སྨན་རྩིས་དྲ་བ། - ཆེད་རྩོམ།

ལྷ་མོ་བརྒྱད་རྩིས་གཟའ་འབྲས་དང་བཅས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.01.2015
ཆེད་རྩོམ། >>


༄༅། །ལྷ་མོ་བརྒྱད་རྩིས་གཟའ་འབྲས་དང་བཅས་པ་བཞུགས་སོ།།

 

༄༅། །ནམཿཤྲྰི་ཀྰལ་ཙཀྲཡ།

བདེ་ཆེན་འགྱུར་བ་མེད་པའི་དག་པའི་གཟུགས།།

གཟུགས་སྐུར་སྤྲུལ་པ་དུས་ཀྱི་འཁོར་ལོའི་ཞབས།།

ཞབས་ཟུང་གཙུག་བརྟེན་དེ་ཡི་རྒྱུད་ལས་བཤད།།

ལྷ་མོ་བརྒྱད་ཀྱི་རྩིས་འབྲས་འདི་ན་བཀོད།།


 

ལྷ་མོ་བརྒྱད་ཀྱི་རྩིས་འབྲས།

༈ ཚེས་གཅིག དགུ། བཅུ་བདུན། ཉེར་ལྔ་རྣམས་ལ་ན་ན། ལྷ་མོ་འོད་འབར་མའི་ཉི་མ་ཡིན། གདོན་དུ་ཀླུ་བཙན་དང་གྲེ་བོས་གནོད། བྱང་ནས་ཀླུ་བདུད་གནོད་པ་དང་། ལན་དོན་ནི། མི་གཙང་བའི་ལག་ནས་ཟས་ཟོས་སམ། ཐབ་ཤོར་དམར་བསུར་རམ། ཡུགས་ས་མའི་ལག་ནས་ཟས་ཟོས་པས་ལན། ནད་ལ་མགོ་དང་གློ་སྙིང་ན་བ། གྲང་ཤུམ་དང་ཡིད་མི་གསལ་བ་འོང་། བཅོས་ཐབས་བཙན་མདོས་གཏོང་། ལྷ་གསོལ། རྣམ་འཇོམས་ཀྱི་འཁྲུས་བྱེད། ནད་གཞི་ཆུང་། ངར་གླུད་གཅིག་དང་ལུག་བཅོས་ནས་བྱང་དུ་བསྐྱལ་ན་ཕན་ནོ།།

༈ ཚེས་གཉིས། བཅུ། བཅོ་བརྒྱད། ཉེར་དྲུག་རྣམས་ལ་ན་ན། ལྷ་མོ་བརྟན་མའི་ཉི་མ་ཡིན། བན་བོན་གྱི་བསྲུང་མ་ཁྲོས། ལྷ་མ་མཉེས། གདོན་གྱི་རྒྱབ་རྒྱལ་པོས་བྱས། གདོན་གྲེ་བོ་བཙན་དང་ས་བདག་གནོད། ཤ་དམར་བརྟེན་པའམ། བྱང་དུ་ལ་ཕུག་དང་ཁུར་བ་ཟོས་པས་ལན། ནད་ལྕི་ཞིང་ཐིབས་འོང་། ཕོ་ནད་དང་མཁལ་རྐེད་ན། གཟེར་སྐྱུགས་སོགས་ཡོང་། ཤུ་ཐོར་ལ་སོགས་པ་སྡུག་པ་འོང་། དེ་ལ་བསྐང་གསོ་དང་བཤགས་པ་བྱེད། ཡིག་བརྒྱ་འདོན། རྒྱལ་མདོས་དང་ཆབ་གཏོར་གཏོང་། ངར་གླུད་ནག་པོ་ལ་ཆང་བུ་དང་ཐེབས་སྐྱུ། གཡས་སུ་ཤ་བ་དང་གཡོན་དུ་ལུག་གི་གཟུགས་ལ་རང་གི་གོས་ལྷམ་བཀལ་ནས་ལམ་བཞི་འཛོམ་དུ་བཏང་ན་ཕན་ནོ།།

