་ཞིག་ལ་ཟེ་འབྲུ་མེད། གཅིག་གི་ཁོང་དུ་གཅིག་སྦྱར་ཏེ་ལྟེ་བ་ནས་རས་སྐུད་ཕྲ་མོ་དྲངས་ཏེ་བུ་མོ་རྣམས་ཀྱི་རྒྱན་དུ་བྱེད།

        ལི་ཤི་རང་རེ་ལ་གྲགས་པ་དེ་ནི་ཤིང་དྲང་པོར་སྐྱེས་པ་ཞིག་གི་སྟེང་ན་འདུག འོན་ཀྱང་ཚིག་སྦྱོར་ལ་མང་དུ་འོང་བའི་ལི་ཤི་དེ་འདི་མིན་ནམ་སྙམ།

        ཀེང་ཤུཀ་ཡང་ཤིང་ཆེན་པོ་ལ་སྐྱེས་པའི་མེ་ཏོག་ཏུ་སྣང་ཞིང་། མེ་ཏོག་དམར་པོ་ནེའུ་ཙོའི་མཆུ་འདྲ་བ་སྣང་ཞིང་གྲལ་དུ་ཆགས། དེ་བཞིན་ཤིརིཀ་ཡང་སྡོང་པོ་ཆེན་པོར་སྣང་ཞིང་མེ་ཏོག་དམར་ཁྲ་ཞིག་སྣང་།

        ཀདམྦ་ཡང་ལོ་མ་ཤིན་ཏུ་སྟུག་པའི་ཤིང་ཆེན་པོར་འདུག མེ་ཏོག་ནི་མ་མཐོང། དེ་བཞིན་ཛམྦུ་དང་། ཨམྲ་ཡང་ཤིང་ཆེན་པོའི་རིགས་སུ་གཏོགས།

        སཱལ་ནི་ཤིང་ཆེན་པོ་ཐོག་ཚད་མང་པོ་ཡོད་པ་ནགས་ཀྱི་དབུས་སུ་ལྷང་ངེར་གནས་པ་ཞིག་འདུག ཤིང་དེ་ནི་ཆེར་མང་། ཤིང་གི་ནང་ན་མཐོ་ཤོས་འདི་ཡིན་འདུག་པས་བྲམ་ཟེའི་རིགས་སཱ་ལ་ལྟ་བུ་སོགས་བཤད་པ་ཡིན་འདུག མེ་ཏོག་དཀར་པོ་ཆགས། སྤོས་དཀར་ཤིང་དེ་ལས་འབྱུང་། ཆུས་མི་རུལ་བ་སོགས་ཡོན་ཏན་མང་།

        ག་བུར་གྱི་ཤིང་ནི་རྒྱ་གར་ན་མེད་ཟེར། མེ་ལོང་མའི་རྒྱ་འགྲེལ་ལས་ཁ་བ་ཅན་ན་ཡོད་ཅེས་བྲིས།

        པདྨ་ལ་རིགས་མང་དུ་མཆིས་ཤིང་། ཆུ་ལས་སྐྱེས་པ་ཉིད་ཤས་ཆེ། འདབ་མ་རྣམས་ནི་ཟླ་ཕྱེད་དང་ཟླུམ་པོ་སོགས་ཅི་རིགས་པ་ཆུའི་ཁ་ལ་གཡེང་སྟེ་སྡོད། མེ་ཏོག་ཆུ་ཁར་འཐོར་ཏེ་ཁ་བྱེ། པདྨའི་རིགས་འགའ་ཞིག་མཚན་མོ་ཁ་བྱེ་བ་ལ་ཀུམུད་འབོད། པདྨ་སྔོན་པོ་ནི་ཨུཏྤལ་ཉིད་ཡིན་པས་འདི་གཉིས་རིགས་ཟུར་པ་ཅི་ཡང་མ་ཡིན། པདྨའི་མེ་ཏོག་ཆེ་ཆུང་རིགས་མང་དུ་མཆིས་ཤིང་། འདབ་མ་ཡང་དབྱིབས་སྣེ་ཞིལ་(ཞིབ་)པའི་གྲྭ་ལ་དམར་མདངས་ཆགས་པ་སྟེ། པདྨའི་སྤྱན་བྱ་བའི་པདྨ་དེ་ཡིན་ཅིང་། རང་རེའི་ཡུལ་གྱི་ཤིང་ཕྲན་ལ་སྐྱེས་པའི་པདྨར་གྲགས་པ་དེ་དག་མ་ཡིན། འདིའི་འདབ་མའི་དབྱིབས་ཀྱང་མིག་དང་འདྲ། ཟུར་ལ་དམར་མདངས་ཆགས་པ་ཡང་མིག་དང་འདྲ། རྒྱ་ནག་གི་དཀར་ཡོལ་སྟེང་དུ་རི་མོ་འདི་མང་དུ་ཡོད་པ་དེ་ཡིན། རྒྱ་གར་ལྷོ་ཕྱོགས་ཀྱི་པདྨ་འགའ་ཞིག་གི་རིགས་ནི་ཡུ་བ་དམར་སྐྱ་མཛུབ་མོ་ཙམ་པའི་སྟེང་དུ་ཚེར་མ་དམར་པོ་སོར་ཕྱེད་ཙམ་པ་དག་གིས་གཡོགས་པས་ལག་པས་ཀྱང་འཛིན་མི་ནུས། ཤིང་གི་ཚེར་མ་དང་ཡེ་ཁྱད་མི་འདུག འདབ་མ་མཛུབ་གང་ཙམ་ལས་མེད་པས་དཀྱུས་མ་དང་འདྲ་ཡང་ལོ་མ་ཤིན་ཏུ་ཡངས་པ་ཆུའི་ཁར་འདལ་བའི་དབུས་སུ་བྱིས་པ་ལོ་བརྒྱད་ཙམ་ཉལ་ཀྱང་མི་སྦྱིངས(བྱིང་)། ཐང་ལ་བཏོན་ན་མི་ཆེན་པོ་གཉིས་ཙམ་ཡུ་བའི་རྩ་རྒྱུས་རྣམས་བཏོན་ནས་སྐུད་པར་བཀལ་བར་བྲམ་ཟེ་དག་གི་ཕྲེང་ཐག་ཏུ་ཡང་བྱེད།

