སྨན་རྩིས་དྲ་བ། - མདུན་ངོས།

ལྷོ་ཀོ་རི་ཡར་ཤེས་ཡོན་ལྟ་སྐོར་ཕེབས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མདུན་ངོས། >>


ལྷོ་ཀོ་རི་ཡར་ཤེས་ཡོན་ལྟ་སྐོར་ཕེབས་པ།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༩ ནས་ཟླ་ ༡༡ ཚེས་ ༣ བར་ཉིན་གྲངས་དྲུག་རིང་འགྲོ་ཕན་སྨན་རྩིས་ཁང་ནས་སྨན་པ་དང་ཚན་རིག་པ་བཅས་མི་སྣ་བཞི་ལས་གྲུབ་པའི་རུ་ཁག་ཅིག་ལྷོ་ཀོ་རི་ཡ་རུ། ཀོ་རི་ཡ་སྲོལ་རྒྱུན་སྨན་གྱི་ཤེས་ཡོན་ལྟེ་གནས་ཁང་དང་། ས་ཞིང་འདེབས་ལས་ཉམས་ཞིབ་ཁང་། སྨན་ཁང་བཅས་སུ་མགྲོན་འབོད་ཞུས་པ་བཞིན་ཕེབས་ཏེ་ཤེས་ཡོན་ལྟ་སྐོར་ལེགས་གྲུབ་བྱུང་ཡོད།



དེ་ཡང་འགྲོ་ཕན་སྨན་རྩིས་ཁང་ནས་ནད་བཅོས་ཉམས་ཞིབ་སྡེ་འགན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་དང་། སྨན་སྦྱོར་ཁང་གི་འགན་འཛིན་སྨན་རམས་པ་སྤེན་པ་ལགས། སྤུས་ཚད་བརྟག་དཔྱད་སྡེ་འགན་བསྟན་འཛིན་ནོར་ལྷ་ལགས།  སྔོ་སྨན་འདེབས་ལས་སྡེ་འགན་བསྟན་འཛིན་ཟླ་མཛེས་ལགས་བཅས་མི་སྣ་བཞི། ལྷོ་ཀོ་རི་ཡ་ཡི་ Daejeon University ཌཡི་ཇིཨོན་གཙུག་ལག་སློབ་གཉེར་ཁང་གི་ Prof. Dong Hee Kim སློབ་དཔོན་ཆེན་པོ་ཌོང་ཧི་ཀིམ་ལགས་དང་། Ven. White Crane བཀུར་འོས་ཝ་ཡེཊ་ཀར་རེན་ལགས་གཉིས་ནས་ཇི་ལྟར་མགྲོན་འབོད་གནང་བ་ལྟར། ཀོ་རི་ཡ་སྲོལ་རྒྱུན་སྨན་གྱི་རིག་པ་དང་དེའི་ཤེས་ཡོན་ཐོག་དཔྱད་ཞིབ་དང་། དེ་བཞིན་རང་རེ་བོད་ཀྱི་གསོ་བ་རིག་པའི་དབར་ཤེས་ཡོན་བརྗེ་ལེན་ཆེད་ལྟ་སྐོར་ལ་ཕེབས་གནང་ཡོད། ད་རེས་ཁོང་གཉིས་ནས་འགྲོ་ཕན་སྨན་རྩིས་ཁང་གི་ལས་བྱེད་བཞི་པོ་ལ་མགྲོན་བརྡ་གནང་བ་དང་། དེ་བཞིན་ལམ་གྲོན་དང་ཀོ་རི་ཡར་བཞུགས་རིང་འགྲོ་གྲོན་ཡོངས་རྫོགས་ཐུགས་ཁུར་བཞེས་གནང་བར་འགྲོ་ཕན་སྨན་རྩིས་ཁང་གིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