༈ ཚེས་གསུམ། བཅིུག བཅུ་དགུ། ཉེར་བདུན་རྣམས་ལ་ན་ན། ལྷ་མོ་འོད་ཟེར་མའི་ཉི་མ་ཡིན། དེ་ལ་གདོན་ལྷ་དང་། རྒྱལ་པོ། གྲེ་བོ། ནོར་ཕྱིར་འབྲངས་ནས་གནོད། གཉེན་གྱི་སར་ཕྱིན་ནམ། དེའི་སར་ཚམ་གྱི་སའམ། ནམ་ཕར་ཕྱེད་ཚུར་ཕྱེད་ཙམ་ན་འཁོན་པ་དང་། དམར་ཐབ་དང་། མགར་ཚང་དུ་ཕྱིན་པས་ལན། བྱང་ཕྱོགས་སུ་ཀླུ་བདུད་དང་ཐུག་འདུག ནད་གློ་སྙིང་དང་རོ་སྟོད་བྲང་རྒྱབ་གཟེར་ཞིང་ཁ་སྐོམ། ཤེས་པ་ཉོག མཁལ་རྐེད་ན། དེ་ལ་ཤ་བ་རུ་བརྒྱད་བྱ། ཆོས་གཟུངས་བསྡུས་དང་། སྣང་བརྒྱད། གཙུག་ཏོར། ཚེ་མདོ་འདོན། དགེ་འདུན་བཞི་སྡེས་ཚེ་འགུགས་བྱེད། གཏོར་མ་དང་ངར་གླུད་ཉེར་ལྔ་ཆང་བུ་ཐེབས་སྐྱུས་བསྐོར། ནད་པའི་ཆུ་དང་མཉམ་པོར་ཤར་དུ་བསྐྱལ་ན་ནད་གཞི་ཆུང་།

༈ ཚེས་བཞི། བཅུ་གཉིས། ཉི་ཤུ། ཉེར་བརྒྱད་རྣམས་ལ་ན་ན། ལྷ་མོ་དཔལ་ཆེན་མོའི་ཉི་མ་ཡིན། གདོན་ལ་གནམ་ཐེ་དང་། ས་བདག དྲི་ཟ་གཤིན་རྗེ་ཐེའུ་རང་རྒྱལ་པོ་གནོད། ལན་དོན་ནི་དམར་ལས་དང་ཐབ་གཞོབ་ཤོར་རམ། སྨྱོན་མའི་གོས་སམ། ཟས་ཟོས་པས་ལན། ཡུགས་ས་མའི་ཟས་གོས་འདྲེས་པའམ། བན་བོན་གྱི་ཟས་གོས་གྱོན་པས་ལན། རྒྱལ་པོ་དང་གསོན་འདྲེ་ཕོ་མོ་རྗེས་སུ་འབྲང་བས་གནོད། ནད་ནི་ཁོག་བཤལ་ཞིང་ཚ་ལུས་དང་ལྷུ་ཚིགས་མགོ་སྙིང་ན། སེམས་གཅོང་ཆེན་པོ་ཡོང་། དེ་ལ་རྒྱལ་མདོས་དང་ཟན་གཏོར་གཏོང་། འདྲེ་བསྲུང་དྲག་པོ་བྱེད། མདོས་ལ་རང་གི་གོས་ལྷམ་བཀལ་ནས་ལྷོར་གཏོང་། ཆོས་གཙུག་ཏོར་དང་། ཀླུ་གཏོར་བཏང་ན་དེས་ཕན་ནོ།།