        ཨུཏྤལ་ནག་པོ་ཀོཨིམར་གྲགས་པ་ཞིག་ལྷོ་ལམ་དང་སིཾཧལར་ཡོད། དེའི་རྩ་བ་ཡང་ཟ་ཞིང་ཤིན་ཏུ་བཅུད་ཆེན་པོར་བརྩི། ཡུང་མ་ལེགས་པར་བཙོས་པ་དང་འདྲ། སྟེང་དུ་དཀྱིལ་ཀྲུང་བྱས་ཏེ་སྡོད་པའི་ས་ཡོད། དེའི་ཕྱིར་ངའི་སེམས་ལ་བློ་གྲོས་པདྨའི་འདབ་མ་ལྟར་ཡངས་པ་སོགས་མེ་ཏོག་གི་འདབ་མ་རང་མ་ཡིན་པར་ལོ་འདབ་ཉིད་ཡིན་ནམ་སྙམ། མེ་ཏོག་ནི་འཆར་ཅན་ལ་ལག་པ་ཆུང་ངུ་ཐལ་མོ་སྦྱར་བའི་ཚད་ཙམ་པ་རྐྱང་འདུག་ཀྱང་འདབ་མ་ནི་འདི་ལས་ཆེ་བ་ཤིང་སྡོང་དང་མེ་ཏོག་སོགས་ཅི་ལ་ཡང་མི་སྣང་། པདྨ་དཀར་དམར་གཉིས། ཀུམུད། ཨུཏྤལ་བྱ་བའི་མེ་ཏོག་དེ་ཀུན་པདྨའི་རིགས་ཀྱི་ཁྱད་པར་ཙམ་ཡིན་ཅིང་། ཁ་དོག་ཙམ་ལས་ལོ་འདབ་སོགས་ཐམས་ཅད་འདྲ་བས་རྡོ་རྗེ་མཁའ་འགྲོར་པདྨ་དཀར་སྔོ་གསུངས་པ་ལ་མན་ངག་སྙེ་མར་ཆུ་སྐྱེས་དཀར་པོ་དང་ཨུཏྤལ་ཞེས་བཤད། དེས་ན་འགའ་ཞིག་གིས་འདི་དག་ཤིན་ཏུ་མི་འདྲ་བའི་ཁྱད་ཕྱེ་བ་ཀུན་ལ་ཡིད་བརྟན་མེད། ཨུཏྤལ་ཡུ་བ་འཇམ། ལོ་མ་དང་སྒམ་བུ་པདྨ་དང་འདྲ། འདབ་མའི་ཞེང་ཆུང་ཞིང་འདབ་བཅུ་དྲུག་པ་འཆར་ཅན་ཡིན། རང་རེའི་ཡུལ་ན་རྒྱལ་བའི་སྤྱན་བྱ་བའི་མེ་ཏོག་སྔོན་པོ་རི་ལ་སྐྱེས་པ་དེ་དང་ཆེ་ཆུང་ཙམ་མ་གཏོགས་ཤིན་ཏུ་ཡང་འདྲ། ཁ་དོག་ཀྱང་སྔོན་པོ་སྔོ་རྐྱང་མ་ཡིན་པར་ཅུང་ཟད་སྨུག་ཤས་ཆགས་པ་རྒྱལ་བའི་སྤྱན་གྱི་ཁ་དོག་དེ་ཁོ་ན་ལྟར་འདུག པདྨའི་རྩ་བ་དཀར་པོ་བྱིས་པའི་ལག་ངར་ཙམ་པ་ཡོད་པ་ཞིག་རྒྱ་གར་བ་རྣམས་ཀྱིས་མར་ལ་བརྔོས་ནས་ཚོད་མ་བྱེད། རོ་འོ་ཅག་གི་ཚོད་དཀར་མཐུན་པ་ཞིག་འདུག

        གུར་ཀུམ་གྱི་མེ་ཏོག་རང་ནི་དམར་ནག་གམ་སྨུག་པོ་རང་དུ་འདུག དེའི་ཟེ་འབྲུ་སེ་འབྲུ་སེར་པོའི་ཟེ་བ་རིང་པོ་རྣམས་བཏོན། རང་རེས་མཐོང་བ་ཁ་ཆེ་གུར་ཀུམ་རང་ཡིན་ཅིང་། རྒྱ་གར་པ་རྣམས་འདི་ལ་ཀེསར་ཟེར་ཏེ་ཟེ་འབྲུའི་མིང་ཡིན། ཁ་ཆེ་ཡུལ་གཅིག་པུ་ལས་ས་སྟེང་གི་ཡུལ་གྲུ་གང་དུ་ཡང་མི་སྐྱེ་བར་གྲགས། དེའི་ཕྱིར་འདི་ལ་ཀཤྨྰིརའི་མེ་ཏོག་ཏུ་ཡང་གྲགས། ཁ་ཆེའི་ཡུལ་དུ་ཡང་ས་ཆ་དུམ་ཙམ་གཅིག་ལས་གཞན་དུ་མེད། ས་དེ་རྒྱལ་པོས་བསྲུངས། གཞན་དྲ་མིག་གི་རིགས། ཕྱོགས་འགའ་ཙམ་དུ་སྐྱེས་པ་ཚང་མས་བདག་བྱས། འདབ་མ་ལྷེབ་མོ་ལྔ་དྲུག་ཙམ་རེ་མཆིས།

        ཨམྲའི་མེ་ཏོག་དྲི་ཞིམ་ཡང་ཤིན་ཏུ་ཆུང་བས་ཤིང་རྩེ་ལ་བཙལ་དགོས་འདྲ་བ་ཞིག་ཡོད། འབྲས་བུ་ལ་རྒྱ་གར་བ་རྣམས་ཨམ་དུ་འབོད། ལྷོ་ཕྱོགས་པ་རྣམས་ཨམྦ་དང་ཨམྲ་རང་དུ་འབོད། རྒྱ་ནག་པ་རྣམས་མན་གོ་ཟེར་ཞིང་ཡི་གེ་(芒果)འདི་ཡིན་པར་འདུག སྡོང་པོ་ཐོག་ཚད་གཉིས་ཙམ་པ་ཡོད། རྒྱ་གར་དབུས་ན་ཤིང་སྡོང་ཞིག་ལ་འདི་དང་ཏ་ལ་གཉིས་མང་ཤོས་སུ་སྣང་། འབྲས་བུ་ལྗང་སེར་བྱིས་པའི་མགོ་ཙམ་པ་ནས་ཁུ་ཚུར་ཙམ་པའི་བར་ཡོད། ཕྱི་སྨིན་ལ་ནང་མ་སྨིན་པ་སོགས་ཀྱི་ཨམྲ་རིགས་བཞི་གསུངས་པ་དེ་ཤིན་ཏུ་བདེན། དེ་དག་ཤིང་གཅིག་ལ་ཆགས་པ་མིན་གྱིས་རིགས་སོ་སོར་འདུག འོ་ཅག་གིས་ཨམྲ་ཉོ་མི་ཤེས། རྒྱ་གར་བ་རྣམས་ཀྱིས་མིག་བལྟས་ཙམ་གྱིས་ཤེས། ཨམྲ་ཁ་ཤས་ཕྱི་མདོག་དམར་སེར་ལྷམ་མེ་བ་ལ་ནང་ཐམས་ཅད་རྩ་རྒྱུས་ལྟ་བུ་ཞིག་གིས་གང་བ་འདུག འགའ་ཞིག་ཕྱི་ལོག་ལྗང་ཁུ་སྔོ་རྡོ་རང་ཡིན་པ་ལ་ནང་རྣམས་རོ་འདའ་(ཞིམ་)ཞིང་སྨིན་པའི་ཚད་དུ་འདུག ཧོར་ཟླ་གསུམ་པ་ཙམ་ན་འདིའི་འབྲས་བུ་སྨིན། ཤིང་འབྲས་ཤིག་ལ་འདི་ལས་ཞིམ་པ་ཞིག་མེད། རོ་ནི་ཞོ་གསར་པ་ལ་སྦྲང་རྩི་སྦྱར་བ་དང་འདྲ་སེ་བ་ཡིན། ཁམ་རུས་དཀར་པོ་ལྕེའི་དབྱིབས་འདྲ་བ་ཁམ་ཚིག་རོ་སྐ་བ་ཅན་ཞིག་ལ་སྐམ་པའི་ཚེ་རང་རེའི་ཨར་འབྲས་བྱ་བ་དེ་འཁྲུལ་མེད་རང་དུ་འདུག རྒྱ་གར་པའི་བཟའ་བཏུང་གཞན་ལ་སྨོན་རྒྱུ་མེད་དེ་རང་རེའི་བོད་དུ་ཨམྲ་མེད་པ་འདི་ངེས་པར་ལས་ངན་སྙམ་པ་བྱུང་།

