སྨན་རྩིས་དྲ་བ། - ཆེད་རྩོམ།

ལྕེའི་དབང་པོའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.11.2013
ཆེད་རྩོམ། >>


ལྕེའི་དབང་པོའི་སྐོར།

སྨན་རམས་པ་ཐུབ་བསྟན་རྒྱལ་མཚན།


བདེ་བའི་རོ་བཅུད་མྱོང་ལ་ཟབ་གསལ་ཚིག་གིས་འགྲོ་རྒྱུད་སྨིན་བྱེད་ལྗགས་ཀྱི་དབང་པོ་(བླ་མ་འཇམ་དབྱངས་ཀྱི་ལྗགས་)མཆོག་ལ་འདུད། སྐབས་འདིར་བརྗོད་པར་བྱ་བ་ནི། འགྲོ་བ་མིའི་ལྕེ་ཡི་སྐོར་ཞིག་ཞུ་ན། ལྕེ་ནི་རོ་མྱོང་བའི་དབང་པོ་རྟེན་གྱི་ཁོག་པའམ་གཟུགས་ཅན་པ་དེ་ཉིད་བད་ཀན་མྱོང་བྱེད་ཀྱི་རྟེན་གཞི་ཡང་ཡིན། སྨན་གཞུང་ལས་ལྕེ་ནི་སྙིང་གི་རྩ་དང་འབྲེལ་ཏེ། རྩ་མིན་ཤ་མིན་ར་མ་ལུག །ཤ་རྣམས་དག་དང་འབྲེལ་བའོ། །ཀླད་པའི་རྒྱ་དང་འབྲེལ་བའོ། །ཞེས་གསུངས། ལྕེ་ལ་དབྱེ་ན། སྲབ་བམ་མཐུག་པ། རིང་བ་དང་ཐུང་བ། ནད་ཅན་དང་ནད་མེད། ན་ཚོད་གོ་རིམ་གྱི་ལྕེར་དབྱེ་བ་བཅས་ཡོད། ལྕེ་ཡི་གནས་ནི། ཁ་ཡི་ནང་དུ་ཡོད་ལ་ཁ་ནི་ལྕེའི་ཁང་པའམ་གའུ་ལྟ་བུ་ཡིན། ལྕེ་ནི་ཕྱི་རུ་རྟག་ཏུ་མཐོང་རྒྱུ་མེད་པ་ཁོག་ནང་གི་སྙིང་ལྟ་བུ་མ་ཡིན་ལ། སྣ་རྩེ་བཞིན་དུས་ཀུན་གཞན་ལ་ངོམས་པ་ཞིག་མིན་ཏེ། སྐབས་རེ་ཁ་ཡི་ཕྱིར་ཐོན་པ་དང་།  མང་ཆེ་བ་ཁ་ཡི་བར་སེང་ནས་བལྟས་བསྡད་པ་ལྟ་བུ་ཡིན། ལྕེའི་ལས་ནི། ལུས་སྤྱིའི་རེག་བྱ་བཞིན་ཚ་གྲང་འཇམ་རྩུབ་རིགས་མྱོང་བཞིན་པའི་ཐོག་ད་དུང་རོ་མངར་སྐྱུར་སོགས་བྲོ་བ་རབ་འབྲིང་ཐ་གསུམ་མྱོང་ཐུབ་མཁན་གྱི་ལུས་སྨད་ཀྱི་དབང་པོ་ལས་ལྷག་པའི་ཚོར་བ་མྱོང་བར་བྱེད་པའི་ལུས་སྟོད་དབང་པོ་ཁྱད་པར་བ་ཞིག་ཀྱང་ཡིན་ནོ། །ལྕེ་ནི་གླིང་བུའི་ཐེབ་དཀྲོལ་བཞིན། ངག་གི་སྒྲའི་བརྗོད་པ་རྣམས་ཚིག་སོ་སོའི་བརྗོད་བྱ་གསལ་བ་འབྱིན་པའི་ཐེབ་དཀྲོལ་ལྟ་བུ་ཡིན། དཔེར་ན་གླིང་བུ་སྒྲ་ལ་མཛུབ་མོ་མི་འདྲ་བ་སོ་སོའི་འདེགས་འཇོག་མི་འདྲ་བའི་དབང་གིས་སྒྲ་དབྱངས་མི་འདྲ་བ་བྱུང་བ་ལས་ལྷག་ཁ་ལྟ་བུ་གླིང་བུའི་ནང་ལྕེ་ཡི་སྟོད་སྨད་བར་གྱི་ལུས་རྩལ་བདེ་ཅག་ལ་སྐད་ཚིག་སོ་སོར་གསལ་པོར་སྟོན་ཐུབ་པ་བྱེད་ཀྱི་ཡོད།