༈ ཚེས་ལྔ། བཅུ་གསུམ། ཉེར་གཅིག ཉེར་དགུ་རྣམས་ལ་ན་ན། ལྷ་མོ་ཆར་འབེབས་མའི་ཉི་མ་ཡིན། གདོན་ལ་བུད་མེད་ཀྱི་འདྲེ་བྱུང་། མོ་གདོན་གནོད། ལན་དོན་ནི་ཆུ་འབུར་གྲིར་ཤི་བའི་ཟས་དང་། ཡུག་ས་མའི་ཟས་ཟོས་པས་ལན། ཆུང་སིང་དང་ཕག་གི་ཤ་ཟོས་སམ་རྒྱལ་ནག་དང་ཕྲད་པས་ལན། ནད་ལ་མཁལ་རྐེད་དང་ཕོ་མཆིན་ན། བྲང་རྒྱབ་གཟེར་བ་ཡོང་། ཁ་སྐོམ་ནུ་མཆིན་ན་བ་ཡོང་། ཀླུ་མདོས་གཏོང་། ཀླུ་འབུམ་མམ་སྤང་སྐོང་འདོན། རྣམ་འཇོམས་འཁྲུས་བྱེད། ལྷོ་ལ་ལུག་དང་ཕག་གི་གཟུགས་ནག་པོ་བྱེད་ལ་དེ་ལ་རེ་བ་ནག་པོ་བཀལ་ནས་གཏོང་། རྫོངས་ལ་ཆུ་གྲེ་ལ་གྲངས་འཇལ་ལ་ལྷོ་ཕྱོགས་བཏང་ན་མི་འཆི་ཐག་ཆོད། བདུད་མདོས་གཏོང་། སྲོག་བསླུ་བྱེད།

༈ ཚེས་དྲུག བཅུ་བཞི། ཉེར་གཉིས། གནམ་གང་རྣམས་ལ་ན་ན། ལྷ་མོ་གཡོ་བྱེད་མའི་ཉི་མ་ཡིན། གདོན་ལ་ཕུར་ཁ་དང་བན་དེའི་རྨེ་གྲིབ་གནོད། སྐྱེས་དར་མའི་ཕྱིར་འབྲང་ཟེར། ལན་དོན་ནི། དོན་གཉེར་བའི་དུས་སུ་རླུང་འཚུབ་དང་ཕྲད་དམ། ཁོན་བར་དུ་ཕྱིན་པས་ལན། ནད་ལྕི་ཞིང་ཐིབས། ཚད་ནད་དང་མཁྲིས་ནད་དང་མོ་དང་ཕོ་བ་གླང་ཐབས་ན་བ་འོང་། དེ་ལ་གླང་ལུག་གི་གཟུགས་ལ་རང་གི་གོས་ལྷམ་གདན་བཀལ་ལམ་བཞི་མདོར་བསྐྱལ། རང་གི་ལོ་རྟགས་གང་ཡིན་གྱི་གཟུགས་བྱས་ལ་གཏོར་མ་བཏང་། ལྷ་གསོལ། མ་མོའི་ཁྲག་མདོས་གཏོང་། བསྐང་བཤགས་བྱ། མཆོད་རྟེན་ཞིག་གསོ་བྱེད། ན་བཟའ་གསུམ་གསོལ། ནད་གཞི་ཆེའོ།།

༈ ཚེས་བདུན། བཅོ་ལྔ། ཉེར་གསུམ་རྣམས་ལ་ན་ན། ལྷ་མོ་འདོད་འབར་མའི་ཉི་མ་ཡིན། གདོན་ལ་ས་བདག་དང་། ཀླུ། གྲེ་མོ་གྲེ་བཙན་གནོད། ཤ་དམར་ཆང་གིས་ལན། ཚིག་ངན་ཟབ་གཅིག་གིས་ལན། ནད་མགྲོན་པོའི་རྗེས་སུ་འདྲེ་འབྲང་བ་ཡིན། ནད་རིགས་ལ་ནུ་མ་མཆིན་པ་དང་རྩིབ་གཟེར་ཕོ་ནད་འཁྲོག་པ་དང་། བད་ཀན་སྐྱུག་པ་འོང་། ནད་དེ་ཀླུ་དང་འདྲེ་མོས་བཅོས། བཙན་ལ་ངར་གླུད་ལོ་གྲངས་དང་ཀླུ་གཏོར་གཏོང་། བོང་གཟུགས་ལ་རང་གི་དོར་རྟ་གཙང་མ་ལམ་བཞི་མདོར་གཏོང་། ཆོས་ཕལ་ཆེན་འདོན། ནད་གཞི་ཆུང་།