ཕྱི་ཚེས་ ༢༩ ཉིན་རུ་ཁག་གི་མི་སྣ་རྣམས་ཀོ་རི་ཡ་ཡི་གྲོང་ཁྱེར་ Incheon རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས་ Ven. White Crane དང་། ལྕམ་སྐུ་ Miss Kim Ji Eun རྣམ་གཉིས་ནས་བསུ་བ་གནང་། དེ་ཉིན་ཀོ་རི་ཡ་ནང་བསྟན་གྱི་ Jogye ཇོ་རྒྱས་ཆོས་བརྒྱུད་ཀྱི་མགོན་པ་གཙོ་བོ་ Jogyesa temple ཇོ་རྒྱའི་སའི་ལྷ་ཁང་དུ་གནས་མཇལ་ལ་ཕེབས། དེ་ནས་ Seoul Yangnyeongsi ཡི་སྔོ་སྨན་འགྲེམ་སྟོན་ཁང་དུ་ལྟ་སྐོར་ལ་ཁྲིད་གནང་ཡོད།

སང་ཉིན་ཕྱི་ཚེས་ ༣༠ ལ་ Jeollanam-do ས་གནས་ཀྱི་ Himalaya Ayurvedic Bio Tec factory (ཧིམཱལཡའི་ཚེ་རིག་སྐྱེ་ལྡན་འཕྲུལ་ལས་བཟོ་གྲྭར་)ཕེབས། དེ་ནི་ཀོ་རི་ཡའི་སྔོ་སྨན་བཏུང་བ་བཟོ་སྐྲུན་བྱེད་ས་ཡིན་པ་རེད། ཉིན་རྒྱབ་ས་གནས་སུ་སོ་ནམ་གྱི་ཉམས་ཞིབ་དང་རྒྱ་སྐྱེད་ཞབས་ཞུ་ཁང་དུ་མགྲོན་འབོད་གནང་བ་བཞིན་ཕེབས་ཏེ། དེར་ཉམས་ཞིབ་པ་ Mr. An Ho Sub ལགས་ཀྱིས་ཚན་རིག་ཡོ་བྱད་བརྒྱུད་ནས་ཚད་མཐོའི་འཕྲུལ་རིག་གིས་འདེབས་ལས་སྐོར་འགྲེལ་བརྗོད་གནང་བ་དང་། དེ་བཞིན་ Dr. Kim Kil Ja ལགས་ཀྱིས་ཁོ་མོའི་ཤ་མོའི་འདེབས་ལས་དང་ཉམས་ཞིབ་མཐུན་རྐྱེན་སྐོར་མཛུབ་སྟོན་གནང་བས་རང་རེ་སྨན་ལས་པ་རྣམས་ལ་འདེབས་ལས་ཀྱི་སྔོན་ཐོན་ཐབས་ཚུལ་གྱི་ཤེས་ཡོན་གསར་པ་མང་པོ་གང་ལེགས་ཤེས་རྟོགས་བྱུང་ཡོད།