ལྕེ་ནི། ཁ་ཡི་ཡས་མཆུ་མས་མཆུར་ཁ་པགས་སྐམ་གས་སྐབས་ལྕེས་ལམ་སེང་བྱམས་པོའི་ཐོག་ན་རློན་བྱུག་བྱེད་ཀྱི་ཡོད། ལྕེ་ནི། ཁ་ནང་དུ་ཟས་གཡོས་པར་བྱེད་པའི་ཤ་ཡི་སྐྱ་ལེབ་ཞིག་ཀྱང་ཡིན། ཟས་ཟ་དུས་ཟས་གྱོང་པོ་རྣམས་སོ་སྟེང་དུ་བསྐྱལ་བ། ཟས་རྣམས་ཡང་ཡང་སྟེང་དང་འོག་བར་ཚུར་བརྗེ་པོ་རྒྱག་པ། ཟས་འདུར་འདུར་ཆགས་རྗེས་སུ་མིད་པར་འཇུག་པར་བྱེད་དོ། །ལྕེ་ནི་ཁ་ནང་དུ་སྐྱོན་ཡོད་མེད་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཏེ། ཁ་ཟས་ནང་བྲོ་བ་རན་མིན་དང་།  ཚྭ་སོགས་མང་ཉུང་།  ཟས་བཏུང་མཉམ་དུ་སྤུ་དང་།  ཤིང་། རྡོ་སོགས་ཡོད་མེད་དང་། སྐབས་རེ་རྐན་སོགས་ཁ་ནང་གི་རྨ་གཉན་ཡོད་མེད་ལྕེ་ཉུལ་བས་ཤེས་ཐུབ་པའི་བརྟག་དཔྱད་མཁན་ཞིག་ཡིན། ལྕེ་ནི། བདག་པོའི་ནད་བརྟག་ཡུལ་བྱ་སའི་དབང་པོ་ཞིག་ཀྱང་ཡིན། ལྕེའི་མདོག་འཇམ་རྩུབ་སྐམ་བརླན་གས་རི་རིགས་ལས་ནད་རླུང་མཁྲིས་བད་ཀན་ཚ་གྲང་སྟོན་པའི་མེ་ལོང་ལྟ་བུ་དང་།  དེའི་ནང་དོན་རེ་རེ་བཞིན་ཡིག་ཚོགས་ཆེ་བས་འདིར་མ་སྤྲོས་སོ།།

ལྕེ་ནི་ད་དུང་ལས་དོན་གཞན་ཞིག་ཡོད་པས་འདིར་མ་བྲིས། ལྕེ་ནི་མི་དགེ་ལས་ལ་སྦྱོར་བ་དང་།  དེ་བཞིན་དགེ་བའི་ལམ་དུ་འཇུག་པར་བྱེད་པ་དགྲ་ཡི་དྭངས་མར་བཟོས་པ། ཡང་ན་གཉེན་གྱི་སྤྱི་གཙུག་ཏུ་བཀུར་བ་བྱེད་པའི་རྒྱུ་བྱེད། དང་པོ་གཞན་ལ་ཕྲ་མ་ཚིག་རྩུབ་རྫུན་སོགས་བཤད་པ། གཉིས་པ་ནི་རྒྱལ་བའི་གསུང་ལྟར་གཞན་ལ་དགེ་བའི་ཐར་ལམ་སྟོན་པ། གསུམ་པ་ནི། མི་གཞན་ལ་རྟག་ཏུ་སྐྱོན་བརྗོད་ཤ་སྟག་བརྗོད་པ་ལྟ་བུ། བཞི་པ་ནི། གཞན་ལ་བདེན་པར་སྨྲ་བ་ཕན་པར་སྨྲ་བ། །སྐྱོབ་པར་བྱེད་པ་ལྟ་བུའོ། །ལྕེ་ལ་གཅེས་སྤྲས་དགོས་པ་ནི། ལྕེ་ཡི་འཕྲོད་བསྟེན་ཡིན། ལྕེར་ཁ་ཟས་ཀྱི་རོ་ཁྱོན་ནས་མ་མྱང་བས་ཉུང་དྲགས་པ་དང་།  མྱོང་ཡང་རོ་གཅིག་རང་ལ་ཤས་ཆེར་གཏད་དྲགས་པས་མང་བ། སྐྱུག་བྲོ་བའི་རོ་བསྟེན་པ་ནི། ལྕེར་གནོད་པདང་།  དེ་མིན་ནད་གཞན་ལྕེར་བབས་ན། སྐབས་སོ་སོར་བསལ་བར་བྱ་དགོས། ལྷག་པར་དོན་སྙིང་དང་འབྲེལ་ཆེ་བས་ཟས་ཟ་དུས་བྲོ་བ་རྣམས་ལེགས་པར་མྱང་ནས་རོ་བཅུད་ཚིམ་ཐུབ་པ་བྱེད་དགོས། ད་ལྟ་གོང་དུ་མང་མང་ཞིག་ཞུས་པའི་དགོས་པ་ནི། མང་ཆེ་བས་ལྕེ་ལ་དེ་ཙམ་གྱི་དོ་སྣང་ཡོང་གི་མེད་པས། ལྕེ་ནི་རོ་བཅུད་མྱོང་མཁན་གྱི་དབང་པོ་གལ་ཆེ་བ་ཞིག་དང་།  ལྷག་པར་རང་གཞན་ཀུན་ལ་འཕུང་འཇུག་དང་ཕན་ཐོགས་བྱེད་པའི་ངག་གི་གྲོགས་པོ་འམ་རོགས་པ་མེད་དུ་མི་རུང་ཞིག་ཡིན་སྟབས་དེར་གཟབ་གཟབ་དགོས་པ་མཐོང་ནས་ཞུ་བ་དང་ཆབས་ཅིག གནའ་བོའི་ལུགས་སྲོལ་ཐུན་མིན་བཞིན་མི་ཆེན་མཇལ་དུས་སུ་མི་ཆུང་གིས་གུག་ཙམ་བྱས་ནས་ལྕེ་ནར་ཙམ་སྟོན་པའི་གུས་ཞབས་ལྟར་གུས་པས་སྐུ་ཉིད་ལ་དེ་ལྟར་ལྕེ་ནར་ཙམ་གྱི་གུས་ཞབས་ཞུ་བ་དང་བཅས་རེ་ཞིག་འདིར་མཚམས་བཞག་ཆོག་པ་ཞུ།། །།

མཐའ་མའི་འདོན་ཐེངས་།: 16.11.2013 ཉིན། 4:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།