༈ ཚེས་བརྒྱད། བཅུ་དྲུག ཉེར་བཞི་རྣམས་ལ་ན་ན། ལྷ་མོ་སྐྱོད་བྱེད་མའི་ཉི་མ་ཡིན། གདོན་ལ་དཔེ་དཀར་དང་། དམ་སྲི་ཐེའུ་རང་གནོད། ལན་དོན་ནི་བཙུན་པ་གཟུགས་ཐུང་དང་ཕྲད་དམ། བན་བོན་གྱི་སྒོམ་ཆེན་ཟས་ཀྱིས་ལན། ནད་ནི་མཁལ་རྐེད་དང་། མགོ་རུས་གློ་སྙིང་རུས་ཚིགས་ན། བད་ཀན་གྱི་ནད་ངོ་ཆེ། རིམ་གྲོ་དམ་སྲི་སྒྲོལ། ཐེའུ་རང་རྐྱལ་འདེབས་བྱ། གཙུག་ཏོར་དང་གཏོར་བཟློག་བྱ། གཏོ་ལ་བ་ལང་གི་གཟུགས་ལ་ཟས་འཕྲོས་བཀལ་ནས་ནུབ་ཕྱོགས་སུ་བཏང་ན་ཕན་ནོ།།


གཟའ་འབྲས་བརྟག་པ་ནི།

༈ གཟའ་ཉི་མ་ལ་ན་ན། ཡུགས་ཟས་སམ། དར་རམ་མི་གཙང་བས་ལན། དབང་པོ་ལྔ་ལ་ཤི་འདྲེ་ཕོ་མོས་གནོད། རང་གི་ལྷ་མ་དགའ། ནད་ནི་མགོ་ན། ལུས་ཚ་བའི་ནད་དང་འདར་སྐྱུག་པ་འོང་། གཉེན་ཕྱོགས་ནས་འདྲེས་གནོད། ལྷ་བསངས་དང་། བསྲུང་མར་བསྐང་གསོ་བྱ། གཟའ་ཡུམ་འདོན་དེས་ཕན་ནོ།

༈ ཟླ་བ་ལ་ན་ན། གྲིབ་ཆེན་པོ་བྱུང་འདུག ཕོ་མཆིན་ན་བ་དང་གྲང་ཤུམ་འོང་། ནད་གཞི་ཆེ། བསངས་ཁྲུས་ལ་འབད། མཆོད་རྟེན་ལ་སྐུ་དཀར་དང་ཚ་ཚ་ལོ་གྲངས་འདེབས། ཐེའུ་རང་གནོད། བཟློག་པ་བགྱི། ཞང་འདྲེ་གནོད་པས་ཀླུང་རྟ་གཏོར་མ་ཞང་ཕྱོགས་སུ་གཏོང་། ནོར་གྱི་ཕྱིར་འདྲེ་བྱུང་འདུག་པས་མ་འཆི་ཙམ་ཨེ་ཡོང་ཟེར།