ཕྱི་ཚེས་ ༣༡ ཉིན་ Daejeon University ཌཡི་ཇིཨོན་གཙུག་ལག་སློབ་གཉེར་ཁང་གི་ཌཡི་ཇི་ཨོན་ཀོ་རི་ཡའི་སྲོལ་རྒྱུན་སྨན་གྱི་ནད་གསོ་ཁང་དུ་བསྐྱོད་སྐབས་ Dr. Myung Hyun Yim ལགས་ཀྱིས་རང་གི་ཉམས་ཞིབ་ཡིག་ཆའི་སྐོར་སྤྱན་བསྟར་ཞུས་རྗེས་ཀོ་རི་ཡའི་སྲོལ་རྒྱུན་སྨན་གྱི་རིག་པ་དང་། བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་བར་བགྲོ་གླེང་ལྷུག་པོ་གནང་ཡོད། དེ་ནས་ཌཡི་ཇིཨོན་གཙུག་ལག་སློབ་གཉེར་ཁང་རང་དུ་ཕྱིན་ཏེ། དེར་སློབ་དཔོན་ཆེན་པོ་ Prof. Dong Hee Kim ལགས་ཀྱིས་རང་ཉིད་ཀྱི་ཉམས་ཞིབ་བྱས་པའི་སྐོར་གཏམ་བཤད་གནང་བ་དང་། གཙུག་ལག་སློབ་གཉེར་ཁང་དུ་གཟིགས་སྐོར་གནང་ཡོད།  དེ་ནས་ང་ཚོའི་རུ་ཁག་ནས་འགྲོ་ཕན་སྨན་རྩིས་ཁང་གི་ཚབ་ཞུས་ཏེ། ད་ལྟའི་ཤེས་ཡོན་ལྟ་སྐོར་འདི་དོན་འབྲས་ཆེན་པོ་འཐོན་པ་ Prof. Dong Hee Kim དང་ Ven. White Crane ལགས་གཉིས་སུ་ཐུགས་རྗེ་ལེགས་འབུལ་མཚོན་དོན་དྲན་རྟེན་ཕྱག་རྟགས་འབུལ་བཞེས་མཛད་པ་རེད།

དེ་ནས་ཟླ་ ༡༡ ཚེས་ ༡ ཉིན་ KIOM: Korea Institute of Oriental Medicine ཀོ་རི་ཡ་ཤར་ཕྱོགས་སྨན་གྱི་ལྟེ་གནས་ཁང་ནས་ཇི་ལྟར་མགྲོན་འབོད་གནང་བ་ལྟར་དེར་ཕེབས་ཏེ། ཀོ་རི་ཡ་ཤར་ཕྱོགས་སྨན་དང་། འགྲོ་ཕན་སྨན་རྩིས་ཁང་དུ་ཉམས་ལེན་ཕྱག་བསྟར་བྱེད་བཞིན་པའི་བོད་ཀྱི་གསོ་བ་རིག་པའི་སྐོར་ལ་བགྲོ་གླེང་གནང་ཡོད།  སྐབས་དེར་བགྲོ་གླེང་ནང་ཉམས་ཞུགས་གནང་མཁན་ཀོ་རི་ཡ་ཤར་ཕྱོགས་སྨན་གྱི་ལྟེ་གནས་ཁང་གི་ཚོགས་བཅར་བ་ཡོངས་ལ་འགྲོ་ཕན་སྨན་རྩིས་ཁང་ནས་ཡི་རང་བསྔགས་བརྗོད་ཞུ།

དེ་བཞིན་ཕྱི་ཚེས་ ༢ ཉིན་སློབ་དཔོན་ཆེན་པོ་ཌོང་ཧི་ཀིམ་ལགས་ཀྱིས་མཐུན་འགྱུར་གནང་བ་ལ་བརྟེན་ནས་ང་ཚོའི་རུ་ཁག་གི་མི་སྣ་རྣམས། NIKOM: the National Institute for Korean Medicine Development ཀོ་རི་ཡའི་སྨན་གྱི་ཡར་རྒྱས་ཆེད་དུ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་བཅར་ཐུབ་པ་བྱུང་ཡོད་པ་མ་ཟད། ཇི་ལྟར་ཀོ་རི་ཡའི་སྨན་གྱི་རིག་པ་ཡར་རྒྱས་བཏང་བའི་སྐོར་དང་། བོད་ཀྱི་གསོ་བ་རིག་པ་ཡུལ་ལུང་གང་དང་གང་དུ་ལག་བསྟར་བྱེད་བཞིན་པའི་སྐོར་ལ་བགྲོ་གླེང་གནང་བའི་གོ་སྐབས་བྱུང་ཡོད། དེ་ལྟར་བགྲོ་གླེང་ནང་ཉམས་ཞུགས་གནང་མཁན་ NIKOM གྱི་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ།།
















མཐའ་མའི་འདོན་ཐེངས་།: 23.11.2023 ཉིན། 3:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།