        ཁརྫུར་(ཁཇྰུར)འམ་རང་རེས་ཁ་སར་པ་ནི་རྒྱ་གར་ཆོལ་རིལ་འབོད་པ་དེ་རྒྱ་གར་རང་དུ་མེད། གུར་ཀུམ་ལ་རྒྱ་ནག་ཏུ་བོད་ཀྱི་མེ་ཏོག་ཏུ་གྲགས་པ་དང་འདྲ། འོན་ཀྱང་དེང་སང་ཤིང་སྣ་བསྡུས་ནས་སྐྱེད་ཚལ་འགའ་རེ་ལ་རེ་གཉིས་བཙུགས་པ་མཐོང་། སྡོང་པོ་ནི་ཏ་ལའི་ཤིང་གི་རིགས་ཡིན་པ་ལ་གཞུང་རྟའི་སྟེང་དུ་ཉ་ལྤགས་ལྟ་བུའི་གཡོགས་མ་ཆགས། འབྲས་བུ་གསར་དུ་སྨིན་ཚེ་ཁ་དོག་དམར་སེར་དང་དྲི་བཟང་འབྱུང་། པཎྜི་ཁརྫུར་(ཁཇྰུར་)རློན་པ་ཟ་བའི་ཡུལ་དུ་མ་བག་མར་ལེན་པ་ཡིན་ནོ་སོགས་རྒྱ་གར་པའི་གཏམ་དཔེ་ལ་གྲགས་ཤིང་། རྒྱུག་(རྒྱུད་)མ་སོགས་ན་མ་བག་མར་ལེན་པར་དུས་འཁོར་དུ་བཤད་པ་ཡུལ་དེའི་ཨ་རབ་ཀྱི་བྱེ་ཐང་དག་ན་འདི་ཤིན་ཏུ་མང་ཞེས་ཟེར། ཨ་རབ་རྣམས་ཤིང་འབྲས་འདི་ལས་སྦྲང་ཆང་ཡང་བྱེད། སྐམ་ནས་ཡུལ་གཞན་དུ་བཏང་བ་བོད་དང་སོག་ཡུལ་ཚུན་ལ་སླེབས། ཁམ་རུས་ཀྱང་བརྡུངས་ཏེ་བསྐོལ་ནས་ཇའི་ཚབ་ཏུ་བཏུང་ཟེར། ལོ་མ་ཡང་ཆུར་སྦངས་ཏེ་རྩ་རྒྱུས་བཏོན་ནས་རེ་བ་འཐག་པ་སོགས་སྒོ་སྣ་ཚོགས་ནས་བཀོལ་བར་བྱེད།

        སྲིན་བུ་པདྨ་དང་པད་པ་གཉིས་ཀ་གཅིག་ཡིན་ཞིང་། མོན་པ་རྣམས་པེད་པར་འབོད། འདིས་མཚོན་ནས་མཐའ་རྟེན་གྱི་བ་ཡིག་མར་སོང་བ་རང་རེའི་སྐད་ལ་ཤིན་ཏུ་མང་། རྒྱ་མཚམས་ཀྱི་ནགས་ཚལ་དག་ན་མཆིས། འབུ་ཕྲ་ལ་འཕོང་ཆེ་བ་སོར་གང་དོ་ཙམ་པ་ཞིག་སྣང་། ཁྲག་གི་དྲི་ཚོར་བ་དང་ལུས་ལ་འབྱར་ཡོང་། ཁྲག་འཐུང་མཁན་ལ་ཁོ་ལས་མཁས་པ་མེད། མིག་གིས་མ་མཐོང་ན་རང་རེའི་ལུས་ལ་འབྱར་ནས་ཁྲག་འགྲངས་ཚད་འཐུང་ཡང་ད་དུང་མི་ཚོར་བས། ཤེས་རབ་བརྒྱ་བ་ལས། སྲིན་བུ་པདྨ་ཟོན་ཅན་ལུས། །ཁྲག་འཐུང་བཞིན་དུ་མི་མཐོང་ངོ་། །ཞེས་གསུངས། ཁྲག་གིས་འགྲངས་ཚེ་འབུ་དེ་མཛུབ་ཆུང་གི་སྦོམ་ཕྲ་ཙམ་པ་འདུག  ནག་ལ་ཉར་རེ་ཉོར་རེ་བ་ལག་པས་འཐེན་ཀྱང་བཀོག་མི་ནུས། རྫོགས་པར་ཚིམ་པ་ན་ས་ལ་རང་བཞིན་གྱིས་ལྷུང་བ་ཡོང་། ཡངས་པ་ཅན་པས་མི་རུང་བའི་བཞི་(གཞི་)བཅུའི་ནང་དུ་པད་པ་བཞིན་ཆང་འཐུང་ན་མི་རུང་བར་བཤད་པ་ཡང་འབུ་འདི་ལ་ཟེར།

        ཀེངྴུ་ནི་ཤེས་རབ་བརྒྱ་པར། རྒྱ་སྐྱེགས་ཤིང་གི་མེ་ཏོག་བཞིན། །བྱ་བའི་སྐད་དོད་ལ་ནི་ཀེངྴུཀ་འདུག  འོན་ཀྱང་རྒྱ་སྐྱེགས་ཤིང་ནི་མིན་པར་འདུག  