༈ མིག་དམར་ལ་ན་ན། མི་དམར་གྱི་འགྲུལ་བྱུང་བས་ལན། ཕོ་འདྲེ་བདུད་བཙན་གནོད། སྙིང་མི་དགའ། དབང་པོ་ལྔ་ལ་རྒྱལ་པོས་གནོད་པས་རྒྱལ་རྫོངས་བྱ། བཙན་དང་བདུད་ལ་གླུད་པ་ཐོང་། མཆོད་རྟེན་ན་བཟའ་དང་། གཟལ་འ་གསོལ་མཆོད་བྱས་ན་ཕན་ནོ།།

༈ ལྷག་པ་ལ་ན་ན། མི་མཛེ་ཅན་དང་ཕྲད་དམ། ཤི་འདྲེ་ཕོ་མོས་གནོད་འདུག ནད་ནི་ཚིགས་གཞི་གློ་སྙིང་མི་བདེ། ལུས་འདར། མཁལ་རྐེད་ན། རབ་ཆད་ཀྱི་ས་ནས་ནོར་བྱུང་བས་ལན། གྲིབ་སེལ་དང་ཤིང་སྣའི་དུད་པ་དང་། ཤི་འདྲེ་ལ་རུས་གསུར་ཐོང་། སྦང་གསུར་བྱིན། དེས་ཕན་ནོ།།

༈ ཕུར་བུ་ལ་ན་ན། བུད་མེད་ཀྱི་བྱུར་འདྲེ་དང་སྔགས་བོན་གྱི་ཕུར་ཁ་ཟུག་པས་ལན། རང་གི་སྐྱེས་ལྷ་ཁྲོས། བསངས་ཁྲུས་གྱིས། གཙུག་ཏོར་དཀར་ནག་ཐོན། ལྷོ་ནས་དམར་གྲིབ་ཕོག་འདུག དམར་བསངས་དང་ཟན་གླུད་ཐོང་དེས་ཕན་ནོ།།

༈ པ་སངས་ལ་ན་ན། དམ་ཉམས་ཀྱི་གྲིབ་ཕོག ཁྱིམ་དུ་མི་གཙང་བ་བཅུག་པའམ། ཟས་ཆང་གིས་ལན། གསོན་འདྲེ་བདུད་མོ་ཤི་འདྲེ་རྒྱལ་པོས་གནོད། མགོ་དང་སྐེད་པ་མཇིང་པ་མིག་ན། ལྷ་ལ་གསོལ་ཁ་དང་རྒྱལ་པོ་རྫོང་། ཤི་འདྲེ་ཕོ་མོར་གླུད་ཐོང་། དེས་ཕན་ནོ།།

༈ སྤེན་པ་ལ་ན་ན། ས་བརྐོ་རྡོ་སློག་བྱས་སམ། འཁོན་བར་དུ་ཕྱིན་ནམ། ཕྱོགས་ངན་གྱི་ཟས་ཟོས་པས་ལན། ཆུ་བདུད་བྲག་བཙན། མ་མོས་གནོད། ལུས་འདར་སྐྱུག་པ་འོང་། གླུད་ནི་ངར་མི་བདུན་ལ་རང་གི་གོས་ལྷམ་སྣ་རེ་བཀལ་ནས་ལམ་བཞི་མདོར་བསྐྱལ་བས་ཕན་ནོ།།

  

དུས་ཚོད་བརྟག་པ་ནི།

༈ ཐོ་རེངས་དང་ཉི་མ་ར་རྩེ་ཤར་ལ་ན་ན། མི་སྡུག་བསྔལ་ཅན་དང་ཕྲད། ཤར་ཕྱོགས་ནས་མི་དཀར་གཅིག་གི་རྗེས་ལ་རྒྱལ་པོས་གནོད། ནད་པའི་རྨི་ལམ་དུ་བྱ་དཀར་ཁྱི་དཀར་ཡོང་། སྙིང་མི་དགའ། འགྲོ་སྙིང་འདོད། ཕོ་མཆིན་ན། རྒྱལ་པོའི་བསྲུང་བ་འདོགས། བསིལ་གཏོར་གཏོང་། ལྷ་ལ་བསངས་ཁྲུས་བྱ། ནག་སྨུག་ཆོད་པས་ཕན་ནོ།།