        ལྭ་བ་སྲིན་བུའི་མདོག་ལྟ་བུ་དང་ཨིནྡྲ་གོ་པའི་མདོག་ལྟ་བུ་བྱ་བའི་སྲིན་བུ་དེ་འབུ་བནྡེ་བྱ་བའི་དམར་ཚགས་ཚགས་ཤིག་ཨ་མདོ་ཕྱོགས་ན་ཡོད་པ་དེར་འདུག  ཁྲག་ལྟར་དམར་བའི་ཚོས་བསྒྱུར་བ་ལ་སྲིན་འབུའི་ཁ་དོག་ལྟ་བུ་ཞེས་དེང་སང་ཡང་སྨྲ། ངེད་ཀྱིས་སྔོན་རྒྱུ་མཚན་ཅི་ཡང་མེད་པར་ཉེ་དགས་རྩ་སྲིན་བུའི་མདོག་ཅན་གཅེར་བུ་པ་ལས་འཕྲོག་པ་ཐོས་ཚེ། ཐལ་མདོག་ཕྱུར་རེ་བ་ཞིག་ཡིན་སྙམ་པ་བྱུང་། ལྭ་བའམ་སྣམ་རིགས་ཀྱི་མདོག་དམར་པོ་བྱེད་པའི་སྲོལ་ཤིན་ཏུ་དར། ཕྲན་ཚེགས་ཀྱི་འགྲེལ་པར། ལྭ་དམར་ཞེས་བྱ་བ་ནི་ལྭ་བའི་སྣམ་བུ་སྲིན་བུའི་མདོག་ལྟ་བུའོ་ཞེས་གསུངས་པ་ཡང་ཨིནྡྲ་གོ་བའི་མདོག་ཏུ་འདུག་གོ། །

        ཀརྐཊ་ཡང་ཁོང་ཚོས་སྡིག་སྲིན་ཁོ་ནའི་མིང་ལ་བྱེད་ཀྱིན་འདུག གངས་ལས་བྱུང་བའི་ཀརྐཊ་བྱ་བ་ཡང་ཧིམྰལཡ་ན་ཡོད་པའི་སྡིག་སྲིན་དཀར་པོ་ལ་བྱེད་ཀྱིན་གདའ་ཞིང་། སྡིག་སྲིན་གྱི་ཤ་ཚོད་མར་བྱས་ནས་རྒྱ་གར་བ་ཁ་ཤས་ཀྱང་ཟ་བར་བྱེད། སྟོབས་སྐྱེད་པ་ཡིན་ཟེར་ནས་སྡིག་སྲིན་གྱི་ཁོག་པའི་ནང་གི་ཀླད་པ་འདྲ་བ་དེ་རློན་པར་ཡང་ཟ། རྒྱ་གར་བས་ཁྱིམ་བཅུ་གཉིས་ཀྱི་རི་མོ་བཀོད་པ་ཀུན་གྱི་ནང་ན་ཡང་སྡིག་སྲིན་ལས་སྦལ་བའི་གཟུགས་མི་འདུག དོན་ལ་འུ་ཅག་གིས་ཀརྐཊ་སྦལ་བར་བྱས་པ་དེ་ཡང་ནོར་ཅེས་སྨྲ་འདོད་པ་ཡིན་ཏེ། དོན་ཕྲན་ཚེགས་འདི་འདྲ་རེ་ལ་ཡང་ཨུ་ཚུགས་རི་འདྲ་བ་རེ་རྗེས་སུ་ཡོང་བས་ཤིན་ཏུ་འཚེར། དེས་ན་ད་བྱིད་ཀྱང་སྡིག་སྲིན་གྱི་ཁྱད་པར་ཡིན་འདུག འགའ་ཞིག་གི་ཀརྐཊ་སྦལ་པ་དང་། ཀཱཀར་སྡིག་སྲིན་དུ་བྱས་པ་ཡང་མི་བདེན། སྦལ་པའི་མིང་བྷེཀ་དང་། མཎྜུཀ་སོགས་ལས་ཀརྐཊ་བྱ་བ་ཡེ་མེད། ད་བྱིད་ཀྱི་སྐད་དོད་གཞན་གོདྷ་བྱུང་བ་ནི་རྩངས་པའི་རིགས་ཤིག་ཡོད། སྡིག་སྲིན་དང་སྦལ་པའི་དོགས་གཅོད་འདི་འདྲ་བྱེད་པ་ལ་ཆེན་པོ་ཚོའི་མདུན་སར་ངོ་ཚ་མོད། པཎ་ཆེན་སི་ཏུས་ཛགྷན་བུད་མེད་ཀྱི་ཚང་ར་མ་ཡིན་གྱི་བསྣུན་གནས་བྱ་བ་ཚང་རའི་ཐད་ཀྱི་མདུན་ཕྱོགས་ལ་བྱེད་དགོས་ཀྱང་དོགས་པ་བཅད་པས་མཁས་པའི་རྣམ་ཐར་ཤེས་ན་དེ་ཙམ་ངོ་ནོངས་ཀྱང་མི་དགོས།

        སྒྲ་གཅན་གྱི་མགོ་དང་། མཆིག་གུའི་ལུས་བྱ་བ་ནི། ཁྱབ་འཇུག་གི་འཁོར་ལོས་སྒྲ་གཅན་དུམ་བུ་གཉིས་སུ་བཅད་པའི་མགོ་ནི་རཧུ་སྟེ་སྒྲ་གཅན་དང་། ལུས་ནི་ཀེ་ཏུ་བྱ་བ་རྒྱལ་མཚན་གྱི་མིང་ངམ་དུ་བ་མཇུག་རིང་ལ་གྲགས་མོད། འདི་མཆིག་གུར་བསྒྱུར་པར་སེམས། རང་རེས་ཅི་མགོ་བྱ་བའི་རྒྱན་འདི་འདྲ་བྱེད་པ་རྒྱ་གར་དུ་ཡང་སྒོ་རྒྱན་སོགས་ལ་འདུག་ཅིང་། དེ་ལ་མགོ་ལས་གཞན་ལག་པ་ནི་མི་སྣང་ཞིང་། མིང་ལ་ད་དུང་རཧུཙནྡྲ་སྟེ་སྒྲ་གཅན་ཟླ་བ་ཞེས་གྲགས་ཏེ་ཁ་ནང་གི་དེ་ཡང་ཟླ་བ་ཡིན་པ་ཕྱིས་རང་རེས་ནོར་བུའི་གཟུགས་སུ་བསྒྱུར་འདུག་དེས་ན་སྒྲ་གཅན་གྱི་གཟུགས་ནི་མགོ་ཙམ་ལས་མེད་ཅིང་། ཀེཏུ་ཡང་ལུས་ལས་ལོགས་སུ་མེད་པས་དེ་གཉིས་ཐ་དད་མེད་པའི་དཔེར་སྦྱོར་བ་ཡིན། འོན་ཀྱང་ཀེ་ཏུའི་སྒྲ་མཆིག་གུ་ལ་བསྒྱུར་བས་གཏུན་བུ་སོགས་ཀྱི་མིང་དང་། རང་འཐག་གི་ཆས་རྣམས་ལ་ཀེ་ཏུ་ཞེས་གྲགས་པ་ཡོད་མོད། ཞིག་(ཞིབ་)ཏུ་དྲིས་ཀྱང་རྩད་མ་ཆོད། དེས་ན་དུ་བ་མཇུག་རིང་ལ་སྔོན་གྱི་བོད་སྐད་དུ་མཆིག་གུར་འབོད་པ་འདྲ་ཨེ་ཡིན་སྙམ་སྟེ། འདིའི་དབྱིབས་ཀྱང་མཆིག་གུའམ་རྒྱ་གར་བའི་འབྲས་གཏུན་བུ་དང་ཤིན་ཏུ་འདྲ། ཚིག་གསལ་གྱི་འགོར་ཅི་སྟེ་ཡང་དགོན་པའི་ཐིག་ལེ་བཞིན་སོགས་ཀྱི་ཚིག་གོ་དཀའ་དེ་ཡང་དགོན་པའི་ཐིག་ལེ་བྱ་བ་ཨརནྣེ་ཏིལཀཱཿབྱ་བའི་ཤིང་ཞིག་གི་མིང་ཡིན་ཟེར་ཅིང་། ཤིང་དེ་གཅིག་མཐོང་ཡང་མང་ཚིག་སྦྱོར་བས་རྣམས་ལ་མཐའ་གཅིག་ཏུ་དོན་མི་དགོས་པའི་དཔེ་དང་། དེ་ཡང་རཱུབྷིཿབྱ་བ་བྱིངས་ཀྱི་དོན་མེད་པའི་ཚིག་དང་། ཨཽགིཀཿབྱ་བ་བྱིངས་དོན་ཡོད་པ་དང་། ཨོགརཱུཌྷིཿསྟེ་བྱིངས་དོན་ཅུང་ཟད་ཡོད་པ་གསུམ་ལ་རཱུཌྷིཿབྱ་བ་ཚིག་གསལ་དུ་གཏིང་ཚུགས་པའི་སྒྲར་བསྒྱུར། དེས་ན་རྟེན་འབྲེལ་གྱིས་སྒྲ་ལ་ཚིག་དོན་ནམ་སྒྲ་བཤད་མེད་ན། ཞེས་འགྲེལ་དགོས། བོད་སྐད་ལ་ཡང་མི་ཀླད་མེད་བྱ་བ་ཀླད་པ་མེད་པའི་དོན་མིན་གྱི་ཅོལ་ཆུང་ལ་བྱེད་པ་ལྟ་བུ། རྒྱ་སྐད་ལ་ཡང་མང་དུ་ཡོད་པས་རྟག་ཏུ་བྱིངས་བཙལ་ནས་གོ་བ་འཚོལ་བ་ལ་མཐའ་གཅིག་ཏུ་ཡིདབརྟན་མེད་པ་ཤེས་དགོས།