༈ ཉི་ཤར་ནས་ཉི་དྲོས་ལ་ན་ན། ཤར་ཕྱོགས་ནས་ཤིང་བཅད་དམ། ས་སྐོས་པས་ལན། ས་བདག་གི་རྒྱབ་བདུད་ཀྱིས་བྱས། མི་གཉིས་སྡེབ་ཀྱི་རྗེས་ལ་རྒྱལ་པོ་གྲེ་མོས་གནོད། ནད་ནི་ཕོ་བ་དང་སྟོད་ན། ཆ་གསུམ་གཏོང་། ཆོས་བརྒྱད་སྟོང་པ་དང་དྲག་པོ་མདོ་བཞི་འདོན། དེས་ཕན་ནོ།། ནད་གཞི་ཆུང་།

༈ ཉི་མ་དྲོས་ནས་ཉི་ཕྱེད་བར་ལ་ན་ན། ལྷོ་ནུབ་ནས་བུད་མེད་ཀྱི་རྗེས་ལ་གསོན་འདྲེས་གནོད། ལྷ་བསྲུང་དང་བདུད་ཀྱིས་གནོད། རྩིབས་ལོགས་ན། སྙིང་མི་དགའ་བདུད་མདོས་དང་མཆོད་བརྟེན་ལ་སྐུ་དཀར། གྲེ་མོ་ཁ་ཆིངས་ཀྱི་སྲུང་བ་འདོགས། གཏོར་མ་གཏོང་། གཞི་ཆུང་སྐྱོན་མེད།

༈ ཉི་མ་ཕྱེད་ནས་ཉི་རྒྱས་བར་ལ་ན་ན། ཟས་མི་གཙང་བས་ལན། རང་གིས་ཀླུ་ལ་གྲིབ་ཕོག བུད་མེད་གཅིག་གི་རྗེས་ལ་ཤི་འདྲེ་དང་གསོན་འདྲེས་གནོད། ཁྱིམ་ན་གསོན་འདྲེ་འདུག མཁལ་རྐེད་དང་ཚག་ཚིགས་ན། གྲིབ་ངོ་འདུག དགོང་མོ་སྙིང་མི་དགའ། རིམ་གྲོ་ཀླུ་གཏོར་དང་གྲིབ་སེལ། ཆོས་སྐྱོང་ལ་བསྐང་གསོ། བརྒྱད་སྟོང་པ་འདོན། གཞི་ཆེའོ།།

༈ ཉི་མ་རྒས་ནས་ཐོ་རེངས་བར་ལ་ན་ན། གྲོང་ཕན་ཚུན་གང་རུང་གི་ཟས་ཟོས་པས་ལན། ཡུལ་བདག་དང་མ་མོས་གནོད། རྒྱལ་མདོས་དང་དཀོར་མདོས་རྫོངས། སྙིང་ག་དང་ཡན་ལག་ན་བ་འོང་། བྱིས་པའི་གདོན་ཆེན་བཅོ་ལྔ་འདོན། བྱིས་པ་བདུན་ལ་ལྷ་རྒྱལ་ཐོངས། ཀླང་རུ་ལུང་བསྟན་ཐོན། དེས་ཕན་ནོ།།

 - ཡོང་ཁུངས། རྩོམ་རིག་འདི་ནི་ཕྱི་ལོ་༡༩༨༧ ལོར་བོད་གཞུང་ཤེས་རིག་པར་ཁང་ནས་ཕྱག་དཔེ་ཞིག་དཔར་བསྐྲུན་ཞུས་ཡོད་པ་དེ་ནས་ཟུར་བཏོན་བྱས་པ་ཡིན།

མཐའ་མའི་འདོན་ཐེངས་།: 19.01.2015 ཉིན། 9:59 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།