        ངང་སྐྱ་ལ་ཧཾས་སྟེ་ངང་པ་དང་། ངང་པ་ནག་པོ་ངང་སྐྱ་ལས་གཟུགས་ཉིས་འགྱུར་གྱིས་ཆེ་བ་དེ་ལ་རཛཧཾས་སྟེ་ངང་པའི་རྒྱལ་པོར་འབོད། འདི་ཡང་ལུས་ཐམས་ཅད་ནག་པ་མ་ཡིན་གྱི་སྒྲོ་དང་བྲང་ལ་ནག་ཁྲ་ཙམ་ཡོད་ཅིང་། སྐད་ནི་ངང་པ་དཀྱུས་མ་ཚོ་དང་ཅུང་མི་འདྲ།

        ཀལཎྚཀ་ནི་འདུལ་བའི་ཚིག་མང་པོར་སྲོག་ཆགས་ཀལནྟཀ་ཞེས་བསྒྱུར་ཅིང་སྲོག་ཆགས་ནི་བོད་རང་སྐད་འཆར་ཅན་པར་དུད་འགྲོ་རྐང་བཞི་བའི་མིང་ཙམ་ཡིན་ལ། འོན་ཀྱང་སྐབས་འགར་བྱ་ཀལནྟཀ་ཞེས་བྲིས་མོད། སྲེ་མོང་རང་དུ་འདུག འདིས་ཚང་ཤིང་རྩེ་ལ་བྱེད་པས་བྱར་འཁྲུལ་སྙམ་ཡོད། རྒྱ་ནག་ལ་ཡང་འདི་བྱ་ཞིག་གི་མིང་དུ་བྱས་ཡོད་ཟེར། རྒྱབ་གཞུང་དུ་གར་ཤ་ཡོད་པ་སི་ཏཱསྲིན་པོས་ཁྲིད་ཚེ་འདིས་སེམས་གསོ་བཏང་བས་རཱ་མས་ལག་པས་ཞུལ་ཞུལ་བྱས་པའི་ཤུལ་ཡིན་སོགས་ཟེར། འདིའི་མིང་ལ་མངོན་བརྗོད་དུ་རྒྱབ་ཁྲ་ཟེར་བ་དེ་ལ་བྱེད་པ་ཡིན་འདུག སྦྲུལ་མཐོང་ན་སྐད་འབྱིན་པ་ཡང་ཡོངས་གྲགས་ཡིན། འོད་མའི་ཚལ་གྱི་ཤུལ་ན་ཤིན་ཏུ་མང་བ་སྙམ་བྱེད།

        ཀོཀིལ་ནི་ཁ་དོག་ནག་པོ་རང་རེའི་འཇོལ་མོ་ལས་ཆེ་ཙམ་པ། མིག་དམར་སེར། མཆུ་སྡེར་ནག་སྐྱ། སྐད་ནི་བུད་མེད་ལྐུགས་སྐད་ཀྱི་འཁུན་ངུ་སྔུར་བརྣངས་བཞིན་དུ་ཕྲ་ལ་འཚེར། དང་པོ་ཅུང་དམའ་བར་སྒྲོག རིམ་གྱིས་མཐོ་རུ་སོང་སྟེ། ཐང་བཅུ་སྐོར་རེ་ཙམ་མགྲིན་པ་བརྣངས་དྲགས་ཏེ་ཁ་རོག་པར་ཡུད་ཙམ་ངལ་གསོ་ཞིང་ཡང་སྒྲོག སྤྱོ་ན་ནག་མོའི་བྱེད་ལུགས་དེ་ག་རང་དུ་འདུག་པས། འདོད་པའི་རོ་ལ་ཆགས་སྐྱེས། འདོད་པའི་ཕོ་ཉ་སོགས་མངོན་བརྗོད་རྣམས་ཀྱི་རྩ་བ་གོ་དགོས། ཧོར་ཟླ་གཉིས་པ་ཙམ་ནས་དཔྱིད་ཧྲིལ་པོར་སྐད་འབྱིན། རིམ་གྱིས་སྐད་དམའ་ཞིང་འགག་པ་ལྟ་བུར་འགྲོ། དགུན་ནི་གཟེབ་ཏུ་བཅུག་པ་དག་ཀྱང་ཁ་མི་གྲགས་པར་ལྐུགས་ཏེ་སྡོད་པས། བསྔགས་བསྟོད་དུ་ཡང་། གཞན་ནི་མི་སྨྲའི་ཚུལ་གནས་པ། །དགུན་གྱི་ཁུ་བྱུག་ལྟ་བུ་ལགས། །ཞེས་གསུངས་ཏེ། འོན་ཀྱང་འདི་དགུན་གནས་གཞན་དུ་འཕོ་བ་ནི་མིན་པར་འདུག་སྙམ། རང་རེའི་སྐད་འདི་སྦོམ་ནས་ཕྲ་རུ་བཏང་བས་དབྱངས་སྐོར་གཅིག་གི་ནང་དུ་རྫོགས་པ་རིམ་པ་བདུན་འོངས། ཐང་ལྔ་པ་དེ་ཕྲ་ཞིང་འཇེབས་པའི་མོ་སྐད་བཟང་ཤོས་ཡིན་ཅིང་། འདིའི་སྐད་ཀྱང་དེ་ཡིན་པས་ལྔ་པའི་དབྱངས་ཞེས་བརྗོད་དོ། །རྒྱ་གར་བའི་གླུ་དབྱངས་ལྔ་པ་དྲུག་པ་ལ་སོགས་པའི་མིང་ཅན་གཞན་ཡང་དེ་ལྟར་བཟུང་བར་བྱའོ། །འདིའི་སྐད་ནི་གདངས་རིང་བ་མ་གཏོགས་སྦོམ་ཕྲ་རང་རེའི་སྐྱུང་ཀའི་སྐད་དང་ཤིན་ཏུ་འདྲ། ལྷ་སའི་དོག་སྡེ་སྦུག་ཏུ་སྐྱུང་ཀ་ཁྱུ་ཞིག་མཐོང་བས་པཎྜིཏ་ཨཙརས་ཀོཀིལ་ཞེས་སྨྲ་ཡིན་འདུག འོན་ཀྱང་མཆུ་སྡེར་སོགས་འདི་དང་མི་འདྲ། ཁུ་བྱུག་འདིའི་རིགས་ཀྱང་ཡིན་མིན་མ་ཤེས། ཀུ་ཧུ་བྱ་བའི་སྒྲ་འདི་ཕྲ་ལ་ཤུགས་དྲག་པར་ཕྱུངས་ཚེ་འདིའི་སྐད་དངོས་འདྲ་བ་ཡོང་བས་འདི་ལ་ཀུ་ཧུའི་མགྲིན་དུ་བཤད་འདུག སྐད་ཕྲ་ལ་འཚེར་བས། སངས་རྒྱས་ཀྱི་སྤྱོད་པ་ལས་ཀྱང་། ཁུ་བྱུག་གཞན་ནི་མངོན་སུམ་དུ། །ཁུས་འདེབས་བྲག་ཆའི་སྒྲ་སྙན་འདྲ། །སོགས་བཤད། རྒྱ་གར་གྱི་ཁྭ་ཡང་གཟུགས་ཆུང་བས་ཁྭ་དང་འདི་གཉིས་ནོར་འགྲོ་བ་ཙམ་ཡིན། དེའི་ཕྱིར་ཀོ་ཀི་ལ་ཆུང་ངུའི་སྐབས་མས་ཁྭ་ལ་བཅོལ་ནས་ཁྭས་རང་གི་ཕྲུ་གུར་བསམ་སྟེ་སྐྱོང་བར་བཏགས་པས་འདིའི་མིང་ལ་གཞན་གྱིས་གསོས་པ་ཟེར། བུད་མེད་རྣམས་ནི་གཡོ་ཆེ་བས་ཁུ་བྱུག་མོས་ཀྱང་ཁྭ་ལ་མགོ་སྐོར་ཏེ་བུ་བཅོལ་ནུས་ཞེས་ཚིགས་བཅད་ཞིག་ཤ་ཀུནྟ་ལའི་ཟློས་གར་དུ་ཡང་སྣང་། འདི་ནི་ཁུ་བྱུག་ཁྭའི་ཚང་དུ་སོང་སྟེ། སྒོ་ང་བཅག་ནས་ཟོས། དེའི་ཚབ་ཏུ་རང་གི་སྒོ་ང་ཞིག་བཞག་ནས་རང་ཉིད་སེམས་ལས་མེད་པར་སྡོད་པས་ན་གཏམ་ཙམ་མིན་ནོ་ཞེས་མང་པོ་དག་གླེང་། འདིའི་ཁ་དོག་ནག་པོ་ཡིན། འཁྲི་ཤིང་ལས་ཀྱང་། ཁུ་བྱུག་བུང་བས་མནག་གྱུར་ཅིང་། །དུས་དང་བྲལ་བ་རྣམས་ཀྱི་དུས། །ཞེས་སོགས་བཤད། ལེགས་སྦྱར་གྱི་ཚིགས་བཅད་འོག་ལས་ཀྱང་། རེརེཀོཀིལླམབྷཛམཽཏཾཀེཾཙིདྡུཏནྩཡབཉྩམགཾ ནོཙིཏྟྭམིཧཀོཛྙནིཏེཀཀསམུཧ ཡེཔིཧེཏེཙུཏེ ཀྱེ་ཀྱེ་སྨྲ་བཅད་ཐོངས་ཤིང་ཀོཀིལ། །ལྔ་པའི་སྒྲ་དབྱངས་ཅུང་ཟད་སྒྲོག་པར་མཛོད། །གཞན་དུ་ཁྲ་ཡི་ཚོགས་ཀྱིས་སྒྲིབ་བྱས་པའི། །ཙུ་ཏའི་ཤིང་འདིས་སུ་ཞིག་ཁྱོད་ཤེས་འགྱུར། །ཞེས་བཤད་དེ་ཙུ་ཏའི་ཤིང་ལ་རྟག་ཏུ་གནས་སྐད་སྙན་དངགས་མང་པོར་བྲིས། ཙུཏའི་ཨམྲ་དེ་མེ་ཏོག་སྒམ་བུར་ཡོད། ཁོས་ཟ་བའི་འབྲས་བུ་ལ་ལ་སྐྱོན་ཆེ་རབ་ཡོད། མེ་ལོང་དུ། སཧཀརའི་སྙེ་མ་རྣམས། ཟ་བྱེད་སོགས་བཤད། གཞན་ཡང་འདིའི་མིང་པིཀའམ་ཀོཀི་ལ་དང་། ཁྭ་ལ་ཀཀ་དང་ནག་པོ་ལཀ་ལ་ཟེར་བ་སོགས་རྗེས་ཁྲིད་བདེ་བའི་དབང་གིས་ཀལཀཀོཀིལླ་སོགས་ཚིགས་བཅད་མང་པོ་ཡོད། ལར་རྒྱ་སྐད་ལ་ཀ་ཡིག་དང་ལ་ཡིག་བསྐོར་བའི་རྗེས་ཁྲིད་ཅི་བས་མང་། ཁོང་ཚོའི་ཁ་ལ་ཡང་ཀཀཱ་སོགས་ཀྱི་སྒྲ་དེ་ཤིན་ཏུ་མཚམས། མངོན་བརྗོད་དུ་ཁུ་བྱུག་འདོད་པའི་ཏ་ལ་ཞེས་མིང་བྲིས་པ་ཡང་ཏ་ལའི་འབྲས་བུ་བིཏ་ནག་པོ་རྩི་ཞིག་པོར་ཡོད་པ་དེ་ལ་འདྲ་བྱས་པར་སེམས། ཏཱམྲཱཀྵ་སྟེ་ཟངས་མིག་ཏུ་བརྗོད་པ་ཡང་འདིའི་མིག་དམར་ཡོར་དུ་ཡོད་པས་ཡིན། དེས་ན་འདི་བྱ་སྐད་སྙན་ཤོས་དང་དགུན་ལྐུགས་པ་སོགས་ཆོས་མཚུངས་མང་བ་ལས་ཁུ་བྱུག་ཏུ་བསྒྱུར་བའམ། ཡང་ན་སྐྱིད་གྲོང་སོགས་ས་ཁད་དམའ་ས་རྒྱ་གར་བལ་པོའི་རི་ལྗོངས་དང་ཉེ་བ་དག་ན་བྱ་འདི་ལ་ཁུ་བྱུག་མ་ཟེར་བ་ཡིན་སྙམ་སྟེ་འདིས་མཚོན།

          རྒྱ་གར་ཕྱོགས་ཁོ་ནར་ཡོད་པའི་ཤིང་དང་མེ་ཏོག་འགའ་ཞིག་བོད་སྐད་དུ་བསྒྱུར་བ་ཡང་རོང་མཚམས་ཀྱི་ཡུལ་དེ་ཚོའི་སྐད་ཡིན་པར་སེམས་སོ། །དེ་ལྟར་རང་རེའི་ཡུལ་དབུས་གཙང་ཕྱོགས་སུ་ནི་རྒྱ་གར་གྱི་བྱ་རི་དྭགས་མེ་ཏོག་སོགས་དངོས་མ་མེད་པས་ཆོས་མཚུངས་མང་བ་གཞན་ཞིག་ཏུ་བསྒྱུར་བའམ་ཡང་ན་སྐད་རང་སོར་འཇོག་པ་ལས་འོས་མ་མཆིས་ལ། རྒྱ་ནག་ནི་ས་གཤིན་ཅིང་དྲོ་བའི་རྒྱ་གར་གྱི་མེ་ཏོག་ལྗོན་པ་སོགས་རང་སྐད་དུ་བསྒྱུར་ནས་ཡུལ་གྱི་མི་ལ་ངོ་སྤྲོད་ཐུབ་པས་བཙུན་པ་ཐང་ཟན་ཙང་སོགས་ཀྱིས་ཚིག་ཐམས་ཅད་ཁ་ཐད་དུ་བསྒྱུར་པ་ཡོད་འདུག་པས། གལ་ཏེ་འདི་ལྟ་བུ་མིང་འདྲ་ལ་དོགས་པ་སྐྱེས་ན་རྒྱ་ནག་ཏུ་ཚིག་ཅི་ལྟར་བསྒྱུར་བ་རྩད་ཆོད་ཚེ་ཡང་ཤིན་ཏུ་འཁྲུལ་མེད་འོངས་པ་དགོངས་པར་གྱིས་ཤིག

སྟེང་དུ་ཡི་གེ་ནུས་པའི་ཏ་ལའི་ལོ་མ་དེ་ཏལ་ཁྱད་པར་བ་ཤིན་ཏུ་མཐོ་ལ་སྦོམ་པ་ཞིག་སྣང་། ཏལ་དཀྱུས་མའི་ལོ་མ་ནི་སོར་གང་དོ་ལས་མེད་པས་ཡི་གེ་འབྲི་ས་མེད། དེ་ཡང་ལོ་མའི་ཕྱོགས་གཡས་གཡོན་གཉིས་ནས་ལྡེབ་མ་རེ་རེ་འོངས། དང་པོ་ལོ་མ་དེ་ཆུའི་ནང་དུ་བཙོས། དེ་ནས་མཇུག་ཏུ་རྡོ་བཏགས་ཏེ་ཤིང་ཞིག་ལ་བཀལ་ནས་ཀོ་བ་བཞིན་དུ་མཉེད། ལེགས་པར་འཐུལ་བ་ན་དཔེ་རིང་གི་ཚད་དུ་བཅད། ལྡེབ་རེ་རེ་བཞིན་སུམ་ཆའི་མཚམས་ནས་ཁུང་བུ་གཉིས་ཤིག་ཕུག དེ་བཞིན་གླེགས་ཤིང་ལ་ཡང་ཕུག་ནས་ནང་དུ་སྐུད་པ་རིང་པོ་ཞིག་དྲངས་ཏེ་མདུན་དུ་མདུད་པ་བོར་ནས་སྐེད་པ་ལ་བཅིངས་ཏེ་འགྲོ། བཀའ་པོད་སྐེ་རགས་སུ་བཅིངས་བྱ་བ་དེ་འདྲ་ནས་བྱུང་བ་མིན་ནམ་སྙམ། ཀློག་རན་ཚེ་ཐག་པ་རན་པར་ལྷོད་ནས་ལྡེབ་རྣམས་དལ་བུའི་བསྒྱུར་ཏེ་འདོན། དེའི་ཕྱིར་ལྡེབ་འཁྲུག་དོགས་མེད་པས་རྒྱ་དཔེ་ཕལ་ཆེར་ལ་ཁ་ཡིག་གམ་ལྡེབ་གྲངས་མ་བཀོད་པ་དེ་ཡིན། ལྡེབ་རེ་བཞིན་ཨི་ཁུང་ཕུག་པ་སྟེ། རང་རེའི་བོད་ཀྱི་དཔེ་རྙིང་རྣམས་ལ་ཡང་འདུག་ཅིང་། དུས་ཕྱིས་བར་དུ་མཚལ་གྱི་སྐོར་ཐིག་ཆེན་པོ་གཉིས་ཨི་ཁུང་གི་ཐད་དུ་བྲིས་ནས་སྣང་། དེ་ནས་སྒོར་ཐིག་དེ་སྟོང་པར་སྣང་བས་ནང་དུ་སྐུ་བརྙན་རེ་བྲི་བའི་སྲོལ་ད་ལྟའི་བར་རེབ་གོང་གི་དོར་རྡོ་རྣམས་ཀྱི་བརྒྱད་སྟོང་དཔར་མ་སོགས་ལ་འདུག་པ་དེ་ཡིན། དེ་ལས་ཀྱང་ས་སྐྱ་གོང་མ་རྣམས་ཀྱི་ཕྱག་དཔེ་ཕལ་ཆེར་ཤོག་བུ་ལ་བྲིས་པ་ཡང་ཕྲ་ལ་རིང་བ་ཏ་ལའི་ལོ་མའི་དབྱིབས་སུ་བྱས་ནས་སྣང་ཞིང་། དེ་བཞིན་ཞ་ལུ་ལོ་ཆེན། བུ་སྟོན། ངོར་ཆེན་སོགས་ཀྱི་ཕྱག་དཔེ་རྣམས་ཀྱང་འདྲ་བར་གནས་པས་གླེགས་བམ་ཁ་མ་ཕྱེས་བར་དུ་ཏ་ལའི་གླེགས་བམ་དང་ནོར་འགྲོ་བ་འདུག དཔེ་ཕྲ་ལ་རིང་བ་དེ་འདྲ་བྱེད་པའི་སྲོལ་ད་དུང་ཡང་ཁམས་ན་ཡོད་ཟེར། ཏ་ལའི་ལོ་མ་དེ་རྩ་རྒྱུས་གསལ་བས་ཐིག་ཀྱང་འདེབས་མི་དགོས། དབུ་ཤོག་གི་དང་པོ་ལ་ཨོཾ་ཞིག་བྲིས་པ་མ་གཏོགས་གཞན་ལྡེབ་རེ་རེའི་མགོ་ལ་ཏིང་ཀྱོག་སོགས་བྲིས་པ་ཡང་མི་སྣང་བས་ཁ་ཐོར་ཚེ་ལྡེབ་ཀྱི་ཉིན་སྲིབ་གང་ཡིན་ཀྱང་མི་ཤེས། ཤོག་བུ་ལ་བྲིས་པའི་རྒྱ་དཔེ་རྣམས་ནི་ཤོག་བུའི་ཉིན་ལ་གུར་ཀུམ་གྱིས་ཁ་བསྒྱུར་ཏེ་སེར་པོ་དང་སྲིབ་ཕྱོགས་རང་མདོག་བཞག་པ་ཤ་སྟག་ཏུ་སྣང་། གཏེར་ཡིག་རྣམས་ཀྱང་ཤོག་སེར་གྱིས་སྟེང་ན་ཡོད་པ་དེ་འདྲའི་སྲོལ་ཡིན་མཆིས། སྡེ་སྣོད་གསུམ་ངོས་འཛིན་གྱི་འགྱུར་ཕྱག་དགོས་པ་འདི་ཆོས་རྒྱལ་གྱི་བཀའ་བཅད་ཡིན་ཟེར་མོད། རྒྱ་དཔེ་ཐམས་ཅད་ཀྱི་མགོ་ལ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་དང་། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ་སོགས་རྒྱ་ཡིག་རང་ལ་བྲིས་སྣང་ཞིང་། གཤེད་དམར་སོགས་ཀྱི་རྒྱུད་དང་གཞན་ཡང་བོད་དུ་བསྒྱུར་ཟིན་པ་ཇི་སྙེད་ཅིག་གི་ཕྱི་མོའི་རྒྱ་དཔེ་ངོར་སོགས་ན་བཞུགས་པ་ལ་ཡང་། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ་སོགས་བོད་སྐད་ལ་གང་ཡོད་རྒྱ་དཔེ་ལ་ཡང་སྣང་། འོ་ན་རྒྱ་དཔེ་དེ་དག་ལོ་ཙཱ་བ་རང་གི་ཕྱག་བྲིས་ཡིན་ནམ་སྙམ་ན། དེ་ཡང་མིན་ཏེ། བལ་ཡུལ་དང་རྒྱ་གར་ན་ནང་པའི་དཔེ་ཉུང་ཟད་ཙམ་བཞུགས་པ་དེ་ཀུན་གྱི་དབུ་ལ་ཡང་ཕྱག་འཚལ་ལོ་དེ་ཁོ་ན་ལྟར་སྣང་། ད་དུང་ཨུ་ཚུགས་དགོས་(བྱས་)ནས་རྒྱ་གར་དང་མཚུངས་པར་ཆོས་རྒྱལ་གྱིས་བཀས་བཅད་དོ་སྨྲས་པ་ཙམ་འབད།

རྒྱ་གར་ལྷོ་ཕྱོགས་རྣམས་ཀྱིས་ཏ་ལའི་འདབ་མར་ལྕགས་ཁབ་ཀྱི་རྩེ་མོས་ཡི་གེ་བྲི་བར་འདུག་སྟེ་ཀློག་བདེ་བ་མི་སྣང་མོད། ཡི་གེ་ནམ་ཡང་ཆུད་མི་ཟ། སིཾཧལ་ཡང་སྡེ་སྣོད་ཀྱི་གླེགས་བམ་རྣམས་ལྕགས་ཁབ་ཀྱིས་འབྲི་ཡིན་འདུག གཞན་ཡུལ་དབུས་དང་བལ་ཡུལ་ནས་བྱུང་བ་རྣམས་ནི་སྣག་ཚའི་ཡི་གེ་ཤ་སྟག་ཏུ་སྣང་། སྤྱིར་དཔེ་ལྡེབ་མ་རིང་པོ་བྲི་བའི་སྲོལ་འདི་དང་པོ་ཏ་ལའི་ལོ་མར་བྲིས་པ་ལ་བརྟེན་ཏེ་རྒྱ་གར་དང་བོད་ཡུལ་སོགས་ལ་དར་བར་འདུག་ཅིང་། རྒྱ་གར་རྣམས་ཤོག་བུའི་མིང་ལ་ད་དུང་ཡང་ལོ་མ་ཟེར། གཞན་སྔོན་རང་རེ་རྣམས་ཀྱི་ཁྲིམས་ཡིག་སོགས་ཤོག་དྲིལ་ལ་ཡོད་དམ་སྙམ་ཞིང་། དེབ་བྱེད་པའི་སྲོལ་ནི་དང་པོ་རྒྱ་ནག་དང་། དེ་ནས་ཏ་ཟིག་སོགས་སུ་གནའ་དུས་ཤིག་ནས་དར་བ་ཡིན་མོད། རང་རེ་ལ་སྲོལ་ཡེ་མ་བྱུང་། དེབ་ཀྱི་སྟེང་དུ་བྲིས་པའི་རྒྱལ་ཐབས་ཀྱི་ཡི་གེ་སོགས་ལ་དེབ་ཐེར་ཞེས་གྷི་རིག་དང་ཏ་ཟིག་རྣམས་ཀྱིས་འབོད་པའི་བརྡ་སོག་ཡུལ་དུ་སླེབས་ཏེ་དེབ་ཐེར་དང་དེ་ནས་བོད་ཀྱིས་ཀྱང་བརྡ་ཆད་དེ་བླངས་ཏེ་རྒྱལ་རབས་ལ་དེབ་ཐེར་སོགས་སུ་བྲིས་སོ། །ཤོག་བུ་འདི་ཧན་གྱི་རྒྱལ་པོའི་དུས་སུ་བློན་པོ་ཚའི་ཡུན་བྱ་བས་གསར་དུ་བྱས་ནས་ད་བར་ལོ་སྟོང་དང་བརྒྱད་བརྒྱ་ཙམ་ལས་མ་སོང་ཞིང་། རང་རེའི་ཡུལ་དུ་དེ་ལས་འཕྱི་བ་དང་རྒྱ་གར་དུ་དེ་ལས་ཀྱང་འཕྱིས་པས་འདི་ཤེས་ན་བསྟན་བཅོས་དང་ལོ་རྒྱུས་མང་པོ་ཞིག་གི་གསར་རྙིང་འཁྲུལ་མེད་དུ་མཇལ་ནུས་སོ།། །།

 

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དེབ་<<རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།>>ཞེས་པ་ནས་ཟུར་བཏོན་ཞུས་པ་ཡིན།

མཐའ་མའི་འདོན་ཐེངས་།: 09.06.2014 ཉིན། 3:19 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།